ཇ༽ དབྱིག་གཉེན་ཁ་ཆེར་བྱོན་ནས་མཁས་པར་གྱུར་ཚུལ།

ཇ༽ ཁ་ཆེར་བྱོན་ནས་མཁས་པར་གྱུར་ཚུལ།

 

དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་བསྟོད་པ་ལས[1]།

དེ་ནས་སྡེ་སྣོད་གསུམ་ལ་མཁས་གྱུར་ཀྱང་། །

ད་དུང་ཆོས་མངོན་རྒྱ་མཚོའི་མཐའ་འཚོལ་ཞིང་། །

རིག་གནས་ཀུན་དང་རང་གཞན་གྲུབ་པའི་མཐའ། །

མ་ལུས་མཁྱེན་པར་བཞེད་ལ་ཕྱག་འཚལ་ལོ། །

ཚུལ་དེས་ཁ་ཆེར་བྱོན་ནས་འདུས་བཟང་དྲུང་། །

བྱེ་བྲག་བཤད་མཛོད་སྡེ་པ་བཅོ་བརྒྱད་ལུགས། །

སྡེ་བཞིའི་འདུལ་བ་རྣམས་དང་མུ་སྟེགས་ཀྱི། །

གྲུབ་མཐར་མཁས་པར་སྦྱངས་ལ་ཕྱག་འཚལ་ལོ། །

རྒྱ་མཚོའི་དེད་དཔོན་ནོར་བུ་ལོན་པ་བཞིན། །

རིང་ནས་བརྣགས་པའི་བཞེད་དོན་གྲུབ་པ་ན། །

ཡོན་ཏན་རིན་ཆེན་ཕུང་པོའི་ཁུར་ལྡན་དེ། །

རྒྱ་གར་ཡུལ་དུ་ཆས་ལ་ཕྱག་འཚལ་ལོ། །

ཤོ་གམ་ལེན་པའི་སྲུང་མ་ཆོམ་རྐུན་སོགས། །

དུ་མས་གླེགས་བམ་ཕྲོག་པར་བརྩམས་པ་ན། །

ཚིག་དོན་མ་ལུས་བདག་གི་བློར་ཡོད་ཅེས། །

གསུངས་ནས་གེགས་མེད་བྱོན་ལ་ཕྱག་འཚལ་ལོ། །

དེ་ནས་མ་ག་དྷ་ཡི་ཡུལ་མཆོག་ཏུ། །

ལེགས་བཤད་སྐྱེས་བཟང་འདོད་རྒུར་བྱིན་པ་ཡིས། །

སྐལ་ལྡན་རྣམས་ཀྱི་གསུང་རབ་ལྟ་བའི་མིག །

རབ་ཏུ་ཕྱེ་བར་གྱུར་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་ཁ་ཆེའི་ཡུལ་[2]དུ་བྱོན་ནས་ཁ་ཆེ་འདུས་བཟང་བསྟེན་ནས་བྱེ་བྲག་བཤད་མཛོད་ཆེན་མོ་དང་། མངོན་པ་སྡེ་བདུན་[3]ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་མཁས་པར་གྱུར་ཏེ་འཕགས་ཡུལ་དུ་ཇི་ལྟར་བྱོན་ཚུལ་ནི། ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[4]། སློབ་དཔོན་དབྱིག་གཉེན་ཉིད་བྱེ་བྲག་ཏུ་བཤད་པ་དང་། མངོན་པ་སྡེ་བདུན་ལ་སོགས་པ་བསླབས་པས་ཚེགས་མེད་པར་མཁྱེན་ནས་རྒྱ་གར་དུ་བྱོན་པར་བཞེད་པའི་ཚེ་ཡུལ་དེའི་ཤོ་གམ་སྲུང་བའི་གནོད་སྦྱིན་གྱིས་ལྷ་རྟེན་ཡོད་པ་འཕྲོགས་ནས་ལན་གསུམ་གྱི་བར་དུ་བཟློག་ཀྱང་ནོར་ནི་མེད། ཆོས་བློ་ལ་ཡོད་པ་དབྲལ་དུ་མི་བཏུབ་པས་བཏང་སྟེ་ནཱ་ལེནྡྲར་བྱོན་པར་གསུངས་ལ། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[5]། དེའི་གཅུང་པོ་སློབ་དཔོན་བ་སུ་མི་ཏྲ་[6]དབྱིག་གི་བཤེས་གཉེན་ནི། སྔོན་རང་རྒྱལ་མང་པོས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་ཅིང་། ལུང་སྨན་གྱི་གཞི་ལས་ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་ཏུ་ལུང་བསྟན་པ་ཁ་ཆེའི་ཡུལ་དུ་བྱོན། སློབ་དཔོན་འདུས་བཟང་བསྟེན། མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་སོགས་གསན་པས་ཚེགས་མེད་པར་མཁྱེན། རྒྱ་གར་དུ་བྱོན་པས་ལམ་དུ་ཤོ་གམ་པའི་གནོད་སྦྱིན་གྱིས་ལྷ་རྟེན་ལན་གསུམ་འཕྲོགས་པས་ཟློག་ཀྱང་ཆོས་བློ་ལ་ཡོད་པ་དབྲལ་དུ་མ་བཏུབ་པས་བཏང༌། ཞེས་གསུངས་པ་ལྟར་གྱི་ཁ་ཆེ་འདུས་བཟང་སློབ་དཔོན་དུ་བསྟེན་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། ད་དུང་ཆོས་མངོན་པའི་མཐའ་རྟོགས་པའི་ཕྱིར་དང༌། སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ངེས་པའི་ཕྱིར་དང༌། རིག་པའི་ལམ་མཐའ་དག་རྟོགས་པའི་ཕྱིར་དུ། ཁ་ཆེར་བྱོན་ནས་སློབ་དཔོན་སངྒྷ་བྷ་དྲ་གཙོ་བོར་བརྟེན། བྱེ་བྲག་ཏུ་བཤད་པ་དང༌། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་པ་སོ་སོའི་མདོ་སྡེ་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་དག་དང༌། རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས། ཡུལ་དེ་ཉིད་དུ་ཡང་ལོ་མང་པོར་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བཤད། སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་དང་། ལམ་གྱི་གནོད་སྦྱིན་ལ་སོགས་པས་ལམ་དགག་མ་ནུས་པར་མ་ག་དྷྭར་བྱོན། །ཞེས་གསལ་ལོ།།

དེ་དག་ལས་ཞིབ་རྒྱས་སུ་འཁོད་པ་ནི། འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[8]། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་སིན་དྷུའི་ཡུལ་དུ་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་དགྲ་བཅོམ་པ་ཀཱ་ཏེ་ཡ་ན་ཞེས་པ་ཞིག་བྱུང་། དེས་རྒྱ་གར་བྱང་ཕྱོགས་ཀསྨི་རར་དགྲ་བཅོམ་པ་ལྔ་བརྒྱ་དང་བྱང་སེམས་ལྔ་བརྒྱ་བསྡུས་ནས་མངོན་པའི་གཞུང་བརྩམས་ཤིང་། དེ་ཡང་ཡུལ་སོ་སོར་བརྡ་སྦྱར་ནས་བཅོམ་ལྡན་འདས་ཀྱིས་མངོན་པའི་སྡེ་སྣོད་གསུངས་པ་ཐོས་པ་རྣམས་ཚིག་རེ་གཉིས་ཡན་ཆད་ཚང་མ་འཚོལ་སྡུད་བྱས་ནས་བྱེ་སྨྲའི་གྲུབ་མཐའ་དང་མི་འགལ་བ་རྣམས་སྐབས་སོ་སོར་བསྡེབས་ནས་མངོན་པ་སྐབས་བརྒྱད་པ་ཤླཽ་ཀ་སྟོང་ཕྲག་ལྔ་བཅུ་ཡོད་པ་ཞིག་བརྩམས། དེ་བརྩམས་ཟིན་ནས་སླར་ཡང་བྷེ་བ་ས་སྟེ་བྱེ་བྲག་ཏུ་བཤད་པ་ཞེས་པའི་མངོན་པའི་ཊཱིཀ་རྩོམ་པའི་གྲ་སྒྲིག་བྱས། སྐབས་དེར་རྟ་དབྱངས་ཞེས་པའི་སློབ་དཔོན་ཞིག་ཡོད་ལ། དེའི་སྐྱེས་ཡུལ་ནི་ཡུལ་དབུས་མཉན་ཡོད་ཡིན། བྱཱ་ཀ་ར་ན་སྡེ་བརྒྱད་དང་། རིག་བྱེད་གཞུང་དྲུག་ལ་མཁས་ཤིང་། བཀའ་སྡེ་སྣོད་གསུམ་གྱི་གཞུང་བཅོ་བརྒྱད་ཤེས་པར་གྲགས། ཀཱ་ཏེ་ཡ་ནས་དེ་གདན་དྲངས་ནས་ཀསྨི་རར་མངོན་པའི་མདོ་སྐབས་བརྒྱད་པར་འགྲེལ་པ་བརྩམས་ཤིང་། ལོ་བཅུ་གཉིས་ཀྱི་རིང་ལ་བརྩམས་པས་བྱེ་བྲག་བཤད་མཛོད་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ཤླཽ་ཀ་འབུམ་གཏེར་བཅུ་ཡོད་པ་ཞིག་གྲུབ་བོ། །བརྩམས་ཚར་རྗེས་ཀཱ་ཏེ་ཡ་ནས་རྡོ་ཡི་ངོས་ལ་བརྐོ་རུ་བཅུག་ཅིང་། མངོན་པའི་མདོ་སྐབས་བརྒྱད་པ་དང་། བྱེ་བྲག་བཤད་མཛོད་འདི་གཉིས་ཁ་ཆེའི་ཡུལ་གྱི་ཕྱི་རོལ་ཏུ་ཚིག་གཅིག་ཀྱང་འཁྱལ་མི་ཆོག་པའི་ཁྲིམས་བཅས་ནས་རྒྱལ་པོའི་བཀས་རྒྱས་བཏབ་བོ།།

ཁ་ཆེའི་ཡུལ་ནི་མཐའ་བཞི་རི་བོས་བསྐོར་བའི་ལྗོངས་ཆུང་ཆུང་ཞིག་ཡིན་ལ། རྒྱལ་པོའི་ཕོ་བྲང་ལ་ཡང་སྒོ་གཅིག་ལས་མེད། ཀཱ་ཏེ་ཡ་ནས་ཕོ་བྲང་གི་སྒོ་སྲུང་དུ་གནོད་སྦྱིན་བཞག་ནས་ཆོས་བསླབ་ཏུ་འོང་བ་རྣམས་ནང་དུ་མི་གཏོང་ཞིང་། འཚོ་རྟེན་ཡང་ཕངས་མེད་དུ་མི་སྟེར་ལ། ཕྱིར་འགྲོ་རུ་མི་འཇུག་པར་བྱས། ཨ་ཡུར་ཙཱ་ཞེས་པའི་རྒྱལ་ཁབ་ཅིག་ནས་སློབ་དཔོན་མཁས་པ་ཞིག་ཡོད་ལ་དེའི་མཚན་ལ་བ་སུ་སྭ་བྷ་དྷ་ར་ཟེར། དེ་ནི་བློ་རིག་ཤིན་ཏུ་རྣོ་ལ་བློ་འཛིན་ཕུལ་དུ་བྱུང་བ་ཞིག་ཡིན། དེས་མངོན་པ་སྐབས་བརྒྱད་པ་དང་། བྱེ་བྲག་བཤད་མཛོད་བསླབ་པའི་ཕྱིར་དུ་སྨྱོན་པའི་ཟོལ་བྱས་ནས་ཁ་ཆེའི་ཡུལ་དུ་སོང་། ཆོས་ཉན་པའི་གྲལ་དུ་སོང་ནས་ལོ་བཅུ་གཉིས་ཙམ་ལ་བསྡད། གཞན་དག་གིས་ཆོས་ཀྱི་བགྲོ་གླེང་བྱེད་སྐབས་ཅི་ཡང་མི་ཤེས་ཁུལ་བྱས་ནས་དོན་མེད་ཀྱི་གཏམ་སོགས་སྨྲས་པས་གཞན་དག་གིས་མཉམ་འཇོག་མ་བྱས། བྱེ་བྲག་བཤད་མཛོད་ལན་དུ་མར་གསན་པས་དོན་ལ་ཤིན་ཏུ་མཁས་པར་གྱུར་ཅིང་ཚིག་རྣམས་ཀྱང་བློར་བཟུང་། དེ་ནས་རང་གི་ཡུལ་དུ་འགྲོ་བར་བརྩམས་ནས་ཕོ་བྲང་གི་སྒོར་བུད་པ་གནོད་སྦྱིན་གྱིས་བཟུང་སྟེ་ནང་དུ་བསྐྱལ། ཀྭ་ཏེ་ཡ་ན་སོགས་ཀྱིས་རྒྱུ་མཚན་དྲིས་པ་ན་སྨྱོ་ལབ་སྣ་ཚོགས་བྱེད་ཅིང་། གཞུང་ལུགས་ཤེས་པའི་རྟགས་མཚན་ཅི་ཡང་མེད་པས་བཏང་། སྒོར་འབུད་དུས་གནོད་སྦྱིན་གྱིས་སླར་ཡང་བཀག་ནས་ནང་དུ་བསྐྱལ་བ་ན་སྔར་ལྟར་སྨྱོ་བཤད་སྣ་ཚོགས་བྱས་ཤིང་རྣམ་རིག་མི་གསལ་བའི་ཚུལ་བྱས་པས་བཏང་། ལན་གསུམ་པར་ཡང་གནོད་སྦྱིན་གྱིས་བཀག་ནས་སྒོར་མ་བཏང་བས་རྒྱལ་པོས་མི་མངགས་ནས་འདྲི་བརྩད་བྱས་ཀྱང་སྨྱོ་བཤད་སྣ་ཚོགས་བྱེད་ཅིང་། གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་ཀྱང་བྱས་པས་སླར་ཡང་བཏང་ངོ་།།

དེ་ནས་ཕོ་བྲང་གི་སྒོར་བུད་པ་ན་གནོད་སྦྱིན་རྣམས་ཀྱང་ཁོ་ཆད་ནས་མ་བཀག་གོ །སློབ་དཔོན་དེ་རང་ཡུལ་དུ་སླེབས་རྗེས་ཁོ་བོས་བྱེ་བྲག་བཤད་མཛོད་ཀྱི་ཁྲིད་རྒྱུན་བླངས་ནས་ཡོང་ཞིང་། དེའི་ཁྲིད་གདབ་རྒྱུ་ཡིན་པས་མཉན་འདོད་པ་རྣམས་ཤོག་ཅེས་བརྡ་སྦྲན་པས་ཁྲིད་ལ་ཉན་མཁན་ཕྱོགས་བཞི་མཚམས་བརྒྱད་ནས་སྤྲིན་ལྟར་འདུས་ནས། སློབ་དཔོན་འདི་པ་ན་སོ་བགྲེས་པས་ཉིན་རེ་བཞིན་ཁྲིད་བཏབ་པ་སློབ་མ་རྣམས་ལ་ཟིན་བྲིས་འདེབས་སུ་བཅུག །ཁྲིད་ཚར་རྗེས་བྱེ་བྲག་བཤད་མཛོད་ཀྱི་ཟིན་བྲིས་གླེགས་བམ་ཡང་ཆ་ཚང་བར་གྲུབ་བོ། །ཡུལ་གཞན་དུ་ཡང་བྱེ་བྲག་བཤད་མཛོད་ཀྱི་འཆད་ཉན་དར་བ་དང་། སྨྱོན་པར་བརྫུས་པའི་དགེ་སློང་གིས་ཆོས་སྤེལ་བའི་སྙིང་སྟོབས་ལ་ཁ་ཆེ་ཡུལ་གྱི་མི་རྣམས་ཀྱང་ངོ་མཚར་སྐྱེས་སོ། །ཞེས་བྱུང་ལ། འདིར་བ་སུ་སྭ་བྷ་དྷ་ར་གསལ་བ་ནི། བ་སུ་བནྡུ་ཡིན་མིན་དཔྱད་དགོས་པ་ཞིག་གོ།

དེ་ལྟར་མཁས་མཆོག་དབྱིག་གཉེན་གྱིས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་རྟོགས་དཀའ་བ་རྣམས་ཕྲ་ཞིབ་རྟོགས་པའི་ཕྱིར་དང་། བྱེ་བྲག་སྡེ་པ་བཅོ་བརྒྱད་པོ་སོ་སོའི་རང་ལུགས་རྣམས་མ་འདྲེས་པར་ཤེས་ཤིང་། ཕྱི་ནང་གི་གྲུབ་མཐའ་ཤིན་ཏུ་གཏིང་ཟབ་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་སླད་ཁ་ཆེའི་མཁས་མཆོག་སློབ་དཔོན་དགེ་འདུན་བཟང་པོ་བསྟེན་ནས་ཐོག་མར་བྱེ་བྲག་བཤད་མཛོད་ཆེན་མོ་སྟེ། དགྲ་བཅོམ་པ་བདུན་གྱིས་མཛད་པའི་མངོན་པ་སྡེ་བདུན་དང་། འདུལ་བ་ལུང་སྡེ་བཞིའི་གནས་རྣམས་བསྡུས་ཏེ་གཏན་ལ་ཕབ་པའི་བསྟན་བཅོས་དག་ལ་ལེགས་པར་སྦྱངས་ཏེ་ཚིག་དོན་མཐའ་དག་ཐུགས་སུ་ཆུད་པར་མཛད། གཞན་ཡང་སློབ་དཔོན་འདུན་བཟང་ལ་མངའ་བའི་སྡེ་སྣོད་གསུམ་གྱི་བཤད་སྲོལ་ཡོངས་རྫོགས་གསན་བཞེས་གནང་སྟེ་མཁས་པའི་གོ་འཕང་བརྙེས། ཁ་ཆེའི་ཡུལ་དེ་ཉིད་དུ་གདུལ་བྱ་མཐའ་ཡས་པ་ལ་དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། དེད་དཔོན་རིན་ཆེན་གླིང་ནས་རང་ཡུལ་དུ་ཕྱིར་ལོག་པ་ལྟར་དོན་གཉིས་དགོས་འདོད་ཡོངས་སུ་བསྒྲུབས་ཏེ་རྒྱ་གར་འཕགས་ཡུལ་དུ་ཕྱིར་ལོག་ཕེབས་སྐབས། ཆོམ་རྐུན་པ་མང་པོས་སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་སོགས་ཡོ་བྱད་ཐམས་ཅད་འཕྲོག །དེ་ལྟར་ལན་གསུམ་བྱུང་བས་སློབ་དཔོན་དབྱིག་གཉེན་གྱི་ཐུགས་ལ་ད་ནི་ནོར་དང་གླེགས་བམ་སོགས་གང་ཡང་མེད་ཀྱང་ཆོས་ཐམས་ཅད་ཐུགས་ལ་མངའ་བས་སུས་ཀྱང་འཕྲོག་མི་ནུས་སྙམ་ནས་ཡོ་བྱད་ཅི་ཡང་མེད་པར་ཕེབས་པས་རྒྱ་གར་དབུས་འགྱུར་འཆང་དང་། དེ་ནས་དཔལ་ནཱ་ལེནྡྲར་བྱོན་ཐུབ་པ་བྱུང་ངོ་། །དེས་ན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་གྱི་མཆོད་བརྗོད་ལས[9]།

འབུམ་ཕྲག་གཞུང་ལ་མགྲིན་པའི་དབང་འབྱོར་ཞིང་། །

ཤེས་བྱའི་གནས་ལ་སྤོབས་པ་མཛོད་མངའ་བ། །

ཁ་ཆེ་བྱེ་སྨྲའི་གཞུང་ལུགས་སྨྲ་མཁས་པའི། །

བསྟན་པ་འདི་ལ་མཁས་མཆོག་དབྱིག་གཉེན་རྒྱལ། །

ཞེས་བསྟོད་ཕྱག་མཛད་པ་ལྟར་ཁ་ཆེའི་ཡུལ་ནི། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[10]། ཀསྨི་སྟེ་ཁ་ཆེའི་ཡུལ་དེ་ནི་གངས་རི་ཟླུམ་པོར་བསྐོར་བ་ཞིག་སྟེ། དེར་བདག་ཅག་གི་སྟོན་པའི་ཚེམས་བཞུགས་པའི་མཆོད་རྟེན་དང་། ཤྲཱི་ར་ཀྲ་ཟེར་བའི་གྲོང་ཁྱེར་དང་། དགྲ་བཅོམ་པ་ཉི་མ་གུང་པ་སོགས་དགྲ་བཅོམ་པ་མང་པོའི་བསམ་གཏན་ཁང་བུ། སློབ་དཔོན་དབྱིག་གཉེན་སོགས་པཎྜི་ཏ་མང་པོའི་བཞུགས་གནས་གཙུག་ལག་ཁང་སོགས་དང་། བཀའ་བསྡུ་གསུམ་པ་མཛད་པའི་གནས་སོགས་སུ་རྒྱལ་བའི་བཀའ་མང་པོ་གླེགས་བམ་དུ་བཀོད་པ་སོགས་རྟེན་དང་གནས་བྱིན་རླབས་ཅན་མང་པོ་བཞུགས་པར་ཐང་ཟིན་གྱིས་བཤད། ཅེས་གསལ་བ་ལྟར་ཁ་ཆེའི་ཡུལ་དུ་མཛད་པ་མང་དུ་བསྐྱངས། ཁ་ཆེའི་ཡུལ་སྐོར་རྒྱས་པ་སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་སྐབས་བཀོད་པ་དེར་གཟིགས་པར་འཚལ་ལོ།།

གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[11]། སློབ་དཔོན་དབྱིག་གཉེན་ཟས་གོས་གནས་མལ་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་སྦྱངས་པའི་ཡོན་ཏན་ལ་རྟག་ཏུ་གནས་པ་ཡིན་ཀྱང་། སངས་རྒྱས་གཉིས་པ་ལྟར་གྲགས་པའི་དབང་གིས་ཉིན་རེ་བཞིན་ཡང་། རྒྱལ་བློན་དང་ཚོང་དཔོན་དང་། ཁྱིམ་བདག་ཆེན་པོ་རྣམས་ཀྱིས་རིན་པོ་ཆེ་སོགས་ཀྱི་འབུལ་བ་དཔག་ཏུ་མེད་པ་བྱས་པ་རྣམས་ཅུང་ཟད་ཀྱང་བདག་གིར་མི་མཛད་པར། ས་མ་རུབ་ཚུན་ལ་དེ་ཐམས་ཅད་སྐྱེ་བོ་སློང་བ་ཕོངས་པ་རྣམས་ལ་སྟེར་བར་མཛད། ཅེས་ཀྱང་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། ༼ཉ༽ དཔེ་རིང་། ཤོག་ ༡༧བ༣ ནས་ ༡༩ན༦ བར།

[2]  ཁ་ཆེའི་ཡུལ་གྱི་ཏག་ཤི་ཤི་ལ་སྟེ་རྡོ་འཇོག་གི་གཙུག་ལག་ཁང་དུ་སློབ་གཉེར་མཛད་པར་གྲགས།

[3]  མངོན་པ་སྡེ་བདུན་ནི། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་སོ།།

[4]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༥

[5]  མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༢

[6]  བཱ་སུ་མི་ཏྲ་ནི་དབྱིག་བཤེས་དང་། བ་སུ་བནྡྷུ་དབྱིག་གཉེན་ལ་བསྒྱུར་བ་གྲགས་ཆེ་བས་དཔྱད་དགོས།

[7]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༡

[8]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༨

[9]  མང་ཐོས་མངོན་པ། གསུང་འབུམ་པོད། ༼ཁ༽ འཕྲུལ་པར་དཔེ་གཟུགས། ཤོག་གྲངས་ ༣ན༡

[10]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༨

[11]  དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢༥ན༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༡ ནས་ ༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *