བ༽ སློབ་དཔོན་ཀླུས་དབུ་སྦྱིན་པ་མཛད་ཚུལ།
རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[1]།
བདེ་སྤྱོད་སྲས་པོ་གཞོན་ནུ་ནུས་ལྡན་གྱིས། །དབུ་བསླངས་རལ་གྲིས་མ་ཆོད་འཇག་མ་ཡིས། །
བཅད་པའི་ཚུལ་གནང་དབུ་ཡི་རྩ་བ་ལས། །བདེན་པའི་སྒྲ་དབྱངས་བསྒྲགས་ལ་གསོལ་བ་འདེབས། །
ད་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །
གསུང་བཞིན་མ་འོངས་པ་ན་དབུ་འབྱར་ནས། །བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཕྱིས་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རི་ལ་གསང་སྔགས་ཀྱི་ཉམས་བཞེས་མཛད་དེ་བཞུགས་པས་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པར་གྱུར། དེའི་དུས་ཤིག་ན་རྒྱལ་པོ་བདེ་སྤྱོད་ཀྱི་བུ་སུཤཀྟི་ཞེས་པ་རབ་ནུས་སམ། ནུས་ལྡན་ཡང་ཟེར་ཏེ། བུ་སྟོན་ཆོས་འབྱུང་ལྟར་ན། དེ་ལ་མས་གོས་སྲུབས་མེད་པ་བྱིན་པས་བུས་ང་རྒྱལ་སྲིད་འཛིན་དུས་དགོས་ཟེར་བ་ལ་མས་རྒྱལ་སྲིད་གཟུང་བའི་སྐབས་མི་འཐོབ་པའི་ལོ་རྒྱུས་བཤད་པར་གསུངས་ཤིང་། གང་ལྟར་ཡང་ཏཱ་ར་ནཱ་ཐས་བུ་རྒྱལ་སྲིད་བྱ་བར་འདོད་པ་ལ་མས་སློབ་དཔོན་ཀླུ་སྒྲུབ་བཅུད་ལེན་གྱིས་རྡོ་རྗེའི་སྐུ་གྲུབ་ཅིང་། དེ་དང་ཡབ་སྐུ་ཚེ་མཉམ་པར་བྱིན་བརླབས་པས་འགྲོང་བ་མེད། རྒྱལ་པོའི་སྲས་སྔ་མ་རྣམས་དང་དེ་དག་གི་བུ་དང་ཚ་བོའི་བར་ཡང་འདས་པས་ཁྱོད་ལ་རྒྱལ་སྲིད་བྱ་བའི་སྐབས་མེད། དབུ་བསླངས་ན་སྦྱིན་ལ། སློབ་དཔོན་འདས་ན་ཡབ་ཀྱང་འདའ་བར་འགྱུར་རོ། །ཞེས་བརྗོད་པ་ལྟར། རྒྱལ་བུ་སློབ་དཔོན་སར་ཕྱིན་ཏེ་དབུ་བསླངས། མཚོན་ཆས་མ་ཆོད་པར་སྔོན་རྩས་སྲོག་ཆགས་ཀྱི་སྐེ་བཅད་པའི་ལས་ཡོད་པར་གཟིགས་ནས་ཀུ་ཤས་མགུལ་བཅད་པ་ན།
ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར།།
ཞེས་པའི་སྒྲ་བྱུང་། དབུ་དང་སྐུ་ལུས་འབྱར་གྱིས་དོགས་ནས་རྒྱལ་བུས་དཔག་ཚད་མང་པོའི་སར་འཁྱེར་བས་གནོད་སྦྱིན་མོས་འཕྲོགས། དབུ་དང་སྐུ་ལུས་ལ་ཡོན་བདག་གནོད་སྦྱིན་མོས་སོ་སོར་ལྷ་ཁང་བརྩིགས། སྔོན་དཔག་ཚད་བཞི་ཙམ་ཡོད་སྣང་བ་ཏཱ་ར་ནཱ་ཐའི་བླ་མས་མཇལ་སྐབས་རྒྱང་གྲགས་གཅིག་ཀྱང་མི་སྣང་བར་གསུངས། ལྷ་ཁང་གི་རྡོའི་རྩིག་པ་རྣམས་འབྲེལ་ཏེ་བྲག་ལྟ་བུར་སོང་བའི་ལྷ་ཁང་ཆོ་འཕྲུལ་དང་གཉན་ཆ་ཆེ་བ། སྒོ་མེད་པ། དཀར་ཁུང་ནས་བལྟས་པ་ན་གཉིས་ཀའང་ཁྲིའི་སྟེང་ནས་རྡོ་སྐུའི་དུམ་བུ་འདྲ་བར་འདུག་ཅེས་ཀྱང་བླ་མས་གསུངས་པར་ཏཱ་ར་ན་ཐས་གསུངས་སོ།།
དེ་བཞིན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལས[2]། དེ་ཡང་མགོན་པོ་མངོན་འབྱུང་ལས་ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་སྐྱེས་ནས་དེའི་དབུ་སློང་བ་ལ་དབུ་སྟེར་བར་འགྱུར་བར་གསུངས་པ་དང་། ལང་ཀར་གཤེགས་པ་ལས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་སྐྱེས་ནས་རབ་ཏུ་དགའ་བའི་ས་བསྒྲུབས་ཏེ་བདེ་བ་ཅན་དུ་འགྲོ་བར་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། ལོ་དྲུག་བརྒྱ་འཚོ་བ་དང་། རྨ་བྱ་ཆེན་མོའི་རིག་སྔགས་གྲུབ་པར་ལུང་བསྟན་པ་རྣམས་དང་མཐུན་པ་ཡིན་ནོ།།
འོ་ན་དབུ་ཇི་ལྟར་བྱིན་པ་ཡིན་སྙམ་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུས་རྒྱལ་སྲིད་ཐོབ་པའི་ཆེད་དུ་སློབ་དཔོན་ལ་དབུ་བསླངས་པ་ན་ཇི་ལྟར་འདོད་པར་ཁྱེར་ཅིག་ཅེས་གསུངས་པས། དེར་རྒྱལ་བུས་རལ་གྲིས་བཅད་པས་མ་ཆོད་ནས་སློབ་དཔོན་གྱིས་སྨྱུག་མའི་ཤུན་ལྤགས་ཀྱིས་ཆོད་ཅིག་ངས་དགེ་འདུན་གྱི་ཞལ་ཏ་བྱས་པའི་ཚེ་སྨྱུག་མ་ཞིག་བཅད་པས་སྐྱེ་བ་བཅད་པའི་ལྟུང་བྱེད་བྱུང་བའི་ལས་ཀྱི་ལྷག་མ་ཡོད་དོ་གསུངས་ནས་དེས་སྨྱུག་མའི་ཤུན་པས་དབུ་བཅད་ནས་ཁྱེར་ཏེ་སོང་ངོ་། །དེ་རྒྱང་གྲགས་གཅིག་སླེབས་པ་ན་མཁའ་འགྲོ་མ་རྣམས་ཀྱིས་བསད་དོ། །དེའི་ཚེ་མིའི་འགྲོ་བ་པ་ཞིག་ཡོད་ན་དབུ་འབྱོར་བ་ཡིན་པ་ལ་མིའི་འགྲོ་བ་པ་མ་རྙེད་ཅིང་མ་འོངས་པའི་དུས་ན་དབུ་འབྱར་ནས་སེམས་ཅན་གྱི་དོན་མཛད་དོ་ཞེས་གྲག་གོ །ཞེས་བྱུང་ངོ་།།
གཞན་ཡང་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་པད་དཀར་འཛིན་པ་ངུར་སྨྲིག་གར་རོལ་ལྔ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་ལས[3]། སྔ་འགྱུར་དུ་གསུང་གི་རིག་འཛིན་ནཱ་གཱ་རྗུ་ན་སྟེ་རིག་པ་འཛིན་པ་བརྒྱད་ཀྱི་ནང་ཚན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དངུལ་ཆུའི་བཅུད་ལེན་འགྲུབ་པས་སྐུ་ཚེ་དཔག་ཏུ་མེད་པ་ཡོང་རྒྱུ་ལ་དགུང་ལོ་དྲུག་བརྒྱ་བཞེས་དུས་གཞོན་ནུ་ནུས་ལྡན་གྱི་དབུ་བླངས་པས་ཆོད་གསུངས་པ་རལ་གྲིས་མ་ཆོད་ཅིང༌། རྩྭ་ཀུ་ཤས་བཅད་པས་མགུལ་གྱི་རྩ་གསུམ་ནས་བྱང་ཆུབ་སེམས་ཀྱི་ཁུ་བ་འཛགས་ཏེ་སྦྱིན་པའི་མཐར་ཐུག་པ་ཡན་ལག་དང་པོ་དབུ་བཏང་བས།
ལན་ཅིག་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ཡང་ནི་ལུས་འདིར་འཇུག་པར་འགྱུར། །
ཞེས་གསུངས་ནས་མྱ་ངན་ལས་འདས་དབུ་གཞོན་ནུ་ནུས་ལྡན་གྱི་འཁྱེར་ཕྱིན་པ་ལམ་དུ་སློབ་དཔོན་གྱི་འཁོར་གནོད་སྦྱིན་མོས་འཕྲོགས་ཏེ་དཔག་ཚད་གཅིག་ཙམ་གྱི་ནམ་མཁར་བཞག །སྐུ་གདུང་དཔལ་གྱི་རིར་དྲོད་མ་ཡལ་བར་དབུ་དང་འདོམ་ལྔ་བརྒྱས་ཆོད་པར་བཞུགས་པ་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་བའི་མ་འོངས་པར་དབུ་དང་སྐུ་ལུས་འབྱར་ནས་སྐུ་དེ་ལ་སླར་ཕེབས་ནས་འགྲོ་དོན་མཛད་རྒྱུར་གྲགས། ཞེས་གསུངས་ཀྱང་གསུངས་སོ།།
དེ་ལྟར་སློབ་དཔོན་གྱིས་དབུ་བྱིན་པའི་ལོ་རྒྱུས་ཀྱི་ཁུངས་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་དུ་མར་གསལ་ཞིང་། དེ་ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་ལས[4]། དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །ཞེས་དང་། མཉམ་མེད་ཇོ་བོ་རྗེས་མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་[5]ཀྱང་། དུས་ཅིག་ན་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་དཔལ་གྱི་རི་ལ་སོང་ནས་སློབ་དཔོན་གྱི་དབུ་བསླངས་པས་སློབ་དཔོན་གྱི་ཞལ་སྔ་ནས་རྒྱལ་བུ་ཆོད་ལ་ཁྱེར་ཅིག་གསུངས་ནས་རལ་གྲི་ལན་ལྔར་བཏབ་པས་མ་ཆོད་ནས། སློབ་དཔོན་གྱི་ཞལ་སྔ་ནས་རྩྭ་ཀུ་ཤ་ཞིག་ལོངས་གསུངས་ནས་རྒྱལ་བུས་དེ་བླངས་ཏེ་ཕུལ་བས་སློབ་དཔོན་ཉིད་ཀྱི་སྐེ་ལ་རྩྭས་བསྐོར་བས་དབུ་ས་ལ་ལྷུང་ནས་རྒྱལ་བུའི་ལག་ཏུ་བྱིན་ནོ། །དབུ་མ་ཐེག་ནས་དེ་ཉིད་དུ་བཞག་ནས་སོང་ངོ་། །ད་ལྟ་ཡང་དབུ་དང་ལུས་ཀྱི་ཁོག་པ་རིན་པོ་ཆེའི་འོད་འཕྲོ་བའི་ཁང་པ་བརྩེགས་པ་ན་རིན་པོའི་ཁྲི་ལ་བཞག་སྟེ། ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པས་ཉིན་དང་མཚན་དུ་རྟག་ཏུ་མཆོད་པར་བྱེད་དོ། །འདི་ལ་གཏམ་རྒྱུད་རིང་པོ་ཡོད་དེ་དེར་བཞག་གོ །ཞེས་དང་། དེ་བཞིན་དུ་ཧྭན་ཚང་གིས་ཀྱང་དབུ་བསླངས་པའི་རྐྱེན་དང་མས་གདམས་པའི་ཚུལ་དབུ་ཇི་ལྟར་བཅད་པ་བཅས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་དང་མཐུན་པར་བྱུང་ཞིང་། བུས་དབུ་བསླངས་པའི་སྐབས་སློབ་དཔོན་ལ་ལུས་འདི་ཆུ་ཡི་ཆུ་བུར་དང་བྲག་ཆ་དང་འདྲ་བའི་ཚུལ་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡན་ལག་དང་ལུས་སྦྱིན་པའི་ལོ་རྒྱུས་ཞུས་ཏེ་བསླངས་པའི་ཚུལ་ཡང་གསལ་ལོ།།[6]
དེ་ལྟར་སློབ་དཔོན་ཀླུ་སྒྲུབ་སྐུ་གཤེགས་ཚུལ་གྱི་སྐོར་ལ་གོང་དུ་ཕྱོགས་ཙམ་སྨོས་ཟིན་པ་ལྟར་རྒྱལ་པོ་བདེ་བྱེད་ཀྱི་སྲས་གཞོན་ནུ་ནུས་ལྡན་ལ་དབུ་སྦྱིན་པ་སྩལ་པ་དེ་ནི་སློབ་དཔོན་གྱིས་གདུལ་འོས་པའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་དང་། གདུལ་བྱ་རྟག་འཛིན་ཅན་གཞན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་སོགས་དགོས་པ་དུ་མ་ལ་གཟིགས་ནས་སྐུ་ཞི་བར་གཤེགས་པ་ལས། རྒྱལ་སྲིད་ལ་གཅིག་ཏུ་རྔམ་པའི་སྲས་དེའི་འདོད་དོན་བསྒྲུབ་པའི་ཕྱིར་དུ་སྐུ་གཤེགས་པ་ནི་གཏན་ནས་མིན་ནོ། །རྒྱལ་བུ་དེས་དབུ་བསླངས་པའི་རྩོལ་བ་བྱས་པ་དེ་ནི་སློབ་དཔོན་སྐུ་ཞི་བར་གཤེགས་པའི་འཕྲལ་རྐྱེན་ཕྲ་མོ་ཙམ་དུ་མངོན་ནོ། །བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ན། འདི་ཡང་ཐུགས་བསྐྱེད་སྨོན་ལམ་གྱི་འཕེན་པའི་སྟོབས་ལས་བྱུང་བར་བརྗོད་ཀྱང་མི་ཆོག་པ་ཨེ་ཡོད་སྙམ་པས་དཔྱད་པར་འཚལ་ལོ།།
རྣམ་པ་གཞན་དུ་ན་རྣམ་ཐར་འགའ་རེའི་ནང་། སློབ་དཔོན་གྱི་དབུ་བསླངས་པའི་སྒོ་ནས་སྐུ་གཤེགས་ཐབས་བྱས་པ་དེ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། དེའི་གཡོ་འཕྲུལ་ལ་བརྟེན་ནས་བྱུང་བར་བརྗོད་པ་དང་། ཡང་འགའ་རེར་ལྷ་ཚངས་པས་བྲམ་ཟེར་སྤྲུལ་ཏེ་སློབ་དཔོན་གྱི་དབུ་བསླངས་པར་གསལ་ཡོད། དེ་དག་དངོས་འབྲེལ་ཡིན་ན། དེ་ནི་ལྡོག་ཏུ་མེད་པའི་སེམས་ཅན་གྱི་ལས་ཚུལ་ལ་བརྟེན་པའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་སོགས་ཀྱི་གནས་ལ་བརྟེན་ནས་མཁྱེན་བཞིན་དུ་དང་དགོངས་བཞིན་དུ་ཐུགས་བརྩེ་བ་ཆེན་པོས་སྐུ་ཞི་བར་གཤེགས་ཚུལ་བཞེས་པ་ཞིག་ལས། བདུད་ཀྱི་གཡོ་འཕྲུལ་ལ་དག་པ་སྟེར་བའམ། ཐ་མལ་པ་གཞན་ལྟར་ཐབས་ཟད་པ་ལྟ་བུ་གཏན་ནས་མ་ཡིན་ནོ།།
བརྟག་པའི་རྣམ་པ་གཅིག་ཏུ་ན་གཞོན་ནུ་ནུས་ལྡན་གྱིས་སློབ་དཔོན་གྱི་དབུ་བསླངས་པའི་ཚེ། སྐུ་ལ་མཚོན་ཆ་ཚར་ལྔ་གཞུས་ཀྱང་དབུ་མ་ཆོད་པའི་ཚེ། ད་དུང་ཐབས་གཞན་གྱིས་དབུ་བཅད་ཐབས་བྱེད་པ་དེ་ནི་ཆེས་ཤིན་ཏུ་ཡ་མཚན་པའི་གནས་ཏེ། དངོས་འབྲེལ་བྱས་ན་སྐབས་དེར་རྒྱལ་བུ་དེས་ཚུལ་དེ་མཐོང་ནས་དཔག་ཏུ་མེད་པའི་ངོ་མཚར་སྐྱེས་ནས། ལྡོག་ཏུ་མེད་པའི་དད་པས་དབུ་བསླང་རྒྱུ་དེ་བཤོལ་ནས། འགྱོད་པ་ཆེན་པོས་བཟོད་གསོལ་ཞུ་དགོས་པ་ཞིག་ཏུ་མངོན་ཡང་། དེ་ལྟར་མི་བྱེད་པར་ད་དུང་ཨུ་ཚུགས་ཆེན་པོས་རང་གི་འདོད་པ་ཁོ་ན་དང་དུ་ལེན་པ་དེ་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་དང་དེའི་གཡོ་འཕྲུལ་ལས་བྱུང་བའམ། ཡང་ན་སེམས་ཅན་གྱི་ལས་སྐལ་གྱིས་མ་འཆུན་ནས་སློབ་དཔོན་གྱིས་ཚུལ་དེ་ལྟར་བཞེས་པ་དེ་གཉིས་གང་རུང་ལས་མ་འདས་སོ།།[7]
དེ་ལྟར་ཀླུ་སྒྲུབ་སྐུ་མྱ་ངན་ལས་འདས་པའི་ཡུལ་ནི། ལྷོ་ཕྱོགས་ཀོ་ས་ལའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་མི་རིང་བ་ན་གཙུག་ལག་ཁང་དང་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དང་བཅས་པ་ཡོད་ཅིང་། འཕགས་མཆོག་ཀླུ་སྒྲུབ་དང་པོ་དེར་བཞུགས་ཤིང༌། རྗེས་སུ་རྒྱལ་པོས་ཀླུ་སྒྲུབ་ཀྱི་ཆེད་དུ་རྒྱལ་ཁབ་དེའི་ལྷོ་ནུབ་ཏུ་ལེ་དབར་སུམ་བརྒྱ་ཙམ་ན་རི་ནག་པོ་ཞེས་པར་བྲག་ལ་གཙུག་ལག་ཁང་བརྐོས་པར་ལོ་ཆེན་ཞོན་ཙང་གིས་གསུངས་ལ། བུ་སྟོན་དང་ཏཱ་ར་ནཱ་ཐ་གཉིས་ཀས་དཔལ་གྱི་རིར་སྐུ་མྱ་ངན་ལས་འདས་པར་གསུངས་པས། རི་ནག་པོ་དང་དཔལ་གྱི་རི་གཉིས་ཀ་ད་ལྟར་རྒྱ་གར་བ་ལ་ (नागार्जुनिकोन्दा) ནཱ་གཱ་རྫུ་ན་ཀོནྡཱ་འམ་ཀླུ་སྒྲུབ་རི་བོར་གྲགས་པ། རི་བོ་ཕལ་ཆེར་ཆུ་མཛོད་དུ་ནུབ་ཟིན་པ་ཞིག་ཡོད་པ་དེ་ཡིན་ནམ་སྙམ་མོ། །[8]ཞེས་གསལ་ལོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[2] གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ། པོད། ༼༡༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༦ན༡
[3] ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན། ཤིང་དཔར། དཔེ་གཟུགས། ཤོག་གྲངས་ ༩༠ན༤
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༡
[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༣༣༤
[6] Hiuen Tsiang, Records of the western world, chpter x, oriental books Reprint Corporation, 1969/ pp.212.
[7] འཕགས་བོད་པོད་ཕྲེང་། ༼༧༠༽ ཝཱ་ཎ་མཐོ་སློབ། ༢༠༡༠ ལོ། ཤོག་གྲངས་ ༣༥༣
[8] འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཆེན་མོ་ལུང་རིགས་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་ ༡༩༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༣ ནས་ ༢༥༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།