ཇ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།
༡༽ ལོ་ཙཱ་བ་བནྡེ་རྨ་རིན་ཆེན་མཆོག
ལོ་ཙཱ་བ་བནྡེ་རྨ་གཙོ་རིན་ཆེན་མཆོག་ནི། (རྨ་རིན་ཆེན་མཆོག་ཅེས་བྱ།) ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་པར་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། བོད་ལུགས་ཤིང་ཡོས་ (775) ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་དང་།
ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ། རྗེ་འབངས་ཉེར་ལྔའི་གྲས་བཅས་ཡིན། ལོ་ཙཱ་ལ་ཡང་ཤིན་ཏུ་མཁས་པས་མདོ་སྔགས་ཀྱི་ཆོས་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་དངོས་གྲུབ་བརྙེས་ཤིང་། གྲུབ་མཐའ་ཤེལ་གྱི་མེ་ལོང་ལས[1]།
རྨ་ཐང་རིན་ཆེན་ཕ་ཝང་ཟས་སུ་ཟ། །

ཞེས་གསུངས་ཤིང་། མཐར་བཙན་པོ་གླང་དར་གྱིས་དམ་ཆོས་བསྣུབས་པའི་དུས་སུ་བཀྲོངས་པར་གྲགས།
སྒྱུར་རྩོམ་ནི་བསྟན་འགྱུར་ལ། མདོ་མང་སྐོར་ལས། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་དང་། ཚོམས་སུམ་ཅུ་རྩ་གསུམ་པ་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་པ། འདི་མདོ་སྡེ་པ་རྣམས་ཀྱིས་བསྟན་བཅོས་སུ་འདོད་ཀྱང་། བྱེ་སྨྲས་བཀའ་ཡིན་པར་འདོད། བསྟན་འགྱུར་ལས། ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། སླད་ཀྱིས་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། ལྷག་པར་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང་། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་སོགས་བཞུགས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༥༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༥ ནས་ ༣༨༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།