ཆ༽ དགུང་ལོ་ཇི་ཙམ་བཞུགས་ནས་བསྟན་འགྲོའི་དོན་མཛད་ཚུལ།

ཆ༽ དགུང་ལོ་ཇི་ཙམ་བཞུགས་ནས་བསྟན་འགྲོའི་དོན་མཛད་ཚུལ།

 

དེ་ཡང་སློབ་དཔོན་ཡོན་ཏན་འོད་དགུང་ལོ་ཇི་ཙམ་བཞུགས་མིན་ནི། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཡོན་ཏན་འོད་ཀྱི་རྟོགས་བརྗོད་ཡལ་འདབ་བརྒྱད་པ་ལས[1]།

དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཏེ། །

མྱ་ངན་འདས་ཚེ་རིང་བསྲེལ་ཕུང་པོར་གྱུར། །

ལྷ་ཡི་མེ་ཏོག་ཆར་ཕབ་རོལ་མོ་བསྒྲགས། །

ལྷ་མིའི་ཡོན་གནས་མཆོད་རྟེན་ཆེན་པོ་བཞེངས། །

ཞེས་དགུང་ལོ་བཞི་བརྒྱ་བཞུགས་པར་གསུངས་ཤིང་། ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས་[2]ཀྱང་།

ཀུན་མཁྱེན་གཉིས་པ་དབྱིག་གཉེན་ཞབས་བསྟེན་ནས། །

རང་གཞན་གྲུབ་པའི་མཐའ་ལ་ཕ་རོལ་སོན། །

དགུང་ལོ་བཞི་བརྒྱར་བསྟན་འགྲོའི་དོན་མཛད་ཅེས། །

འཆི་མེད་གྲུབ་པའི་གོ་འཕང་བརྙེས་འདི་རྨད། །

ཅེས་གསུངས་པ་ལྟར། བུ་སྟོན་ཆོས་འབྱུང་དང་[3]། རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[4]། སློབ་དཔོན་ཡོན་ཏན་འོད་ཀྱིས་ལོ་བཞི་བརྒྱ་ཐུབ་ཟེར་རོ། །ཞེས་གསུངས་ལ། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས་[5]ཀྱང་། དགུང་ལོ་བཞི་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་དོགས་པ་ཡོད་ཀྱང་སྐུ་ཚེ་རིང་པོ་ཞིག་ནི་བཞུགས་པ་ཡིན་ཚོད་འདུག །མཐར་རང་ཉིད་ཀྱི་འཁྲུངས་ཡུལ་དུ་མྱ་ངན་ལས་འདས། ཞེས་གསུངས་པ་ལྟར་ཆོས་འབྱུང་ཕལ་མོ་ཆེར་སློབ་དཔོན་འདི་ཉིད་དགུང་གྲངས་བཞི་བརྒྱ་བཞུགས་པར་གསལ་བས་དགུང་ལོ་དེ་ཡང་ཕྱེད་ལོར་བརྩིས་ན་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་ཡིན་པ་དང་། རྒྱལ་པོ་ཚུལ་ཁྲིམས་ཉི་མའི་དབུ་བླ་ཡིན་པར་གསུངས་པ་རྣམས་ཁས་ལེན་བདེ་ལ། དེང་རབས་དང་མཐུན་ཤས་ཆེ་བར་སེམས་ཤིང་། མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་སྐུལ་ཕྱིར་རང་ཉིད་ཀྱི་འཁྲུངས་ཡུལ་བཅོམ་བརླག་ཏུ་སྐུ་མྱ་ངན་ལས་འདས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར་བཞུགས།

[2]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[3]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༦

[4]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༤༣༢

[5]  དེབ་ཐེར་དམར་པོའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༩༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༧ ནས་ ༢༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *