དགུ་པ། འཕགས་པ་ཐོགས་མེད་ཀྱི་རྣམ་ཐར། ཀ༽ འཕགས་པ་ཐོགས་མེད་ཀྱི་མཚན་དོན།

དགུ་པ། འཕགས་པ་ཐོགས་མེད་ ༼ཨསཾགཿ༽ ཀྱི་རྣམ་ཐར།

ཀ༽ འཕགས་པ་ཐོགས་མེད་ཀྱི་མཚན་དོན།

 

དེ་ཡང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་མཐུས་འཕགས་པ་བྱམས་པ་ལས་ཆོས་གསན་ནས་འཛམ་བུ་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་མཛད་པའི་སློབ་དཔོན་ཐོགས་མེད་ཀྱི་མཚན་དོན་ནི། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་ལས[1]།

འཕགས་པའི་གཟིགས་པ་དག་པའི་ཡེ་ཤེས་འོད། །འོད་བྱེད་ས་ཡི་རྣམ་པར་སྤྲོ་བའི་མགོན། །

མགོན་པོ་མི་ཕམ་གསུང་གི་བདུད་རྩིའི་གཏེར། །གཏེར་དུ་རྣམ་རིག་སྲོལ་ཕྱེ་ཨ་སངྒ་། །

ཞེས་གསུངས་པ་ལྟར། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཨ་སཾ་གཿ (असंग,) (Asanga) དང་། རྒྱའི་སྐད་ཀྱི་མཚན་ལ་ (無著) ཞུ་ཞིང་། ལེགས་སྦྱར་གྱི་ཨ་སཾ་གཿསྟེ་ཨ་མེད་པ་དང་། སཾ་གཿཐོགས་པ་ལ་འཇུག་པས་བོད་སྐད་དུ་ཐོགས་པ་མེད་པའམ་ཐོགས་མེད་ཅེས་སུ་གྲུབ་པས་ན། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[2]།

གང་ཞིག་ཐོགས་དང་ཐོགས་བྱའི་ཆོས་རྣམས་ཀུན། །འོད་གསལ་ཆེན་པོའི་ངང་དུ་ཆུད་པས་ན། །

གཟིགས་པ་སྒྲིབ་མེད་བརྩེ་བས་ཀུན་ཆགས་པ། །ཇི་བཞིན་སྣང་མཛད་སྨྲ་བའི་ཉི་མར་འདུད། །

ཅེས་གསུངས་ལ། དེ་ཡང་ལེགས་སྦྱར་གྱི་ཨསཾགཿ ཐོགས་མེད་དང་། ཨསཾག །མིག་ཟུར་ལ་འཇུག་པ་[3]བཅས་རྣམ་བཅད་ཡོད་མེད་ལས་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས་ཅུང་ཟད་ཙམ་ལའང་གཟབ་དགོས་པར་སྣང་ཞིང་། འབྲི་སྲོལ་གཞན་ཞིག་ལ་ཨ་སངྒ་ཞེས་པ་ཞིག་ཀྱང་སྣང་མོད་གཙོ་ཆེ་ཞིང་ཁུངས་དག་པ་ནི་ཨ་སཾགཿ ཞེས་པ་འདི་ཉིད་དོ།།

དེ་བཞིན་སློབ་དཔོན་དོན་དམ་པས་ (499-569) བསྒྱུར་བའི་ཐོགས་མེད་ཀྱི་རྣམ་ཐར་ལས[4]། ཐེག་པ་དམན་པའི་སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་ཀྱང་། ཐུགས་མ་བདེ་ནས། དེ་ཙམ་གྱིས་ཆོག་པ་མ་ཡིན་ནོ་སྙམ་མོ། །དེའི་ཕྱིར་དུ། མངོན་པ་ཤེས་པ་ལ་བརྟེན་ནས་དགའ་ལྡན་[5]དུ་ཕེབས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་སོ། །བྱང་ཆུབ་སེམས་དཔའ་བྱམས་པ་ཐེག་པ་ཆེན་པོའི་སྟོང་པ་ཉིད་ཀྱི་ལྷག་མཐོང་བསྟན་པའི་སླད་དུ་འཛམ་བུའི་གླིང་དུ་བྱོན་ནོ། །ཇི་ལྟར་བསྟན་པ་ལྟར་སེམས་པས། དེ་ཉིད་དུ་གང་སེམས་པའི་རྟོགས་པ་ཐོབ་པའི་དུས་སུ། ས་རྣམ་པ་དྲུག་ཏུ་གཡོས་སོ། །ཐེག་པ་ཆེན་པོའི་སྟོང་པ་ཉིད་ཀྱི་ལྷག་མཐོང་ཐོབ་པས་ན། མཚན་ལ་ཨ་སངྒ་སྟེ་ཐོགས་མེད་ཅེས་གསོལ་ཏོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ཀུ་མ་ར་ཇི་བས་ (c.344-413) རྒྱ་ཡིག་ཏུ་བསྒྱུར་བའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[6]། ཕྱི་ལོ་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཐོག་མར་སྤུན་མཆེད་གཉིས་ཀའི་མཚན་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པར་བཏགས། ཕྱིས་སུ་ཕུ་བོའི་མིང་ལ་ཨ་སང་ག་སྟེ་ཐོགས་མེད་དུ་འབོད། ཅེས་བྱུང་བ་ལྟར་ཐོག་མར་ཐོགས་མེད་སྐུ་མཆེད་གཉིས་ཀའི་མཚན་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་གསོལ་ནའང་། ཕྱིས་སུ་གཅེན་ལ་ལེགས་སྦྱར་སྐད་དུ་ཨསཾགཿསྟེ་ཐོགས་མེད་དུ་བསྒྱུར་བ་དང་། གཅུང་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པའི་མཚན་རང་སོར་བཞག་པར་གསལ་ལོ།།

དེ་བཞིན་ཕྱི་ལོ་ ༥༣༥ ལོར་རྒྱ་ནག་ཏུ་ཕེབས་པའི་རྒྱ་གར་མ་ག་དྷའི་སློབ་དཔོན་དོན་དམ་བདེན་པས་ (499-569) མཛད་པའི་ཐོགས་མེད་ཀྱི་རྣམ་ཐར་ལས[7]། པུ་རུ་ཥ་ཞེས་བྱ་བའི་རྒྱལ་ཁབ་ཅིག་ཡོད་དེ། དེའི་དབུ་བླ་ཞིག་ཡོད་པ་ཀཽ་ཤི་ཀ་ཟེར། དེའི་བུ་གསུམ་གའི་མིང་བ་སུ་བནྡྷུ། བ་སུ་ནི་ལྷ་དང་། བནྡྷུ་ནི་བཤེས་ཀྱི་དོན་ཡིན་པས་ལྷའི་བཤེས་ཟེར། ༼བོད་འགྱུར་ལ་དབྱིག་གཉེན་དང་། རྒྱ་ནག་འགྱུར་རྗེས་མ་རྣམས་ལ་འཇིག་རྟེན་གཉེན་ཞེས་བསྒྱུར།༽ རྒྱ་གར་དུ་བྱིས་པར་མིང་དེ་ལྟར་འདོགས་པའི་སྲོལ་ཡོད་དེ། མིང་གཅིག་ཀྱང་སོ་སོར་མིང་གཞན་ཡོད་པས་གསལ་བར་ཤེས་སོ། །ཞེས་གསུངས་པ་ལྟར་རོ།།  །།

ཉི་ཧོང་དུ་ཕྱི་ལོ་ ༡༢༡༢ ལོར་ཤིང་ལས་བཞེངས་པའི་གཅེན་འཕགས་པ་ཐོགས་མེད་དང་། གཅུང་སློབ་དཔོན་དབྱིག་གཉེན་རྣམ་གཉིས་ཀྱི་སྣང་བརྙན།

1212 A.D :: Statue of Indian Monk Asanga and His Brother Vasubandhu In Japan .

Asanga and  Vasubandhu Were Born In 4th Century A.D. In Purushapur ( Peshawar) . They Founded Yogachara School of Buddhist Philosophy

(Photo – Tokyo National Museum)

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་ ༦༡བ༤ ནས་ ༦༢བ༣ བར་གསལ།

[2]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨

[3]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༦༨

[4]  སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢༢༡

[5]  དགའ་ལྡན་ལྷའི་གནས་ནི། མངོན་པ་མཛོད་ནས་བཤད་ཚུལ་ལ། ཁམས་གསུམ་གྱི་ནང་ནས་འདོད་ཁམས་ལ་འགྲོ་བ་རིས་དྲུག་དང་། དེའི་ནང་གསེས་ལྷ་ལ་འདོད་ལྷ་རིས་དྲུག་ཏུ་ཕྱེ་བ། 1 རྒྱལ་ཆེན་རིས་བཞི། 2 སུམ་ཅུ་རྩ་གསུམ། 3 འཐབ་བྲལ། 4 དགའ་ལྡན། 5 འཕྲུལ་དགའ། 6 གཞན་འཕྲུལ་དབང་བྱེད་བཅས་ལས། བཞི་པ་དགའ་ལྡན་ལྷའི་གནས་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་བཞུགས་པའི་དག་པའི་ཞིང་ཁམས་ཤིག་ཡིན་པར་བཤད་དོ།།

[6]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་གྲངས་ ༡༣༧

[7]  ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རིགས་རྒྱ་མཚོའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༡༡༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༩ ནས་ ༤༤༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *