ང༽ སྔོན་གྱི་དཀར་ཆག་ཆེན་མོ་རྣམ་གསུམ།

ང༽ སྔོན་གྱི་དཀར་ཆག་ཆེན་མོ་རྣམ་གསུམ།

 

དེ་ཡང་དཀར་ཆག་ཅེས་པ་ནི། ཕྱི་ལོའི་དུས་རབས་བརྒྱད་པ་ཙམ་ནས་བོད་མི་རང་ཉིད་ཀྱི་སྐད་ཡིག་ནང་ཡོངས་སུ་གྲགས་པའི་ཐ་སྙད་ཆེས་རྙིང་པ་ཞིག་ཡིན་ལ། སྔོན་གྱི་དཀར་ཆག་རྣམ་གསུམ་སྟེ། རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཀར་ཆག་གི་ཐོག་མ་དཀར་ཆག་ལྡན་དཀར་མ་ཕྱི་ལོ་ ༧༦༤ འམ་ ༨༠༠ ལོར་གསར་དུ་བསྒྲིགས་པ་དང་།

དེ་ནས་རིམ་བཞིན་དཀར་ཆག་མཆིམས་ཕུ་མ་དང་། དཀར་ཆག་འཕང་ཐང་མ་གསུམ་རིམ་གྱིས་བྱུང་བ་དེ་དག་ནི་བོད་གངས་ཅན་གྱི་ལྗོངས་ལ་བཀའ་བསྟན་གྱི་དཀར་ཆག་ཐོག་མ་དང་། དཀར་ཆག་གི་ཐོག་མ་ཡང་དེ་དག་ཡིན་པར་གྲགས་སོ།།

དེ་ཡང་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པའི་དཀར་ཆག་འཕང་ཐང་མ་ལས[1]། བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཞིང་ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་བཙན་པོ་ཁྲི་རལ་པ་ཅན་[2]ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན། སྒྲ་སྒྱུར་གྱི་བླ་བན་དྷེ་དཔལ་བརྩེགས་དང་། བན་དྷེ་ཆོས་ཀྱི་སྙིང་པོ་དང༌། ལོ་ཙཱ་བ་བན་དྷེ་དེ་བེན་ཏྲ་དང་། བན་དྷེ་ལྷུན་པོ་ལ་སོགས་པའི་གཡར་སྔར་དྷརྨ་བསྒྱུར་ཞིང་ཞུ་ཆེན་བགྱིས་པའི་མཚན་བྱང་རྙིང་ཞིག་མཆིས་པས་གཞི་བཟུང་སྟེ། སྒོ་སྒོ་ན་མཚན་བྱང་མཆིས་པ་དང་ཡང་གཏུགས། དྷ་རྨར་ཡང་བསྟུན་ནས། དྷ་རྨ་སྡེ་གཅིག་ལ་མཚན་ཉིས་རིམ་དུ་གྱུར་པ་ཡང་ཕྱུང་། སྔར་མ་ཆུད་པ་ཅི་མཆིས་པ་བསྣན་ནས། བོད་ཁམས་སུ་དྷ་རྨ་བསྒྱུར་ཅིང་ཞུ་ཆེན་བགྱིས་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་བླ་དཔེར་བྲིས་པ། ཞེས་དཀར་ཆག་འཕང་ཐང་མའི་སྔ་རོལ་ཏུ་བསྒྱུར་བ་རྣམས་ཀྱི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་པ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། ཞེས་སྔར་གཏན་ལ་མ་ཕབ་པ་འདི་ནས་གཏན་ལ་ཕབ་ནས་དཀར་ཆག་ཏུ་བསྒྲིགས་པར་གསུངས་ལ། དཀར་ཆག་ལྡན་དཀར་མ་ལས་[3]ཀྱང་། བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤླཽ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཞེས་གསུངས་པ་ལྟར་གནའ་རབས་བོད་ཀྱི་དཀར་ཆག་ལ་མཚན་བྱང་དང་། བམ་པོ། ཤླཽ་ཀའི་གྲངས་བཅས་ཆིངས་རིམ་པ་གསུམ་གྱིས་རྒྱས་བཏབ་ཡོད་ཀྱང་། ད་དུང་ཞལ་མི་གསལ་ཞིང་། ཆ་ལག་མ་ཚང་བ་མང་དུ་ཡོད་སྟབས། གནའ་རབས་འཕགས་བོད་ཀྱི་བསྟན་བཅོས་དག་ལ་རྒྱ་རིམ་པ་བདུན་དང་། ཆིངས་རིམ་པ་ལྔས་[4]གཏན་འབེབས་མཛད་ཚུལ་དག་དང་སྒོ་བསྟུན་ཞིང་། དེང་རབས་ཀྱི་དཀར་ཆག་རིག་པའི་འགོད་ལུགས་ཀྱི་རྩ་དོན་བདུན་ཏེ་དཀར་ཆག་གི་ཆིངས་བདུན་ཞེས་པ་སྔར་ལས་ཞལ་གསལ་ལ་ཆ་ལག་ཚང་བ། དེང་གི་དཀར་ཆག་རིག་པའི་འགྲོ་ལུགས་ཀྱི་ཆོས་ཉིད་དང་མཐུན་པར་གནའ་རབས་ཀྱི་དཀར་ཆག་གི་ཆིངས་རིམ་པ་གསུམ་རྨང་གཞིར་མཛད་དེ་ཆིངས་རིམ་པ་བདུན་གསར་གཏོད་མཛད་ཡོད།

དེས་ན། དཀར་ཆག་རིག་པའི་ལག་དེབ་ལས[5]། ནང་པའི་གསུང་རབ་སྤྱིའི་བརྗོད་བྱ་རྗོད་བྱེད་གསུང་པ་པོ་དང་དུས་སོགས་ཀྱི་སྒོ་ནས་དབྱེ་བསྡུའི་སྲོལ་རྒྱུན་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་མཁས་པ་རིམ་བྱོན་གྱིས་དཀར་ཆག་རྣམ་གྲངས་དུ་མ་མཛད་ཡོད་ཅིང་། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་འཇུག་པའི་ཐབས་སུ་གཞུང་ཚན་རྣམས་ཀྱི་སྡེ་ཚན་དབྱེ་འབྱེད་དང་། གཞུང་སོ་སོའི་ས་བཅད་ཞིབ་ཕྲའི་ལམ་སྲོལ་འཛམ་གླིང་གང་དུ་ཡང་མ་དར་བ་ཞིག་བརྒྱ་ཕྲག་དུ་མའི་སྔོན་བོད་གངས་ཅན་གྱི་མཁས་པའི་རྣམ་དཔྱོད་ལས་བྱུང་ཡོད། ཅེས་གསལ་བ་ནི་དོན་ལ་གནས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣

[2] ཡར་ལུངས་ཤར་ཕྱོགས་ཀྱི་ཕོ་བྲང་འཕང་ཐང་ཀ་མེད་ན་བཞུགས་པའི་སྟོན་ཅེས་པའང་སྣང་།

[3] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་ ༡༡༦ པ། ༢༠༠༨ ལོ། ཤོག་གྲངས་ ༧༨༦

[4] ཆིངས་ལྔ་ནི། གཞུང་ཆེན་ཀློག་སྐབས་ཀྱི་ཆིངས་ལྔ་སྟེ། 1) ཁོག་དབུབ་སྟོང་ཐུན་གྱི་ཆིངས་དང་། 2) ས་བཅད་རྣམ་འབྱེད་ཀྱི་ཆིངས། 3) འབྲེལ་བ་འབྲུ་འགྲེལ་གྱི་ཆིངས། 4) བསྡུས་དོན་གྱི་ཆིངས། 5) ལག་ལེན་མན་ངག་གི་ཆིངས་བཅས་སོ།།

[5] དཀར་ཆག་རིག་པའི་ལག་དེབ། ངག་དབང་ཚེ་དཔག་སོགས། སཾདྡྷཱརྠ་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧ ནས་ ༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *