ཅ༽ འཕགས་པ་ལྷ་རྫུས་སྐྱེས་ཡིན་མིན་སྐོར།

ཅ༽ འཕགས་པ་ལྷ་རྫུས་སྐྱེས་ཡིན་མིན་སྐོར།

 

དེ་ཡང་སློབ་དཔོན་ཨཱརྱ་དེ་ཝའི་འཁྲུངས་ཚུལ་ལ་བཞེད་ལུགས་མི་འདྲ་བ་གཉིས་ཡོད་པ་ནི། བོད་ཀྱི་དེབ་ཐེར་འགའ་ཞིག་ཏུ་སིངྒ་ལའི་རྒྱལ་པོའི་སྐྱེད་ཚལ་དུ་པདྨ་ལས་བརྫུས་ཏེ་འཁྲུངས་པ་དང་། བཞི་བརྒྱ་པའི་འགྲེལ་པར་སིངྒ་ལའི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པར་གསུངས་པ་གཉིས་ལས། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[1]།

བསོད་ནམས་དམ་པའི་པད་རྫིང་གིས་བསྐྲུན་ཞིང་། །སྨོན་ལམ་དག་པའི་ཆུ་སྐྱེས་ལས་འཁྲུངས་ལ། །

སྲིད་དང་ཞི་བའི་དཔལ་འབྱོར་གྱིས་འཕགས་པ། །ལྷ་མཆོག་རྣམས་ཀྱི་བླ་མར་གྱུར་ལ་འདུད། །

ཅེས་གསུངས་པ་ལྟར། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[2]། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ལ་སློབ་མའི་མཆོག་ཨཱརྱ་དེ་བ་ཞེས་གྲགས་པ། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་དེ་ཉིད་སྔོན་སྟོན་པའི་སྤྱན་སྔར་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་པས་མུ་སྟེགས་འདུལ་བར་སྨོན་ལམ་བཏབ་ཅིང་། སྟོན་པས་ཀྱང་རྗེས་སུ་གནང་བ་དེ། སིངྒ་ལའི་རྒྱལ་པོའི་མེ་ཏོག་གི་ལྡུམ་རར་པདྨོའི་སྦུབས་ལས་འཁྲུངས་པས། རྒྱལ་པོའི་སྲས་སུ་བཟུང་བ། ཀླུ་སྒྲུབ་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ། རིག་གནས་མཐའ་དག་ལ་མཁས་པར་གྱུར་པ་དེས། མ་ཁོལ་ཞེས་པ་ལྷ་དབང་ཕྱུག་གིས་མངལ་སྐྱེས་ཐམས་ཅད་ཀྱིས་མི་ཐུབ་པར་བྱིན་གྱིས་བརླབས་པ་བཏུལ་ནས། ཕྱིས་ནང་པ་ལ་ཞུགས་ཏེ་སློབ་དཔོན་དཔའ་བོ་ཞེས་པ་དང་། ཞེས་གསུངས་པ་ལྟར། པདྨ་ལས་རྫུས་སྐྱེས་སུ་བཞེད་དོ།།

དེ་ལྟར་ཐུགས་བསྐྱེད་ཚུལ་ཡང་། སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[3]། སྟོན་པ་འཁོར་མང་པོ་ལ་ཆོས་གསུངས་པའི་ཚེ་དབུ་ལ་བྱ་རོག་གིས་བྱ་ཐལ་བཏང་བས་འཁོར་རྣམས་ཐེ་ཚོམ་སྐྱེས་ཏེ་ཅིའི་ལྟས་ལགས་ཞེས་ཞུས་པས། སྟོན་པས་བྱ་རོག་འདི་མ་འོངས་པའི་དུས་ཕྱི་རོལ་པའི་སྟོན་པ་རྟ་དབྱངས་ཞེས་པར་གྱུར་ནས། བསྟན་པ་གནོད་པ་ཆེན་པོ་བྱེད་པའི་ལྟས་སོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ལག་ན་པདྨ་ཅན་ཞེས་བྱ་བ་ཞིག་གིས་ཕྱི་རོལ་པ་དེ་བདག་གིས་བཏུལ་ནས་ནང་པའི་བསྟན་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་། སྟོན་པས་ཀྱང་དེ་ལྟར་གནང་སྟེ་དེ་ནི་སློབ་དཔོན་འཕགས་པ་ལྷ་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་མཁས་པ་དུ་མས་རྫུས་སྐྱེས་སུ་འདོད་ལ། ཡང་པཎྜི་ཏ་མངོན་ཤེས་ཅན་ཏེ་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས༌[4]ཀྱང་།

བླ་མ་ལ་གུས་དངོས་གྲུབ་བརྙེས། །པདྨ་ལས་འཁྲུངས་གཟུགས་མཆོག་མཛེས། །

ཨཱརྱ་དེ་ཝ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཨཱརྱ་དེ་ཝའམ་འཕགས་པ་ལྷ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ལོན་པ་ན། སིངྒ་ལའི་ (དེང་སང་གི་ཤྲི་ལངྐ་།) རྒྱལ་པོ་པཉྩ་ཤྲིངྒ་ར་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐུ་འཁྲུངས་ཤིང་། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས་པ་སྟེ། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[5]། དེའི་སྲས་སློབ་དཔོན་ཨཱརྱ་དེ་ཝ་ནི། སིངྒ་ལའི་གླིང་དུ་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེས་པ་ལ་དེའི་རྒྱལ་པོས་བུར་བཟུང་སྟེ་ཆེར་སྐྱེས་པ་ན་སློབ་དཔོན་ཀླུ་སྒྲུབ་ཅན་དུ་བྱོན་ནས། སློབ་གཉེར་མཛད་པས་རིག་པའི་གནས་ཐམས་ཅད་དང་། ཕྱི་ནང་གི་གྲུབ་མཐའ་མ་ལུས་པ་ལ་མཁས་པར་གྱུར་ཏེ། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཞེས་བྱ་བས་ལྷ་དབང་ཕྱུག་ཆེན་པོ་གྲུབ་སྟེ་མངལ་སྐྱེས་གང་གིས་ཀྱང་མི་ཐུབ་པའི་མཆོག་བྱིན་པ་ཞིག་ཡོད་པ་དེས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་ཏེ། ཕལ་ཆེར་མུ་སྟེགས་ལ་བཙུད་དེ། ནཱ་ལེནྡྲར་ཕྱིན་ནོ། །ཞེས་གསུངས་སོ།།

གཞན་ཡང་གནུབས་བྱམས་པའི་དཔལ་ལམ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བསྟོད་པ་ལས[6]།

ས་གསུམ་དབང་ཕྱུག་ནམ་མཁའ་མཛོད་མཉེས་ཤིང་། །གསལ་མཛེས་པདྨོའི་སྦུབས་ལས་སྐུ་བལྟམས་ནས། །

ཡ་ངའི་དུས་སུ་བསྟན་པའི་ཁུར་བཞེས་པ། །ཨཱརྱ་དེ་ཝའི་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) མཆོག་གིས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས་[7]ཀྱང་། འཕགས་པ་ལྷ་ནི་སིངྒྷ་ལའི་རྒྱལ་པོའི་མེ་ཏོག་གི་ལྡུམ་རར། མེ་ཏོག་གི་ལྦ་བ་ལས་བརྫུས་ཏེ་ལྷའི་བུ་འདྲ་བ་ཞིག་འཁྲུངས་པ་རྒྱལ་པོའི་བུར་བྱས་སོ། །ཞེས་གསལ་ལོ།།

ཡང་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་མཛད་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[8]། མཁན་པོ་ཤཱཀྱ་བཤེས་གཉེན་ནི་ཀླུ་སྒྲུབ་ཀྱི་རྗེས་སུ་ན་ལེནྚའི་མཁན་པོ་ཡུན་རིང་མཛད་དེ་གཤེགས་ཤིང་སིངྒ་ལའི་རྒྱལ་པོའི་ལྡུམ་རར་མེ་ཏོག་ལས་སྐྱེས་པ་འཕགས་པ་ལྷར་གྱུར་པ་ཉིད་དོ། །ཞེས་སོགས་གསུངས་པ་ལྟར་བོད་ཀྱི་སྐྱེས་ཆེན་དམ་པ་དུ་མས་སློབ་དཔོན་ཨཱརྱ་དེ་ཝ་རྫུས་སྐྱེས་ཡིན་པར་གསུངས་པས། དེ་ལ་ཁུངས་གང་ཞིག་ཡོད་སྙམ་ན། སློབ་དཔོན་ཨཱརྱ་དེ་ཝ་རང་ཉིད་ཀྱིས་མཛད་པའི་ཁྲོ་བོ་རེག་ཚིག་གི་བསྒྲུབ་པའི་ཐབས་ཀྱི་མཇུག་བྱང་ལས[9]། རྫུས་སྐྱེས་ཀྱི་སློབ་དཔོན་ཨརྱ་དྷེ་བས། མུ་སྟེགས་པའི་སྦྱོར་བ་རྣམས་བཤིག་པའི་ཕྱིར་མཛད་པ་རྫོགས་སོ། །[10]ཞེས་གསུངས་པ་ལྟར་རྫུས་སྐྱེས་ཡིན་པར་གསལ་བས་སོ།།

དེ་བཞིན་སློབ་དཔོན་འཕགས་པ་ལྷ་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པའི་པེ་ཅིན་དང་། སྣར་ཐང་བསྟན་འགྱུར་གཉིས་ཀྱི་མཇུག་བྱང་ལས་[11]ཀྱང་། བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ། སིངྒ་ལའི་གླིང་དུ་པདྨའི་སྦུབས་ལས་བརྫུས་ཏེ་འཁྲུངས་ཤིང་། ཡང་དག་པ་མ་ཡིན་པའི་ལྟ་བ་རྣམ་པར་འབྱེད་པས་དབུ་མའི་ལམ་རབ་ཏུ་གསལ་བར་མཛད་པ། འཕགས་པ་ཀླུའི་ཞབས་ཀྱི་སྲས་སུ་གྱུར་པའི་སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་མཛད། ཅེས་གསལ་བ་སོགས་བསྟན་འགྱུར་གྱི་ཁྲོད་དུའང་སློབ་དཔོན་འདི་ཉིད་རྫུས་སྐྱེས་ཡིན་པའི་ཁུངས་གསལ་བར་སྣང་ངོ་།།

གཞན་ཡང་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[12]།

གང་སྐུ་པདྨའི་ལང་ཚོ་ལས་བསྐྲུན་ཏེ། །བསམ་བཞིན་ཕྱོགས་ལས་རྣམ་རྒྱལ་སྐྱེ་བའི་གར། །

མཁས་དང་གྲུབ་པའི་རྩལ་ལ་སྦྱངས་པའི་ཚུལ། །ཀླུ་སྒྲུབ་སྲས་ཀྱི་ཐུ་བོ་འཕགས་པ་ལྷ། །

མཆོག་སྦྱིན་དབང་ཕྱུག་ཉིད་ལས་ཐོབ་པ་ཡིས། །རིགས་འཕྲུལ་བཛྲ་ཧ་རིའི་མཚོན་རྣོ་བ། །

རྟ་དབྱངས་དཔའ་བོ་འདུལ་བའི་དཔའ་བོ་ནི། །ས་སྟེང་འདི་ན་འཕགས་མཆོག་ཁྱོད་ཁོ་ན། །

ཞེས་རྫུས་སྐྱེས་ཡིན་པར་གསུངས་ལ། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་སློབ་དཔོན་ཨཱརྱ་དེ་བ་ལ་བསྟོད་པ་འཕགས་པ་དགྱེས་པའི་གླུ་དབྱངས་ལས[13]། རྒྱ་གར་ཡུལ་མཆོག་སིངྒཱ་ལའི། །ཆོས་ལྡན་རྒྱལ་པོ་ཆེན་པོ་ཡི། །སྐྱེད་ཚལ་པདྨའི་ལྡུམ་ར་རུ། །མེ་ཏོག་དམར་པོ་ཉིན་མཚན་ཀུན། །འདབ་མ་ཟུམ་པ་གཅིག་བྱུང་བས། །རྒྱལ་པོ་འཁོར་བཅས་ངོ་མཚར་ཏེ། །གཅེས་སྤྲས་མཛད་པས་ཞག་བདུན་ནས། །པདྨའི་འདབ་མ་ཕྱེ་བའི་དབུས། །ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པ། །ཁྱེའུ་ལོ་བརྒྱད་ལོན་པའི་ཚེ། །ཟིལ་པ་ཁྲོམ་མེར་བཞུགས་པ་མཐོང་། །དགའ་བའི་སྦྲང་རྩིས་ཡིད་རབ་མྱོས། །བསྔགས་པའི་གླུ་དབྱངས་དར་དིར་སྒྲོག །མངལ་སྐྱེས་ལག་པས་རྗེན་པར་ནི། །སྐུ་ལ་རེག་པ་མི་རུང་སྙམ། །པཉྩ་ལི་ཀའི་རས་ཁུད་དུ། །བཀུར་སྟི་ཆེན་པོས་སྤྱན་དྲངས་ཚེ། །ལམ་བར་ཁྱེའུ་བཟང་པོ་ཡིས། །སློབ་དཔོན་ཀླུ་སྒྲུབ་བཞུགས་སམ་ཞེས། །བཀའ་ལུང་སྩལ་ལ་གསོལ་བ་འདེབས། །རྒྱལ་པོས་རང་གི་བུར་བཟུང་སྟེ། །གཅེས་པར་བསྐྱངས་ཤིང་ཆེར་སྐྱེས་ཚེ། །བཤེས་གཉེན་རྒྱ་མཚོར་རབ་འཇུག་ཀྱང་། །རྟོགས་པའི་མྱུ་གུ་མ་སྐྱེས་ནས། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི། །ཞབས་སེན་སྤྱི་བོའི་རྒྱན་དུ་བཀོད། །ཞལ་གདམས་བདུད་བརྩིས་ལུས་སེམས་བརྟས། །བསྙེན་པར་རྫོགས་ཏེ་འཇམ་དཔའི་དབྱངས། །བསྒྲུབས་པས་ཞལ་བཟང་མངོན་དུ་གྱུར། །འཕགས་པ་ལྷ་ཞེས་སྙན་པའི་རྔ། །ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ། །ལེགས་པར་བཀོད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨

[2]  བཀའ་གདམས་ཆོས་འབྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༧

[3]  སྒོམ་སྡེ་ཚིག་མཛོད་ཆེན་མོ། དེབ་བཞི་པ། ཐའེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༥༤༢

[4]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༣༣

[5]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༩

[6]  ཁྲོ་ཕུ་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩ། དར་ཐང་དེབ་གཟུགས། ཤོག་གྲངས་ ༥༠༤  ནས་ ༥༠༥ བར།

[7]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༩༥

[8]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོན་དགོན་ལྟེ་གནས། ༡༩༧༡ ལོ། ཤོག་གྲངས་ ༣༡

[9]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༨༥༨

[10]  འོན་ཀྱང་འདི་ཉིད་མཛད་པ་པོ་དང་། ལོ་ཙཱ་བས་བཅུག་པ་གང་ཡིན་ལ་དཔྱད་དགོས་སོ།།

[11]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༨༢༤

[12]  བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༣༠

[13]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཨཱརྱ་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༧ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *