ཇ༽ སློབ་དཔོན་ཀླུ་སྒྲུབ་སྔ་ཕྱི་བྱོན་མིན།
དེ་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་རྒྱན་དྲུག་མཆོག་གཉིས་དང་བསྟན་པའི་རྒྱན་བཞིར་བསྟོད་པ་ལས[1]།
མཐའ་བྲལ་ཟབ་མོའི་མཚོ་ལ་གནས། །གཞན་སྔ་འདབ་བཟང་བྱེ་བ་ཡིས། །
ལྟ་ཟེར་འགོག་པར་མ་ནུས་པའི། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་འདུད། །
ཅེས་བསྔགས་པ་མཛད་ཡུལ་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི་བསྐལ་པ་མང་པོའི་སྔ་རོལ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། རྒྱལ་བ་དུ་མས་ལུང་གིས་བསྔགས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པའི་སྐོར་བོད་ཀྱི་ཆོས་འབྱུང་ཡིག་ཆ་ཁག་དང་། དེ་བཞིན་རྒྱ་ནག་དང་རྒྱ་གར་གྱི་ལོ་རྒྱུས་ཁག་ནང་གསལ་བ་རྣམས་ཕན་ཚུན་མི་མཐུན་པ་དུ་མ་ཞིག་ཡོད་པའི་རྐྱེན་གྱིས། འདས་པའི་ལོ་བརྒྱ་ཕྲག་གཅིག་ཙམ་གྱི་རིང་ཤར་ནུབ་ཀྱི་མཁས་པ་ཆེས་དུ་མས་ཉམས་ཞིབ་ཀྱིས་སྨྲ་བ་བཤམས་པའི་ངལ་བའི་ཁུར་བླངས་པ་རྣམས་ལས། འགའ་ཞིག་གིས་ཐེག་ཆེན་པ་རྣམས་ཀྱིས་འདོད་པའི་སློབ་དཔོན་ཀླུ་སྒྲུབ་ཅེས་པ་དངོས་སུ་བྱུང་བ་ཞིག་ཡིན་པ་ཡང་བརྗོད་དཀའ་བར་བཤད་ཅིང་།[2] དེ་བཞིན་ལོ་རྒྱུས་སྨྲ་བ་དེ་དག་ལས་ཕལ་ཆེ་བས་དབུ་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཀླུ་སྒྲུབ་དང་། གྲུབ་ཐོབ་ཀླུ་སྒྲུབ་ཅེས་ཐ་དད་དུ་འདོད་དེ་ཕྱི་མ་བརྒྱ་ཕྲག་དྲུག་པ་ཙམ་ལ་བྱུང་བར་འདོད་པ་ལ་བརྟེན་ནས་འཕགས་པ་ལྷས་མཛད་པར་གསལ་བའི་མདོ་ཕྱོགས་དང་། སྔགས་ཕྱོགས་གཉིས་ཀའི་གཞུང་རྣམས་ལས་སློབ་དཔོན་ཀླུ་སྒྲུབ་ཞལ་སྔ་ནས་མན་ངག་གསན་པར་གསལ་བ་ཡང་ཀླུ་སྒྲུབ་སྔ་ཕྱི་གཉིས་ཀྱི་དངོས་སློབ་འཕགས་པ་ལྷ་ཞུ་བ་ཐ་དད་པ་གཉིས་ཡོད་པར་འདོད་པ་འདི་ནི་ནོར་བ་གཅིག་གིས་སྣེ་དྲངས་པ་ལས་བྱུང་བའི་འཁྲུལ་པའི་ཚོགས་ཀྱི་ཆ་ཤས་སུ་མངོན་ནོ།།
མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[3]། ནུབ་ཕྱོགས་པའི་མཁས་པ་འགས་ཐེག་ཆེན་གྱི་སློབ་དཔོན་ཀླུ་སྒྲུབ་ཅེས་ད་ཡོད་ཀྱི་ལོ་རྒྱུས་ཁག་ཏུ་འདོད་པ་ནང་བཞིན་ཞིག་བྱོན་ཡོད་མེད་ལའང་ཐེ་ཚོམ་དུ་འཛིན་པ་དང་། ཡང་འགའ་ཤས་ཀྱིས་དབུ་མའི་སློབ་དཔོན་ཀླུ་སྒྲུབ་དང་། གསང་སྔགས་ཀྱི་སློབ་དཔོན་ཀླུ་སྒྲུབ་གཉིས་ཐ་དད་དུ་འཛིན་པ་དང་། ཡང་འགའ་ཤས་ཀྱིས་དབུ་མའི་སློབ་དཔོན་ཀླུ་སྒྲུབ་དང་། གསེར་འགྱུར་གྱི་རྩི་ལེན་པའི་སློབ་དཔོན་ཀླུ་སྒྲུབ་དང་། གསང་སྔགས་ཀྱི་སློབ་དཔོན་ཀླུ་སྒྲུབ་བཅས་ཀླུ་སྒྲུབ་རིགས་མི་འདྲ་བ་གསུམ་བྱོན་པར་འདོད་ཀྱི་ཡོད། ཡིན་ན་ཡང་ཁོང་ཚོ་མང་ཆེ་བས་མགོན་པོ་ཀླུ་སྒྲུབ་དགོང་ལོ་ཉིས་བརྒྱ་ཙམ་ལ་བཞུགས་པར་འདོད་པ་ཡིན། ཞེས་བྱུང་བ་ལྟར་ཀླུ་སྒྲུབ་ལ་གསུམ་བྱུང་བར་འདོད་དོ།།
མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[4]། ཇོ་ནང་ཆོས་འབྱུང་དུ་མོ་ལ་ཏན་དུ་ཀླ་ཀློའི་རྒྱལ་པོ་ཧལ་ལུ་སླེབས་པ་རྒྱ་གར་དུ་ཀླ་ཀློའི་ཆོས་ཐོག་མ་ཡིན་སོགས་བྲིས་པ་ཡང་སྙན་དངགས་མཁན་འདིའི་མིང་ཨལལ་བྱ་བ་འདྲ་གསན་པ་ཡིན་ནམ་སྙམ། འདི་མཁས་པ་ཆེན་པོ་ཡིན་ཅིང་། ལེགས་སྦྱར་ཡང་ཤེས། མུ་སྟེགས་ཀྱི་རིག་བྱེད་དང་སྔོན་རབས་རྣམས་ལ་མཁས། ལེགས་ལྡན་གྱི་གླུ་ལ་བརྩི་ཆེར་བྱས། རིག་གནས་དུ་མའི་བསྟན་བཅོས་བརྩམས། ཁོས་བྲིས་པ་ཞིག་ཏུ་ད་ལྟའི་ལོ་བརྒྱ་ཙམ་གྱི་སྔོན་དུ་ཀླུ་སྒྲུབ་བྱ་བའི་སྨན་པ་ཆེན་པོ་ཞིག་བྱུང་སྟེ་དེས་བྲིས་པའི་སྨན་གྱི་གཞུང་ཞིག་ཀྱང་སྣང་། ཞེས་བཤད་པས་ཡན་ལག་བརྒྱད་པ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་ཉེ་དུས་ཀྱི་མཁས་པ་ཞིག་ཡིན་པ་ཡང་སྲིད་དམ་སྙམ། འོན་ཀྱང་རང་རེའི་ཁྲོད་ན་ཀླུ་སྒྲུབ་ཀྱི་མིང་ཐོགས་ཚད་རྩ་ཤེའི་རྩོམ་པ་པོ་དང་དོན་གཅིག་གིས་ཁྱབ་པ་ཞིག་རྟག་པ་ཐེར་ཟུག་ཏུ་འདུག་པས་དེ་གར་ཟད། ཅེས་གསོ་རིག་ལ་མཁས་པའི་ཀླུ་སྒྲུབ་ཀྱང་ཐ་དད་པ་ཞིག་ཏུ་འདོད་པར་མངོན་ནོ།།
དེས་ན་དེང་གི་དཔྱད་ཞིབ་པས་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་ཀྱི་བསྟན་བཅོས་མཛད་པ་པོའི་ཀླུ་སྒྲུབ་དང་། རིམ་ལྔ་སོགས་སྔགས་ཀྱི་གཞུང་མཛད་པ་པོའི་ཀླུ་སྒྲུབ་སྙིང་པོ། དེ་ནི་དོ་ཧ་སོགས་ལ་ཁུངས་བཅོལ་ནས་བརྗོད་པ་ཡིན་འདུག་ལ། རིགས་ཚོགས་མཛད་པ་པོ་དང་། རིམ་ལྔ་མཛད་པ་པོའི་ཀླུ་སྒྲུབ་ཐ་དད་དུ་འཇོག་དགོས་ཤིང་། རིགས་ཚོགས་མཛད་པ་པོ་སྔོན་དུ་བྱུང་བ་དང་། སྔགས་གཞུང་མཛད་མཁན་རྗེས་སུ་བྱོན་པར་བཤད་པ་དང་། ཡང་ཤེས་རབ་སྡོང་བུ་སོགས་ལུགས་ཀྱི་བསྟན་བཅོས་མཛད་པ་པོའི་ཀླུ་སྒྲུབ་དང་། བརྒྱ་ཕྲག་དགུ་པའི་ནང་བྱོན་པའི་གསོ་རིག་སྨན་གཞུང་མཛད་པ་པོའི་ཀླུ་སྒྲུབ་སོ་སོར་བཞག་པས་ཀླུ་སྒྲུབ་ལ་རིགས་བཞི་ཙམ་བྱུང་བར་འདོད་བཞིན་ཡོད།
སྤྱིར་ན་ཀླུ་སྒྲུབ་མཚན་ཅན་གྱི་སློབ་དཔོན་དང་གྲུབ་ཐོབ་སོགས་དུ་མ་བྱུང་ཡོད་ངེས་ཀྱང་། རིགས་ཚོགས་ལ་སོགས་པ་དབུ་མའི་བསྟན་བཅོས་དང་། རིམ་ལྔ་དང་མདོར་བྱས་ལ་སོགས་སྔགས་ཀྱི་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་གཉིས་ཐ་དད་དུ་འདོད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། གསང་སྔགས་ཀྱི་བསྟན་པ་བརྒྱ་ཕྲག་དྲུག་པ་ཙམ་དུ་དར་འགོ་ཚུགས་པས་གྲུབ་ཐོབ་ཀླུ་སྒྲུབ་ཀྱང་འདིའི་སྔོན་དུ་བྱུང་ཐབས་མེད་ཅིང་། ཀླུ་སྒྲུབ་སྔ་ཕྱི་གཉིས་གཅིག་ཏུ་འདོད་ཕྱིན་ཆད་ལ། རྩ་ཤེས་མཛད་པ་པོ་དགུང་ལོ་དྲུག་བརྒྱ་ཙམ་བཞུགས་པར་འདོད་དགོས་པ་ཡང་འདིའི་གནད་ཀྱིས་བྱུང་བ་ཡིན་པར་འདོད། བརྒྱུད་འཛིན་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཁུངས་སུ་བྱས་པའི་ལང་ཀར་གཤེགས་པའི་མདོ་དང་། སྤྲིན་ཆེན་པོའི་མདོ་ལ་སོགས་པ་གང་དག་ཏུ་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་བཞུགས་པར་གསུངས་པ་དེ་དག་ཀྱང་བརྒྱ་ཕྲག་བདུན་པའམ་དེའི་རྗེས་སུ་བརྩམས་པས་ཀླུ་སྒྲུབ་སྔ་ཕྱི་གཉིས་གཅིག་ཏུ་འཁྲུལ་ཏེ་བཟུང་བར་བཤད་དོ། །[5] འདི་ཙམ་དུ་མ་ཟད་སྦྱོར་བ་བརྒྱ་པ་ལ་སོགས་པ་མཛད་པ་པོ་དང་། གསེར་འགྱུར་གྱི་རྩི་ཡི་ཆོ་ག་ལ་མཁས་པའི་ཀླུ་སྒྲུབ་ཐ་དད་པར་འདོད་པ་ཡང་ཡོད།
འདོད་པ་འདི་རིགས་འབྱུང་བའི་གཞི་གཙོ་བོ་ཞིག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གཙོ་བོར་གྱུར་པའི་རྒྱུ་ཡི་ཐེག་པ་ལས་བརྩམས་པའི་བཀའ་དང་། བྱ་བའི་རྒྱུད་ནས་བླ་མེད་ཀྱི་རྒྱུད་བར་གྱི་འབྲས་བུའི་ཐེག་པ་ལས་བརྩམས་པའི་བཀའ་རྣམས་སངས་རྒྱས་ཀྱི་བཀའ་མིན་པར་ཕྱིས་རིམ་གྱིས་བྱུང་བར་འདོད་པ་ཡིན་པ་དང་། ཕྱོགས་མཚུངས་དངོས་གཙོ་སྨྲ་བའི་ལྟ་བའི་གཞི་རྩ་ཅན་གྱི་བློ་གྲོས་ཀྱི་རྩལ་ཇི་ལྟར་ཆེ་ཡང་། རང་གི་མཐོང་ཆོས་མྱོང་ཚོར་གྱི་ཡུལ་ལས་འདས་པའམ་ཐ་མལ་པའི་གནས་ཚུལ་ལས་འདས་པའི་བྱུང་བ་ཡིན་ཕྱིན་ཆད་རྟོག་བཟོ་དང་སྒྲོ་བཏགས་ཀྱི་ཁོངས་སུ་འཇོག་པ་ལས། དེ་ལ་ཞིབ་མོའི་བློས་དཔྱད་པར་བྱ་བའི་ཡུལ་དུའང་མི་བརྩི། སྤྱིར་ན་འཛམ་བུའི་གླིང་དུ་ཆོས་ལུགས་ཇི་སྙེད་པ་རྣམས་ཀྱི་བྱུང་བའི་ནང་ངོ་མཚར་བའི་གཏམ་མང་དུ་སྣང་བ་རྣམས་ལས་རྟོག་པའི་རྣམ་འགྱུར་ཙམ་དུ་ཟད་པའང་ཡོད་པ་འགོག་མི་ནུས་ཀྱང་། དེ་རིགས་ཐམས་ཅད་དེ་བཞིན་དུ་འདོད་པ་ནི་ཧ་ཅང་བློ་རྩིང་བའི་མཚན་མར་མངོན་ཏེ། ཐ་མལ་འཇིག་རྟེན་གྱི་གནས་སྟངས་ལ་མཚོན་ནའང་ལོ་བརྒྱ་ཕྲག་གི་སྔོན་ལ་མངོན་རྟོགས་ཀྱི་ནུས་པ་ལ་མ་ལྟོས་པར་མིའི་རྩོལ་བ་རགས་པ་ལ་བརྟེན་ནས་ཟླ་བའི་གྲོང་ཁྱེར་དུ་སྐྱོད་པ་དང་། རང་འགུལ་གྱི་འཕྲུལ་ཆས་ཡ་མཚན་ཅན་དང་། དེ་བཞིན་སྐར་ཆ་འགའ་ཤས་ནང་འཛམ་གླིང་རྨེག་མེད་དུ་གཏོང་ནུས་པའི་མཚོན་ཆ་རྣ་བས་ཐོས་ཀྱང་ལུས་འདར་བའི་རིགས་རྣམས་ཤེས་བྱར་མི་སྲིད་པར་འདོད་པ་དེ་དག་དེང་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་དང་། དེ་བཞིན་ཚན་རིག་པ་འགའ་ཞིག་གིས་རང་གི་བློས་ཤེས་བྱའི་གནས་ལ་དཔྱད་པའི་གྲུབ་དོན་ཕྲ་བའི་གནད་འགའ་ཞིག་གི་རྣམ་གཞག་གཏན་འབེབས་བྱེད་པ་ན། གཞན་གྱིས་དེ་ཉིད་བློའི་འཆར་སྒོ་ཙམ་ལས་དངོས་པོའི་གནས་ཚུལ་ལ་འབྱུང་རྒྱུ་མེད་པར་བསམས་པའང་རིམ་གྱིས་ལག་བསྟར་བྱས་ཏེ་ཕན་གནོད་ཤིན་ཏུ་འབྲེལ་ཆེ་བའི་གནས་སུ་གྱུར་པའང་མང་བ་སོགས་ལ་བརྟེན། ཕྱི་དངོས་པོའི་ནུས་པར་ཁ་ཚོན་གཅོད་མི་ནུས་ན། ནང་སེམས་ཀྱི་ནུས་པ་ཐུག་མེད་དུ་འཕེལ་རྒྱུ་ཡོད་པ་ལ་ནི་བློ་རང་འགའ་བ་དཔེར་བཟུང་སྟེ་ཁ་ཚོན་གཅོད་ག་ལ་ནུས།
གལ་ཏེ་ཏིང་ངེ་འཛིན་ལ་སོགས་པའི་ལམ་ལ་བསླབ་པའི་སྒོམ་སྒྲུབ་ཉམས་ལེན་ལ་བརྟེན་ནས་བློའི་ནུས་པ་ཇེ་ཆེར་ཕྱིན་ཏེ་མཐར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན། ནུས་པའི་ཆ་ཐམས་ཅད་རྫོགས་པ་ཞིག་ཏུ་འགྱུར་བའི་སྐབས་ཤིག་ཡོད་པ་འདོད་མི་ནུས་ནའང་། མིའི་བསམ་བློའི་ནུས་པ་ཇེ་འཕེལ་དུ་ཕྱིན་པའི་ལུས་ངག་གི་རྣམ་འགྱུར་ཐུན་མོང་མ་ཡིན་པ་འབྱུང་བཞིན་པ་མཐོང་ཆོས་སུ་ཡོད་པ་དེ་ལྟར་ལགས་ན། འགྲོ་བ་མིའི་ལོ་རྒྱུས་ཀྱི་ནང་ནས་དངོས་བྱུང་ངོ་མཚར་ཅན་གྱི་རིགས་ཕྱིར་འདོན་བྱས་ན་ལོ་རྒྱུས་ཀྱི་ས་མཚམས་དེ་ཉིད་ཀྱང་ཆུང་བར་འགྱུར་བས། དེ་ལྟ་བུའི་ཐ་མལ་པའི་གནས་ཚུལ་ལས་འདས་པའི་རིགས་བྱུང་ཚད་རྟོགས་བཏགས་སུ་བརྩི་རྐྱང་གིས་རང་གི་འདོད་པ་བསླངས་ཏེ་ལོ་རྒྱུས་སྒྲིག་པར་བརྩམས་པ་ན་ཕྱོགས་དུ་མ་ནས་ནོར་བའི་ཚོགས་དྲངས་འོང་བ་ཡིན་པས། ངེས་པ་འདྲོང་ངེས་ཀྱི་རྒྱུ་མཚན་མ་བྱུང་བར་འདི་རིགས་སྒྲོ་བཏགས་སུ་སྨྲ་བའི་བརྟུལ་ཞུགས་མ་བཅངས་ན་དོན་དང་ཉེའོ།།
ཤེར་ཕྱིན་གྱི་མདོའི་དགོངས་པ་འགྲེལ་བར་མཛད་པ་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ་ཉིད། སྔགས་ཕྱོགས་ཀྱི་སྒྲུབ་པའི་རྒྱལ་མཚན་འཛིན་པའི་བདག་ཉིད་ཆེན་པོ་དེ་དང་ཐ་དད་དུ་འདོད་པ་ནི་མི་འཐད་པར་སེམས་ཏེ། དེ་ལྟར་འདོད་པ་རྣམས་ཀྱིས་ཀྱང་རྩ་ཤེས་མཛད་པ་པོ་ཀླུ་སྒྲུབ་བརྒྱ་ཕྲག་དང་པོ་ནས་གསུམ་པ་བར་བྱུང་བ་དང་། ཕྱི་མ་བརྒྱ་ཕྲག་དྲུག་པ་ཙམ་ལ་བྱུང་བར་འདོད་པས། དེ་ལྟར་ན་བརྒྱ་ཕྲག་བདུན་པའི་ནང་བྱོན་པའི་སློབ་དཔོན་ཟླ་བ་གྲགས་པ་གྲུབ་ཐོབ་ཀླུ་སྒྲུབ་དང་ཤིན་ཏུ་ཉེ་ཞིང་། སྔགས་ཕྱོགས་ནས་སློབ་དཔོན་འདི་ཉིད་ལ་ཁུངས་གཏུགས་ཏེ་སྒྲོན་གསལ་ལ་སོགས་པ་མཛད་དེ་དཔལ་གསང་བ་འདུས་པའི་མན་ངག་གི་བརྒྱུད་པ་འཛིན་པ་གཙོ་བོ་ཞིག་ཡིན་པ་དང་ཆབས་ཅིག་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འགྲེལ་བའི་ཚུལ་རྩ་ཤེས་མཛད་པ་པོ་ཉིད་ལ་ཁུངས་སུ་མཛད་དེ་ཚིག་གསལ་དང་འཇུག་པ་ལ་སོགས་མཛད་པའི་སྒོ་ནས་དེ་ཉིད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པར་བཀྲལ་བས། སློབ་དཔོན་ཐ་དད་པ་གཉིས་ལས་སྲོལ་རྒྱུན་ཐ་དད་པ་གཉིས་འཛིན་པ་ཡིན་ན། ཀླུ་སྒྲུབ་སྔ་ཕྱི་གཉིས་ཐ་དད་ཡིན་པའི་གསལ་ཁ་ཐོན་དགོས་པ་ལ་དེ་ལྟར་གང་དུ་ཡང་མི་སྣང་བ་ཙམ་དུ་མ་ཟད། མཚན་སྨོས་ལུང་འདྲེན་མཛད་སྐབས་སློབ་དཔོན་ཀླུ་སྒྲུབ་བམ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཅེས་གཅིག་གྱུར་དུ་མཛད་དོ།།
སློབ་དཔོན་ཟླ་བ་གྲགས་པ་ནས་མན་ངག་རིམ་པར་བརྒྱུད་དེ་བྱུང་བའི་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་ཀྱང་མདོ་ཀུན་ལས་བཏུས་པའི་འགྲེལ་པར། སློབ་དཔོན་ཉིད་ཀྱིས་རིམ་པ་ལྔ་པ་ལས། འདི་ལྟར་ཆུ་ལ་ཆུ་བཞག་ལྟར།[6] ཞེས་སོགས་ལུང་འདྲེན་མཛད་ཅིང་། ཇོ་བོ་རྗེས་ཀྱང་རྩ་ཤེས་དང་རིམ་ལྔ་མཛད་པ་པོ་ཀླུ་སྒྲུབ་གཅིག་ཏུ་བཟུང་བར་མཛད་པ་དཔེར་ན། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བར་སློབ་དཔོན་ལུང་བསྟན་པའི་མདོ་རྣམས་དྲངས་ཏེ། གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཉིད་ཀྱི་དོན་རྗེས་སུ་བརྙེས་ནས་སོ་སོ་རང་རིག་པ་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བརྟེན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་། སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་མཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པའི་བར་བཞུགས་སོ། །ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ།།[7] ཞེས་སྒྲོན་གསལ་དུ་གསུངས་པ་འདིར་དྲངས་པར་མཛད་པ་ལས་ཀྱང་གཅིག་ཏུ་བཞེད་པ་ལས་གསལ་བ་ཡིན་ནོ། །སློབ་དཔོན་འདི་གཉིས་ནི་སློབ་དཔོན་ཟླ་བ་གྲགས་པའི་རྗེས་སུ་འབྲངས་པའི་དབུ་མ་ཐལ་འགྱུར་བའི་སྲོལ་འཛིན་པའི་སློབ་དཔོན་གཙོ་བོའི་གྲས་ཡིན་ནོ།།
གཞན་ཡང་། ཝིད་རྦྷའི་ཡུལ་དུ་འཁྲུངས་ཤིང་མཚན་ལ་དགེ་སློང་དཔལ་ལྡན་ཞེས་གྲགས་པའི་རྩ་ཤེས་མཛད་པ་པོ་སློབ་དཔོན་ཀླུ་སྒྲུབ་དེ་ཉིད་ཀྱིས་རིམ་པ་ལྔ་པ་ལ་སོགས་པ་གསང་སྔགས་ཀྱི་གཞུང་མཛད་པ་ཡིན་པ་ནི། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་རིམ་ལྔའི་འགྲེལ་པར[8]།
འཇིག་རྟེན་ཁམས་འདིར་རིང་གནས་བྱ་ཕྱིར་བྱང་ཆུབ་ཀླུས། །ལེགས་དང་བདེ་བའི་དོན་ཐོབ་གཞན་གྱི་དགོངས་པ་ཤེས། །
བྷེ་ཏའི་ཡུལ་ནས་ལེགས་བྱུང་དགེ་སློང་དཔལ་ལྡན་ཏེ། །དེ་མིང་ཀླུ་སྒྲུབ་ཅེས་བྱ་དེ་ཡི་དགོངས་པ་ཤེས། །
ཞེས་ཀྱང་འབྱུང་བས། དབུ་མའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ་ཉིད་གསང་སྔགས་ཀྱི་སློབ་དཔོན་ཆེན་པོ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཡང་ཡིན་པས་ཐ་དད་དུ་གཟུང་དུ་མེད་དོ།།
དེ་བཞིན་བརྒྱ་ཕྲག་བཅུ་པར་བྱོན་པའི་སློབ་དཔོན་བྷ་བྱས་དབུ་མ་རིན་པོ་ཆེའི་སྒྲོན་མེར་བདེན་གཉིས་ཀྱི་རྣམ་གཞག་རྩ་ཤེས་དང་འཇུག་པ་ལ་སོགས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་གྱི་ཆེ་བ་བརྗོད་པའི་སྐབས་སུ། གཞན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མན་ངག་སློབ་དཔོན་གྱི་ཞལ་སྔ་ནས་གནང་བའི་གསང་སྔགས་ཀྱི་གཞུང་གསང་བ་ལས་ཀྱང་གསང་བ་[9]ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་སློབ་དཔོན་བྱང་ཆུབ་བཟང་པོ་དང་། ཐུགས་རྗེ་དཔལ་ལ་སོགས་པ་རྣམས་ཀྱིས་ཀྱང་གཅིག་ཏུ་བཟུང་བ་ཡིན་ནོ།།
སློབ་དཔོན་འདི་དག་བྱོན་པའི་སྐབས་ལ་ནཱ་ལེནྡྲར་འཆད་རྩོད་རྩོམ་པ་སྒྲུབ་པ་ཉམས་ལེན་གྱི་བསྟན་པའི་སྣང་བ་ཆེས་ཆེར་རྒྱས་པའི་དུས་ཡིན་པས། བླ་མའི་ཕྱག་བཞེས་མན་ངག་གི་བརྒྱུད་པ་ལ་ཆེས་གཙིགས་སུ་མཛད་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ཉམས་ལེན་མན་ངག་གི་གདམས་པ་གང་ལས་བྱུང་བའི་བླ་མའི་བྱུང་བ་རྣམས་ཇི་བཞིན་དུ་ངེས་པ་ལས། ཀླུ་སྒྲུབ་སྔ་ཕྱི་གཉིས་ཡོད་པ་གཅིག་ཏུ་བཟུང་བའི་ནོར་བ་ཆེན་པོ་འདི་རིགས་ནི་མི་སྲིད་པ་ཡིན་ནོ། །དེ་ལྟར་ཡིན་ནའང་འཁྲུངས་ཡུལ་ལ་སོགས་པའི་གནས་ཚུལ་བྱེ་བྲག་པ་འགའ་ཞིག་ཡིག་ཆ་ཕན་ཚུན་མི་འདྲ་བ་སྣང་བའི་རྐྱེན་གྱིས་དེ་འབྲེལ་གང་ཟག་གི་ངོས་འཛིན་དང་ལོ་རྒྱུས་ཧྲིལ་པོ་ལོགས་སུ་བཟུང་བའི་རྣམ་པར་འཁྱམ་པའི་གཏམ་དུ་སྣང་ངོ་།།[10]
དེ་ལྟར་སྔགས་ཀྱི་སྒྲུབ་པའི་རྒྱལ་མཚན་འཛིན་པའི་གྲུབ་ཐོབ་བརྒྱད་ཅུའི་ནང་ཚན་གྱི་སློབ་དཔོན་ཀླུ་སྒྲུབ་དང་། དེ་བཞིན་མདོ་ཕྱོགས་དང་། སྨན་ལ་སོགས་པའི་བསྟན་བཅོས་རྩོམ་མཁན་གྱི་སློབ་དཔོན་ཀླུ་སྒྲུབ་གཉིས་དང་གསུམ་སོགས་ཡོད་པར་འདོད་པ་ནི། བློ་གྲོས་ཀྱི་འཇུག་པ་རྩིང་པ་དང་། དེ་དག་གི་ལྟར་ན་ཤེས་བྱའི་གནས་ཕྱོགས་རེ་བ་ཙམ་ལས། ཐམས་ཅད་ལ་མཁས་པའི་མཁས་པ་འབྱུང་མི་སྲིད་པ་ལྟར་དུ་འདོད་པའི་དབང་གིས་ཡིན་ལ། དེས་ན་དེང་དུས་ཀྱི་མཁས་པར་རློམ་པ་མང་པོ་ཞིག་གིས་རང་མཉམ་ལ་དཔགས་ནས། གཞན་བསམ་གྱིས་མི་ཁྱབ་པའི་གང་ཟག་གི་མཁྱེན་པ་ལ་སྤར་བཀབ་ཚོད་འཛིན་བྱེད་ཐལ་ཆེ་དྲགས་པའི་དབང་གིས་དེ་ལྟར་དུ་རྒྱུན་མར་རྗོད་བཞིན་ཡོད་མོད་ཀྱང་། དེ་དངོས་འབྲེལ་དོན་ལ་གནས་ན་སློབ་དཔོན་ཀླུ་སྒྲུབ་དང་ཤིན་ཏུ་འབྲེལ་ཆེ་བའི་གང་གི་ཐུགས་སྲས་བཞི་དང་། ཉེ་བའི་སྲས་གསུམ་སོགས་བྱོན་ཟིན་པ་དེ་དག་གི་གསུང་རབ་རྣམས་སུ་ཡང་། སློབ་དཔོན་ཀླུ་སྒྲུབ་སྔ་རྗེས་དང་། ཡང་ན་སྔགས་དང་མདོ་ཕྱོགས་སོགས་ལ་མཁས་པའི་སློབ་དཔོན་ཀླུ་སྒྲུབ་གཉིས་དང་གསུམ་སོགས་ཡོད་པའི་གསལ་ཁ་ངེས་ཅན་ཐོན་དགོས་པ་ཞིག་ལ། དེ་འདྲ་སྤུ་རྩེ་ཙམ་ཡང་དེ་དག་གི་གསུང་དུ་མངོན་རྒྱུ་མེད་པའི་ཕྱིར་རོ།།[11]
མགོན་པོ་ཀླུ་སྒྲུབ་དགུང་ལོ་ ༦༠༠ བཞུགས་ཡོད་མེད་ཇི་ལྟར་ཡང་ང་རང་ཚོའི་ངོས་ནས་བྱུང་བ་རིག་པ་དང་མཐུན་པ་ཞིག་ཁས་ལེན་དགོས་པ་གང་ཞིག་ཡོད་ཅེ་ན། ད་ལྟ་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་ཐོག་ཏུ་གནས་པའི་དབུ་མ་རིགས་ཚོགས་དྲུག་དང་། མདོ་ཀུན་ལས་བཏུས་པ། སྨན་གྱི་སྦྱོར་བ་བརྒྱ་པ། ཡན་ལག་བརྒྱད་པ། དེ་བཞིན་གསེར་འགྱུར་གྱི་བརྩི། བསྟོད་ཚོགས། གཏམ་ཚོགས་དེ་དག་གི་མཛད་པ་པོ་གང་ཟག་གཅིག་ཡིན་པར་ཁས་ལེན་བཞིན་ཡོད། དེ་ནི་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གཅིག་མཚུངས་ཆགས་ཀྱི་ཡོད། དེང་སྐབས་ཀྱི་བྱུང་བ་སྨྲ་བ་རྣམས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་ཅན་གང་ཟག་གསུམ་སྟེ། སྔགས་ཀྱི་བསྟན་བཅོས་རྩོམ་མཁན་གྱི་ཀླུ་སྒྲུབ་གཅིག་དང་། སྨན་གཞུང་དང་། གསེར་འགྱུར་གྱི་རྩི་སོགས་མཛད་པ་པོའི་ཀླུ་སྒྲུབ། དེ་ལ་ར་སན་ཧན་ནཱག་རྫུ་ན་ཞེས་བརྗོད་ཀྱི་ཡོད། གཞན་ཡང་དབུ་མའི་བསྟན་བཅོས་མཛད་མཁན་གྱི་ཀླུ་སྒྲུབ་གཅིག་བཅས་གསུམ་དུ་འདོད་པ་དང་། དེ་གསུམ་བྱོན་པའི་དུས་ཚིགས་ཀྱང་མི་འདྲ་བ་རེ་ཡིན་པར་འདོད་བཞིན་ཡོད་པ་ནི་བདེན་པ་མིན། བདེན་པ་མིན་པའི་རྒྱུ་མཚན་གང་ཞེ་ན། ལཀྵིམ་ཀ་ར་དང་། བྱང་ཆུབ་བཟང་པོ། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། དཔལ་མཉམ་མེད་ཇོ་བོ་ཆེན་པོ་ལ་སོགས་པ་ཚང་མས་སྔགས་ཀྱི་བསྟན་བཅོས་རིམ་ལྔ་དང་། མདོར་བྱས། དེ་བཞིན་སྒྲུབ་ཐབས་འགའ་ཞིག་བཅས་དང་། དེ་མཚུངས་སྨན་གྱི་བསྟན་བཅོས་དང་། བསྟོད་ཚོགས་དང་། གཏམ་ཚོགས། རིགས་ཚོགས་སོགས་ཀྱི་མཛད་པ་པོ་གང་ཟག་གཅིག་ཡིན་པ་རྒྱ་གར་འཕགས་ཡུལ་གྱི་མཁས་གྲུབ་སྔ་ཕྱི་དུ་མས་ཞལ་གྱིས་བཞེས་པ་ཡིན། དེ་ལྟར་ཡིན་པ་ལུང་གི་ནང་དུ་ཧ་ཅང་གསལ་པོ་ཡོད། ཀླུ་སྒྲུབ་དགུང་ལོ་ ༦༠༠ བཞུགས་པའམ། དགུང་ལོ་ ༡༠༠ ཡས་མས་བཞུགས་མིན་ཇི་ལྟར་ཡང་། བསྟན་བཅོས་དེ་དག་གི་མཛད་པ་པོ་ཀླུ་སྒྲུབ་གཅིག་རང་ཡིན་པ་དེ་རྒྱ་གར་གྱི་མཁས་པ་དག་གིས་ཡོངས་གྲགས་སུ་ཞལ་བཞེས་གནང་བའི་གནས་སྟངས་ཤིག་ཡིན།
དེ་ནས་དགུང་ལོ་ ༦༠༠ བཞུགས་ཞེས་པ་ནི་བྱུང་རབས་སྨྲ་བ་དག་གིས་ཁས་ལེན་ཐུབ་པ་ཞིག་མིན། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བྱུང་རབས་ཞེས་པ་ནི་མི་ཕལ་པ་དང་མཚུངས་པ་ཞིག་ལས་སྐྱེས་བུ་དམ་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རྣམས་བྱུང་རབས་སུ་མི་བརྩི་བ་ཡིན། ང་རང་ཚོས་ཀྱང་བྱུང་རབས་དང་། སྤྱིར་བཏང་གི་གསུང་སྲོལ་རྣམས་ཀྱི་ཁྱད་པར་འབྱེད་དགོས་པར་སེམས། དཔེར་ན། གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་སྐབས། རྟོགས་པ་བརྗོད་པའི་སྡེ་དང་། སྐྱེས་པ་རབ་ཀྱི་སྡེ། དེ་ལྟ་བུ་བྱུང་བའི་སྡེ་བཅས་ཐ་དད་ཡིན་ལ། དེ་ལྟ་བུ་བྱུང་བའི་སྡེ་ཞེས་པ་ནི་དེང་སྐབས་ཀྱི་བྱུང་བ་རིག་པའམ་རྒྱལ་རབས་ལོ་རྒྱུས་ལ་བརྗོད་ཅིང་། དེ་ལྟ་བུའི་བྱུང་བ་ནི་ཐུན་མོང་གི་སྣང་ཚུལ་ལ་འགྲོ་ཐུབ་པ་ཞིག་ཡིན་ཞེས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས།
གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[12]། དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་བྱོན་དུས་ཀྱང་མི་མཐུན་པ་མང་དུ་ཡོད། མཁས་པ་མང་ཆེ་བས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་བྱོན་པར་འདོད་ན་ཡང་། ཝེན་ཚེག་གིས། དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བསྟན་བཅོས་རྣམས་མཛད་དེ། འདི་ལྟ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང༌། དབུ་མ་ལ་སོགས་པའོ། །དེ་དག་ལས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྤངས་པས་མཚན་ཉིད་མེད་པའི་ཚུལ་རབ་ཏུ་བསྟན་[13]ཚུལ་བཤད་པ་དང་། སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་རྒྱ་སྐད་ནས་བོད་དུ་འགྱུར་བ་ཞིག་ཡོད་པ་དེར་སྟོན་པ་འདས་ནས་ལོ་ཆིག་སྟོང་ཉིས་བརྒྱའི་རྗེས་སུ་བྱོན་པར་གསལ་ཡང་། ལེགས་སྦྱར་སྐད་ཐོག་བཞུགས་པའི་གཞུང་འདིའི་མ་ཕྱིར་གོང་གསལ་གྱི་བཤད་པ་དེ་མི་གསལ་བ་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་འདུག
དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་ཁྲོད་ནས་འགའ་ཤས་ཀྱིས་ཕྱི་ལོའི་གོང་ (B.C) གི་བརྒྱ་ཕྲག་དང་པོའི་དཀྱིལ་སྨད་ཙམ་དུ་འཁྲུངས་པར་འདོད་པ་དང་། འགའ་ཤས་ཀྱིས་ཕྱི་ལོ་ (A.D.) བརྒྱ་ཕྲག་དང་པོར་འཁྲུངས་པར་འདོད་པ་དང༌། ཡང་འགའ་ཤས་ཀྱིས་ཕྱི་ལོའི་བརྒྱ་ཕྲག་གཉིས་པའི་ནང་འཁྲུངས་པར་འདོད་ཀྱི་ཡོད། ཉམས་ཞིབ་པ་མང་ཆེ་བས་ཕྱི་ལོའི་བརྒྱ་ཕྲག་དང་པོའི་ནང་འཁྲུངས་པར་འདོད་པ་ནང་བཞིན། དེར་ཕྱོགས་མང་པོ་ཞིག་ནས་བདེན་ཆ་ཆེ། གང་ལྟར་དུས་རབས་ཀྱི་ངོས་འཛིན་ཙམ་ལས། འཁྲུངས་ལོ་རང་ནི་སུས་ཀྱང་ངོས་འཛིན་བྱ་དཀའ་བར་གྱུར་ཡོད།
གོང་གསལ་གྱི་འདོད་པ་མི་མཐུན་པ་དེ་དག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་རང་གི་མཛད་པ་རྣམ་ཐར་གྱི་ས་བོན་ཙམ་ཡང་རྗེས་འཇུག་གདུལ་བྱ་ཚོར་འཇོག་གནང་མ་མཛད་པ་དང༌། ལྷག་པར་དུ་ཞེ་ས་མ་ཞུས་པར་བཤད་ན་མགོན་པོ་ཀླུ་སྒྲུབ་དང་ཧ་ལམ་རྐང་འགྲོས་ལག་གཤིབ་ལྟ་བུས་བདུན་དུ་བཅར་བཅར་བར་བསྡད་པའི་འཕགས་པ་ལྷས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིག་ཡིག་ཐོག་ཏུ་འཇོག་རྒྱུ་ཐུགས་དགོངས་ལ་མ་འཁྲུངས་པའམ། ཡང་མིན་ན་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཞིག་འབྲི་བར་འདོད་མུས་ཐོག་དབུ་མ་བཞི་བརྒྱ་པ་དང༌། ལག་པའི་ཚད་དང་དེའི་རང་འགྲེལ། འཁྲུལ་པ་བཟློག་པའི་གཏན་ཚིགས་གྲུབ་པ། དབུ་མ་འཁྲུལ་པ་འཇོམས་པ་དང་དེའི་རང་འགྲེལ། ཆ་ཤས་ཀྱི་ཡན་ལག་དང་དེའི་རང་འགྲེལ་སོགས་སྙན་གྲགས་ཆེ་བའི་གཞུང་ཆེན་དག་རྩོམ་པའི་བྲེལ་ཟིང་གིས་འཐུས་ཤོར་དུ་སོང་བ་ཞིག་ཀྱང་ཡིན་སྲིད། གང་ལྟར་དེ་ནི་འཕགས་པ་ལྷའི་འཐུས་ཤོར་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། ལོ་རྒྱུས་ཀྱི་དན་རྟགས་མང་པོ་ཞིག་གིས་འཕགས་པ་ལྷ་ལྟ་བུའི་མགོན་པོ་ཀླུ་སྒྲུབ་ལ་རྒྱུས་མངའ་ཆེན་པོ་ཡོད་མཁན་གཞན་སུ་གཅིག་ཀྱང་རྙེད་དཀའ།
མགོན་པོ་ཀླུ་སྒྲུབ་ཀྱིས་འཕགས་པ་ལྷ་རང་ཉིད་ཀྱི་རྗེས་འཛིན་པ་ཚད་ལྡན་ཞིག་ཏུ་འགྱུར་རྒྱུར་དམིགས་ནས། རང་ནུས་ཡོད་ཚད་ཀྱིས་གསོ་སྐྱོང་གང་ལེགས་བྱས་པར་མ་ཟད། འཕགས་པ་ལྷས་ཀྱང་སློབ་དཔོན་གྱིས་རང་ཉིད་ལ་བློ་གཏད་ཀྱི་བསམ་པ་མི་ཤི་བའི་རེ་བ་དག་ཡོངས་སུ་འགྲུབ་ཆེད། ཀླུ་སྒྲུབ་ཀྱི་བརྩམས་ཆོས་ཁག་གི་དགོངས་འགྲེལ་རྩོམ་རྒྱུ་དང༌། ཀླུ་སྒྲུབ་ཀྱི་བསྟན་པ་དར་སྤེལ་དང་། རྒྱུད་འཛིན་པ་གསོ་སྐྱོང་བྱ་རྒྱུ། ཀླུ་སྒྲུབ་ཀྱི་བསྟན་པ་དར་ཡུལ་གྱི་མངའ་རིས་རྒྱ་བསྐྱེད་གཏོང་རྒྱུ་སོགས་ཀྱི་ཐད་དམིགས་བསལ་གྱིས་ཕྱག་ལས་ཚགས་ཚུད་གནང་ཡོད་ལ། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་ཐོབ་ཡོད་སྟབས། ཕྱི་རབས་པའི་ནང་བསྟན་རྐང་འཛིན་པ་ཚོས་མགོན་པོ་ཀླུ་སྒྲུབ་དང་དགེ་ཕྲུག་འཕགས་པ་ལྷ་གཉིས་ཀྱི་དགོངས་གཞི་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕུགས་ཀྱི་དགོངས་པ་རྨ་མེད་པ་ཞིག་ཏུ་བརྩིས་ཏེ། ཁོང་རྣམ་པ་གཉིས་ཀྱི་བརྩམས་ཆོས་དག་ལ་སློབ་སྦྱོང་དང་ཞིབ་འཇུག་གིས་བརྩམས་ཆོས་གྲངས་མེད་པ་ཞིག་བཞག་ཡོད་ཀྱང་། སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་གྲགས་ལྟ་བུའི་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་དཔྱིས་ཕྱིན་པ་རྟོགས་མཁན་ཞིག་ནང་བསྟན་དར་ཡུལ་གྱི་སའི་ཁྱོན་གང་དུའང་ཕལ་ཆེར་བྱོན་མྱོང་མེད་པ་འདྲ།
ཕྱོགས་གཞན་ཞིག་ནས་བཤད་ན། གནའ་དེང་དང༌། ལྷག་པར་དུ་དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས། ལོ་རྒྱུས་ལ་ཉམས་ཞིབ་དཔྱིས་ཕྱིན་པ་མི་བྱེད་པ་དང༌། ཉམས་ཞིབ་ཀྱི་གཞི་རྒྱ་ཤིན་ཏུ་ཆུང་བ། ཉམས་ཞིབ་ཞིབ་ཚགས་དང་གོ་རིམ་ལྡན་པ་ཡོང་གི་མེད་པའི་གནས་ཚུལ་འོག །གང་བྱུང་གིས་ཉམས་ཞིབ་ཀྱི་གྲུབ་དོན་འཇོག་རྒྱུར་རྔམ་ཆེ་བ་སོགས་ཀྱིས། ཉམས་ཞིབ་ཀྱི་གྲུབ་དོན་གཙང་མ་མིན་པ་དང་། ཞིབ་ཚགས་མིན་པ། ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་ཆགས་འགྲོ་གི་ཡོད་པར་མ་ཟད། གསར་ཞུགས་ཉམས་ཞིབ་པ་ཚོས་ཀྱང་རང་རང་སོ་སོར་བཅོས་མིན་གྱི་ངེས་ཤེས་གང་ཡང་མེད་པའི་གནས་ཚུལ་འོག་གང་བྱུང་གིས་གོང་གསལ་གྱི་ཉམས་ཞིབ་ཀྱི་གྲུབ་དོན་དེ་དང་དེའི་རིགས་ཚད་མར་བཟུང་ནས་ཡང་དང་བསྐྱར་དུ་ནོར་འཁྲུལ་གྱི་ལམ་དུ་འགྲོ་བཞིན་ཡོད་སྟབས། དུས་ཡུན་གང་འཚམ་ཞིག་ནས་ཞིབ་ཚགས་མིན་པའི་ཉམས་ཞིབ་ཀྱི་གྲུབ་དོན་དེ་ཚོ་ལོ་རྒྱུས་དེ་དང་དེའི་དོན་དངོས་ལྟ་བུར་གྱུར་ནས། དེས་ཡང་དག་པའི་ལོ་རྒྱུས་ཀྱི་དངོས་དོན་ར་ཏག་ཏག་ཅིག་འཕྲོད་པར་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པས་ཀྱང་གོང་གསལ་གྱི་འདོད་པ་མི་མཐུན་པ་དག་ཡོང་བ་ཞིག་ཡིན་སྲིད། ཅེས་གསུངས་པའང་ཅིས་མི་བདེན།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་མེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༡
[2] Max mullar the life of Najurna from tiebtan and Chinese sourse, M. walleser. Asia Major hearth aniversari volume ནས་ཟུར་བཏོན་གྱིས་དཔར་དུ་བསྐྲུན་པ། Nag puglish series xxv 1979
[3] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༡༦
[4] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༨༣
[5] Nalinaksa Dutta, Notes of nagarjunakonda inscription -1. H. Q. vll, p.637
[6] སྡེ་དགེ་བསྟན་འགྱུར། དབུ་མ། ༼ཀི༽ ཤོག་གྲངས་ ༣༠༨བ།
[7] སྡེ་བསྟན། དབུ་མ། ༼ཀི༽ ཤོག་ ༡༡༥ན། ལུང་འདི་ཉིད་དྲངས་ཡུལ་སྒྲོན་གསལ། སྡེ་བསྟན། རྒྱུད། ༼ག༽ ཤོག་ ༢༠༠ན།
[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཅི༽ དེབ་ ༡༨ པ། ༡༩༩༤ ལོ། ཤོག་གྲངས་ ༡༣༢༥
[9] སྡེ་དགེ་བསྟན་འགྱུར། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༥༧
[10] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།
[11] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།
[12] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༥
[13] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཏི༽ དེབ་ཨང་ (68) ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་གིས་དཔེ་བསྡུར་ཞུས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་ཕྱི་ལོ་ 2001 ལོར་པར་ཐེངས་དང་པོ་བསྐྲུན། དེར་བཞུགས་སྔར་ཐང་ཟན་བླ་མའི་སློབ་མ་ཁྲའོ་ཞན་གྱི་སློབ་དཔོན་ཝེན་ཚེག་གིས་རྒྱ་ཡིག་ཐོག་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ། ཤོག་གྲངས། p.73 པར་གསལ། གོང་གསལ་གྱི་བསྟན་བཅོས་དེ་འགོས་ལོ་ཆོས་གྲུབ་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་སྒྲིག་བྱས་པ་ཞིག་ཡིན།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༧ ནས་ ༡༧༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།