ཇོ་བོའི་རྣམ་ཐར་ཁ་སྐོང་ཟུར་དུ་གླེང་བ་ཟུར་བརྩམས་ཐོར་བུ་བ།

༄༅། །ཇོ་བོའི་རྣམ་ཐར་ཁ་སྐོང་ཟུར་དུ་གླེང་བ་ཟུར་བརྩམས་ཐོར་བུ་བ་བཞུགས་སོ།།

 

༼ནག་ཚོ་ལོ་ཙཱ་བ་དང་། རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་མཛད།༽

 

ལོ་རྒྱུས་འདི་ཡི་དབང་དུ་བྱས་ན། འོ་སྐོལ་མི་ལུས་ཐོབ་པ་རྣམས་ཀྱིས། གཞི་ཚུལ་ཁྲིམས་རིན་པོ་ཆེ་ལ་གཙོ་བོར་བཟུང་ནས། འཆི་བ་མི་རྟག་པའི་ལྕག་གིས་བསྐུལ་ཏེ། ཉིན་དང་མཚན་དུ་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ལ་བཅོལ། ཅི་ནས་ཀྱང་སེམས་ཅན་གྱི་དོན་དུ་སངས་རྒྱས་ཅི་ཐོབ་ཏུ་བྱེད་པའི་སེམས་བསྐྱེད། སྦྱོར་བ་ཡན་ལག་བདུན་པ་སྔོན་དུ་བཏང་། དངོས་གཞི་སྟོང་པའི་ངང་ལས་ཚད་མེད་པ་བཞི་གཡེལ་མེད་བསྒོམ། མཇུག་སྟོང་པ་ཉིད་ཀྱི་རྒྱས་གདབ་ཅིང་དགེ་རྩ་བསྔོ།

རང་གི་ཡོན་ཏན་ཐམས་ཅད་རིན་པོ་ཆེའི་གཏེར་བཞིན་དུ་སྦེད། ཐེག་པ་ཆེ་ཆུང་ལ་མོས་མི་མོས་རང་གི་གཉེན་པོ་ཆེ་ཆུང་དང་སྒྲུབ་ནུས་མི་ནུས་དང་བསྟུན་ཏེ་བསྒྲུབ། གཉེན་པོས་མི་ཐུབ་ཅིང་བསྒྲུབ་མི་ནུས་ན་ཆོས་ཟབ་ཀྱང་མི་ཕན། བློ་སྣ་མང་པོ་བདུད་ཀྱི་ལས་བྱ་བ་ཡིན། འཇིག་རྟེན་པའི་ཁ་ངག་ལའང་། མི་ཐུབ་པ་ལ་དོ་མ་སྡོ། མི་འགྲུབ་པའི་མདུན་མ་ལ་བཤལ་མི་ཡོག་པའི་ཟས་ཟོས་ན་དུག་ཡིན་བྱ་བ་ལ་སོགས་པ་ཡོད། དེ་ཡང་བསམས་ན་འབྱུང་ཁུངས་མ་གཏོགས་པ་ཟབ་པར་གདའ། དཔེ་དེ་ལྟར་ཟབ་ཟབ་པའི་ཆོས་མང་ཡང་སྐྱེས་བུ་གསུམ་གྱི་རྒྱུད་ཚོད་གང་ཡིན་པའི་ཆོས་དང་བསྟུན་ནས་བློ་ཕུགས་མ་འཆུམས་པར་ལམ་རིམ་གྱིས་འཛེགས་ནས་སྔ་མ་སྔ་མ་ལ་མཐར་ཕྱིན་པར་བྱས་ན། ཕྱི་མའི་བཙན་ས་ཟིན། སྔར་བྱས་རྣམས་ལས་རོར་མི་འགྲོ་བ། མཁས་པ་གཅིག་འོང་བ་ཡིན་གསུངས་པ་དེ་བླ་མ་ཡབ་སྲས་གཉིས་ཀྱི་བཞེད་པར་གདའ་འོ། །ཡང་ཆོས་གཤའ་མ་གཅིག་བྱེད་པ་ལ་མི་གཞི་ཅི་ལེགས་སུ་བྱེད་པ་དང་། དད་པ་ཅི་ཆེར་མཛད་པ་དང་། དད་གུས་ཀྱིས་དཀོན་མཆོག་ལ་མཆོད་པ་ཅི་འཕེལ་དུ་མཛད་པ་དང་། དེས་བསྐྱབས་བྱས་འཁོར་བའི་ཉེས་དམིགས་ལ་ཉིན་མཚན་དུ་བལྟ་བ་དང་། མར་གྱུར་པའི་སེམས་ཅན་དང་ལྷན་ཅིག་ཏུ་ཅི་ནས་ཀྱང་སངས་རྒྱས་དོན་དུ་གཉེར་བ་དང་།
དེ་དགེ་བའི་བཤེས་གཉེན་ལ་རག་ལས་པས་ཆོས་འབྲེལ་མེད་གོང་དུ་བརྟགས་ཤིང་སྤྱད་ནས། གཞན་ཟེར་གྱི་རྐྱེན་དུ་མི་གཏང་བར་རང་གིས་བཟང་པོར་ངེས་ཤེས་ནས་སྤྱི་བོར་བླངས་ཏེ་ཡོན་ཏན་མ་གཏོགས་པ་ཅི་ཡང་མི་ལྟ་བ་དང་། བླ་མ་བཟང་ཡང་གྲོགས་ངན་གྱིས་བསླད་པ་མང་བས། གྲོགས་ངན་གྱི་དབང་དུ་མི་གཏོང་བར་དང་པོ་གྲོགས་པོ་བརྟེན་ཙ་ན་འདི་གང་དོན་དུ་གཉེར་བ་ལ་བལྟས་ཏེ། ཚུལ་ཁྲིམས་ཀྱི་སྟེང་དུ་ཐོས་བསམ་སྒོམ་གསུམ་གཉེར་ཞིང་འདུག་ན། དེ་གྲོགས་པོ་བཟང་པོ་ཡིན་པས་བརྟེན་དགོས།

དེ་ཡང་ཐེག་ཆེན་ལ་ཤིན་ཏུ་མི་མོས་ན་བཙན་ས་མ་ཟིན་གྱི་བར་དུ་བརྟེན་དུ་མི་རུང་། སྔོན་རྒྱ་གར་བ་ཀུན་ཡིན་ན་རིགས་ངེས་མ་ངེས་བྱ་བ་ཡོད་པར་གདའ་སྟེ། སྤྱིར་དེང་སང་། སྒོས་འོ་སྐོལ་བོད་ཀུན་རྐྱེན་ཁ་བ་ཡིན། དེ་བྱས་པས་ཐེག་པ་ཆེན་པོའི་རྐྱེན་དང་འཕྲད་ན་སྤྱིའི་ཆོས་སུ་བཟང་། དེས་ན་གྲོགས་པོ་དམ་པ་གལ་ཆེ། ཞེས་བླ་མ་ཡབ་སྲས་གཉིས་གསུང་སྟེ་ཤིན་ཏུ་མད་པར་གདའ། དཔེར་ན་བོད་ན་ཁུ་རྔོག་གཉིས་ལས་ཕོ་ཐུ་བ་ཙམ་མེད་དེ། ཕྱིས་བཤེས་གཉེན་པའི་ཐུགས་རྗེས་ལྟར་ཏེ་ཐུ་བ་ཡིན། བཤེས་གཉེན་པ་ཀུན་ང་ཕོ་དང་མངོན་མཚན་ཡེ་མི་མཛད། དཔེར་ཏེ་ནོར་འདབས་ནས་མཛད་པར་ཞུའི་གསོལ་བ་བཏབ་ཀྱང་བཟློག་ནས་ང་ལ་རྒྱུ་མཚན་ཅི་ཡོད་གསུང་སྟེ་འོང་། ཁོང་གི་རྐྱེན་ཐབས་མཁས། དཔེ་དེས་ཀྱང་ཁོང་ཐུལ་བ་ལགས་མོད། དེས་ན་ནན་ཏན་དུ་གྲོགས་བཟང་པོ་འདི་གལ་ཆེ།

དེ་ནས་སྡིག་པའི་གྲོགས་པོའི་རྟགས་དེ་འདི་འདྲ་ཞིག་མཆི་བ་གསུང་། ཁྱིམ་པ་ལ་སོགས་པ་ཉོན་མོངས་པ་ཅན་གྱི་རྩར་འགྲོ་བ་ལ་དགའ། རྣམ་པར་གཡེང་བའི་དབང་དུ་སོང་ནས་ཀུ་རེ་དང་ཀྱལ་ཀའི་ཕྱིར་དུ་ཁ་སྒོར་གང་བྱུང་སྨྲ་ཞིང་མདོ་སྡེ་ཁྱད་དུ་གསོད། དེས་རྐྱེན་ཁ་བ་རྣམས་འདུས་ནས་བཞད་གད་ངག་འཁྱལ་བ་བག་རེ་བྱས་པས། ལ་ལ་དགའ་བདོ་ཙ་ན། ལ་ལ་ལ་ཕོག །དེ་འཕྲལ་ལ་ཟེར་རེས་བྱེད། དེའི་འབྲས་བུ་དངོས་སུ་ཚིག་རྩུབ་ཏུ་འགྱུར། དེ་ནས་ཕན་ཚུན་དགྲ་ཟླར་འཁུར། དེ་ནས་ཕན་ཚུན་ཚོ་འཁྲུག །དེ་ནས་མོས་ཀྱི་གཞི་མ་ཆགས་སྡང་ལ་བྱས་ནས། ངག་གི་རྩོད་གཞི་བག་ཙམ་ཞིག་གིས་སྒོ་ནས། གསུམ་ཕུང་ཐལ་ཏེ་སྟོང་པ་ཡིན། རྩོད་གཞི་ཆུང་ལ་རྩོད་འབྲས་ཆེ་བ། བྱ་བ་དེ་འདྲ་ཞིག་འོང་བ་ཡིན་གསུངས་ནས་བླ་མ་ཡབ་སྲས་ཉེས་པ་ཕྲ་ཞིང་། ཕྲ་བ་ལ་འཛེམ་གསུང་སྟེ་ཤིན་ཏུ་ཟབ་པར་གདའ། ཐོས་སླེབས་པ་ལ་འདོམ་གྱིས་མི་སླེབས་པ་བྱ་བའི་གཏམ་དཔེ་ཡང་འདྲེན།

གཞན་ཡང་གྲོགས་པོ་ངན་པའི་གཏམ་ཚིག་ནི་སོག་རུམ་ཐོན་སྐྱེད་འཕེལ་རིམ། གཟོ་ལབ་ལེབ་མཁས་པས་ནོར་རྫས་གུགས། ལ་ལ་འཇིག་རྟེན་གྱི་ལུགས་གཙོ་ལ་བརྟེན་ནས་ནོར་རྫས་འགུགས། ལ་ལ་ཕོ་རུས་དང་ཕྲ་མ་ལ་བརྟེན་ནས་ནོར་རྫས་འགུགས། དེ་ནས་གོས་བཟང་པོ་རེ་བྱས། མགོ་འཕངས་ཕྱར། ཁོ་དང་མཐུན་པའི་མི་རྣམས་ཀྱི་མིང་སྙན་པ་ནས་འབོད། ཕན་མི་ཐོགས་ཀྱང་རེ་ཆེ་བས་བཀུར་བསྟི་བྱེད། ཁོ་རང་ཡང་ད་ནི་ང་ཡིན་སྙམ་ནས་ཕྱི་མ་འོང་སྙམ་པ་རང་མེད། བྲོ་བའི་གླུ་རྟ་དང་འདྲ། འཕྱོར་པོ་རེ་ལ་རྒྱན་ཆ་རེ། རྒྱན་ཆའི་ནང་ནས་རྟ་བཟང་རེ། རྟ་བཟང་རེ་ལ་རྟ་བཟང་རེ། རྟ་བཟང་རེ་ལ་གཡོག་པོ་རེ། ཁང་བཟང་རེ་ལ་ཐབ་ཆ་རེ། ཐབ་ཆ་རེ་ལ་ཉིང་གཡོག་རེ། མཛོད་ཕུག་རེའང་མཛོད་ཕུག་རེ། མཛོད་ཕུག་རེ་ལའང་ནོར་གྱིས་བཀང་། ད་འདི་ལྟར་ཕུན་སུམ་ཚོགས་པ་ལ་ཅི་བྱེད་དམ་སྙམ་ཙ་ན། དྲག་ཤོས་རེས་དགེ་འདུན་གྱི་བསྙེན་བཀུར་རེ་ཙམ་བྱེད། ལྷ་དང་དཔེ་ཆ་ཙམ་རེ་བཞེངས། དེ་ཡང་གྲགས་འདོད་ཆེ་སེ་བ་རེ་ཙམ་བྱེད། བསྔོ་བ་རེ་ཙམ་ཡང་མི་བྱེད་པར་རློམ་པ་དང་བསྒྲགས་པས་ཟད། མལ་དུ་འདི་སོང་གི་རྩིས་མང་པོ་བྱས། ཆེ་ཆུང་གི་རྩ་བརྩིས་ལ་འགྱོད་པ་འོངས་ནས་མི་ཚུགས།

གཞན་འགའ་ཞིག་རང་དང་འདྲ་བའི་གྲོགས་པོ་འཆལ་བ་འགའ་རེ་བོས། ཡར་བྱོན་དང་ཟོ་ལ་སོགས་པ་སྐྱིད་སྐྱིད་དགའ་དགའ་འདྲ་བ་བྱེད་དེ་ཟུར་ནས་དགེ་སྦྱོར་བྱ་བློ་ཡོད་པ། དད་པ་ཡོད་ཀྱང་མཐུན་རྐྱེན་ཆུང་བ་འགའ་རེའི་རྟོག་པ་ལ་འདི་ལྟར་ཕོངས་ཁོང་གི་འདི་ཀུན་ཡིན་ཏེ་སྙམ་པ་འོང་སྲིད། དེ་ནས་ངོ་སྲུང་དུ་འགྲོ་ཆས་བྱེད། ཀླད་པ་ཆུང་ཆུང་ཀུན་གྱི་ངོ་སྲུང་ཟིན་ནས་འགྲོ། དེ་དུས་སུ་ཁོས་བསླབ་བྱ་བྱེད་པར་གདའ་སྟེ། འདི་ཀུན་ཏུ་བྱོན། ལས་སྤོས་ཏ་བག་རེ་གསོལ། མ་འཁོབས་པའི་གཡོག་པོ་བག་རེའང་མཛོད། འོ་སྐོལ་གཉིས་འདྲའི་ནོར་གྱིས་སོག་ལུགས་འདི་འདྲ་བ་ཞིག་གྱིས་དང་། ཆོས་རྒྱགས་ལའང་ཕན། གཞན་གྱིས་སྔན་ཆད་མི་བྱེད་པ་ཞིག་འོང་བ་ཡིན་གྱིས་ཟེར་ནས་ཤ་ཚ་བའི་བསླབ་བྱ། མངར་ལ་སོགས་པ་སྐྱེལ་བ་དུག་ཆུ་ལྷུང་བ་འདྲ་བ་གཅིག་བྱེད། བདེན་སྙམ་ནས་སྦལ་པ་རྨ་ཅན་གྱིས་བསླུས་པ་སྲིད་དོ། །ཞེས་བླ་མ་ཡབ་སྲས་གཉིས་གསུངས་ཏེ་བདེན་པར་གདའ། ཁོ་ཡི་ནོར་དེ་ཚོས་ཅི་བྱེད་ན་སྙམ་ཙ་ན། ཁོ་ཤི་ཙ་ན་དེ་རྣམས་ཐམས་ཅད་བཞག་ནས་ཁོ་རང་གཅིག་པུ་མར་ཐོན། ཁོའི་རྗེས་སུ་ཆོས་པར་འདོད་པ་རྣམས་ཤིག་ང་དབང་ལ་མི་འཆམ། ནོར་གྱི་གནས་ལུགས་ནི་དེ་འདྲ། དེས་ན་ཚེ་འདི་ཡི་འདུན་མའི་དབང་དུ་མི་འགྲོ་བའི་གྲོགས་པོ་ནམ་ཞག་གཏན་གྱི་མདུན་མ་བསྐྱེད་འཕེལ་ལས་བྱ་རྒྱུ་མེད་པ་མི་གཞི་སྡིག་གྲོགས་ཀྱི་དབང་དུ་མི་འགྲོ་བ་དེ་འདྲ་ཅིག་དགོས།

དེ་ཡང་ཚངས་པར་མཚུངས་པར་སྤྱོད་པ་ཆོས་དང་མཐུན་པ་ཞིག་བྱུང་ན་དགའ་སྟེ། མར་མ་སོང་བ་གལ་ཆེ། ཉེས་པའི་རྩ་བ་རང་འདོད་དུ་མ་སོང་བ་གལ་ཆེ། ཞེས་བཤེས་གཉེན་པ་གསུངས་པར་གདའ་སྟེ། མཁས་པ་མང་པོས་གོ་བ་ཉུང་། བཤེས་གཉེན་པའི་ཆོས་འདི་གང་གསུངས་པ་ལ་བསྡོམས་ནས་བལྟས་ན་སྤྱི་ལ་ཕན་པ་ཞིག་འདུག །ངེས་པར་ཕྱེ་ནས་བལྟས་ན་གང་ཟག་རང་རང་གི་སེམས་ལ་ཕན་པ་གཅིག་འདུག །སྤྲུལ་པའི་སྐུ་དེས་མི་མངོན་ཞིང་གནས་སྐབས་དང་མཐར་ཐུག་ཏུ་དགེ་བའི་ཆོས་དུ་མ་ཞིག་བླ་མ་ལ་ཞུས་ཤིང་། རང་གིས་ཀྱང་གསུངས་པ་ལ་ཨ་མས་ཆེན་པོ་གཞན་རྣལ་འབྱོར་པ་འགའ་ཞིག །ཀ་བ་ཤཱཀྱ་དབང་ཕྱུག །ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཁུ་རྔོག་གཉིས་ཏེ། དེ་རྣམས་ཀྱིས་མང་པོ་ཞིག་ཐོས་ཏེ་ཡོད་པར་གདའ། རྒྱལ་གྱི་ཀ་བ་དང་། མགར་དགེ་བ་དང་། ཞང་སྣ་ནམ་ལ་སོགས་པ་འགའ་ཞིག་གིས་ཀྱང་། བཤེས་གཉེན་པ་ལ་ཐན་ཐུན་འདྲ་ཐོས་པ་ལགས་བསམ། ཕྱིས་བླ་མར་འཛིན་ཅིང་གདམས་ངག་ཀྱང་ཉམས་སུ་ལེན། གུས་པོ་བྱེད་ཅིང་འདུག་པར་མི་ཁོ་བོས་མཐོང་། ལར་དེ་རྣམས་ཀྱི་ནང་ནས་འཇམ་པའི་དབྱངས་ཀྱིས་བདག་རྐྱེན་གྱི་ཐུགས་ལ་བརྒྱ་ནས། འབྲོམ་ཆེན་པོའི་གནས་ལུགས་ཡིན་ཚུལ་གདངས་ངག་རྣམས་རྩད་ཆོད་ངེས་ཤེས་པ་གསང་ཕུ་བ་ཡིན་ཚོད་དུ་འདུག།

ཇོ་བོ་བོད་དུ་མ་བྱོན་ཕན་ཆོད་ཕར་ཞོག །ཇོ་བོ་ཡབ་སྲས་མངའ་རིས་སྟོད་དུ་མཇལ་ནས་སྙེ་ཐང་དུ་དབྱུག་གུའི་ཚེས་བརྒྱད་ལ་གཤེགས་པ་ཡན་ཆོད་དུ་ཇི་འདྲའི་ཆོས་ཟབ་མོ་མང་པོ་ཞིག་གི་ཞུ་ལན་མཛད་ནས་གདའ་སྟེ། དེ་ཀུན་ཨ་མེས་ཀུན་གྱིས་མང་པོ་གསན་ཡོད་མཆི་སྟེ་ཐུགས་ལ་གང་ནས་ཡེ་མི་གསུང་། ལོ་ཙཱ་བ་ཀུན་དང་འགྲོགས་ནས་ཡུན་རིང་བས་མང་པོ་གསན་ནས་མཆི་སྟེ། ཚིག་རེ་རེ་ཙམ་ཐོར་ཙམ་ཐོར་ཙམ་ལས་ཡེ་མི་གསུང་། ཁ་ནིངས་རྗེ་བཙུན་པ་སྐུ་གཤེགས་པའི་དུས་སུ་ཡང་བཤེས་གཉེན་པས་ནི་རྡོ་རྗེའི་གླུ་ལ་སོགས་པ་དུ་མ་ཞིག་མཛད་ནས་ཡོད་པར་གདའ་སྟེ། ཐུགས་སྒམ་པས་གཅིག་ཀྱང་མངོན་པ་མི་གདའ། དེའི་གོང་དུ་ཚོར་བ་ལ་སྔར་རྗེ་བཙུན་པ་སྙུང་རེས་ཀྱིས་ཡི་དམ་ལྷའི་ཞལ་གཟིགས་ནས་གདའ། དེ་དུས་སུ་བཤེས་གཉེན་པས་མཁྱེན་ནས་ཡོད་པ་འདྲ་བར་གདའ། ལོ་ཙཱ་བ་མཆིམས་ཕུ་ན་བཞུགས་པ་ལ་འདི་ཕྱོགས་སུ་བྱོན། དོ་ཞག་ཡ་མཚན་ཆེན་པོ་འདུག་གསུངས་ནས་སྙེ་ཐང་དུ་སྤྱན་དྲངས། འདི་ཀུན་གྱི་གཏམ་རྒྱུད་ཀྱང་གཞན་ན་ཕར་ལ་ཡོད་པས། ཐིག་ལེའི་ནང་ན་རྒྱས་པར་མི་གདའ། ལན་གཅིག་རྔོག་དང་ལོ་ཙཱ་བ་ཞལ་འཛོམས་པའི་དུས་སུ། རྔོག་གིས་ལོ་ཙཱ་བ་ལ་ཁོ་བོ་ལ་ཞུ་རྒྱུ་གཅིག་མཆིས་ཞུས་པས། དགེ་བཤེས་པ་ལ་ཅི་འཚལ་བགྱིད་དགོས་གསུང་། བླ་མ་ཡབ་སྲས་ཀྱི་སྤྱན་སྔ་ན་མར་ལ། རྒྱལ་བའི་མདུན་དུ་རྒྱལ་སྲས་བཟང་པོ་བསྐྱངས། །རྒྱལ་བའི་མདུན་དུ་རྒྱལ་སྲས་བཟང་པོ་སྐྱོང་། །རྒྱལ་བར་གནས་ཀྱང་མ་རྒྱལ་ལྟ་བུར་སྟོན། །ཞེས་པ་གཅིག་གདའ་སྟེ། དེ་ཁ་ནིང་ནས་ཞུ་དགོས་ཤིག་ཡོད་པ་ལགས་ནའང་། ས་ཐག་རིང་བས་རྟེན་འབྲེལ་འཛོམས་པ་མ་བྱུང་། དེ་རིང་ཞུ་འཚལ་ཞུས་པས་ལོ་ཙཱ་བའི་ཞལ་ནས། དེ་འདྲ་ཞིག་ཁྱེད་ཀྱིས་སུ་ལ་གསན་རྔམ་ཆེ་གསུང་། ཡེར་པར་བྱམས་པའི་དྲུང་དུ་ཕྱིན་ཙ་ན། དགེ་སློང་རྣམ་སྦྱར་གྱོན་པ་གཅིག་གསུང་ལུགས་ལ་སོགས་པ་ཐིག་ལེ་ནས་གསུངས་པ་བཞིན་ཞུས་པས། དེ་ང་ལ་འདྲི་བ་ཅི་ཡིན། རྔོག་གིས་ཇོ་བོ་ལ་ཞུས་པས་ཁྱེད་ལ་དྲིས་གསུངས་པ་ལགས་ཞུས་པས། ལོ་ཙཱ་བའི་ཞལ་ནས། དེ་ཡིན་ཇོ་བོ་ཡབ་སྲས་གཉིས་པོའི་ཚུལ་ལུགས་བཟང་པོ་འདི་འདྲི་ན་ངེད་ལ་འདྲི་དགོས། ཨ་མེས་ལ་རྒྱུས་ཡོད་དེ་བཤད་དུ་མི་འདོད། ངས་ཆོས་གཞན་ཐམས་ཅད་ཕར་བཞག་པའི་རྒྱལ་བ་ཡབ་སྲས་གཉིས་ཀྱི་མཛད་པ་གཅིག་པུ་བཤད་ཀྱང་ཁོ་བོའི་མི་ཚེས་མི་རྒྱོངས། ད་མི་སོ་མ་གཞན་མི་གདའ་འམ་ཟེར། ཁྱེད་རང་གི་སྐོར་ན་མེད་ན་གཞན་ན་མི་བདོག་གི་ཞུས་པས། ལོ་ཙཱ་བ་ན་རེ། འོ་ན་ངས་རྒྱལ་བ་ཡབ་སྲས་སྤྱི་བོར་བསྟེན་པའི་འཁོར་མིན་པ་བསྟེན་མ་མྱོང་། དེས་བྱས་པས་འཁོར་འགའ་རེ་ཡོད་དེ་གསང་ཐུབ་ལ་དུས་སུ་འདོམས་པ་སྣོད་ཅན་འབའ་ཞིག་ཡོད་པས། འོ་སྐོལ་གཉིས་ཇོ་བོའི་གཟིམས་ཁང་ལ་གཤེགས། ཁ་སང་ནས་ཁམས་པས་འབུལ་བ་བྱས་ནས་ཇ་ཡང་ཡོད། ངེད་སྟོད་པའི་བུར་སྐྱོས་ཀྱང་ཡོད། རྔོག་གི་ཞལ་ནས། ཁྱེད་ལ་ཅི་ཡོད་ཀྱང་དེ་རིང་ངས་སྐབས་སུ་བབ་པས་དྲངས་འཚལ་གསུངས་ནས། ནང་དུ་ཐུགས་ཕབ་པར་བསྙེན་བཀུར་མཛད་རེས་བྱས་པའི་རྗེས་ལ་ལོ་ཙཱ་བའི་ཞལ་ནས། དགེ་བཤེས་པ་ལ་ཞུ་ན། འོ་སྐོལ་གྱི་རྣམ་ཐར་འདི་ཀུན་ཡོན་ཏན་གསང་ཐུབ་པ་ལ་གཙོ་བོར་མཛད་པར་གདའ་ནའང་། འོ་སྐོལ་ཐུགས་ཕབ་པས་སྙིང་གཏམ་ཞིག་བཤད་འཚལ་གསུངས་ནས། བཤེས་གཉེན་པས་ཇོ་བོ་སྤྱན་འདྲེན་དུ་བཏང་བའི་དུས་སུ། རྡོ་རྗེ་གདན་དུ་ཕྱིན་པ་ན་གསུངས་པའི་སྐབས་འཁོར་གཅིག་ན་རེ། འོ་ན་བཤེས་གཉེན་པ་རང་གིས་བཏང་གསུངས་པ་གདའ་ཟེར་བས། ལོ་ཙཱ་བའི་ཞལ་ནས། བཤེས་གཉེན་པ་དགེ་བཤེས་བགྲེས་པོ་དེ་ཀ་གཅིག་པུ་ལ་བློ་རྩེ་གཏད་པས་ག་ན་འོང་། རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པ་ལགས་མོད། སྤྲུལ་པ་སྙམ་པོ་ལའང་ཁོ་བོས་ངོ་མི་ཤེས་པ་བྱུང་། མ་ཧཱ་བོ་དྷིའི་དྲུང་ན་ཇོ་བོ་ཆེན་པོ་བཞུགས་ནས་འདུག་པའི་དུས་སུ། ཁྱེའུ་དཀར་པོ་ཤེལ་གྱི་མཁར་བ་ཐོགས་པ་གཅིག་ཇོ་བོའི་དྲུང་དུ་འདུག །དེ་བཤེས་གཉེན་པ་ཡིན་པར་གདའ་སྟེ་ཁོ་བོས་སྣང་ལ་མ་ངེས།

དེ་ནས་རྣལ་འབྱོར་མ་གཅིག་བྱུང་ནས་ཡབ་སྲས་གཉིས་ཀ་ལ་འདུད་པ་བྱེད་ཅིང་གདའ་སྟེ། སྒྲོལ་མ་ཡིན་པའི་རིགས་སུ་གདའ། དེའི་དུས་སུ་ཁོ་བོ་སྔགས་ལ་མཁས་སྙམ་པའི་ང་རྒྱལ་ཅུང་ཟད་ཅིག་ཡོད། དེ་ནས་ཅུང་ཟད་ན་རྣལ་འབྱོར་མ་དེ་སྒྲོལ་མ་ཡིན་པར་ཤེས་ཏེ། ཁོ་བོས་འདི་རྣམས་གང་ཞིག་ཡིན་ཞུས་པས། ཚེ་དང་ལྡན་པ་སྔགས་ཁས་ལེན་པ་ལ་དམ་ཚིག་པ་ལ་ཡེ་ཤེས་པ་སྟིམ་པའང་མི་ཤེས། མ་ཧཱ་བོ་དྷི་དང་ཨ་ཏི་ཤ་ལ་དབྱེར་མི་ཕྱེད། དཀར་པོ་འདི་སྤྱན་རས་གཟིགས་ཡིན་མི་ཤེས་སམ། བྱང་ཆུབ་ཆེན་པོ་དང་ཐ་མི་དད་པའི་སྲས་ཀྱི་ཐུ་བོ་ཡིན། རྒྱལ་བ་ཨ་ཏི་ཤ་འདིས་རྒྱལ་སྲས་བཟང་པོ་འདི་བསྐལ་པ་མང་པོར་བསྐྱངས། སྲས་བཟང་པོས་ཀྱང་སྲས་བཟང་པོ་མང་པོ་བསྐྱངས།

དེ་ལྟར་རིམ་པ་བཞིན་དུ་སྐྱོང་བདོ་བ་ཡིན་ན་ཚེ་དང་ལྡན་པས་མི་ཤེས་སམ། ད་བྱང་པདྨ་དཀར་པོའི་དབུས་སུ་མུན་པའི་ཚོགས་རབ་འཇོམས་པར་བྱེད་པའི་རྒྱལ་བ་མར་མེ་མཛད་བཟང་པོ་རྒྱལ་བའི་འབྱུང་གནས་ཡུམ་ལ་བརྟེན་ནས་རྒྱལ་སྲས་བཟང་པོ་ཡུམ་དེ་དང་མཐུན་པར་མྱུར་དུ་སྐྱོང་། དེ་ནས་དགའ་བ་དང་ལྡན་པ་ཆོས་ཀྱི་ཕོ་བྲང་དུ་རྒྱལ་བ་བཟང་པོ་དྲི་མ་མེད་པ་ཞེས་བྱ་བ། རྒྱལ་བ་བཟང་པོ་བྱམས་པའི་མདུན་དུ་བཞུགས་ནས་རྒྱལ་སྲས་བཟང་པོ་རྒྱལ་བ་རྒྱ་མཚོ་སྐྱོང་། བྱམས་པའི་བསྟན་པའི་རྗེས་སུ་དྲི་མ་མེད་པ་ལ་རྒྱལ་ཚབ་ཏུ་དབང་བསྐུར་ནས། རྒྱལ་སྲས་བཟང་པོ་རྒྱལ་བ་རྒྱ་མཚོ་སྲས་ཀྱི་ཐུ་བོར་སྐྱོང་། སྔར་གྱི་དཔའ་བོ་བདུན་གྱི་མདུན་དུ་རྒྱལ་བ་འདིས་རྒྱལ་སྲས་བཟང་པོ་བསྐྱངས། ད་དུང་བསྐལ་པ་འདིའི་སངས་རྒྱས་སྟོང་དུ་ཉེ་བ་གཞན་དག་གི་ཡང་མདུན་དུ་བྱམས་པ་ཉིད་ཀྱིས་སྐྱོང་བས་མཚོན་ཏེ་ཐད་ཀྱི་མདུན་དུའང་། རྒྱལ་བའི་སྲས་བཟང་པོ་འདི་སྐྱོང་མདོར་ན་གཉིས་ཀའང་རྒྱལ་བ་ཡིན་ཀྱང་། ད་དུང་ཚོགས་གསོག་པ་དང་། ཉོན་མོངས་ལྟར་འཁོར་བར་འཁྱམ་པ་ལ་སོགས་པ་མ་རྒྱལ་བའི་རྣམ་སྤྲུལ་དུ་མ་སྟོན་ཅིང་གདའ་བ་གསུངས་པ་ལ་དགེ་སློང་རྣམ་སྦྱར་རྡོ་ཚོས་མ་གསོལ་བ་གཅིག་ཀྱང་དེར་བྱུང་སྟེ་རྒྱལ་བ་བོད་དུ་བྱོན། བོད་དུ་བྱོན་ན་གཞན་དོན་བོགས་ཆེ། རྒྱ་གར་འདིར་བཞུགས་ན་དགུང་ལོ་དགུ་བཅུ་གོ་གསུམ་བཞུགས་དགོས་པ་གཅིག་འོང་། སྔར་ཡང་བོད་དུ་མི་མ་ཡིན་གདུག་རྩུབ་ཅན་མང་པོ་བཏུལ་ཞིང་བྱ་བ་མཛད་ནའང་། ད་རུང་ཡང་བོད་གདུལ་དཀའ་བའི་གདུལ་བྱ་འདུལ་དུ་བྱོན་ན་ཤིན་ཏུ་སྟོབས་ཆེ། རྒྱལ་བ་ཡབ་སྲས་ཀྱི་སེམས་ཅན་མང་པོ་དུས་གཅིག་ལ་བསྒྲལ་ནས་དགུང་ལོ་ཉི་ཤུ་ཕར་བཅད་ནས། དགའ་ལྡན་དུ་བྱོན་པས་ཚོགས་པ་གཅིག་འོང་། ཕྱོགས་གཅིག་པ་ནས་བོད་དེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པས་ཉམས་དགའ་ཆུ་བོ་བཞི་འབབ། འབྲུས་སྣ་ལྔ་སྨིན། དུས་ཀྱི་གོ་མ་ལོག །མྱ་ངན་གྱི་ཐང་མི་སྐྱོང་། བསྟན་འཛིན་སྒོམ་པའི་གནས་མང་། ཡང་བློ་རྒྱ་ཆུང་ལ་མན་ངག་ལ་བརྩི། ཐེག་པ་ཆེན་པོ་ལ་མོས། ཁྱེད་ཀྱིས་རང་རང་དང་མཐུན་པའི་ཆོས་བསྟན་པས་མང་པོའི་དོན་དུ་འགྱུར་ངེས་པས་མྱུར་དུ་བྱོན་གསུངས་ནས་མི་སྣང་བར་གྱུར།

གཏམ་དེ་ཀུན་གྱི་དབང་དུ་བྱས་ནས། སངས་རྒྱས་རང་དུ་ཡོད་པར་གདའ། དེ་ལ་བརྟེན་ནས་ལོ་ཙཱ་བས་ཀྱང་དེ་དང་མཐུན་པའི་བསྟོད་པ་མཛད་སྐད། དེ་འདྲ་བའི་བཙན་ས་ཟིན་ཀྱང་། ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མཛད་པའི་ལུང་ཡང་ལོ་ཙཱ་བས་བསྟོད་པ་མཛད་པར། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང་། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཛད། །གནས་བརྟན་འདུལ་བ་འཛིན་པ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་པའི་བར་དང་། ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཏེ། ཕྱི་མའི་ཕྱག་འཚལ་དེ་རང་སྐབས་སུ་བབ། སྦས་པ་ཆེན་པོ་སངས་རྒྱས་ཀྱི་མཛད་པ་ཅན་ཞིག་ཡིན་པར་གདའ། དེ་ལྟར་ན་ལོ་ཙཱ་བས་ཡོན་ཏན་བརྗོད་ཙ་ན། བློ་ཐུན་མོང་གི་ཡོན་ཏན་རང་ལ་བསམ་གྱིས་མི་ཁྱབ་པ་གདའ་སྟེ། རྣམ་ཐར་ཆེན་མོ་ལ་སོགས་པ་ཡི་གེར་བྲིས་པ་ཀུན་ལ་གསལ།

ཡང་འབྲོམ་ལ་ལོ་ཙཱ་བའི་ཞལ་ནས། རྗེ་བཙུན་པ་སྙུང་བའི་དུས་སུ་ཤུལ་འདི་སུས་བྱེད་པ་ཞིག་འོང་ཟེར་ཞིང་། མི་མང་པོ་ཚོ་ལ་བལྟས་ནས་ལབ་པར་གདའ་སྟེ། ལ་ལས་ལབ་མ་ནུས། ང་ཀུན་ཕྱོགས་གཅིག་པ་ནས་ངོ་སྲུང་རྒྱུ་མེད་པ་དང་། གཏམ་དྲང་པ་དང་བྱས་པས། ཡིན་ཚུལ་བརྗོད་ནས་བཞག །རྒྱུད་སྡེ་མན་ངག་ཐམས་ཅད་ནས་ཡོན་ཏན་བླ་མའི་ཞབས་ཏོག་ལ་བརྟེན་ནས་འབྱུང་བར་བཤད། དེ་འབྲོམ་སྟོན་པའི་འདྲ་བ་སུས་ཀྱང་བྱས་པ་མེད། འོ་ན་ཁོང་ལ་འོང་བྱས་པས། ཁོང་ཀུན་ང་ལ་མ་རིག་པ་དེར་དམུན་པོ་བརྒྱ་དང་མཁས་པ་གཅིག་གི་གཏམ་དཔེ། ཁོང་མ་རིག་པ་དེ་ལས། ཁོ་བོ་མ་རིག་པ་དེ་ཐུང་། ལ་ལ་ན་རེ། འབྲོམ་སྟོན་པ་འདྲ་བ་ཟེར་བའང་བྱུང་། འོང་ན་ཨ་པོ་རང་ལ་འོང་ཟེར་ཏེ། ཨ་པོ་རང་ལས་ཏ་ཨ་པོ་རང་དྲག །ནན་ཏར་ན་ང་ཡི་ཡོན་ཏན་ཙམ་བོད་ན་སུ་ཡོད། ཇོ་བོ་ལ་ངས་བྱས་པ་འདྲ་བ་སུ་ཡོད། སྡེ་ལ་ང་ལས་དྲིན་ཆེ་བ་སུ་ཡོད། ངས་ལུས་སྲོག་ཐེད་ལ་བཏང་ནས་ཇོ་བོ་སྤྱན་འདྲེན་དུ་ཕྱིན། རྒྱ་གར་གྱི་ཆོས་མང་པོ་བསླབས། དེ་ནས་ཇོ་བོ་རང་ལ་ཡང་མི་ལོ་བཅུ་དགུ་ཙམ་ཞིག་འགྲོགས་ནས་ཆོས་ཞུས། མན་ངག་ཐོབ་པ་དེ་ང་ཡིན་མོད། ཇོ་བོས་ཀྱང་མས་བུ་སྐྱོང་བ་འདྲ་བ་ཞིག་བྱས། སྣག་ཚ་ཐིགས་པ་རེ་ཙམ་བོར་ལའང་འགྲམ་ལྕག་བརྒྱབ་པ་ཡོད། ཁོ་བོའི་དད་གུས་ལ་ཟློག་པ་མེད། འདོར་ན་རྒྱ་བོད་ཀྱི་ཡོན་ཏན་མང་པོ་བསླབས། ཁྱད་པར་དུ་ཇོ་བོའི་ཡོན་ཏན་རྣམས་རྫོགས་པར་བྱས་ཏེ། གདན་ས་འོང་སྙམ་པ་མི་བདོག །བྱེད་སྙམ་པའང་མི་བདོག །ངས་ཐོབ་ཟེར་འོང་སྙམ་ཡོད། ཅི་ཕན་བོད་ཀྱི་སེམས་ཅན་འདུལ་བ་ལ་མདོས་ཤེས་དགོས། དེ་ཡང་དམ་དུམ་གྱིས་མི་ཆོག །རྫུ་འཕྲུལ་དགོས།

དེ་ཡང་དམ་དུམ་གྱིས་མི་ཆོག །ཐེག་དཀའ་བའི་ཁུར་ཅི་ཡང་བཟོད་པ་ཞིག་དགོས། ལར་སྙིགས་མའི་སེམས་ཅན་འདུལ་བ་ལ་བོད་དུ་བསྡད་ན་རྒྱ་གར་དུ་མི་སླེབས། རྒྱ་བོད་དུ་བསྡད་ན་ཞིང་ཁམས་གཞན་མི་ཁྱབ། ཚིག་ཤེས་དང་ང་རྒྱལ་བག་རེ་བྱས་པས་སྙིགས་མའི་གདུལ་བྱ་ཐུལ་བ་ག་ལ་སྲིད། སྤྱིར་ཡང་བསྟན་པ་འདིའི་གདུལ་བྱ་ཤཱཀྱ་ཐུབ་པ་མིན་པས་མི་ཐུལ། འདིའི་ནང་ནས་ཀྱང་སྙིགས་མ། སྙིགས་མའི་ནང་ནས་ཀྱང་བོད་ཀྱི་སྤྲུལ་པ་སྤྱན་རས་གཟིགས་མིན་པ་སུའི་གོ་ཆ་ཅན་གྱིས་ཐུལ། ཐམས་ཅད་ཉི་ཚེ་བ་མཐའ་རྒྱ་མ་མཐོང་བར་ལབ་པ་ཤ་སྟག་ཡིན། ལ་ལ་ན་རེ། དགེ་བཤེས་སྐྱའོ་ཟེར་ཏེ། ཁྱོ་ག་དཔའ་བོ་གཅིག་ལ་བུ་བཙུན་ཆུང་གཅིག་ཡོད་ན། བུ་དེ་བཙུན་པ་ཡིན་བྱས་ནས་ཕའི་ལས་ཀ་དེ་བསྐུར་ན་ཇི་འདྲ་ཞིག་འོང་། ནན་ཏར་ན་བཙུན་པ་ཀུན་སློང་དུ་མ་གྱུར་པའི་ལམ་སྟེགས་ཡིན། བོད་ཆའི་གྱོན་ལུགས་ཡིན། ཀློང་དུ་གྱུར་ན་ང་འབྲོག་འདྲ་བས་ཟེར་ཏེ་འབྲོམ་དེ་རང་འདྲ་བ་གཅིག་དགོས། ལར་བཙུན་པ་སྤྱན་རས་གཟིགས་ཀྱི་མི་སྐྱའམ་ཡང་གཉེན་ངོས་མ་ཟིན་པའི་བཙུན་པའམ་གཏམ་སྔགས་པོ་ཆེ་སྟེ་སྐྱོན་མཆིའོ།།

དགེ་བཤེས་པ་འབྲོམ་དེ་འདྲ་བས་གདན་ས་འོང་ཟེར་བ་ཡིན་གཞན་ང་ལའང་བྱས་ཡུས་ཡོད། ལ་ལས་ཞབས་ཏོག་གཅིག་པུ་རང་ལ་དགོས་པའང་འདུག །དེས་ཀྱང་ག་ལ་ཕན། དེ་ཙམ་གྱིས་འོང་ན་ཨ་མེས་ལ་ཕྱག་འཚལ་བ། ཨ་མེའི་ཞབས་ཏོག་འདྲ་བ་གཞན་སུས་བྱས། ཁོང་སྦས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཀྱང་ཡིན། ལར་ཞབས་ཏོག་འདི་བཤོས་རེ་ཙམ་འདྲེན་པ་དང་། དྲུང་གི་སྒར་ཏ་སྒུར་ཏ་དེ་ཚོ་རང་ལ་ཟེར་བ་མིན། བསྟན་པ་སྙིང་གི་དཀྱིལ་དུ་བཅུག་པ་གཅིག་དགོས་པ་ཡིན་མོད། དེ་ལ་ཅི་འོང་དགེ་འདུན་དང་སངས་རྒྱས་སྤེལ་བ་ཞིག་འོང་བ་ཡིན་མོད། དེ་ཀུན་འོ་སྐོལ་གྱི་སྙིང་གཏམ་ཡིན། གཞན་དུ་མཆེད་ནའང་བཟང་མོད། མཆེད་ནའང་སྙིང་ཚིམ་བྱས་པའི་ལུགས་ལགས། ཡང་ལན་ཅིག་ཨ་མེས་ཞལ་ནས། ལན་ཅིག་ཡབ་སྲས་གཉིས་པོ་ལ་ཚ་བ་ཞིག་འདྲེན་པ་ལ་ཕ་རིན་པོ་ཆེ་ཡུག་ཅིག་མ་བྱུང་། དེ་ནས་ཇོ་བོས་ཕུད་མཆོད་མཛད་ཟིན་ཙམ་ན་ཁོང་གིས་ཀྱང་སླེབས་བྱུང་། ཇོ་བོའི་ཞལ་ནས། བསྙེལ་ལོ། །ཚ་བ་གསོལ་ཅིག་གསུང་། ཁོ་བོའི་ཡིད་ལ་ཞལ་སྐྱ་ཡིན་སྙམ་ཙ་ན་བྷཾ་ག་ལ་པ་རྣམས་བདེའམ་གསུང་། ཁོ་བོ་ལ་ཐེ་ཚོམ་སྐྱེས་གསུང་། ལན་ཅིག་ཇོ་བོའི་ཞལ་ནས། བཤོས་ལང་དུ་མཛོད་ཅིག་གསུང་། དུ་འཚལ་ཞུས་པས་བཅུ་དྲུག་ཙམ་གྱིས་གསུང་། འོ་ན་ངའི་བཤོས་རྫི་རོགས་དགེ་བཤེས་ཆེན་པོ་ཐོངས་ཞུས་པས། དགེ་བསྙེན་གནས་གཏན་ཆེན་པོ་སྤྱན་འདྲེན་དུ་སོངས་གསུང་། ཁོ་བོ་ཐེ་ཚོམ་དུ་གྱུར་ཙ་ན། འབྲོམ་སྤོས་ཤིག་དང་རྔ་ཡབ་ཅིག་ཁྱེར་ནས་བྱུང་སྟེ་རྒྱལ་བ་ཉན་ཐོས་ཆེན་པོ་རྣམས་འབྱོན་ཞིང་ཡོད་གསུང་། ཇོ་བོའི་ཞལ་ནས། རྒྱལ་བའི་འབྱུང་གནས་བྷམ་ཡེ་ཤེས་ཏ་ལ་ལའི་གཟུངས་ཏེ་ཁྱེར་ལ་ཤོག །ཇོ་བོ་ཞལ་ནས། ཏ་ལའི་གཟུངས་འདོན་ཞིང་གདའ། དེ་ནས་དགེ་སློང་བགྲེས་པོ་བཅུ་དྲུག་བྱོན་ནས། ཇོ་བོ་ལ་ཕྱག་འཚལ་ནས་གྲལ་ལ་འཁོད། ཇོ་བོའི་ཞལ་ནས། ཆོས་ཀྱིས་དགེ་འདུན་སྤྱན་དྲངས། དགེ་འདུན་གྱིས་བསྟན་པའི་བྱ་བ་མཛད། ཁོ་བོ་ཡང་དེ་ལ་དགའ་གསུང་། ཆོས་ཀྱི་སྟོན་མོ་ཁྱེར་ཅིག་གསུང་། འབྲོམ་གྱིས་མ་ལུས་པར་ཐམས་ཅད་ལ་སྦྱིན་ལེན་མཛད་ཅིང་བསྙེན་བཀུར། བསྙེན་བཀུར་གསོལ་བའི་རྗེས་ལ་ཇོ་བོའི་ཞལ་ནས། བསྟན་པ་ལ་བྱ་བ་མཛད་དོ་གསུངས་ནས་ཉིན་མོ་ཡིན་པས་གསོ་སྦྱོང་མཛད། དེ་ལེགས་སོ་ལེགས་སོ། །དྷརྨ་ལ་གནས་བརྟན་རྣམས་སྤྱན་དྲོངས་ཤོག་གསུངས་ནས། དགེ་བསྙེན་ཆེན་པོས་གནས་བརྟན་རྣམས་སྤྱན་དྲངས་ནས་གཤེགས། ཨ་མེས་ཀྱང་དགེ་བསྙེན་ཆེན་པོ་བསུ་རུ་ཕྱིན་ཙ་ན། འབྱོན་པའི་དུས་ལ་བྱུང་། ནང་དུ་ལོག་འོང་ཙ་ན་ཁོང་སླེབས་འདུག །དགེ་བསྙེན་ཆེན་པོས་གར་བྱོན་ཞུས་པས། ད་ནང་གི་དེ་པ་སྐྱེལ་དུ་ཕྱིན་མོད་མ་འདྲི་དང་གསུངས། ལན་ཅིག་ཡང་བཤོས་གཉིས་ཀྱིས་གསུང་ལགས། ཞེས་བཤོས་གཉིས་དང་རྒྱ་རི་གཉིས་བྱས་ཡོད་ཙ་ན། དགེ་བསྙེན་ཆེན་པོས་དགེ་སློང་གཉིས་ཁྲིད་ནས་བྱུང་། ཁོ་བོ་བསམ་པ་ལ་འདི་དག་བོད་ཀྱི་བཙུན་པ་མ་ཡིན་པར་འདུག་སྙམ་དུ་ཐེ་ཚོམ་ཟ་ཞིང་ཡོད་ཙ་ན། ཇོ་བོའི་ཞལ་ནས། ཁ་ཆེ་ན་ད་ལྟ་པཎྜི་ཏ་དུ་འདུག་གསུང་། དགེ་སློང་དེ་པ་ན་རེ། ད་ལྟ་ལྔ་བཅུ་ཙམ་འདུག །རེ་འགའ་མང་པོའང་ཡོད་པར་འདུག །དེ་ན་བཙུན་དྷ་བྱ་བ་ཞིག་ཡོད་པ་དེ་འདུག་གམ། དགེ་སློང་དེ་པ་ན་རེ། ཁོང་ལུས་འཕགས་གླིང་དུ་སོང་ནས་མེད། ཇོ་བོ་ན་རེ། དྷརྨ་བརྙན་སར་ཕུན་སུམ་ཚོགས་པར་མཛོད། དེ་ནས་དགེ་བསྙེན་ཆེན་པོས་བསྙེན་བཀུར་ཕུན་སུམ་ཚོགས་པར་མཛད་ནས་སྤྱན་དྲངས་ནས་སོང་ངོ་།།

ལན་ཅིག་ཨ་མེས་ཀྱི་ཇོ་བོ་ལ་བླ་མ་ཇི་ཙམ་ཡོད་ཞུས་པས། བརྒྱ་ལྔ་བཅུ་ཙམ་ཡོད། དེ་རྣམས་བླ་མ་ལས་ཡོན་ཏན་ཆེ་བ་ཤ་སྟག་པ་བདོག་གམ། ཆུང་བའང་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་འདུག་གེ་གསུང་། མི་འདུག་ཞུས་པས། ཚོལ་ལ་ཤོག་གསུང་། ཨ་མེས་ཀྱིས་འཚོལ་དུ་ཕྱིན་ཙ་ན། ཨུ་པ་སི་ཀ་ལྕམ་ཙེ་ཅིག་ཕྲག་ལ་བཀལ་ནས་སྒོ་ཕུག་ཏུ་སླེབས་ནས་འདུག །ནང་དུ་བྱོན་དང་ཞུས་པས། ཇོ་བོའི་ཞལ་ནས། ཨ་མེས་ཁོ་བོའི་བླ་མ་རྣམས་འདྲི། ཁོ་བོ་ལས་ཡོན་ཏན་ཆུང་བ་ཡོད་དམ་མེད་བཤད་ན་བོད་ལ་མི་ཉེས། དགེ་བསྙེན་ཆེན་པོའི་ཞལ་ནས། གང་ཡོད་པ་གསུང་བར་ཞུ། ད་གཟོད་བོད་དྲེགས་པ་ཅན་ཆེ་འདོད་ཀྱིས་མན་ངག་མི་རྙེད་པ་འོང་། དེ་དུས་སུ་ཇོ་བོས་ཀྱང་བླ་མ་འདི་འདྲའང་བསྟེན། འདི་འདྲའང་བསྟེན། བླ་མ་རྣམས་བསྡོམས་ན་འདི་ཙམ་ཞིག་ཡོད་པར་འདུག་ཟེར་ནས་བླ་མ་ལ་གདམ་ཁ་མི་བྱེད་པར་རྒྱུད་མན་ངག་ཆེ་ཆུང་མེད་པས་ཕྱུག་པ་གཅིག་འོང་བ་ཡིན། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་དེ་ཡིན་ནམ་གསུང་། དེ་ལགས་ཞུས་པས། འོ་ན་ཨ་མེས་ང་ལ་བླ་མ་བཙུན་པོ་བཙུན་པོ་མང་པོ་ཡོད། མཁས་པ་དང་བཟང་པོ་ཡོད། རྣལ་འབྱོར་ཕོ་མོའང་ཡོད། སྦས་པའི་བརྟུལ་ཞུགས་མཛད་ཀྱང་ལྔ་བཅུ་ཙམ་ཡོད། ལར་བསྡོམས་ན་བརྒྱ་ལྔ་བཅུ་ཙམ་ཡོད། ལ་ལ་ངའི་ཡོན་ཏན་གྱི་ལྔ་བཅུ་ཆ་བྱས་པའང་ཡོད། ཡང་བརྒྱ་ཙམ་གྱི་ཆ་བྱས་པ་གཅིག་ཀྱང་ཡོད། ལར་བླ་མ་ཐམས་ཅད་ཀྱི་ཡོན་ཏན་ཁོ་བོ་ལ་ཡོད་གསུངས་པས། ཨ་མེས་རྟོག་པ་ལ་འོ་ན་ཇོ་བོ་རང་ཡོན་ཏན་བླ་མ་ཐམས་ཅད་པས་ཁོང་རང་བར་བསྒྲུབ་པར་འདུག་སྙམ་པ་ཞིག་བྱུང་། དེ་དུས་སུ་འབྲོམ་ཆེན་པོ་ན་རེ། བླ་མ་དེ་ཐམས་ཅད་ཀྱི་ཡོན་ཏན་ཁོ་བོ་ལ་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་བླ་མ་རྣམས་ངོ་མཚར་ཆེ། ཁོ་བོའི་བླ་མ་ཨ་ཝ་དྷཱུ་ཏི་པ་དང་། གསེར་གླིང་པ་གཅིག་པུའི་ཡོན་ཏན་གྱི་ཆོག་གསུང་། ཕ་ལ་ཕ་ལ་གསུང་ཞིང་ཐལ་མོ་སྦྱོར། ནངས་པར་ཚ་བ་གསོལ་བའི་དུས་སུ། ངའི་ཨུ་པ་སི་ཀ་འདིས་དེ་འདྲ་ཤེས། མདང་གི་དྲི་བ་དེ་དུས་ལ་བབ། དེ་ནས་རེ་ཞིག་ན་ཇོ་བོའི་ཞལ་ནས། ཨ་མེས་ཇི་སྲིད་མཐར་ཐུག་གི་བར་ལ་ཨུ་པ་སི་ཀ་བསྟེན། ཨུ་པ་སི་ཀས་ཀྱང་དགོན་པ་བརྩིས་ནས་ཨ་མེས་ལ་བཞི་སྡེའི་བརྒྱའོ་ཞུས། གཞན་ཡང་ཁོང་དང་མཐུན་པ་གསུམ་ཙམ་ཚོལ། ལར་བསྟན་པ་ལ་ཕན་པར་གྱིས་གསུང་། དགེ་བསྙེན་ཆེན་པོས་ཀྱང་ཞལ་གྱིས་ཤིང་ཐུགས་ལ་བཏགས་ཟེར།

ཡང་བླ་མ་དམ་པ་དེ་རྒྱ་གར་ནས་མངའ་རིས་སུ་བྱོན་པའི་དུས་སུ། ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱལ་པོ་སྤྱན་དྲངས་ལུགས་ལ་སོགས་པ་དང་། དཀའ་སྤྱད་དུ་མའི་མཐར་འདྲོངས་ལུགས་དང་། པཎྜི་ཏའི་ཡོན་ཏན་རགས་པ་ཙམ་ཐོས་པ་དང་རང་ཕྱོགས་སུ་འབྱོན་ཚུལ་རྣམས་གསན་ནས་བསམ་བློ་བཏང་བས། དུས་དེང་སང་ང་ལས་ཡོན་ཏན་ཆེ་བ་ཙམ་མེད། པཎྜི་ཏ་བྱོན་ཀྱང་ཞུ་རྒྱུ་ཙམ་མ་མཆིས། ལྷག་པར་དུའང་པཎྜི་ཏ་དེ་བཙུན་ཚུགས་ལ་རྩལ་དུ་འདོན་པ་འདུལ་ཁྲིམས་དང་མདོ་སྡེ་ལ་རྩལ་དུ་འདོན་པ་གཅིག་འདུག་ཟེར། དེའི་རིགས་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུགས་འདི་འབྱུང་བ་ཤིན་ཏུ་དཀའ། ལར་གང་ཟག་བཟང་པོ་ཅིག་ཡིན་པར་ཤེས། རྨི་ལྟས་ལ་སོགས་པའང་བཟང་། ཅུང་ཟད་ཅིག་བསུས་ནས་བསྙེན་བཀུར་བབ་སྙམ་དུ་བསམ་པའི་དོ་ནུབ་རྨི་ལམ་ན་མི་རེང་དཀར་པོ་གཅིག་བྱུང་ནས། ཁོ་བོ་སེམས་ཅན་གྱི་དོན་ལ་བྱས་ཡུས་ཆེ། འོན་ཀྱང་རྒྱལ་བ་སྤྱན་འདྲེན་པ་ལ་དཀའ་སྤྱད་དུ་མ་བྱས། ད་རུང་མི་ཤེས་པ་མེད་དེ་ཞུ་རྒྱུ་མང་པོ་མཆིས། ལོ་ཙཱ་བ་ཐོས་རྟག་ཞི་ཞིང་དུལ་བ་བྱ་བ་ཡིན། རྒྱ་བོད་ཀྱི་པཎྜི་ཏ་ཐམས་ཅད་དྲིལ་ཀྱང་པཎྜི་ཏའི་གཞུང་གི་ཡོན་ཏན་མི་རྫོགས། བོད་འདི་ཀུན་མན་ངག་གི་སྣ་རྩེ་འདུལ་བ་ཡིན། མན་ངག་ཐམས་ཅད་བོད་ཀྱིས་མི་ལོན་ཟེར་ནས་གཏམ་དྲི་ལོང་མེད་པར་ཡལ་ནས་སོང་། ལོ་ཙཱ་བ་གཉིད་སད་པ་དང་པཎྜི་ཏ་དེ་སྙིང་རྗེ་ཆེ་ཞིག་ཡོད་པར་འདུག །སྣ་ལ་ཐུགས་རྗེ་ཆེན་པོ་འོང་བ་དེ་བཟང་སྙམ། དེ་ནས་བྲེད་ཐབས་ལ་ཐག་རིང་པོ་ནས་བསུས་ནས་སྐུའི་སྤྱོད་པ་ལ་བལྟས་པས་ཆོག་མ་ཤེས། རིམ་གྱི་རང་གི་ཁང་པར་སྤྱན་དྲངས་ནས་བསྙེན་བཀུར་བར་བཞེད་པ་ལ། པཎྜི་ཏ་དང་ཁོང་རང་སྟན་མཉམ་པོ་ཙམ་བྱས།

དེ་ནས་པཎྜི་ཏ་ནང་དུ་བྱོན་པ་དང་། ལྷ་ཁང་འོག་ན་ཐེག་པ་ཐུན་མོང་གི་ལྷ་བོད་ལུགས་སུ་བཞེངས་པ་ལ། ཕྱག་ལ་སོགས་པ་སཾ་སྐྲི་ཏའི་སྐད་ཀྱིས་ཡན་ལག་བདུན་པ་མཛད་དེ་ལྷ་རེ་རེ་ལ་བསྟོད་པ་ཚིག་བཞི་པ་རེ་རེ་མཛད་ཅིང་འདུག །དེ་བཞིན་དུ་བར་ཁང་ན་ཐེག་པ་ཆེན་པོའི་ལྷ་སྐུ་མང་པོ་ཡོད་པ་དང་། གསུམ་པོ་ཐོག་ན་གསང་སྔགས་ཀྱི་སྐུ་མང་པོ་ཡོད་པ་ལའང་ཡན་ལག་བདུན་པ་ཕུལ་ནས། ལྷ་རེ་རེ་ལའང་བསྟོད་པ་ཚིགས་སུ་བཅད་པ་ཚིག་བཞི་པ་རེ་མཛད། དེ་ལོ་ཙཱ་བས་སཾ་སྐྲི་ཏའི་སྐད་སྙན་པོ་དེ་ཐོས་ནས། སྙན་ངག་ཕུལ་དུ་ཕྱིན་པ་གདའ་བ་དང་སྔར་མ་གཟིགས་པའི་ལྷ་རིགས་རྣམས་ལའང་བསྟོད་པ་མཛད་ཅིང་། མཚན་ཐོགས་མངོན་ཤེས་ཀྱི་རྫུ་འཕྲུལ་དང་། ཐེག་པ་ཆེན་པོ་ལ་དེ་འདྲའང་དང་། ཚུགས་ཉེ་བར་འཁོར་ཡིན་ནམ་སྙམ་པ་ལ་བརྟེན་ནས་རང་གི་སྟན་ལ་འདྲི་ཐེབས་གསུམ་བྱས། མཐར་རང་ལ་སྟན་མེད་པ་ཙམ་དུ་ང་རྒྱལ་སྐྱུངས།

དེ་ནས་བསྙེན་བཀུར་བའི་མགོར། ལོ་ཙཱ་བས་རྒྱ་གར་གྱི་ལོ་རྒྱུས་མང་པོ་དྲིས་པའང་སྒྲོ་བསྐུར་མེད་པར་ཚང་བ་ལོན། དེ་ནས་ཡོན་ཏན་གང་ལ་མཁས་ཞུས་པས་ཀྱང་ཁྱེད་ཐུན་མོང་བ་ལ་ཟེར། ཐུན་མོང་མ་ཡིན་པ་ལ་ཟེར་གསུང་དུ་བྱུང་། ལོ་ཙཱ་བས་ཐུན་མོང་བ་ལ་ཤིན་ཏུ་མཁས་ཐུན་མོང་མ་ཡིན་པ་ལ་དྲི་བ་ཡིན་ཟེར་བར་གོ་ནས་ཐུན་མོང་མ་ཡིན་པ་ལ་ལགས་མོད་ཞུས་པས། ཁོ་བོ་འདི་དང་འདི་ལའང་མཁས་ཟེར་བ་དང་། ལོ་ཙཱ་བས་རྣ་བར་མ་ཐོས་པའང་མང་པོ་བཏོན་ནས་བྱུང་། དེར་ལོ་ཙཱ་བའི་ང་རྒྱལ་ཐམས་ཅད་ཞི། དེ་ནས་པཎྜི་ཏའི་ཞལ་ནས། འདུལ་བ་མདོ་སྡེ་མངོན་པ་གསང་སྔགས་ལ་སོགས་པ་དུ་མ་ལས་བརྩམས་ཏེ་འདི་ཤེས་སམ་དྲིས་པས། ཁོ་བོ་དེ་ལའང་མཁས་ཟེར་བ་མིན་པ་མ་བྱུང་། པཎྜི་ཏ་དེ་ལ་ཤིན་ཏུ་མཉེས་ནས་ཁྱོད་འདྲ་བ་ཡོད་པ་ལ་ཁོ་བོ་བོད་དུ་འོང་མི་འཚལ་བར་འདུག་པ་ལ་ཞེས་བྱ་བའང་གསུང་།

ཡང་ལོ་ཙཱ་བ་དེ་དག་ཐམས་ཅད་གདན་ཐོག་གཅིག་ཏུ་ཧྲིལ་ཏེ་དྲིལ་ནས་ཉམས་སུ་ལེན་ན་ཇི་ཙུག་བྱེད་གསུངས་པས། ལོ་ཙཱ་བ་ན་རེ། ཐེག་པ་མ་འདྲེས་སོ་སོར་གསལ། །བྱ་བ་ཕྱེད་ལ་མ་འདྲེས་པར། །རང་སར་ཉམས་སུ་ལེན་ལགས་མོད། །ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ངན་པར་ཐལ། བོད་ལ་ཁོ་བོ་དགོས་པར་འདུག་གསུངས་ནས་ལན་གཞན་མི་སྨྲ་བར་བཞུགས། དེའི་ནུབ་མོ་ལོ་ཙཱ་བས་ནམ་ཐུན་གསུམ་དུ་བསྒོམས་ནས་གནས་གསུམ་དུ་རིམ་གྱིས་ཐེག་པའི་མཐོ་དམན་དང་བསྟུན་སྟེ་བསྒོམས་པས་ཁོང་གི་སྤྱོད་པ་ཐམས་ཅད་པཎྜི་ཏས་མཁྱེན་ནས། ནངས་པར་ལོ་ཙཱ་བ་ཙབ་ཏ་ཙོབ་ཏ་མང་པོས་ཅི་བགྱིད། གང་ཟག་དམ་པས་རྡོ་རྗེའི་གདན་ནོན་དགོས་པ་ཡིན་གསུང་། དེར་ལོ་ཙཱ་བས་ཐེག་པའི་ཉམས་སུ་ལེན་ལུགས་ཞུས་པས། ལོ་ཙཱ་བ་མ་བཟང་། དེས་མི་འོང་གསུང་། འོ་ན་ཁྱེད་རང་ཇི་ལྟར་མཛད་ལགས་ཞུས་པས། ཅི་ཟེར་གནས་གར་སྡོད་གྲོགས་སུ་འགྲོགས། སྤྱོད་ལམ་ཅི་བྱེད་ཀྱང་འདུལ་ཁྲིམས་ལ་གཞི་བྱས་ལ་སེམས་ཅན་ཐམས་ཅད་མ་ཡིན་པས་དེར་བསྒོམ་དགོས། མ་ལྟར་དག་སྣང་སྦྱོང་། ལྷ་སྐྱེ་མེད་མིན་པས་ཏེ་བསྒོམ། འགྲིལ་མ་ཤེས་ན་སྙིང་པོ་མི་ལོན་ཞེས་གསུངས་ནས་འདི་སྐད་དུ།

ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞིར། །རང་གི་བསྟན་པས་ལེགས་པར་གསུངས། །སྙིང་རྗེ་ཆེན་པོ་དང་འབྲེལ་བའི། །བྱང་ཆུབ་སེམས་ནི་མཆོག་ཏུ་བསྔགས། །བཟང་རྟོག་མཚན་མས་མ་བཅིངས་པའི། །བསྐྱེད་རྫོགས་ཟུང་སྦྲེལ་ངེས་འཚང་རྒྱ། །སྐྱེས་བུ་ཆུང་ཇེ་ཆེར་གྱུར་པའི། །བྱ་བ་འདི་ཡིན་འབྲིང་པོ་ལའང་། །མི་རྟག་བཙོན་པས་བསྐུལ་བ་གཅེས། །རང་དགར་སྤངས་ནས་རྒྱལ་བའི་བཀའ། །རྒྱས་པར་བྱེད་པ་མཁས་པ་ཡིན། །སྙིང་པོར་བསྡུས་ནས་ཉམས་ལེན་པའི། །སྐྱེས་བུ་དེ་ནི་བཟང་པོར་གྲགས། །ལས་འབྲས་ཁྱད་དུ་མི་གསོད་པའི། །བག་ཡོད་ཅན་དེ་བཙུན་པོར་བཞེད། །ཀུན་ཤེས་གཅིག་རྡུགས་མཁས་པའི་སྐྱོན། །ལག་ལེན་མི་བྱེད་འཆལ་བ་ཡིན། །བླང་དོར་མི་བྱེད་བཙུན་པོ་གང་། །ཤེས་པར་སྤྱོད་ཅིག་རིན་ཆེན་བཟང་། །ཐུགས་རྗེས་ཆེན་པོས་བསྐུལ་བར་ཟད། །གསུངས། ལོ་ཙཱ་བས་དམ་པར་ཤེས་ནས་བསྟོད་པ། ལྷ་ཡི་ལྷར་གྱུར་སཾ་སྐྲི་ཏ། །རྣམ་དག་སྐུ་མཆོག་ཁམས་ཀྱིས་སྤྲས། །དོན་གཉིས་འབྱོར་པའི་ནོར་གྱིས་ཕྱུག །གྲོལ་ནས་འདྲེན་པར་ཁོ་བོས་འཚལ། །ཁོ་བོ་ལུང་རིགས་སྒྲོན་མེ་ཡིན། །སྦས་པ་ཁྱེད་ཀྱི་ཡོན་ཏན་མཐོང་། །སྔན་ཆད་ཚིག་དང་བཀལ་ན་ཡང་། །ད་ནི་ཁྱེད་བཞིན་ཉམས་སུ་བླང་། །དེ་ནས་དགེ་བསྙེན་གཅིག་ན་རེ། སྲིད་ཞིའི་གླིང་ན་མཁས་པ་མང་། །ཚད་མེད་ཁྲིམས་ཀྱིས་བརྒྱན་པ་ཡིས། །ལས་འབྲས་སེམས་དཔའ་ཉིན་སྐར་འདྲ། །མཁྱེན་པས་སྙིང་པོ་མ་སྟེར་རམ། །སྙན་ངག་སྡེབ་སྦྱོར་ཀུན་མཁས་ཀྱང་། །ཉམས་སུ་མི་ལེན་རྨོངས་པར་ཆེ། །བཙུན་པོ་མཁས་ལ་སྨོད་ན་འཆལ། །རང་ཕྱོགས་ཆོས་ལ་ཞེན་ན་སྨྱོ། །གཞན་ཕྱོགས་དགྲ་བཞིན་སྨོད་ན་འཁྲུལ། །འདུལ་ཁྲིམས་མི་སྲུང་གཏན་དང་བྲལ། །སྟོན་པ་ཉིད་ཀྱང་རྒྱང་དུ་སྲིང་། །མདོ་སྡེ་མི་བརྟེན་དད་པས་བསླུ། །ལམ་གྷོ་སྟོར་ན་ཐར་མི་སྲིད། །མངོན་པ་མི་བརྟེན་ལུག་དང་འདྲ། །ངེས་པར་གསུམ་པོ་སྙིང་བཞིན་གཅེས། །མི་རྟག་བསྒོམ་ཞིང་ཉེས་དམིགས་བསམ། །བདེན་པ་འདྲ་ལ་བྱང་ཆུབ་སྦྱང་། །སྐྱེས་བུ་མཆོག་དེ་རྗེ་རུ་ཟད། །དུ་མར་སྤྲུལ་པ་ཁྱི་ཕྲུག་འདྲ། །དེ་བཞིན་སྤྱོད་པ་ཉེས་པ་ཉིད། །སྐད་གཅིག་སྨྲ་བ་ཀུན་མཁྱེན་ཡང་། །ཟམ་འོག་གཅིག་ཏུ་ཆུ་བརྒྱ་ཚུད། །སྒྲོན་མེ་གཅིག་གིས་ཀུན་གསལ་འགྱུར། །དེ་ནི་ཐུབ་པ་ཆེན་པོས་བསྐུལ། །སྒྲོལ་མ་ཡེ་ཤེས་རང་བཞིན་ལྟོས། །བསྟན་པ་ཇི་ལྟར་མ་ནུས་པར། །གབ་པ་རིམ་གྱིས་མངོན་པར་འགྱུར། །འབེན་ལ་ཉིད་དུ་མདའ་མ་འཆང་། །ར་ཡིག་གང་ནས་རྭ་སྒྲེང་དུ། །པདྨོའི་སྦུབས་ནས་དུ་མ་འཕེལ། །ཅི་ཟེར་གྲག་སྟོང་ལྡོམ་པོ་ཡིན། །འབྲོམ་སྟོན་འཁྲུལ་པས་འདི་སྨྲས་པ། །རྣལ་འབྱོར་སྦས་པ་རྣམས་ལ་གཤེགས། །རིན་ཆེན་རིན་ཆེན་སྦས་པས་བཙུན། །བཟང་པོ་བཟང་པོ་སྦས་པས་བཟང་། །ཞེས་གསུངས་ནས་སྨྲ་བ་བཅད་སྐད། རིན་ཆེན་བཟང་པོ་སྨྲ་བའི་བྲལ་བ་ངང་དུ་རྩེ་གཅིག་ཏུ་གྱུར། འདི་ཡང་མི་མངོན་པའི་དབྱིངས་སུ་བྲིས་པ་སྟེ། འདིར་ནི་ཐུན་མོང་མ་ཡིན་པ་ཙམ་ཞིག་སྐད་དོ། །དེ་ལས་བཞི་ནི་གཞན་དུ་གྲགས་པས་དེར་ཤེས་སོ། །འདི་དག་ཀྱང་ཡ་མཚན་པའི་གཏམ་སྟེ་ཆད་པ་ཁ་སྐོང་བའི་ལེའུ་ཐོར་བུ་བ་སྟེ་ཐ་མའོ།།

མདོར་ན་མས་སྐོར་ནོར་བུའི་ཕྲེང་བ་དངོས་ལ་ལེའུ་ཉེར་གསུམ་དང་། བཀའ་རྒྱ་མ་འོངས་ལུང་བསྟན། རྡོ་རྗེའི་གླུ་གསུམ་ལ་ལེའུ་སྟེ་ཉི་ཤུ་རྩ་དྲུག །བུ་ཆོས་ཉི་ཤུ་རྩ་གཉིས་ལ་རྔོག་ཆོས་ཉི་ཤུ། ཁུ་ཆོས་གཉིས་སྟེ་ལེའུ་བཞི་བཅུ་རྩ་བརྒྱད་དོ། །ཁ་སྐོང་ཐོར་བུའི་ལེའུ་འདི་དང་བཅས་པ་ལེའུ་ཡོངས་ལ་བདུན་ཕྲག་བདུན་ཏེ་བཞི་བཅུ་རྩ་དགུ་པ་རྫོགས་སོ།།  །།

 

ཀུན་མཁྱེན་ལེགས་པའི་ལམ་མཆོག་ལས། །ལེགས་པའི་བློ་མིག་རང་བརྙེད་པ། །རིན་ཆེན་གསེར་ལས་ལེགས་བརྐོས་ནས། །ཨེན་པའི་གནས་སུ་ཨེན་པ་བསྐོང་། །འདི་སྐོར་དགེ་བ་དཔག་མེད་དེ། །དཀོན་མཆོག་གསུམ་གྱི་གདུང་འཛིན་པའི། །འགྲོ་བའི་མིག་གཅིག་ཚོགས་གཉིས་དཔལ། །དེ་མཐར་ཕྱིན་ནས་ཀུན་མཁྱེན་ཤོག །བྱིན་རླབས་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་ལྷ་ཡི་བཀྲ་ཤིས་ཤོག །སྲུང་སྐྱོབ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །འདི་ཡིས་སྣོད་ལྡན་ཚིམ་གྱུར་ཅིག །ཟག་མེད་དགའ་བདེ་རྒྱས་གྱུར་ཅིག །མངྒ་ལམ་བྷ་ཝ་ཏུ། །དགེའོ།།  །།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ 461 ནས་ 576 བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *