ཉ༽ གསུང་བཟང་མ་རྙེད་པའི་རིགས།
༡༽ བྱང་ཆུབ་ཀྱི་སེམས་འཛིན་པ་དང་བྲལ་བ།
༢༽ ཐེག་ཆེན་ཉི་ཤུ་པ། ༣༽ ཚིགས་སུ་བཅད་པ་དྲུག་ཅུ་པ།
གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། ཀ་མ་ལ་ཤཱི་ལས་མཛད་པའི་བྱང་ཆུབ་སེམས་འགྲེལ་བམ་བཞི་སློབ་དཔོན་བཤད་མ་ཐག་ (སྦྱིན་སྲུང་) པའི་འགྱུར། ༡༽ བྱང་ཆུབ་ཀྱི་སེམས་འཛིན་པ་དང་བྲལ་བ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ་འགྱུར་གོང་དང་འདྲ། ༢༽ དེས་མཛད་པའི་ཐེག་ཆེན་ཉི་ཤུ་པ་འགྱུར་གོང་འདྲ།
༣༽ ཚིགས་སུ་བཅད་པ་དྲུག་ཅུ་པ་མཛད་འགྱུར་གཉིས་གོང་དང་འདྲ། (བཞི་ཀ་བོད་མ་ཡོད་གསུངས།) ཞེས་གསལ་བ་ལས། ཐེག་ཆེན་ཉི་ཤུ་པ་ཞེས་པ། རྒྱའི་སྐད་ལས་གསར་དུ་བསྒྱུར་བའི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་དང་། མཚན་གྱི་ཆ་ཤས་མཚུངས་ནའང་དེ་ཉིད་ནི་ཡིན་བཟོ་མི་སྣང་སྟེ། ཐེག་ཆེན་ཉི་ཤུ་པ་ནི་སྔར་ནས་བོད་མ་ཡོད་པར་གསུངས་པས་སོ། །དེ་བཞིན་ཚིགས་སུ་བཅད་པ་དྲུག་ཅུ་པ་ཞེས་གཞུང་ཚད་ཙམ་ལས་བརྗོད་བྱའི་སྐོར་མཚན་བྱང་དུ་མ་བྱུང་བས་རིགས་པ་དྲུག་ཅུ་པ་ཡིན་དང་། དེ་ལས་ཐ་དད་པའི་བསྟན་བཅོས་གཞན་ཞིག་ཡིན་མིན་ཡང་དཔྱད་དགོས་པར་སྣང་ངོ་།། །།
༤༽ ཐེག་ཆེན་སྤྱི་འགྲེལ།
གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[2]། ཐེག་ཆེན་སྤྱི་འགྲེལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བམ་པོ་བཅུ་པ་པཎྜི་ཏ་ཧྥ་ཐི་མ་ཏོའི་འགྱུར། (འདི་བོད་མ་ཡོད་པར་གྲགས་ཀྱང་དཔེ་མ་མཐོང་གསུངས།) ཞེས་གསུངས་པ་ལྟར། ཐེག་ཆེན་སྤྱི་འགྲེལ་གྱི་མ་དཔེ་ལག་སོན་མ་བྱུང་བས་མ་འོངས་པར་རྙེད་སོན་བྱུང་མཚམས་ཁ་སྐོང་ཞུ་དགོས་སོ།། །།
༥༽ བདུད་མོ་བཞི་སྐོར་གྱི་གདམས་པ།
དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[3]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བདུད་མོ་བཞི་སྐོར་གྱི་གདམས་པ། མགོན་པོ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་ཟངས་དཀར་གྱི་འགྱུར། རྗེ་མཁྱེན་བརྩེའི་གསན་ཡིག་ན་བར་འདིར་འགྲེལ་པ་འདུག་པ་དཔེ་མ་བྱུང་བས་ལུང་མ་ཐོབ་ཅེས་གངྒཱར་གསུངས། ཞེས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[4]། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བདུད་མོ་བཞིས་བསྐོར་གྱི་གདམས་པ། ཞེས་གསལ་བ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བདུད་མོ་བཞི་སྐོར་གྱི་གདམས་པ་འདི་ཉིད་ཀྱང་སྡེ་བསྟན་དཀར་ཆག་ཏུ་མི་གསལ་ལ། གདམས་པ་འདིའི་མ་དཔེ་ཡང་ལག་སོན་མ་བྱུང་བས་རྙེད་སོན་བྱུང་མཚམས་འདིར་འཇུག་པར་བྱའོ།། །།
༦༽ བསྟོད་པ་སྲིན་གཟུགས་མ།
༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[5]། གསུམ་པ་བསྟོད་བསྐུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་མ[6]། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་བསྟོད་པ་སྲིན་པོའི་གཟུགས་ཅན་མ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་དཔལ་ལྡན་མགོན་པོ་མ་ཤླཽ་ཀ་ཉི་ཤུ་པ་གཉན་ལོ་ཙཱ་བས་བསྒྱུར་བ། ཞེས་གསལ་ལ། དེ་བཞིན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསུང་འབུམ་ལས[7]། གསུམ་པ་བསྟོད་བསྐུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་མ། ཞེས་༸རྒྱལ་དབང་ལྔ་པ་ཆེན་པོ་དང་། བདུན་པ་བསྐལ་བཟང་རྒྱ་མཚོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གསུམ་གྱི་གསན་ཡིག་ནང་གཅིག་མཚུངས་སུ་གསལ་མོད། འོན་ཀྱང་གསུང་འདི་སྡེ་བསྟན་དཀར་ཆག་ཏུ་མི་གསལ་བས་གང་དུ་འཁོད་མིན་དཔྱད་དགོས་སོ།།
༧༽ གནས་དང་ཆོམ་རྐུན་བསྲུང་བ། ཅེ་སྤྱང་སྨོན་མོའི་ལམ་སྲུང་།
དེ་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[8]། ཀླུ་སྒྲུབ་ཀྱིས་མཛད་པའི་གནས་དང་ཆོམ་རྐུན་བསྲུང་བ། ཅེ་སྤྱང་སྔོན་མོའི་ལམ་སྲུང་བཅས་པའི་ལུང་རིགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཡན་གོང་དང་འདྲ་བ་ལས། དེ་ནས་མཁན་ཆེན་བསླབ་གསུམ་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞྭ་ལུ་པ་ཆེན་པོ། བྱམས་པ་ངག་དབང་ལྷུན་གྲུབ། ངག་དབང་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་རྒྱ་མཚོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་སངས་རྒྱས་དཔལ་བཟང་། དེས་བདག་ཚུལ་ཁྲིམས་རིན་ཆེན་ལའོ། །ཞེས་གསལ་བ་ལྟར་གོང་གསལ་ཆོས་ཚན་རྣམས་༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་བཀའ་དབང་མན་ངག་གི་རྒྱུན་བཞེས་པའི་སྐོར་གསན་ཡིག་ཁག་ཏུ་གསལ་བ་ལྟར་ན་གསུང་དེ་དག་ཡོད་ངེས་སྙམ་ཡང་ཁོ་བོར་རྙེད་སོན་མ་བྱུང་བས་མ་འོངས་པར་རྙེད་མཚམས་ཁ་སྐོང་ཞུ་དགོས་སོ།། །།
༨༽ འགྲེལ་པ་འཆི་མེད་མཛོད།
ཀུན་མཁྱེན་ལེགས་པ་དོན་གྲུབ་ (1479-1555) ཀྱིས་མཛད་པའི་དབུ་མའི་མཐའ་དཔྱོད་ཉི་མའི་འོད་ཟེར་ལས། དཔལ་ལྡན་ཟླ་བ་གྲགས་པ་དེ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའི་ཕྱིར་ཏེ། ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་འཆི་མེད་མཛོད་ལས།
སློབ་མའི་མཐའ་མ་ཟླ་གྲགས་ལ། །ཆོས་ཀྱི་གནས་ལུགས་སྐྱེ་མེད་བསྟན། །
ཞེས་སོགས་དྲངས་ཏེ་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་བསྒྲུབས་པར་མཛད་ལ། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[9]། སློབ་དཔོན་འདི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ། བཤད་སྲོལ་སྣ་ཚོགས་ཤིག་འདུག་ཀྱང་། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པའི་ནང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སློབ་དཔོན་འདི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཞེས་གསུངས་པས་འཁྲུལ་པ་ག་ལ་ཡོད། ཅེས་གསུངས་པ་ལྟར་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་འཆི་མེད་མཛོད་ཅེས་པའི་བསྟན་བཅོས་ཤིག་མཛད་ཡོད་འདུག་ཀྱང་མ་དཔེ་རྙེད་སོན་མ་བྱུང་བས་ཐབས་འཚོལ་གྱིས་རྙེད་མཚམས་འདིར་འཇུག་དགོས་སོ།། །།
༩༽ རྣམ་པར་མི་རྟོག་པར་བསྟོད་པ།
དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་ཟ་མ་ཏོག་ཁ་ཕྱེ་བ་ལས[10]། ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། དོན་དམ་པར་བསྟོད་པ་དང་། རྣམ་པར་མི་རྟོག་པར་བསྟོད་པ་དང་། བསམ་གྱིས་མི་ཁྱབ་པར་བསྟོད་པ་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང་། ཞེས་བསྟོད་ཚོགས་ཀྱི་གྲས་སུ་རྣམ་པར་མི་རྟོག་པར་བསྟོད་པ་ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་ལ། དེ་བཞིན་ཆོས་རྗེ་རིན་པོ་ཆེ་བླ་མ་དམ་པའི་རྣམ་ཐར་ཐོག་མཐའ་བར་གསུམ་དུ་དགེ་བ་ལས[11]། དགུང་ལོ་བཅུ་དགུ་པ་ལ་དཔལ་ལྡན་ས་སྐྱའི་སེང་གེ་སྒང་གི་མདུན་གྱི་ཁབ་ཅེས་ཁང་བཟང་ཆེན་པོ་དེར། དྲུང་དོན་ཡོད་པས་ཆེན་པོའི་ཞོར་ལ་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ། ཀླུ་སྒྲུབ་ཀྱིས་མཛད་པའི་རྣམ་པར་མི་རྟོག་པར་བསྟོད་པ། དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། སེམས་ཀྱི་རྡོ་རྗེར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། ཆོས་དབྱིངས་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ། ཙནྡྲ་གོ་མིའི་གཤེགས་བསྟོད། མ་ཏི་ཙིཏྟ་དང་། ཕྱོགས་གླང་གི་དད་པ་ལ་སོགས་པ་བསྐྱེད་པའི་བསྟོད་པ། སྤེལ་མར་བསྟོད་པར་གྲགས་པ། མ་ཏི་ཙིཏྟའི་བསྔགས་འོས་བསྔགས་བསྟོད། ཡོན་ཏན་མཐའ་ཡས་པར་བསྟོད་པ་རྩ་འགྲེལ། མན་ངག་སྙེ་ཆེན་རྣམས་གསན། ཞེས་རྣམ་པར་མི་རྟོག་པར་བསྟོད་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ནའང་། བསྟན་འགྱུར་པར་མ་གང་དུའང་རྣམ་པར་མི་རྟོག་པའི་བསྟོད་པ་ཞེས་པའི་བསྟོད་པ་ཞིག་མི་བཞུགས་མོད། དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ལས[12]།
འཇིག་རྟེན་མགོན་པོས་ཐུགས་རྗེ་ཡིས། །ལུས་ཅན་རྣམས་ལ་བསྟན་སླད་དུ། །
ཐ་སྙད་མངོན་དུ་མཛད་ནས་ནི། །ཁྱོད་ནི་བསྟན་ཅིང་བསྟན་མ་ལགས། །
ཞེས་སློབ་དཔོན་གྱི་ཞལ་སྔ་ནས་རྣམ་པར་མི་རྟོག་པར་བསྟོད་པ་ལས་བསྟན་ཏོ། །ཞེས་བྱུང་བ་ཚིག་རིས་ཅུང་མི་མཐུན་པ་ཙམ་ལས་ཚིགས་བཅད་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པར་གསལ་ལ། དེ་བཞིན་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་རྣམ་ཐར་ལས[13]། ཇི་སྐད་དུ། རྣམ་པར་མི་རྟོག་པར་བསྟོད་པ་ལས་ཀྱང་།
ཁྱོད་མཐོང་ན་ཡང་འཆིང་འགྱུར་ཞིང༌། །ཁྱོད་མ་མཐོང་ཡང་འཆིང་བར་འགྱུར། །
ཁྱོད་མཐོང་ན་ཡང་གྲོལ་འགྱུར་ཞིང༌། །ཁྱོད་མ་མཐོང་ནའང་གྲོལ་བར་འགྱུར། །
ཞེས་གསུངས་པ་ལྟ་བུའོ། །ཞེས་བྱུང་བ་ཡང་ཚིག་རིས་རེ་ཟུང་མི་མཐུན་པ་ཙམ་ལས་ཚིགས་བཅད་འདི་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པར་གསལ་བས་ན། མངོན་རྟོགས་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ལས[14]། སྙིང་པོའི་དོན་དང་མངོན་པར་རྟོགས་པའི་དོན་གཉི་ག་དག་ལ་ཡིད་ལ་བྱས་པའི་མཐར་སློབ་དཔོན་གྱི་ཞལ་སྔ་ནས་སྦྱར་བའི་རྒྱལ་བའི་ཡུམ་འདིའི་བསྟོད་པ་རྣམ་པར་མི་རྟོག་པར་བསྟོད་པ་ཞེས་བྱ་བ་ཡིད་བཏུད་པས་གུས་པར་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རྣམ་པར་མི་རྟོག་པར་བསྟོད་པ་ཞེས་པ་འདི་ནི་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་དང་གཅིག་ཏུ་གནས་སོ།། །།
༡༠༽ རྟེན་འབྲེལ་གྱི་རྩིས་སོགས།
དེ་ཡང་མཁས་མཆོག་གཞན་ཕན་སྣང་བས་ (1871-1927) མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་ལས[15]། མཁས་པ་འཇིག་རྟེན་དུ་བྱོན་པའི་ལག་རྗེས་འཛམ་གླིང་གི་སྐྱེ་བོ་ཡོངས་ལ་བསྟན་བཅོས་ཀྱི་རྒྱུན་བཞག་སྟེ་ཕན་པར་མཛད་པ་ནི་འདི་ལྟར། ཕལ་པ་ཐ་མལ་པ་རྣམས་ལ་ཕན་པའི་ཕྱིར་མོ་རྩིས་ཀྱི་རྣམ་གཞག་དང་། བློན་པོ་རྣམས་ཀྱི་ཕྱིར་ཤེས་རབ་བརྒྱ་པ་དང་བརྟག་པ་བཅུ་གཉིས་པ་སོགས་དང་། རྒྱལ་པོ་རྣམས་ཀྱི་ཕྱིར་བཤེས་པའི་སྤྲིང་ཡིག་དང་རིན་ཆེན་ཕྲེང་བ། འཁོར་རྣམ་བཞིའི་བསོད་ནམས་ཆུང་ངུ་རྣམས་ཀྱི་ཕྱིར་སྤོས་སྦྱོར་ཆེ་ཆུང་དང་། གསེར་འགྱུར་གྱི་སྦྱོར་བ་སོགས་དང་། སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ། སྦྱོར་བ་སོ་གཉིས་པ། བདུད་རྩི་སྙིང་ཐིགས། འཚོ་བའི་མདོ་ལ་སོགས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཆེད་དུ་སེམས་བསྐྱེད་པའི་ཆོ་ག་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང་། མདོ་ཀུན་ལས་བཏུས་པ་སོགས་དང་། ཁྱད་པར་དུ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱི་ཕྱིར་དབུ་མ་རིགས་ཚོགས་ལྔ་དང་ཆོས་དབྱིངས་བསྟོད་པ་ལ་སོགས་མཛད་དེ། དབུ་མ་འདི་དག་གི་ཚིག་འབྲུ་རེ་རེ་ཞིང་རྡོ་རྗེ་མཁའ་འགྲོ་མ་རེས་བསྲུངས་ཤིང་། འདི་དག་ལ་འཆད་ཉན་ཡོད་པ་དེ་སྲིད་དུ་ཤཱཀྱ་སེངྒེའི་བསྟན་པ་གནས་པ་ཡིན་ནོ་ཞེས་བརྗོད་དགོས་ཞེས་དཔལ་ལྡན་ཟླ་བ་གྲགས་པས་གསུངས་སོ། །ཞེས་བསྟན་བཅོས་མང་དུ་མཛད་པར་གསུངས་པ་ལས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་དབུ་མའི་མན་ངག་ཟ་མ་ཏོག་ཁ་ཕྱེ་བ་ལས[16]། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ ༥༠ ཙམ་གྱི་མཚན་གསལ་བ་ལས། ༡ རྟེན་འབྲེལ་གྱི་རྩིས་དང་། ༢ མོའི་རྣམ་པ་དང་། ༣ བརྟག་པ་བཅུ་གཉིས་པ། ༤ གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་གསལ་བ་དང་། ༥ དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱི་ཀ །༦ མཚན་ཡང་དག་པར་བརྗོད་པའི་འགྲེལ་པ། ༧ རྗེ་བཙུན་ཁརྶ་པཱ་ཎིའི་སྒྲུབ་ཐབས་དང་། ༨ ཡི་གེ་དྲུག་པ་དང་། ༩ ཨ་ར་པ་ཙ་ན་དང་། ༡༠ ངག་གི་དབང་ཕྱུག་དང་། ༡༡ ཚིག་སྦྱིན་གཞོན་ནུ་ལ་སོགས་པའི་སྒྲུབ་ཐབས། ༡༢ དམ་ཚིག་གསུམ་བཀོད་པའི་ཆོ་ག་དང་། ༡༣ དེའི་མན་ངག་འདོད་འཇོའི་བ་མོ་དང་། ༡༤ གཏོར་མ་སུམ་ཅུ་པ་དང་། ༡༥ སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ། ཞེས་གསུངས་པའི་ཆོས་ཚན་ ༡༥ པོ་འདི་དག་ཀྱང་བསྟན་འགྱུར་སྤྱི་བྱིངས་ནང་དུ་མི་བཞུགས་པས། ཕལ་ཆེར་བོད་དུ་མ་བསྒྱུར་བའི་གྲས་ཡིན་འདུག་པ་དང་། འགའ་ཞིག་བོད་འགྱུར་ཡོད་ལས་ཆེ་ཡང་མ་དཔེ་ལག་ཏུ་མ་སོན་པས་རྗེས་སོར་ལག་སོན་བྱུང་ན་ཞལ་སྐོང་ཞུ་དགོས་སོ།།
དེ་དག་ལས་བུ་སྟོན་ཪིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[17]། རྩིས་ཀྱི་གཙུག་ལག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་འགོས་ཀྱི་འགྱུར། ཞེས་ཐོར་བུ་བ་ལུགས་ཀྱི་བསྟན་བཅོས་སྐབས་བཞུགས་ཚུལ་དཀར་ཆག་ཏུ་གསལ་ཡང་། སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་མི་གསལ་བས་ཐབས་འཚོལ་གྱི་ཞལ་སྐོང་ཞུ་དགོས་པ་བཅས་སོ།། །།
༡༡༽ བཟོའི་གནས་སུམ་ཅུ་པ།
དེ་ཡང་མཁས་པ་ལྡེའུས་ (དུས་རབས་༡༣པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[18]། གཞན་ཡང་ཀླུ་སྒྲུབ་ཀྱིས་བཟོ་རིག་པའི་བསྟན་བཅོས་བཟོའི་གནས་སུམ་ཅུ་པ་ལ་སོགས་པའམ། བློན་པོའི་དོན་དུ་ཤེས་རབ་བརྒྱ་པའམ། བཙུན་མོའི་དོན་དུ་སྤོས་ཡིག་ལ་སོགས་པ་མཛད། ཅེས་གསུངས་པ་ལྟར་བཟོ་གནས་སུམ་ཅུ་པ་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཤིང་། མ་ཡིག་ཀྱང་མ་རྙེད་དོ།། །།
༡༢༽ རྒྱུར་སྨྲ་བའི་བཟོའི་བསྟན་བཅོས།
དེ་ཡང་སྣར་ཐང་གསེར་ཕྲེང་ལས་[19]ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུར་སྨྲ་བ་ལ་སོགས་པ་ནང་པས་མཛད་པའི་བཟོའི་བསྟན་བཅོས་དང་། ཞེས་གསལ་ནའང་།
ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུར་སྨྲ་བ་ཞེས་པའི་བཟོའི་བསྟན་བཅོས་འདི་ཉིད་མ་རྙེད་དོ།། །།
༡༣༽ སྒྲ་པ་ཎི་རྩ་འགྲེལ།
དེ་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[20]། གསོ་བ་རིག་པའི་བསྟན་བཅོས་ཀྱང་སོ་མ་ར་རྩ་དང་། འཚོ་བའི་མདོ་དང་ཡན་ལག་བརྒྱད་པ་དང་། སྒྲ་པ་ཎི་རྩ་འགྲེལ་ལ་སོགས་པ་མཛད་དེ། དེ་དག་གི་བསྟན་བཅོས་ཤིང་རྟ་ཆེན་པོའི་སྲོལ་གཅིག་གོ །ཞེས་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སྒྲ་གཞུང་པ་ཎིའི་རྩ་འགྲེལ་གཉིས་ཡོད་པར་གསུངས་ཀྱང་གཏན་ནས་མ་རྙེད་དོ།། །།
༡༤༽ སྒྲོལ་མའི་སྒྲུབ་ཐབས་བསྡུས་པ།
དེ་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[21]། སྒྲོལ་མའི་སྒྲུབ་ཐབས་ ༼མ་བྱུང༌།༽ བསྡུས་པ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་གསལ་བ་འདི་ཉིད་ཀྱི་མ་དཔེ་མ་བརྙེད་པར་གསལ་ལ། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[22]། ལོ་ཙཱ་བ་དཔྱལ་པདྨོ་ཅན་གྱི་འགྱུར་ལ། བསྟན་འགྱུར་ལས། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་བྱུང་བས། འགྱུར་བྱང་ལྟར་ན། སྒྲོལ་མའི་སྒྲུབ་ཐབས་དང་། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་བཅས་ཆོས་ཚན་གཉིས་ལས། སྒྲོལ་མའི་སྒྲུབ་ཐབས་དེ་ཉིད་ཆོས་ཚན་ཨང་ ༢༢ པར་བཀོད་ཟིན་ནའང་། སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འདི་ཉིད་ཀྱི་མ་དཔེ་མ་རྙེད་དོ།། །།
༡༥༽ རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ཁག་གཉིས།
རྒྱུད་ ༼མུ༽ པ་ལ། རྡོ་རྗེ་སྒྲོལ་མའི་ཐབས། སྡེ་བསྟན་དཀར་ཆག་ལས[23]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[24]། ལོ་ཙཱ་བ་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བར་གསལ་ལ། བསྟན་འགྱུར་དཀར་ཆག་དང་། ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་གཞུང་ནང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། ཞེས་གསུམ་བྱུང་ཡང་། མཐའ་མ་དེ་ཉིད་ཆོས་ཚན་ ༨༣ པར་བཀོད་ཡོད་པ་ལས་སྔ་མ་གཉིས་བསྟན་འགྱུར་དུ་མི་གསལ་བས་དཔྱད་དགོས་སོ།། །།
༡༦༽ རྒྱུད་ཀུན་ལས་བཏུས་པ།
འབྲས་བློ་གླིང་ཉག་རེ་ལྷ་རམས་དགེ་བཤེས་ཚེ་དབང་ཉི་མས་བརྩམས་པའི་དམ་ཆོས་འདུལ་བ་གཙོ་གྱུར་གྱི་གཞུང་སྣེ་མང་ལས་བཏུས་པའི་ཚིག་མཛོད་མུན་སེལ་སྒྲོན་ལས[25]། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཁྲོད་གསང་སྔགས་ཀྱི་ལྟ་སྤྱོད་མདོར་བསྡུས་ཏེ་བཤད་པ་རྒྱུད་ཀུན་ལས་བཏུས་པ། ཞེས་གསལ་བ་འདི་ཡང་མ་ཡིག་མ་རྙེད་པས་དཔྱད་དགོས།། །།
༡༧༽ རིགས་པ་དྲུག་ཅུ་པའི་རང་འགྲེལ།
དེ་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས། འདིར་རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲིའོ། །ཞེས་རིགས་པ་དྲུག་ཅུ་པའི་རྩ་བ་མཇུག་ཏུ་རང་འགྲེལ་མ་རྙེད་པར་བརྟེན། མ་འོངས་པ་རྙེད་སོན་བྱུང་མཚམས་འདིར་འཇུག་དགོས་ཚུལ་གསལ་བ་ལྟར། རིགས་པ་དྲུག་ཅུ་པའི་རང་འགྲེལ་ད་ལྟའང་མ་རྙེད་དོ།། །།
༡༨༽ ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས།
ལྷ་བཙུན་རིན་པོ་ཆེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ (1792-1855) མཆོག་གིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ་ལས[26]། སྣར་ཐང་ ༼ཙི༽ ཅོ་ནེ་ ༼ཞི༽ ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། འདི་ལ་ལུང་བརྒྱུད་ཡོད་པར་གསལ་ཡང་བསྟན་བཅོས་མ་རྙེད་དོ།། །།
༡༩༽ འཕགས་པ་ཤིང་ཀུན་གྱི་དཀར་ཆག
དེ་ཡང་སུ་ན་ཤྲཱི་བྷ་དྲས་བརྩམས་པའི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྟེན་འཕགས་པ་ཤིང་ཀུན་གྱི་དཀར་ཆག་ལས[27]། སྔགས་འཆང་པདྨ་འབྱུང་གནས་དང་། །ལྟ་བ་མཐར་ཕྱིན་ཀླུ་སྒྲུབ་སོགས། །འཁྲུལ་མེད་དཀར་ཆག་ལ་བརྟེན་ནས། །སྔོན་མེད་དཀར་ཆག་ཉི་མ་འདི། །མང་ཐོས་ཆོས་སྐྱབས་དཔལ་དག་གིས། །ལེགས་པར་མ་དུལ་སྙོམས་ལས་ཅན། །སུ་ན་ཤྲཱི་བྷ་དྲ་ཡིས། །ཤིང་ཀུན་དྲུང་དུ་ཆུ་སྦྲུལ་གྱི། །དབྱར་ཟླ་ར་བའི་ཉ་ཆེན་ལ། །འགྲོ་བའི་དོན་དུ་མདོ་བཞིན་སྦྱར། །ཞེས་ཀླུ་སྒྲུབ་ཀྱིས་མཛད་པའི་འཁྲུལ་མེད་ཀྱི་དཀར་ཆག་ལ་བརྟེན་པར་གསུངས་ལ། དེ་བཞིན་བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་ (1775-1837) མཆོག་གིས་མཛད་པའི་བལ་ཡུལ་གྱི་གནས་དང་རྟེན་གྱི་ལོ་རྒྱུས་ངེས་པར་བརྗོད་པ་འཁྲུལ་སྤོང་ནོར་བུའི་མེ་ལོང་མཇུག་བྱང་ཅུང་ཟད་མ་ཚང་བ་ལས[28]། སྐབས་འདིར་ཚད་མར་གྱུར་པའི་གཏམ་གྱི་གཞི་ནི། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་མཛད་པར་གྲགས་པའི་དཀར་ཆག་ལྷ་མདོངས་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་ (1512-?) གྱིས་བསྒྱུར་བ་ཞིག་ཡོད་པར་གྲགས་ཀྱང་སྔར་དཔེ་རྒྱུན་མཐོང་བྱར་མ་གྱུར་ཅིང་། ཕྱིས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་སི་ཏུ་དྷརྨ་ཀ་རའམ། བསྟན་པའི་ཉིན་བྱེད་ཀྱིས་བསྒྱུར་བར་མཛད་པའི་བལ་ཡུལ་ཤིང་ཀུན་གྱི་ལོ་རྒྱུས་དབུ་ཞབས་སུ་པཎྜི་ཏས་བྱས་པའི་ཚིགས་བཅད་འགའ་ཞིག་ལས་དངོས་གཞི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མདོ་ཉིད་དུ་བཞེད་པ་དེ་ཉིད་ཚད་མའི་གཏན་ཚིགས་གཙོ་བོར་བཟུང་ནས་རང་བློས་ཇི་ལྟར་འཚལ་བའི་ལོ་རྒྱུས་གཏམ་དུ་བྱ་བ་ལ་ལྔ་སྟེ། བལ་ཡུལ་དང་ལི་ཡུལ་གྱི་རྣམ་པར་དབྱེ་བའི་རྒྱུ་མཚན་བཤད་པ། རང་བྱུང་མཆོད་རྟེན་ཆེན་པོ་ཤིང་ཀུན་གྱི་ལོ་རྒྱུས་བཤད་པ། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་བཤད་པ། ཡན་ལག་གི་གནས་དང་རྟེན་གཞན་དག་གི་ལོ་རྒྱུས་བཤད་པ། ཞར་བྱུང་འཕྲོས་སུ་བྱ་བའི་གཏམ་གཞན་ཡང་བརྗོད་པའོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་ཤིང་ཀུན་གྱི་དཀར་ཆག་ཅིག་ཡོད་པར་གསུངས་ཀྱང་། དཀར་ཆག་འདི་ཉིད་མ་རྙེད་དོ།། །།
༢༠༽ བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག
སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་སྤྱི་དོན་ནམ། གཞུང་དངོས་ཀྱི་མཚན་བྱང་དུ། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག །ཅེས་པ་བསྟན་འགྱུར་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་[29]ཞིག་ལས། ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག །ཅེས་པ་མི་བཞུགས་ཤིང་། གཞུང་འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་པ་ནི། རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱི་གསུང་ཐོར་བུ་ལས[30]།
ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང་། །དེ་སྲས་རྣམས་ལ་ཕྱག་འཚལ་ནས། །
ཀླུ་སྒྲུབ་གཞུང་གི་རྗེས་འབྲངས་ནས། །བྱང་ཆུབ་སེམས་ཀྱི་མན་ངག་བྲི། །
ཞེས་དང་། དེ་བཞིན་རོང་སྟོན་ཤེས་བྱ་ཀུན་གཟིགས་ (1367-1449) ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ལས་ཀྱང་[31]།
ཐུབ་པའི་ལུང་བསྟན་རབ་བརྙེས་ཀླུ་སྒྲུབ་དང་། །
ཨཱརྱ་དེ་བ་ལ་སོགས་བླ་མ་རྣམས། །
ཞལ་ནས་ལེགས་འོངས་མན་ངག་སྙིང་པོའི་དོན། །
བྱང་ཆུབ་སེམས་ཀྱི་མན་ངག་བཤད་པར་བྱ། །
ཞེས་གསལ་བར་བྱུང་ལ། གཞུང་འདི་ཉིད་ཀྱི་བརྗོད་བྱའི་ས་བཅད་ངོ་སྤྲོད་སྐོར། ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ (1456/1441-1532/1525) ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་སྤྱི་དོན་[32]ནང་གསལ་བར་བྱུང་ཡང་། ཆོས་ཚན་འདི་ཉིད་བསྟན་འགྱུར་པར་མ་གང་དུའང་མ་བཞུགས་ལ། གཞུང་དངོས་ཀྱི་མ་དཔེ་ལག་སོན་མ་བྱུང་ངོ་།། །།
༢༡༽ གླང་གདོང་ཕྱག་དྲུག་པའི་སྒྲུབ་ཐབས།
དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ (1617-1682) གསུང་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས[33]། གཉིས་པ་ཕྱག་བཞེས་མན་ངག་རྒྱབ་བརྟེན་ལུང་དང་བཅས་པ་ལ། དཀར་ཆག་གིས་ཟིན་པའི་སྐོར་དང་། མ་ཟིན་པའི་སྐོར་ཏེ་གཉིས། དང་པོ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་ཆོས་སྐོར་གྱི་དཀར་ཆག་གསུང་རྒྱུན་པདྨའི་སྲད་བུར་བརྒྱུས་པའི་ཟབ་དོན་ནོར་བུའི་དོ་ཤལ། དེ་ལས་གསུངས་པའི་ཆོས་སྡེའི་རྣམ་གྲངས་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པ། ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པ། ཁར་སཱ་པཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོ་ནས་བརྒྱུད་པ་དང་གསུམ། དང་པོ་ལ། འགོར་སྐད་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །
འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པའི། །
ནག་པོ་དེ་ལ་ཕྱག་འཚལ་ནས། །
ཞེས་ཡོད་པའི་མགོན་པོ་གདོང་བརྙན་ཅན་ནམ་ལས་སྦྱོར་གྱི་མགོན་པོར་གྲགས་པ་གླང་གདོང་ཕྱག་དྲུག་པའི་སྒྲུབ་༼གློ༽༼ཕ༽༼ཉ卐༽ ཐབས་ཀྱི་རྩ་བའི་རྒྱ་གཞུང་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ལོ་ཙཱ་བ་གཉན་དར་མ་གྲགས་ཀྱིས་བསྒྱུར་བ། ཞེས་གསལ་བ་འདི་ཡང་མ་རྙེད་དོ།། །།
༢༢༽ བཅུད་ལེན་བཅུ།
དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[34]། དཱ་ས་ར་སཱ་ཡནཾ། བཅུད་ལེན་བཅུ་ཀླུ་སྒྲུབ་ཀྱིས་མཛད་པ་ཆ་ཚང་། ཞེས་དཔལ་ལྡན་ས་སྐྱར་རྒྱ་དཔེ་བཞུགས་པར་གསལ་ཡང་། བསྟན་བཅོས་འདི་ཉིད་བོད་འགྱུར་མཛད་ཡོད་མེད་ཆ་མ་འཚལ་ལ། ཡོད་ཚེ་བོད་འགྱུར་གྱི་མ་དཔེ་ཡང་རྙེད་སོན་མ་བྱུང་བས། མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་གནང་གལ་ཆེའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༢
[2] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༥
[3] རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ། ༼ད༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༨༦ དཔེ་རིང་། ༥༡བ
[4] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༡༥༤ན༦
[5] རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ། ༼ད༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༨༣ དཔེ་རིང་། ༢༨༢ན
[6] ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག ༼ཀ༽ ༢༠༠༩ ལོ། ཤོག་གྲངས་ ༡༤༥
[7] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༡༥༤བ༤
[8] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༡༢༧བ༡
[9] དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡ག༩༨༡ ལོ། ཤོག་ ༡༨༣
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༣༢༨
[11] ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼༡༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། ༢༠༠༨ ལོ། ཤོག་ ༡༢
[12] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཉ༽ དེབ་ཨང་ ༥༢ པ། ༡༩༩༤ ལོ། ཤོག་གྲངས་ ༧༣༩
[13] ས་སྐྱ་བཀའ་འབུམ་མ་ཕྱི་གསར་རྙེད་ཕྱོགས་བསྒྲིགས། ༼༡༽ དཔེ་རིང་། ཤོག་གྲངས་ ༥ན༦
[14] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཉ༽ དེབ་ ༥༢ པ། ༡༩༩༤ ལོ། ཤོག་གྲངས་ ༧༨༠
[15] གཞུང་ཆེན་བཅུ་གསུམ། པོད། ༼ཅ༽ ཤིང་དཔར་དཔེ་ཐུང་། ཤོག་གྲངས་ ༣ན༢
[16] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༣༢༨
[17] བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥༢༦
[18] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[19] ནམ་མཁའ་གྲགས་པ། སྣར་ཐང་གསེར་ཕྲེང་། ༼ང༽ བྲིས་མ་དབུ་ཅན། ཤོག་གྲངས་ ༤༢ན༢
[20] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༧
[21] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༠
[22] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༨༠
[23] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༠
[24] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༡༩
[25] ཚིག་མཛོད་མུན་སེལ་སྒྲོན་མེ། ཐེ་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས། ༢༠༠༩ ལོ། ཤོག་གྲངས་ ༢༧
[26] བསྟན་འགྱུར་ཐོར་བུའི་དཀར་ཆག་བརྒྱུད་རིམ། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤བ༡
[27] ཐུགས་ཀྱི་རྟེན་འཕགས་པ་ཤིང་ཀུན་གྱི་དཀར་ཆག །པོད། བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡བ༦
[28] ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༣བ༤
[29] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངུ༽ དེབ་ཨང་ ༣༣ པ། ༢༠༠༨ ལོ། ཤོག་གྲངས་ ༩༧
[30] གཞོན་ནུ་བློ་གྲོས་ཀྱི་གསུང་ཐོར་བུ། ༼༡༽ བྲིས་མ་དཔེ་རིང་། ཤོག་གྲངས་ ༨༦བ༥
[31] ཤེས་བྱ་ཀུན་རིག་གི་གསུང་འབུམ། པོད། ༼༡༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༥བ༥
[32] བསོད་ནམས་ལྷུན་གྲུབ་གསུང་འབུམ། པོད། ༼༤༽ བྲིས་མ་ཤོག་གྲངས་ ༡༠༣༨ ནས་ ༡༠༤༡ བར།
[33] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ཀ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༥༣༨
[34] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༡ ནས་ ༢༩༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།