ང༽ སློབ་དཔོན་དབྱིག་གཉེན་དུས་ནམ་ཞིག་བྱོན་མིན།

ང༽ སློབ་དཔོན་དབྱིག་གཉེན་དུས་ནམ་ཞིག་བྱོན་མིན།

 

དེ་ཡང་འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ལས[1]།

ཐུབ་བསྟན་དབྱིག་འཛིན་གཞི་ལ་རྣམ་འགྱིང་ཞིང་། །

དམ་ཆོས་གསེར་རིའི་བ་གམ་མངོན་པར་མཐོ། །

སྐལ་བཟང་འགྲོ་ཀུན་ཐར་པར་འཁྲིད་པ་ཡི། །

དེད་དཔོན་གཉེན་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་སློབ་དཔོན་དབྱིག་གཉེན་དུས་ནམ་ཞིག་བྱོན་ནམ་ཞེ་ན། དུས་རབས་ཀྱི་སྐོར་ལ་སྔ་ཕྱིའི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་བཞེད་པ་མི་མཐུན་པ་མང་དུ་སྣང་བ་ལས། མཆིམས་འཇམ་པའི་དབྱངས་ཀྱིས་ (1210-1285) མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས[2]། འདི་ལྟར་བདེ་བར་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ན་རིག་པའི་གནས་མ་ལུས་པ་ཐུགས་སུ་ཆུད་ཅིང་། རང་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་ཐུབ་པའི་གསུང་རབ་མ་ལུས་པའི་མིག་གཅིག་པུར་གྱུར་པ་སློབ་དཔོན་ཆེན་པོ་དབྱིག་གཉེན་ཞབས་ཞེས་བྱ་བ་བྱུང་སྟེ། ཞེས་པ་སྟོན་པ་འདས་ནས་ལོ་སྟོང་ལ་ཉེ་སྐབས་བྱོན་པར་གསུངས་པ་ལས་ཁུངས་གང་ལ་གཏུགས་མིན་གྱི་གསལ་ཁ་མི་སྣང་ངོ་།།

དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། སློབ་དཔོན་ཆེན་པོ་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དུས་མཉམ་མོ་ཞེས་གྲགས་པ་ལྟར་ཡང་འཐད་དོ། །ཞེས་གསུངས་པ་ལྟར་ལྷ་ཐོ་ཐོ་རི་གཉན་བཙན་ནི་རབ་བྱུང་མ་ཚུགས་གོང་གི་ཤིང་མོ་གླང་ལོ་སྟེ་ཕྱི་ལོ་ ༢༤༥ ལོར་ཡབ་རྒྱལ་པོ་ཁྲི་ཐོག་རྗེ་བཙན་དང་། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རབ་བྱུང་མ་ཚུགས་གོང་གི་ཤིང་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༣༦༤ ལོར་སྐུ་གཤེགས་པས་དུས་སྐབས་འདི་དག་ཏུ་སློབ་དཔོན་དབྱིག་གཉེན་བྱོན་དགོས་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིག་པའི་བློ་གྲོས་ (1910-1985) མཆོག་གིས་མཛད་པའི་བོད་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་གཏན་འབེབས་ས་ཆེན་གྲགས་པའི་དགོངས་རྒྱན་ལས[4]། ལྷ་ཐོ་ཐོ་རི་རྒྱལ་རབས་ཉེར་བདུན་པ་དང་། ཉེར་བརྒྱད་པ་ཞེས་པའི་བཤད་ཚུལ་གཉིས་ཡོད། རྒྱལ་པོ་དེ་ཉིད་ཕྱི་ལོའི་དུས་རབས་ ༢༤༤། ༢༥༤། ༣༢༤། ༣༦༦ ལོར་འཁྲུངས་པ་སོགས་ཀྱི་རྒྱལ་པོ་དེ་དང་འབྲེལ་བའི་ལོ་ཚིགས་ཀྱི་བཞེད་པ་མང་དུ་བཀོད་ཡོད་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས་[5]ཀྱང་། མེ་རྟ། ཐོན་མིས་ཡི་གེ་བཟོས། ཚུལ་ཁྲིམས་ཉི་མ་འདས་རྗེས་རྒྱལ་ས་བློན་པོ་ཞིག་གིས་འཕྲོགས། བློན་པོ་དེས་རྒྱ་ནག་རྒྱལ་པོའི་ཕོ་ཉ་ལ་གནོད་པ་བཏང་བའི་རྐྱེན་གྱིས་སྲོང་བཙན་གྱིས་བོད་དམག་མངགས་ནས་རྒྱ་གར་བྱང་ཕྱོགས་དབང་དུ་བསྡུས། (ད་ལྟའི་རྒྱ་གར་ལོ་རྒྱུས།) སྲོང་བཙན་དང་དཔལ་ལྡན་ཆོས་གྲགས་དུས་མཉམ་པར་འཇིགས་གླིང་གཏམ་ཚོགས་ན་བཤད། དེབ་དམར་དང་དེབ་སྔོན་སོགས་སུ་ཐང་སང་བླ་མ་དབྱིག་གཉེན་གྱི་སློབ་མར་བཤད་པ་ནི་ཤིན་ཏུ་འཁྲུལ་བའོ། །རྒྱུ་མཚན་ནི། འཕགས་པ་ཐོགས་མེད་ཀྱི་གཅུང་དབྱིག་གཉེན་ཡིན་པ་དང་། དབྱིག་གཉེན་སྐུ་ཚེ་མཐར་མ་ཕྱིན་པར་རྣམ་རྒྱལ་གཟུངས་རིང་བཟློག་སྟེ་སྐུ་འདས་པ་དང་། དབྱིག་གཉེན་གྱི་དངོས་སློབ་ནི་རྣམ་གྲོལ་སྡེ། དེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ། དུལ་བའི་སྡེ་དགུང་ལོ་བརྒྱ་ལྷག་གི་དུས་སུ་ཐང་སང་བླ་མ་རྒྱ་གར་དུ་ཕེབས་ནས་ཞབས་ལ་གཏུགས་པ་བཅས་ཀྱིས་རིགས་པའི་གནོད་པ་མང་པོ་འབབ་བོ། །ཞེས་ཐང་སན་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མིན་པར་གསུངས་སོ།།

དེ་བཞིན་རྒྱའི་སློབ་དཔོན་ཝེན་ཚེག་[6]ཀྱང་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་མིན་པའི་ཚུལ་ཡང་། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[7]། ཤིང་བྱི། ཐང་སང་བླ་མ་དགུང་ལོ་རེ་གསུམ་སྟེང་འདས། ཕྱི་ལོ་ ༦༤༣ ནས་ ༧༥༤ ནང་གི་ལོ་ཅི་རིགས་ལ་སློབ་དཔོན་དུལ་བའི་སྡེ་འདས་པ་ཐང་སང་བླ་མའི་ལོ་རྒྱུས་ལས་ཤེས། གུང་ལོ་ཆེན་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ། ཐང་སང་དགུང་ལོ་ ༦༥ ཐོག་འདས་ཟེར། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་དུ། དབྱིག་གཉེན་གྱི་དངོས་སློབ་རྒྱའི་སློབ་དཔོན་ཝེན་ཚེག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་བརྩམས། ཞེས་པ་མ་དག་སྟེ། ཝེན་ཚེག་ནི་ཐང་སང་བླ་མའི་སྲས་མཆོག་བཞིའི་ཡ་གྱལ་ཡིན་ཅིང་། རྒྱ་གར་དུའང་ཕེམས་མ་མྱོང་ན་དབྱིག་གཉེན་གྱི་སློབ་མ་ཡིན་པ་ནི་ལྟ་ག་ལ་ཞིག་གོ །རྗེའི་གསན་ཡིག་ན་སློབ་དཔོན་སེང་བཟང་དུལ་བའི་སྡེའི་སློབ་མ་ཡིན་པར་གསལ་ལོ། །ཞེས་གསུངས་སོ།།

གཞན་ཡང་ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་20པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[8]། དབྱིག་གཉེན་ནི་ཐོགས་མེད་ཀྱི་གཅུང་པོ་ཡིན་ཅིང་། དེ་ཡང་ཡུམ་གཅིག་པ་ཡིན་པར་བཤད། ཁོང་ཡང་རྒྱ་མཚོ་སྦས་པའི་སྐབས་སུ་བྱོན་པ་ཡིན་ཅིང་། ཡེ་ཤུའི་དུས་རབས་བཞི་པའི་ཕྱེད་མཇུག་ནས་དུས་རབས་ལྔ་པ་བར་དུ་བཞུགས་པར་སྣང་། དབྱིག་གཉེན་འདི་རྒྱ་མཚོ་སྦས་པའི་བློན་པོ་ཡིན་ཞེས་ལབ་མཁན་ཡང་འདུག་པ་བདེན་མིན་མ་ངེས། ཞེས་གསལ་ལ། ཡང་དེ་ཉིད་ལས[9]། འགའ་ཤས་ཀྱིས་སློབ་དཔོན་དབྱིག་གཉེན་ལས་རྒྱ་མཚོ་སྦས་པས་ནང་པའི་སྐོར་སློབ་སྦྱོང་བྱས་ཡོད་ཚུལ་བཤད། ཡང་འགའ་ཤས་ཀྱིས་རྒྱ་མཚོ་སྦས་པས་དབྱིག་གཉེན་དེ་ལ་རང་གི་བློན་པོར་བསྐོས་པ་ཡིན་ཞེས་ཟེར། འོན་ཀྱང་སློབ་དཔོན་དབྱིག་གཉེན་དེ་རྒྱལ་པོ་འདིའི་སྐབས་སུ་བྱུང་བ་ཡིན་མིན་བརྟག་དཔྱད་བྱ་དགོས། ཞེས་གསལ་ལ། མཁས་པ་ཐ་ཁ་ཁུ་སུས་ཕྱི་ལོ་ ༡༩༩༥ ལོར་དཔར་འགྲེམས་གནང་བའི་སློབ་དཔོན་དོན་དམ་པས་ (499-569) མཛད་པའི་དབྱིག་གཉེན་གྱི་རྣམ་ཐར་དང་། དབྱིག་གཉེན་དུས་རབས་ཞེས་པའི་དཔྱད་ཞིབ་ནང་། ཀྭོ་ཤི་ཀའི་ཞེས་པའི་བྲམ་ཟེའི་ནང་མི་ནང་པྲུ་ཤ་པུར་ (པེ་ཤ་ཝར་) ཞེས་པའི་ས་གནས་སུ་སྤུན་གསུམ་བྱུང་བ་དེ་ཡང་། ཆེ་བའི་མིང་ལ་དབྱིག་གཉེན་ཐོགས་མེད་ (Vasu-Bandhu Asanga) དང་། འབྲིང་བའི་མིང་ལ་དབྱིག་གཉེན་ལས་གཞན་པའི་མིང་མེད། (vasubandhu) ཆུང་ཐ་མའི་མིང་ལ་དབྱིག་གཉེན་བི་རི་ཎ་ཅི་ཝྭཏ་སྭ་ (Vasu- Bandhu virinci-vatsa) ཞེས་བཀོད་ཡོད། མདོར་ན་སྐུ་མཆེད་གསུམ་ཀར་དབྱིག་གཉེན་ཞེས་པའི་ཐ་སྙད་འཇུག་ཡོད། གཅེན་ཐོགས་མེད་ཐོག་མར་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པར་ཞུགས་ཤིང་། དེ་ནས་རིམ་པས་ཐེག་ཆེན་གྱི་ལམ་ལ་འཇུག་ནས་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་མཛད་ཡོད། ཁོང་གིས་གཅུང་དབྱིག་གཉེན་ཐེག་ཆེན་སྒོར་བཙུད་པ་དང་། དབྱིག་གཉེན་ཐེག་ཆེན་མདོ་ལ་འགྲེལ་པ་མ་མཛད་སྔོན་ནས་གཅེན་ཐོགས་མེད་སྐུ་གཤེགས་ཚུལ་བཀོད་ཡོད། གཅུང་ཝི་རི་ཎ་ཅི་ཝྭཏ་ས་ཁོང་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་རིང་ལུགས་འཛིན་མཁན་དང་དགྲ་བཅོམ་པའང་ཡིན། འབྲིང་དབྱིག་གཉེན་ལ་དབྱིག་གཉེན་ལས་དམིགས་བསལ་མཚན་གཞན་མེད། ཁོང་ནི་སྤུན་གཞན་གཉིས་ལས་སྙན་གྲགས་ཆེ་ཤོས་དེ་ཡིན། ཁོང་ཉིད་ཐོག་མར་ཐམས་ཅད་ཡོད་སྨྲའི་སྡེ་པར་ཞུགས་ཡོད་པའི་སྐབས་སུའང་ཐུགས་རྒྱ་ཡངས་ཤིང་རང་ལྟ་ཕྱོགས་འཛིན་མི་མཛད་མཁན་ཞིག་ཡིན་པ་དང་། ཁོང་གིས་མཛད་པའི་བསྟན་བཅོས་མངོན་པ་མཛོད་དུ་ཁོང་ཉིད་ཀྱི་བཞེད་དགོངས་རྣམས་གསལ་པོར་མཚོན་གྱི་ཡོད། སློབ་དཔོན་དབྱིག་གཉེན་དགུང་ལོ་ ༨༠ ཐོག་ཨ་ཡུར་ཙ་ (Ayodhya) (ཞེས་པ་དེང་སྐབས་ Uttar Pradesh ནང་ཡིན་འདུག) ལ་སྐུ་གཤེགས་ཚུལ་[10]སོགས་གསལ་ཡོད། འོན་ཀྱང་ཡོངས་གྲགས་བལ་ཡུལ་དུ་མྱ་ངན་ལས་འདས་པར་གྲགས་སོ།།

འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[11]། ཕྱི་ལོའི་དུས་རབས་ལྔ་པའི་དཀྱིལ་ཙམ་ལ་ཐེག་ཆེན་ལ་མཛད་རྗེས་ཆེན་པོ་བཞག་པའི་སྐྱེས་བུ་ཆེན་པོ་སྤུན་གཉིས་བྱུང་སྟེ། ཐོག་མར་སྤུན་གཉིས་ཀའི་མཚན་ལ་བ་སུ་བན་དྷུ་སྟེ་དབྱིག་གཉེན་ཞེས་པར་བཏགས། ཕྱིས་སུ་ཕུ་བོའི་མིང་ལ་ཨ་སང་ག་སྟེ་ཐོགས་མེད་དུ་བསྒྱུར་ཅིང་། གཅུང་ལ་དབྱིག་གཉེན་དུ་འབོད། ཅེས་དུས་རབས་ལྔ་པར་བྱོན་པར་བཤད་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[12]། གཅུང་དབྱིག་གཉེན་ནི། བོད་ན་འགའ་ཞིག་འཕགས་པ་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང༌། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སྣང་ནའང༌། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། འདིའི་ཡབ་ཏུ་གྱུར་པ་ནི་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་ཞིག་ཡིན་ལ། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་དེའི་ལོར་འཁྲུངས་ཏེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་མཆེད་དོ། །བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་འདྲ། ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ལས་དགུང་ལོ་བཅུས་ཆུང་བ་ཡིན་པར་གསལ་བས། སློབ་དཔོན་དབྱིག་གཉེན་དུས་རབས་ནམ་ཞིག་ལ་བྱོན་མིན་ཐད་འཕགས་བོད་ཀྱི་ཆོས་འབྱུང་སོགས་ཀྱི་ཡིག་ཆ་དང་། གཞན་ཡང་ཤར་ནུབ་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་དཔྱད་རྩོམ་དུ་མ་ཞིག་སྤེལ་ཡོད།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པའི་དེབ་སྔོན་གསར་མ་ལས[13]། ཉི་ཧོང་གི་མཁས་པ་ཧི་ཁ་ཐས་བྱམས་པ་མགོན་པོ་ཕྱི་ལོ་ ༣༥༠-༤༣༠ དང་། འཕགས་པ་ཐོགས་མེད་ཕྱི་ལོ་ ༣༩༥-༤༧༠ དང་། སློབ་དཔོན་དབྱིག་གཉེན་ཕྱི་ལོ་ ༤༠༠-༤༨༠ གཏན་འབེབས་བྱས་པ་འདི་བཞིན་འཐད་པར་མངོན། ཞེས་སོགས་ཆོས་སྐྱོབ་ཀྱི་དུས་རབས་དང་། སློབ་དཔོན་དོན་དམ་པའི་ (499-569) འགྱུར་གྱི་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་དུ་གུཔྟའི་རྒྱལ་པོ་བཱ་ལཱ་དི་ཏྱ་གཉིས་ཀས་སློབ་དཔོན་དབྱིག་གཉེན་མཆོད་གནས་སུ་བཀུར་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་དུས་རབས་གོང་གི་གཞི་མཚུངས་ལྟར་བྱས་ན་མི་འཚམ་པ་མི་འདུག །ཅེས་གསལ་ལ། འབྲི་གུང་རྭ་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་འབྲི་གུང་ཆོས་འབྱུང་ལས[14]། སློབ་དཔོན་དབྱིག་གཉེན་ནི་སློབ་དཔོན་ཆེན་པོ་ཐོགས་མེད་ཀྱི་གཅུང་དུ་སྟོན་པ་འདས་ནས་ལོ་དགུ་བརྒྱ་ཉི་ཤུ་པ་འཛིན་བྱེད་ཅེས་མེ་བྱི་ལོར་ (ཕྱི་ལོ་ 376) པིས་ཀར་དུ་འཁྲུངས། སྟོན་པ་འདས་ནས་ལོ་ཆིག་སྟོང་ཉི་ཤུ་པ་མེ་ཞེས་པ་མེ་འབྲུག་ལོར་ (ཕྱི་ལོ་ 476) ལོར་གཤེགས་པས་དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་བརྩེགས་པས་ད་རུང་ཡང་ཡོད་པར་བལ་ཡུལ་གནས་བཤད་ལས་བཤད་དོ། །ཞེས་བྱུང་བ་ནི་ཁ་གསལ་ཤོས་ཤིག་གོ།

མཁས་དབང་ཐ་ཁ་ཁ་སུས་ ༤༢༠-༥༠༠ བར་འདོད་ཅིང་། སློབ་དཔོན་ཕྱོགས་གླང་ཡང་དབྱིག་གཉེན་དང་བར་ཐག་དེ་ཙམ་ཆོད་མེད་པ་སོགས་གསལ་ནའང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ (1903-1951) བརྩམས་པའི་དེབ་ཐེར་དཀར་པོ་ལས[15]། རགས་པའི་དུས་བསྒྲིགས་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་། ནག་མོའི་ཁོལ་དང་། དབྱུག་པ་ཅན་དང་། ཐང་གུར་གྱི་གོང་མ་ཐེ་ཙུང་དང་། ཏ་ཟིག་གི་གོང་མ་ཡཻཥྚི་གེརྡ་རྣམས་དུས་མཉམ་ཞིང་། ཁ་ཆེ་རྣམས་ཀྱི་སྟོན་པ་སྦྲང་རྩི་བློ་གྲོས་ཀྱང་འདི་དག་དང་དུས་མཚུངས་སོ། །ཞེས་གསལ་བས་བཞེད་པ་མི་མཐུན་ནོ།།

དེབ་སྔོན་གསར་མར་[16]གསལ་བ་ནི། སློབ་དཔོན་དབྱིག་གཉེན་གྱི་དུས་རབས་སྐོར་ལ་རྒྱ་ནག་གི་བཞེད་སྲོལ་དུ་སངས་རྒྱས་མྱ་ངན་ལས་འདས་རྗེས་ལོ་ཆིག་སྟོང་བརྒྱ་འདས་རྗེས་ནས་སློབ་དཔོན་དབྱིག་གཉེན་བལྟམས་པ་ (T 2049, Vol. 50, p.189b24f.;T 1832, Vol.43, p. 688b5; ff.; T1559.; Vol. 31, p. 161a15f.;T 1830, Vol. 43, p. 231b28f.;T 1595, Vol.31, p. 152b1) དང་། ཆིག་སྟོང་འདས་རྗེས་བལྟམས་པ་ (T 2087, Vol. 51, p. 896b27;T 2053, Vol. 50, p. 233c16) དང་། ལོ་དགུ་བརྒྱ་འདས་རྗེས་བལྟམས་པ་ (T 1830, Vol. 43, p. 231c2-3; T 2068, Vol. 51, p. 52c25) བཅས་ཁག་གསུམ་བྱུང་བར་མ་ཟད་རྒྱལ་པོ་སྲས་གྲགས་པ་བཤེས་གཉེན་གྱི་མཛོད་ཀྱི་འགྲེལ་པ་རྒྱལ་སྲས་མ་ལས[17]། སློབ་དཔོན་དབྱིག་གཉེན་སྔ་མའོ། ། (Vrddhacarya-Vasubandhu) ཞེས་གསལ་བ་སོགས་རྒྱུ་མཚན་དུ་བྱས་ནས་ཕོ་རར་ཝར་ནས[18]། བྱམས་པ་མགོན་པོ། (Maitreyanatha um 300 n.u.z.) འཕགས་པ་ཐོགས་མེད། (Asanga um 315-390 n.u.z.) དབྱིག་གཉེན་སྔ་མ། (Vasubandhu der Alter um 320-380 n. u. z.) དབྱིག་གཉེན་ཕྱི་མ། (Vasubandhu der Kunger um 400-480 n.u.z.) བཅས་དབྱིག་གཉེན་སྔ་ཕྱི་གཉིས་བཤད་ཀྱང་འཐད་པར་མ་མཐོང་།

གང་ལྟར་ཉི་ཧོང་མཁས་པ་ཧི་ཁ་ཐས་[19] བྱམས་པ་མགོན་པོ། (350-430 A.D.) འཕགས་པ་ཐོགས་མེད། (395-470 A.D.) སློབ་དཔོན་དབྱིག་གཉེན་ (400-480 A.D.) གཏན་འབེབས་བྱས་པ་འདི་བཞིན་འཐད་པར་མངོན་ཞིང་། གོང་དུ་བཤད་པའི་སློབ་དཔོན་ཆོས་སྐྱོང་སོགས་ཀྱི་དུས་རབས་དང་གུང་བསྒྲིགས་ནའང་འཚམ་པར་མ་ཟད། སློབ་དཔོན་དོན་དམ་པའི་ (499-569) འགྱུར་གྱི་སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ (T 2049, Vol. 50 p. 189 c21-22) དུ་གུཔྟའི་རྒྱལ་པོ་ཝིཀ་མཱ་དིཏྱ་དང་། (Do.p. 190b18) རྒྱལ་པོ་བཱ་ལཱ་དི་ཏྱ་གཉིས་ཀས་སློབ་དཔོན་དབྱིག་གཉེན་མཆོད་གནས་སུ་བཀུར་བར་གསལ་ཞིང་། རྒྱལ་པོ་དེ་གཉིས་གུཔྟའི་རྒྱལ་པོ་ལྔ་པ་སྐེམ་བྱེད་སྦས་པ་ (Skandhagupta ca 456-467 A.D.) དང་། བདུན་པ་མི་ཡི་སེངྒེ་སྦས་པ་ (Narasimhaguptaca 467-473 A.D) གཉིས་ལ་ངོས་འཛིན་བྱེད་ཅིང་། དེ་འདྲའི་རྒྱལ་པོའི་དུས་རབས་དང་གུང་བསྒྲིགས་ནའང་གོང་གི་དུས་རབས་དེ་མི་འཚམ་པ་གང་ཡང་མེད།

འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[20]། ཨ་ཡུར་ཙཱའི་རྒྱལ་སྲས་ཀྱིས་སྔར་ནས་སློབ་དཔོན་འདི་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས་ཤིང་། ཕྱིས་སུ་རྒྱལ་པོའི་བཙུན་མོས་ཀྱང་སློབ་དཔོན་གྱི་དྲུང་དུ་སྡོམ་པ་བླངས་པས་རྒྱལ་སྲས་རྒྱལ་སར་འཁོད་རྗེས་སློབ་དཔོན་འདི་ཨ་ཡུར་ཙཱའི་རྒྱལ་ཁབ་ཏུ་གདན་དྲངས་ནས་རྒྱུན་བཞུགས་མཛད་ཅིང་བཀུར་བཟོ་ཆེན་པོ་ཞུས། ཞེས་གསལ་ལ། མཁས་པ་ཐ་ཁ་ཁུ་སུས་ཕྱི་ལོ་ ༡༩༠༥ ལ་འགྲེམས་སྤེལ་མཛད་པའི་དོན་དམ་པའི་ (499-569) དབྱིག་གཉེན་གྱི་རྣམ་ཐར་དང་། དབྱིག་གཉེན་དུས་རབས་ཞེས་པའི་དཔྱད་ཞིབ་ནང་[21]། ཨ་ཡུར་ཙཱའི་རྒྱལ་པོ་ཝི་ཀྲ་མ་དི་ཏྱ་དང་ཐོག་ཁོང་གྲངས་ཅན་པའི་ཡོན་བདག་ཡིན་ཀྱང་། ཕྱིས་སུ་སློབ་དཔོན་དབྱིག་གཉེན་གྱི་མཚན་སྙན་གྲགས་ཀྱི་ཤུགས་རྐྱེན་ལ་ལྟོས་ནས་ནང་པའི་ཡོན་བདག་ཏུ་གྱུར། རྒྱལ་སྲས་བྭ་ལྭ་དི་ཏྱ་དང་ཁོང་གི་མ་ཡུམ་གཉིས་ཀ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཁོང་གཉིས་ཀྱིས་རྒྱལ་པོ་ཝི་ཀྲ་མ་དི་ཏྱ་འདས་གྲོངས་སུ་གྱུར་པའི་རྗེས་སློབ་དཔོན་དབྱིག་གཉེན་ཨ་ཡུར་ཙཱའི་ཁབ་ཏུ་གདན་འདྲེན་ཞུས་པ་རེད། ཅེས་བྱུང་ངོ་།།

ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་ཀྱང་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[22]། རྣམ་གནོན་རྒྱལ་པོས་ (སྐནྡ་གུཔྟ་ཡིན་སྲིད།)  སྦྱིན་བདག་གནང་བའི་སློབ་དཔོན་དབྱིག་གཉེན་ཉིད་དགུང་ལོ་བརྒྱད་ཅུའི་ཐོག་མིའི་སེང་གེ་སྦས་པས་ ༤༨༥-༤༩༠ དབང་སྲིད་བསྐྱངས་པའི་སྐབས་སུ་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སློབ་དཔོན་ཁོང་དུས་རབས་ ༤༡༠-༤༩༠ ནང་ལ་ཡིན་པའི་ཀུ་མ་ར་གུཔྟ་དང་། སྐནྡ་གུཔྟ་དང་། པུ་ར་གུཔྟ་དང་། བཱ་ལ་དི་ཏྱ་རྣམས་ཀྱི་དུས་མཉམ་ཡིན་[23]ཚུལ་གསལ་ལོ།།

འོན་ཀྱང་རྒྱའི་བཙུན་པ་ཧྥ་ཤཱན་གྱིས་མཛད་པའི་ཧྥ་ཤྭན་གྱི་ལམ་ཡིག་གི་སྔོན་གླེང་ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་དང་ཁོང་གི་འགྲུལ་བསྐྱོད་ཟིན་ཐོ་ངོ་སྤྲོད་ལས[24]། རྒྱའི་བཙུན་པ་ཧྥ་ཤཱན་ཁོང་ཐོགས་མེད་སྐུ་མཆེད་ཀྱི་འཁྲུངས་ཡུལ་པེ་ཤ་ཝར་དུ་སླེབས་སྐབས་ཕྱི་ལོ་ ༤

༠༢ ཡིན་འདུག་པས་དེ་སྐབས་ཕལ་ཆེར་ཐོགས་མེད་སྐུ་མཆེད་ཞལ་མ་བཞུགས་པའམ། ཡང་ན་ཕན་ཚུན་ཞལ་མ་མཇལ་བ་ལྟ་བུ་ཨེ་ཡིན་སྙམ་པ་ལས། ཁོང་གི་ལམ་ཡིག་ནང་ཐོགས་མེད་སྐུ་མཆེད་སྐོར་གང་ཡང་མི་གསལ་ཞེས་གསལ་འདུག

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[25]། (ཐང་སན་བླ་མ་) ཐམས་ཅད་ཡོད་སྨྲའི་སྡེ་པ་སུ་ག་ཏ་མི་ཏྲ་དང་བ་སུ་བནྡུ་ (གཅུང་དབྱིག་གཉེན་མིན།) ཕལ་ཆེན་སྡེ་པ་སཱུརྱ་ཝ། ཇི་ན་རཀྴི་ཏ་རྣམས་ལས་ཆོས་མང་དུ་གསན་པ་སོགས་གསལ་ནའང་། ཚལ་པ་ཀུན་དགའ་རྡོ་རྗེའི་ (1309-1364) དེབ་ཐེར་དམར་པོ་ལས[26]། སུའི་གཡང་རྟི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་བྱུང་། དེའི་མངའ་འོག་ན། ཐང་ཀའུ་ཛུང་ཞེས་པ་ཐའི་ཡང་ཧུའི་གླེའུ་ཤུ་བྱེད་ཅིང་ཡོད་པས་ངོ་ལོག་བྱས་ནས་རྒྱལ་ས་འཕྲོགས་ཏེ། དེ་ནི་ཐང་གི་རྒྱལ་པོ་ལ་སྔ་བའི་ཐོག་མ་ཡིན། དེའི་བུ་གསུམ་ཡོད་པའི་འབྲིང་པོ་ཐང་ཐའི་ཛུང་རྒྱལ་པོའི་དུས་སུ། ཐང་ཛམ་ཚང་ཞེས་པའི་ལོ་ཙཱ་བས་རྒྱ་གར་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆད་ལ་རྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང་། ཐང་ཛམ་ཚང་དེ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཞེས་དང་། དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[27]། ཐང་ཐའི་ཛུང་གི་རིང་ལ་ལོ་ཙཱ་བ་ཐང་ཟན་ཚང་ཞེས་པ་བྱུང་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆད་ལ་རྒྱ་ཡི་ལོ་ཙཱ་བ་ཉིས་བརྒྱ་བྱུང་། ཐང་རུས་པའི་མིང་ཟམ་གསུམ། ཚང་སྡེ་སྣོད་དེ་སྡེ་སྣོད་གསུམ་པ་ཞེས་བྱའོ། །དེ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ཟེར། ཐང་གི་རྒྱལ་པོ་ཕྱི་མ་འདི་ཁམས་ན་གྲུམ་ཡེ་ཤེས་རྒྱལ་མཚན་བསྟན་པའི་བདག་པོ་བྱེད་པའི་དུས་ཡིན་ནོ། །ཞེས་ཕལ་ཆེར་གཅིག་མཚུངས་སུ་གསལ་ལོ།།

དེབ་དམར་དང་དེབ་སྔོན་ནང་ཐང་ཛམ་ཚང་དབྱིག་གཉེན་གྱི་སློབ་མ་ཡིན་པར་གསུངས་པ་མི་འཐད་པའི་སྐོར་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ (1910-1985) མཆོག་གིས་མཛད་པའི་བོད་རྒྱལ་རབས་རྣམས་ཀྱི་ལོ་ཚིགས་གཏན་འབེབས་ས་ཆེན་གྲགས་པའི་དགོངས་རྒྱན་ལས[28]། དེབ་དམར་དང་དེབ་སྔོན་སོགས་སུ་ཐང་སང་བླ་མ་དབྱིག་གཉེན་གྱི་སློབ་མར་བཤད་པ་ནི་ཤིན་ཏུ་འཁྲུལ་བའོ། །རྒྱུ་མཚན་ནི་འཕགས་པ་ཐོགས་མེད་ཀྱི་གཅུང་དབྱིག་གཉེན་ཡིན་པ་དང་། དབྱིག་གཉེན་སྐུ་ཚེ་མཐར་མ་ཕྱིན་པར་རྣམ་རྒྱལ་གཟུགས་རིང་བཟློག་སྟེ་སྐུ་འདས་པ་དང་། དབྱིག་གཉེན་གྱི་དངོས་སློབ་ནི་རྣམ་གྲོལ་སྡེ། དེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ། དུལ་བའི་སྡེ་དགུང་ལོ་བརྒྱ་ལྷག་གི་དུས་སུ་ཐང་སང་བླ་མ་རྒྱ་གར་དུ་ཕེབས་ནས་ཞབས་ལ་གཏུགས་པ་བཅས་ཀྱིས་རིགས་པའི་གནོད་པ་མང་པོ་འབབ་བོ། །ཞེས་གསུངས་སོ།།

དེ་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[29]། སློབ་དཔོན་དབྱིག་གཉེན་དང་བོད་རྒྱལ་ལྷ་ཐོ་ཐོ་རི་དུས་མཉམ་པ་དང༌། དཔལ་ལྡན་ཆོས་གྲགས་དང་སྲོང་བཙན་དུས་མཉམ་པ་དང་། མེ་མཁའ་རྒྱ་མཚོ་མགོ་ཟུག་པའི་དྲུག་ཅུ་སྐོར་དེའི་དཀྱིལ་ན་སློབ་དཔོན་ཕྱོགས་གླང་ཡོད་ངེས་པ་དེ་དག་བདེན་པ་ཡིན་ན། སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་ངེས་པར་དུས་མཉམ་ཡིན་ཆོག་ནའང་བླ་སློབ་ཡིན་མིན་ད་དུང་གཞན་དུ་བལྟ། དེ་ལྟར་ན་དབྱིག་གཉེན་གྱི་རང་ལས་མཁས་པའི་སློབ་མ་བཞིའི་ཡ་གྱལ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ནི་རྒྱལ་པོ་ཧརྵའི་སློབ་དཔོན་ཡིན། རྒྱལ་པོ་འདིས་ཐང་སང་བླ་མ་སྤྱན་དྲངས་ཏེ་རྒྱ་གར་གྱི་པཎྜི་ཏ་རྣམས་དང་ཆོས་ཀྱི་བགྲོ་བ་མཛད་པར་ཐང་སང་རང་གི་ཟིན་བྲིས་སུ་ཐེབས། རྒྱལ་པོ་ཧརྵ་ནི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་བསྟན་བཅོས་བསྟན་འགྱུར་ཁྲོད་ན་ཡོད་པ་དེ་རྩོམ་མཁན་རྒྱལ་པོ་ཚུལ་ཁྲིམས་ཉི་མ་ཡིན་ལ། འདིས་དགུང་ལོ་ང་དགུ་ཐུབ། ཕྱི་ལོ་ལྔ་བརྒྱ་གྱ་དགུ་པ་ལ་འཁྲུངས། སློབ་དཔོན་ཕྱོགས་གླང་ནི་དབྱིག་གཉེན་གྱི་ཚད་མ་རང་ལས་མཁས་པའི་སློབ་མ་དང༌། ཕར་ཕྱིན་རང་ལས་མཁས་པའི་སློབ་མ་ནི་འཕགས་པ་རྣམ་གྲོལ་སྡེ་དང༌། མངོན་པ་རང་ལས་མཁས་པའི་སློབ་མ་སློབ་དཔོན་བློ་གྲོས་བརྟན་པ་རྣམས་ཀྱང༌རྒྱལ་པོ་ཧརྵའི་དུས་སུ་བཞུགས་ཡོད་པར་ངེས། འདི་དག་གུང་བསྒྲིགས་པའི་འབྲས་བུར་སློབ་དཔོན་དབྱིག་གཉེན་ནི་མེ་མཁའ་རྒྱ་མཚོ་མ་ཟུག་པའི་གོང་རོལ་གྱི་དྲུག་ཅུ་སྐོར་དང་པོ་དང་གཉིས་པའི་ནང་ཞལ་བཞུགས་ངེས་རེད་སྙམ་པ་རང་ཤུགས་ཀྱིས་ཡིད་ལ་འཆར་བར་འགྱུར་བ་འདི་ཡིན་ནོ།།

དེ་ལྟར་ན་ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་དམར་དང་། འཇིགས་མེད་གླིང་པའི་གཏམ་ཚོགས་དང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་རྣམས་སུ་སློབ་དཔོན་དབྱིག་གཉེན་དང་བོད་རྒྱལ་ལྷ་ཐོ་ཐོ་རི་དུས་མཉམ་ཞེས་པ་ལ། གནམ་ས་ལྟ་བུའི་ཁྱད་པར་བྱུང་སྟེ། ལྷ་ཐོ་ཐོ་རི་བྱོན་པའི་དུས་ནི་མེ་མཁའ་རྒྱ་མཚོ་མ་ཟུག་པའི་གོང་ནས་ལྡོག་སྟེ་བརྩིས་པས་དྲུག་ཅུ་སྐོར་ཚན་དྲུག་གི་ངོ་ན་ཡོད་པས་ལོ་སུམ་བརྒྱ་དང་བཞི་ཡི་ཁྱད་རྒྱུགས་པས་ཕྱིས་འབྱུང་བློ་གསལ་རྣམས་ཀྱིས་དཔྱད་པ་ཞིབ་མོ་མཛད་པར་རིགས་སོ།།

དེ་བཞིན་དུ་འགོས་ལོ་སོགས་ཀྱིས་ཐང་སང་བླ་མ་སློབ་དཔོན་དབྱིག་གཉེན་གྱི་སློབ་མར་བཤད་པའང་ཤིན་ཏུ་འཁྲུལ་འདུག་གོ །ཞང་སྣ་ནམ་གྱིས་མཛད་པའི་སྟོན་པའི་རྣམ་ཐར་དུ་དབྱིག་གཉེན་གྱི་སློབ་མ་བགྲང་སྐབས། རྒྱ་ནག་གི་མཁས་པ་སྡེ་སྣོད་གསུམ་པ་ཞེས་པ་ཡང་ཐང་སང་ལ་དམིགས་པ་ཡིན་ན་དེ་ཡང་འཁྲུལ་ལོ། །དེ་ལྟར་ན་སློབ་དཔོན་དབྱིག་གཉེན་ཞལ་བཞུགས་པའི་དུས་རགས་པ་ཞིག་ཤེས་ན་ནི་འཕགས་པ་ཐོགས་མེད་ཀྱི་བྱོན་དུས་ལའང་བློ་གསལ་ཞིང་ཞིབ་པའི་མཁས་པ་རྣམས་ཀྱིས་ཅིས་ཀྱང་ཐུགས་གཞིགས་མཛད་འཚལ་ལོ།།

སྤྱིར་ཡང་འཕགས་པ་ཐོགས་མེད་ཀྱི་ལུང་བསྟན་འཇམ་དཔལ་རྩ་རྒྱུད་དུ། སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་འབྱོན་པ་དང༌། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་སྐུ་ཚེའི་ཚད་གསུངས་པ་དང༌། གཅུང་དབྱིག་གཉེན་གྱི་ལོ་རྒྱུས་སུ། སྐུ་ཚེ་མཐར་མ་ཕྱིན་པར་ཁྲིམས་འཆལ་གྱི་དགེ་སྦྱོང་དག་ལ་ཐུགས་སྐྱོ་ནས་རྣམ་རྒྱལ་གཟུངས་རིང་བཟློག་སྟེ་ལན་གསུམ་གསུངས་པའི་རྐྱེན་གྱིས་འདས་པར་གསུངས་པ་དག་ལ་ཞིབ་ཏུ་བརྟགས་ཤིང་དཔྱད་ན་བསྟན་རྩིས་དང་འབྲེལ་བའི་ལོ་རྒྱུས་སྨྲ་བའི་བློ་གྲོས་ཀྱི་སྒོ་མོ་ཆེས་ཆེར་འབྱེད་པ་ལ་ཕན་པ་ཆེའོ། །ཞེས་ཞིབ་ཏུ་དཔྱད་ནས་གསུངས་པ་ལྟར་རོ།།

དེ་ལྟར་སློབ་དཔོན་དབྱིག་གཉེན་དུས་ནམ་ཞིག་བྱོན་མིན་གྱི་དུས་རབས་ཐོག་རྩོད་གླེང་གི་ཕུང་པོ་ཇི་ཙམ་བརྩིགས་ཀྱང་། དུས་རབས་བཞི་པ་དང་ལྔ་པའི་བར་ལ་གང་ལྟར་ཡིད་འཇོག་འཕེར་ངེས་པ་ཞིག་སྣང་། དེ་ཡང་ཐོགས་མེད་སྐུ་མཆེད་རྣམ་གཉིས་དུས་རབས་ལྔ་པའི་གོང་དུ་བྱོན་པ་ནི། དུས་རབས་ལྔ་པའི་ནང་བྱོན་པའི་སློབ་དཔོན་གཞོན་ནུ་སྲོག་གིས་ཐོགས་མེད་སྐུ་མཆེད་རྣམ་གཉིས་ཀྱི་རྣམ་ཐར་མཛད་ཡོད་པ་ལས་རྟོགས་ཐུབ་པས། སློབ་དཔོན་གཞོན་ནུ་སྲོག་དང་། མ ཁས་མཆོག་ཐ་ཁ་ཁ་སུ་དང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་རྣམ་པའི་བཞེད་པའང་དུས་རབས་དེའི་བར་ཚུད་ཡོད་པས་སློབ་དཔོན་དབྱིག་གཉེན་བྱོན་པའི་དུས་རབས་སྟེང་དཔྱད་གཞི་གསར་པ་གནད་ལ་འཕེར་བ་ཞིག་ལག་ཏུ་མ་སོན་བར་མཁས་དབང་ཁོང་རྣམ་པས་བཞེད་པ་བཞིན་དུ་གནས་པར་སེམས་[30]སོ།།

ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[31]། སློབ་དཔོན་དབྱིག་གཉེན་གྱི་འཁྲུངས་དུས་ཐད། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་ལ་བལྟས་ན། ཁོང་ཉིད་ནི་གུཔྟ་སྟེ་སྦས་པའི་རྒྱལ་རབས་ (ཕྱི་ལོ་ 320-500) ཀྱི་ཕྱེད་ཕྱི་མའི་དུས་སུ་བྱུང་བར་གསལ་བ་དང་། ཤྱན་ཙང་གི་རྒྱ་གར་ལམ་ཡིག་སོགས་མཧཱ་ཙི་ནའི་ཡིག་ཆ་གཞན་དག་ཏུ་འཕགས་པ་ཐོགས་མེད་ནི། སྟོན་པ་སངས་རྒྱས་སྐུུ་འདས་ནས་ལོ་ངོ་དགུ་བརྒྱའི་མཚམས་ནས་སྐུ་འཁྲུངས་པར་འདོད། བཞེད་ཚུལ་འདི་ནི་འཇམ་དཔལ་རྩ་རྒྱུད་ལས[32]།

ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །

ཐོགས་མེད་ཅེས་བྱའི་དགེ་སློང་ནི། །

ཞེས་པ་དང་མཐུན་ལ། ལོ་ཆེན་དོན་དམ་པས་སྟོན་པ་འདས་ནས་ལོ་ཆིག་སྟོང་བརྒྱའི་མཚམས་ནས་བྱོན་པར་བཤད་ཀྱང་། སློབ་དཔོན་གཉིས་ཀའི་སངས་རྒྱས་འདས་ལོའི་བརྩི་གཞི་མི་འདྲ་བའི་དབང་གིས་ཧེ་བག་བྱུང་བ་ཡིན་གྱི། དོན་དུ་ཧ་ལམ་གཉིས་ཀའི་འདོད་པ་ཕྱི་ལོའི་དུས་རབས་ལྔ་པར་ཁད་ཉེའོ།།

སློབ་དཔོན་དབྱིག་གཉེན་ནི། འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་ (ཡབ་གཅིག་མིན།) གཅུང་ཡིན་པར་མ་ཟད། གོང་དུ་བཤད་པ་ལྟར་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོར་སྐུ་འཁྲུངས་པར་ཆོས་འབྱུང་ཕལ་མོ་ཆེ་ཁ་འཆམ། དེ་བས་ཀྱང་གསལ་ཁ་ཅན་ཞིག་རྟ་དབྱངས་སོགས་འཕགས་པ་ལྔའི་རྣམ་ཐར་ཞེས་པ་ལས[33]། སློབ་དཔོན་དབྱིག་གཉེན་ནི་འཕགས་པ་ཐོགས་མེད་ལས་ལོ་བཅུས་ཆུང་བར་གསུངས། འདི་འདྲ་ཞིག་བོད་རང་གི་ཆོས་འབྱུང་རྣམས་སུ་མེད་པས། སློབ་དཔོན་དབྱིག་གཉེན་བྱོན་པའི་དུས་སྐབས་ལ་ཉམས་ཞིབ་བྱེད་པར་ཕན་ཐོགས་ཆེན་པོ་ཞིག་འབྱུང་ངེས་ཏེ། ཏཱ་ར་ནཱ་ཐས་[34]སློབ་དཔོན་དབྱིག་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་སྙན་བཙན་གཉིས་དུས་མཉམ་པར་གསུངས། དེ་བཞིན་དུ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དུའང་དེ་ལྟར་མ་བགྲོས་མགྲིན་མཐུན་དུ་གསུངས། ཡང་རྒྱ་གར་ཆོས་འབྱུང་དང་། ཅོ་གྲགས་ཆོས་འབྱུང་གཉིས་ཀས་སློབ་དཔོན་ཆོས་གྲགས་དང་སྲོང་བཙན་སྒམ་པོ་དུས་མཉམ་པར་ཞལ་གྱིས་བཞེས་པས། དཔྱད་གཞིའི་ཡིག་རིགས་དེ་དག་གུང་བསྒྲིགས་ནས་གཞིགས་ན། སློབ་དཔོན་འདི་ནི་ཕྱི་ལོའི་དུས་རབས་བཞི་པ་ནས་ལྔ་པའི་མཇུག་ཙམ་གྱི་བར་བྱོན་པ་ཞིག་ཡིན་པར་ཁ་ཚོན་གཅོད་ནུས་སོ། །ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འབྲི་གུང་བཀའ་བརྒྱུད་ཆོས་མཛོད། ༼ཇེ༽ དཔེ་རིང་། ཤོག་གྲངས་ ༣༠བ༢ ནས་ ༣༡བ༣ བར།

[2]  མཆིམས་མཛོད་མངོན་པའི་རྒྱན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣

[3]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༩

[4]  ཚེ་ཏན་ཞབས་དྲུང་གི་གསུང་འབུམ། པོད། ༼༧༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༣༢༨-༢༩ བར།

[5]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༡༤

[6]  སློབ་དཔོན་ཝེན་ཚེག་ནི། སློབ་དཔོན་ཐང་སན་ཙང་གི་སློབ་མ་ཡིན་པས་དུས་རབས་ ༧ པའི་ནང་དུ་ཀོ་རི་ཡར་སྐུ་འཁྲུངས། མཁས་པ་ཆེན་པོར་གྱུར་ཏེ་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ་བརྩམས་སོ།།

[7]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༠༣

[8]  འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། སྨད་ཆ། ལྡི་ལི་བོད་ཁང། ༢༠༠༣ ལོ། ཤོག་ ༤༡༨

[9]  འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། སྟོད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་ ༢༥༨

[10]  J. Takakusu, A study of Paramartha’s life of Vasu-Bandhu And the date of Vasu- Bandhu, p34-35 “An English translation of Paramartha’s “life of Vasu-Bandhu” was given by me in the Tang-pao (july, 1904), and the whole can be summed up as follows: A summer of the “ life of Vasu-Bandhu,”  by Paramartha (A.D 499-569; 546-569 in China).  Born, at Purusa-pura (Peshawar), of the Brahmin family of Kausika, Vasu-Bandhu is the second of the three brothers. A. Vasu-bandhu Asanga (Asanga, the eldest). B. Vasu-bandhu Virinci-vatsa (the youngest) C. Vasu-bandhu (the second).  A. Asanga, first an adherent of the Sarvasti –Vada school and of the Hina-yana, afterwards a promoter of the Maha-yana and an author of the Upadesas on the Maha-yana sutras. He converts Vasu-bandhu to the Mahayana faith, and dies before Vasu-bandhu’s compilation of Mahayana works. B. Virinci-vatsa, an adherent of the Sarvasti-vada school, an arhat. C. Vasu-bandhu, the second and the greatest of the three brothers, had no other distinguishing name. At first an adherent of the Sarvasti-vada school, he is described as a free thinker, and never confines himself to the teaching of his own school. His works, the Abhidharma –kosa, represents his opinion, which presupposes the philosophy of the Maha-Vibhasas as compiled by Katyayani –putra and put into literary form of by Asva-Gosa.  p. 37 He dies at Ayodhya, aged 80.

[11]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་གིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༧

[12]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༥༠

[13]  ཆོས་མངོན་མཛོད་དང་འབྲེལ་བའི་སྤྱི་བཤད་འགྲེལ་པ་མངོན་པའི་རྒྱན་གྱི་རྒྱན། དེབ་གཟུགས། ༡༩༨༨ ལོ། ཤོག་ ༢༦

[14]  འབྲི་གུང་ཆོས་འབྱུང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༣༥

[15]  རྒྱལ་རབས་དེབ་ཐེར་དཀར་པོ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༡༡

[16]  དེབ་ཐེར་སྔོན་པོ་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༡༩༤

[17]  Abhidharmakosavyakhya The Work of Yasomitra, ed by U. Wogihara Tokyo, Japan, 1936. P. 35, 1.20; p. 289, 1. 6; p. 347, 1.9.

[18]  E. Frauwallner: On the Date of the Buddha Master of the Law Vasubandhu, Seire Orientale Roma III, 1951; Do; Dignaga, Sen Werke und seine Entwicklung, Wiener Zeitschift fur die Kunde Sud-und Ost-asiens, III, 1959

[19]  Ryusho Hikata: Seshin Nendaiko (A Study of the date of Vasubandhu), Indogaku Bukkyogaku Ronshu, 1954, pp. 305-323.

[20]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༤༢

[21]  J. Takakusu, A study of Paramartha’s life of Vasubandhu and the date of vasubandhu, P 34-35 (A study of paramartha’s life of vasu-bandhu and the date of vasu-bandhu by J. Takakusu)

[22]  འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ། སྟོད་ཆ། ༢༠༠༢ ལོ། ཤོག་གྲངས་ ༢༦༤

[23]  A history of Indian logic: ancient mediaeval and modern schools-google books result) Satish Chandra Vidhabhusana-1920-philosophy-648 pages

[24]  ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། དེབ་གཟུགས། སྔོན་གླེང་། ཤོག་གྲངས་ ༢༦།༢༧

[25]  རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། དེབ་གཟུགས། ཤོག་གྲངས་  ༨

[26]  དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། དེབ་གཟུགས། ཤོག་གྲངས་ ༡༦

[27]  དེབ་ཐེར་སྔོན་པོ། སྟོད་ཆ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། དེབ་གཟུགས། ཤོག་གྲངས་ ༨ ༠

[28]  ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༧༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༡༠

[29]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༢༣

[30]  རྩོམ་པ་པོ་ཨཅཱརྱ་གཟི་གཡང་། http://theyungdrungbon.com/2014/04/ ལས་ལེགས་བཏུས་ཞུས།

[31]  བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༠༡

[32]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༠

[33]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་གིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་ ༡༣༧

[34]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥ ནས་ ༣༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *