ཆ༽ དབྱིག་གཉེན་སྐུ་འཁྲུངས་ནས་ནཱ་ལེནྡྲར་རབ་ཏུ་བྱུང་ཚུལ།

ཆ༽ སྐུ་འཁྲུངས་ནས་ནཱ་ལེནྡྲར་རབ་ཏུ་བྱུང་ཚུལ།

 

དེ་ཡང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[1]།

དལ་འབྱོར་ཆུ་གཏེར་བསྲུབས་པ་ལས་བྱུང་ཞིང་། །

རྨད་བྱུང་མཁྱེན་རབ་རི་དྭགས་གཟུགས་ཀྱིས་མཚན། །

ངེས་ལེགས་ཀུན་དའི་ཚུལ་ཀུན་འཛུམ་བྱེད་པ། །

དབྱིག་གཉེན་ཆུ་ཤེལ་དབང་པོར་གསོལ་བ་འདེབས། །

ཞེས་དང་། དེ་བཞིན་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་བསྟོད་པ་ལས[2]།

རིང་མོ་ཞིག་ནས་ཡིད་ལ་འདྲིས་པའི་གྲོགས། །

ཐུབ་བསྟན་ཁོ་ན་སྙིང་ལ་གཅེས་པ་ཡིས། །

བྲམ་ཟེའི་རིགས་མཆོག་རབ་གསལ་ངང་ཚུལ་མའི། །

སྲས་སུ་བསམ་བཞིན་འཁྲུངས་ལ་ཕྱག་འཚལ་ལོ། །

 

དེ་ནས་རྫིང་གི་པདྨ་ལྟར་བསྐྱེད་ཅིང་། །

བློ་གྲོས་རྣོ་བའི་ཆོ་ག་ལེགས་པར་བྱས། །

སྐྱེས་ཐོབ་མཐུ་ཡིས་རིག་གནས་མཐའ་དག་ལ། །

གཞོན་ནུ་ཉིད་ནས་བྱང་ལ་ཕྱག་འཚལ་ལོ། །

དམ་ཆོས་དར་བའི་དོན་དུ་ཁྱོད་བསྐྱེད་པས། །

བསྟན་ལ་སློབས་ཞེས་ཡུམ་གྱིས་བཀའ་སྩལ་བཞིན། །

འཕགས་ཡུལ་བསྟན་པའི་འབྱུང་ཁུངས་ནཱ་ལེནྡྲར། །

དགྱེས་བཞིན་རབ་ཏུ་བྱུང་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་ཤིང་། གཞན་ཡང་མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་གྱི་སྔོན་གླེང་ངོ་སྤྲོད་ནང་[3]། མངོན་པ་མཛོད་རྩ་འགྲེལ་མཛད་པ་པོ་སློབ་དཔོན་དབྱིག་གཉེན་ནི་འཕགས་ཡུལ་གྱི་ནང་པའི་སློབ་དཔོན་ཆེ་ཤོས་ཤིག་ཡིན་ལ། ཁོང་ཕྱི་ལོའི་དུས་རབས་བཞི་པའི་ནང་དེང་པེ་ཤ་ཝར་གྲགས་པ་པ་ཀིསྟན་གྱི་ས་ཁུལ་དུ་བྲམ་ཟེའི་རིགས་སུ་སྐུ་བལྟམས། བཤད་སྲོལ་གཅིག་ལ་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་སྐུ་མཆེད་ཡིན་པར་གྲགས། ཞེས་གསལ་ལ། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1749) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[4]། གཅུང་དབྱིག་གཉེན་ནི། ཁ་ཅིག་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དང༌། འགའ་ཞིག་ཐོགས་མེད་འཁྲུངས་པའི་ཕྱི་ལོར་འཁྲུངས་ཞེས་ཟེར་ཞིང་གང་ལྟར་ཡང་ཡུམ་གཅིག་གོ །ཞེས་གསུངས།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། གཅུང་དབྱིག་གཉེན་ནི། བོད་ན་འགའ་ཞིག་འཕགས་པ་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང༌། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སྣང་ནའང༌། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། འདིའི་ཡབ་ཏུ་གྱུར་པ་ནི་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་ཞིག་ཡིན་ལ། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་དེའི་ལོར་འཁྲུངས་ཏེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་མཆེད་དོ། །བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་འདྲ། དེར་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་བྱང་བར་བསླབས། ཞེས་བྱུང་བ་ལྟར་ན། སློབ་དཔོན་དབྱིག་གཉེན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོ་དེར་སྐུ་འཁྲུངས་པས་ན། བྱུང་རབས་ཕན་ཚུན་གུང་བསྒྲིགས་ཚེ་འཕགས་པ་ཐོགས་མེད་དགུང་ལོ་དགུའི་སྟེང་རབ་ཏུ་བྱུང་བའི་ཕྱི་ལོར་སློབ་དཔོན་དབྱིག་གཉེན་སྐུ་འཁྲུངས་པ་ཞིག་ཡིན་ན། ཐོགས་མེད་སྐུ་མཆེད་གཉིས་བར་ལོ་བཅུའི་བར་ཁྱད་ཡོད་ལ། དེ་བཞིན་པདྨ་བཀའ་ཐང་ལས[6]།

ཁ་ཆེ་དགེ་འདུན་བཟང་པོ་ཡིསཿ བཙུན་མ་གསལ་བའི་ཚུལ་ཁྲིམས་ལཿ

ལུས་བསྐྱེད་ཐོགས་མེད་དབྱིག་གཉེན་གྲགསཿ

ཞེས་གསུངས་པ་ལྟར། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ (1663-1737) དཔལ་བཟང་པོས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་བའི་ནང་[7]། སྐུ་མཆེད་གཉིས་ཀྱི་ཡུམ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་ཞེས་པ། བརྒྱད་སྟོང་པ་ནས་གསུངས་པའི་སྲིང་མོ་གངྒཱའི་ལྷ་མོ་ཞེས་པ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། མ་གཅིག་ལབ་ཀྱི་སྒྲོན་མ་རྣམས་དང་ཐུགས་རྒྱུད་གཅིག་པར་མ་གཅིག་གི་རྣམ་ཐར་ལས་གསུངས་སོ། །ཞེས་གསུངས།

དེ་ལྟར་སློབ་དཔོན་དབྱིག་གཉེན་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[8]། འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །ཞེས་བསྔགས་པ། མཁས་མཆོག་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པར་འཁྲུངས་ཏེ་འཕགས་པ་ཐོགས་མེད་འཁྲུངས་ནས་ཐུན་མོང་བའི་རིག་གནས་རྣམས་ལ་སྦྱངས་ཤིང་། རབ་ཏུ་བྱུང་ནས་རིང་ཞིག་ལོན་པ་ན་སྔོན་ཡུན་རིང་པོ་ནས་བྱང་ཆུབ་ཀྱི་སེམས་ཆེས་ཆེར་རྒྱས་པ་རྒྱལ་བའི་བསྟན་པ་སྤེལ་བའི་སྨོན་ལམ་གྱི་མཐུ་ཅན་ཡུམ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དེ་ཉིད་ཀྱིས་བྲམ་ཟེ་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་ཏེ། ཁྱེའུ་དེའི་ལྕེ་ལ་གྷི་ཧང་གི་ཡི་གེ་ཨ་འདྲི་བ་སོགས་བྲམ་ཟེའི་རིག་བྱེད་ལས་བྱུང་བ་ལྟར་གྱི་བློ་རྣོ་བའི་ཆོ་ག་བྱས་ཤིང་། ཁྲུས་དང་གཙང་སྦྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཏེ་ནར་སོན་པ་ན་ཡི་གེ་དང་། རྩིས་དང་། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་རྣམས་ཡུམ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས།

དེ་ནས་ཡུམ་གྱིས་སྲས་ལ་འདི་སྐད་དུ། བུ། ཁྱོད་སྐྱེད་པ་ནི་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཆེད་དུ་བསྐྱེད་པ་མ་ཡིན་གྱི། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བསྐྱེད་པ་ཡིན་པས་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག །ཅེས་བསྐུལ་ནས་ནཱ་ལནྡྲར་རབ་ཏུ་བྱུང་། རབ་ཏུ་བྱུང་ཙམ་ཉིད་ནས་མཁན་སློབ་ཀྱིས་བསྟན་པ་ལྟར་འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་མིག་འབྲས་ལྟར་བསྲུང་བ་གཞིར་བཞག་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཞེས་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་བར་གསུངས་པ་ལས། མཁན་པོ་གང་གི་དྲུང་ནས་རབ་ཏུ་བྱུང་མིན་མི་གསལ་ལོ།།

མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[9]། དབྱིག་གཉེན་ཐེག་པ་ཆེ་ཆུང་གཉིས་ལ་མཁས་ཞེས་པ་ནི། དབྱིག་གཉེན་གྱིས་ཐེག་ཆུང་གི་དོན་དགེ་འདུན་བཟང་པོ་བསྙེན་ནས་མངོན་པ་མཛོད་རྩ་འགྲེལ་དག་མཛད་པ་ཡིན་ཏེ། གཅེན་ལ་གསན་ནས། ཐེག་པ་ཆེན་པོ་སེམས་ཙམ་གྱི་དོན་གསལ་བར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་སྡེ་བརྒྱད་མཛད་དེ། འདི་ལྟར་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང་། ཉི་ཤུ་པ་དང་། སུམ་ཅུ་པ་དང་། ལས་གྲུབ་པ་རྣམ་བཤད་རིགས་པ། དབུས་མཐའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ། རྟེན་འབྲེལ་ཆེན་པོའི་འགྲེལ་པ་རྣམས་བརྩམས། དབྱིག་གཉེན་གྱིས་ཚེ་རབས་སུ་ཁམས་ལྟས་པར་བྱས་པ་བློ་གྲོས་བསྟན་པས་ཀྱང་ཕུང་པོ་ལྔའི་འགྲེལ་པ་བྱ་བྲེག་ཏུ་བཤད་པ་དང་། སུམ་ཅུ་པའི་རྣམ་བཤད་དང་། དབུས་མཐའི་འགྲེལ་བཤད་དག་མཛད། ཅེས་དང་། ཡང་དེ་ཉིད་ལས[10]། དེ་ནས་རྟོག་པ་སོ་སོར་ཞུགས་ཏེ་དབྱིག་གཉེན་གྱིས་རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་སློབ་དཔོན་དགེ་འདུན་བཟང་པོ་ལ་རབ་ཏུ་བྱུང་ནས། ཐེག་པ་ཆུང་བའི་ཆོས་མངོན་པ་རྩ་བའི་བྱེ་བྲག་ཏུ་བཤད་པ་ཆེན་པོ་བསླབས་པས་ཤིན་ཏུ་མཁས་པར་པཎྜི་ཏ་ཆེན་པོར་གྱུར་ཏེ། ཕྱི་རབས་ཀྱི་སྐྱེ་བོའི་དོན་དུ་ཚིག་བསྡུས་ལ་དོན་བསྡུས་པའི་མངོན་པ་མཛོད་ཀྱི་བསྟན་བཅོས་དང༌།  དེའི་འགྲེལ་པ་མཛོད་ཀྱི་འགྲེལ་པ་ཆེན་པོ་མཛད་དོ། །ཞེས་བྱུང་བ་ལྟར་རབ་ཏུ་བྱུང་ཡུལ་ནཱ་ལེནྡྲ་དང་། ནུབ་ཕྱོགས་སོགས་མི་མཐུན་ནོ།།

སྡེ་པ་གང་ལས་རབ་ཏུ་བྱུང་ཞེ་ན། དེ་ཡང་སློབ་དཔོན་དོན་དམ་པས་ (499-569) བསྒྱུར་བའི་དབྱིག་གཉེན་གྱི་རྣམ་ཐར་ལས། བ་སུ་བནྡྷུ་ནི་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་ཞིག་ཡིན་པས། ཐམས་ཅད་ཡོད་པར་སྨྲ་པའི་སྡེ་ལས་རབ་ཏུ་བྱུང་ཞིང་། དེ་ནས་བསམ་གཏན་བསྒོམས་པས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པར་གྱུར་ཏོ། །ཇི་ལྟར་སེམས་ཀྱང་སྟོང་པ་ཉིད་ཀྱི་དོན་ལ་སྙོམས་པར་ཞུགས་མ་ནུས་པས། རང་གི་སྐུ་སྲོག་འདོར་བར་འདོད་པ་ལ། ཤར་ལུས་འཕགས་པོའི་ཡུལ་གྱི་དགྲ་བཅོམ་པ་ཡན་ལག་འབྱུང་གིས་དོན་དེ་གཟིགས་པས། དེའི་ཕྱོགས་ནས་ཕེབས་ཏེ་ཐེག་པ་དམན་པའི་སྟོང་པ་ཉིད་ཀྱི་ལྷག་མཐོང་གསུངས་པས། ཇི་ལྟར་བསྟན་པ་བཞིན་སྒོམ་པས་དེ་ཉིད་དུ་སྙོམས་པར་ཞུགས་ནུས་པར་གྱུར་ཏོ། །ཞེས་དང་། ཞོན་ཙང་གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས། ཐོགས་མེད་ཀྱི་སྐུ་མཆེད་ཆུང་བ་བྱང་ཆུབ་སེམས་དཔའ་དབྱིག་གཉེན་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་རབ་ཏུ་བྱུང་ཞིང་། མཁྱེན་རབ་ཁྱད་དུ་འཕགས་ཤིང་ཐོས་པ་ཤིན་ཏུ་རྒྱ་ཆེན་པོ་དང་ལྡན་པས་གཞུང་ལུགས་ཀུན་ལ་ཐོགས་པ་མེད་པ་ཞིག་ཡོད་དོ། །ཞེས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡བ༦ ནས་ ༣༣ན༢ བར།

[2]  བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། ༼ཉ༽ དཔེ་རིང་། ཤོག་གྲངས་ ༡༧བ༣ ནས་ ༡༩ན༦ བར།

[3]  མཆིམས་མཛོད་མངོན་པའི་རྒྱན། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་། ༢༠༠༩ ལོ། ཤོག་གྲངས་ xxv

[4]  རྒྱ་བོད་ཆོས་འབྱུང་དགོས་འདོད་ཀུན་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༥༦

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༠

[6]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༣

[7]  པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱི་གསུང་འབུམ།  ༼ག༽ པོད། ༼༥༽ ཤོག་གྲངས་ ༡༣

[8]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༩

[9]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༨

[10]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༥ ནས་ ༦༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *