ང༽ འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་ཡི་ཆ་ལུགས།
དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པའི་སརྒ་བཞི་པ་ལས[1]།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །དབུ་མ་ཆེན་པོ་འགྲོ་ལ་གསལ་མཛད་པ། །
དབང་ཕྱུག་བརྒྱད་ལྡན་ཀླུ་སྒྲུབ་སྙིང་པོ་ཞེས། །སྙན་གྲགས་འཇིག་རྟེན་གསུམ་ན་གསལ་དེར་འདུད། །
ཅེས་བསྟོད་ཕྱག་མཛད་ཡུལ་གྱི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་ཡི་ཆ་ལུགས་ནི། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས[2]། འཕགས་པ་ཀླུ་སྒྲུབ་ནི་ཡོངས་སུ་གྲགས་པ་བཞིན་ནམ། ཡང་ན་འདི་ལའང་སྐུ་ཤ་སྔོ་སངས་ཤིན་ཏུ་མཚར་བ། དབུ་ལ་གཙུག་ཏོར་མེད་པ། དགེ་སློང་གི་ཆ་བྱད་སྦྲུལ་མགོའི་གདེངས་ཀ་ཅན་དུ་བྱས་པ་དོན་དང་མཐུན་ཞིང༌། ཅི་སྟེ་མཚན་དཔེ་ཅན་གྱི་སྐུ་ལ་མོས་ན་ནི། དེ་འཇའ་ལུས་ཀྱི་སྐུ་ཡིན་པས་འཁོར་ལོས་བསྒྱུར་བའི་ཆ་བྱད་དུ་བྱས་ཀྱང་ལེགས་པར་མངོན་ནོ། །ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་འབྲི་ཚུལ་ལས་[3]ཀྱང་འདི་དང་མཐུན་པར་གསུངས་ལ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[4]།
མཐའ་གཉིས་སྤངས་པའི་ཆུ་གཏེར་འཇིང་ལ་གནས། །བྱང་ཆུབ་ཡན་ལག་བདུན་[5]གྱི་གདེངས་ཀས་བརྗིད། །
གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་བདག་སྐྱོངས་ཤིག །
ཅེས་གསུངས་ལ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བདེན་གཉིས་གནད་ཀྱི་ཟླ་ཟེར་ལས་[6]ཀྱང་། དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བཱཻ་ཏའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་སྦྲུལ་མགོ་ཅན་གྱི་རྗེ་རིགས་སུ་སྐུ་འཁྲུངས་ཏེ། ཞེས་གསལ་བ་ལྟར། དབུའི་སྟེང་དུ་བྱང་ཆུབ་ཡན་ལག་བདུན་གྱི་མཚོན་དོན་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་པའམ། ཡང་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་དུ་ཀུན་དགའ་ར་བར་ཆོས་གསུངས་པའི་ཚེ། དབུ་ལ་ཉི་འོད་ཕོག་པ་སྒྲིབ་པའི་ཕྱིར་དུ་ཀླུ་རྣམས་ཀྱིས་ལག་འགྲོ་དྲུག་གི་གདེངས་ཀ་ནོར་བུའི་གདུགས་ཕུབ་པ་སྟེ། ཆོས་རྣམ་ཀུན་བཏུས་ལས་[7]ཀྱང་། མཆོད་པའི་བྱེ་བྲག་མཐའ་ཡས་པའི་དབུས་ཀྱི་རིན་པོ་ཆེའི་ཁྲི་དང་སྟན་བཟང་པོ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུ་རིན་པོ་ཆེའི་རྒྱལ་པོའི་མདོག་ལྟ་བུ། དྭངས་ཤིང་དྲི་མ་མེད་པ་ཤིན་ཏུ་ངོ་མཚར་བ། མཚན་དཔེས་བརྒྱན་ཅིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་འཛིན་ཅིང་། ན་བཟའ་ཆོས་གོས་རྣམ་གསུམ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོས་སྦྲུལ་གྱི་གདེངས་ཀ་ཕུལ་བའམ་སྦྲུལ་གྱི་རྣམ་པས་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་སྦྲུལ་གྱི་གདེངས་ཀའི་གྲིབ་མ་ལ་སྐུ་རྒྱབ་བརྟེན་པའོ། །ཞེས་གསལ་ལ། དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[8]། ཀླུ་སྒྲུབ་ཞབས་གུར་གུམ་གྱི་མདོག་ཅན་བུད་མེད་དང་ལྷན་ཅིག་པའོ། །ཞེས་གསུངས་སོ།།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[9]། མགོན་པོ་ཀླུ་སྒྲུབ་ལ་ཆོས་གོས་གསུམ་མཛེས་པར་གསོལ་བ། ཞབས་ཕྱེད་སྐྱིལ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ། ཞལ་དཀྱིལ་དེ་བཞིན་གཤེགས་པའི་ཞལ་དཀྱིལ་དང་ཆ་མཚུངས་པ། གཙུག་ཏོར་ཅུང་ཟད་འཕགས་པ། སྐུ་རྒྱབ་ཏུ་སྦྲུལ་མགོའི་གདེངས་སྐས་མཛེས་པ། ཞེས་གསུངས་པ་ལྟར། སྤྱིར་བོད་ལུགས་ཀྱི་བྲིས་ཆར་སྐུ་མདོག་ཅུང་ཙམ་སྨུག་ལ་དབུ་ཅུང་ཟད་གཡོན་དུ་ཕྱོགས་ཤིང་། ཐབས་ཤེས་གཉིས་ལས་ཤེས་རབ་གཙོ་བོ་དང་། ཟབ་རྒྱས་གཉིས་ལས་ཟབ་པའི་ཆ་གཙོ་བོར་མཛད་དེ་སྟོང་དང་རྟེན་འབྱུང་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བའི་ཟབ་ཆོས་སྟོན་ཅིང་། ཤེར་ཕྱིན་འབུམ་ལ་སོགས་པ་ཀླུ་ཡུལ་ནས་གདན་དྲངས་ཕྱིར་ཀླུའི་རྒྱལ་པོར་ཆོས་སྟོན་པས་ན་ཀླུའི་གདོན་གྱིས་གནོད་པ་སྲུང་བྱེད་དུ་ཀླུའི་རྒྱལ་པོ་འཇོག་པོས་སྦྲུལ་གྱི་གདེངས་ཀ་ཕུལ་བ་བཅས་ཀྱི་མཚོན་བྱེད་དུ་དབུའི་སྟེང་དུ་སྦྲུལ་གྱི་གདེངས་ཀ་དྲུག་གམ་བདུན་གྱིས་བརྒྱན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་ཞིང་། ཕྱག་གཉིས་ཆོས་འཆད་དམ་ཆོས་འཁོར་གྱི་ཕྱག་རྒྱ་མཛད་ཅིང་། ཞབས་གཡོན་བརྐྱངས་པའམ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་པད་ཟླའི་གདན་སྟེང་དུ་བཞུགས་པའི་རྣམ་པ་ཅན་ནོ། །དེ་ཡང་ཆོས་འཁོར་གྱི་ཕྱག་ནི། ཕྱག་གཡས་གཡོན་གྱི་མཐེ་བོང་དང་། མཛུབ་མོ་གཉིས་རྩེ་སྤྲད་པ་ནི། ལམ་ཐབས་ཤེས་གཉིས་ཟུང་དུ་འབྲེལ་བ་མཚོན་ཞིང་། གུང་མོ་དང་། སྲིན་ལག །མཐེའུ་ཆུང་གསུམ་གྱེན་དུ་བསྒྲེངས་པ་དེས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བཞིན་འཁྲིད་པ་མཚོན། ཕྱག་གཉིས་ཁ་སྦྱོར་གྱི་ཚུལ་དུ་མཛད་པ་ནི། གདུལ་བྱ་ལ་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པ་ཇི་ལྟར་འདོམས་པར་མཛད་པ་དེ་ལྟར་རང་ཉིད་ཀྱིས་ཀྱང་ཉམས་བཞེས་སུ་བསྟར་བར་མཛད་པ་མཚོན་པ་བཅས་སོ།།
གཞན་ཡང་གཏེར་ཆེན་རིག་འཛིན་ཉི་མ་ (1931-) མཆོག་གིས་མཛད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་བླ་རྣལ་དག་པའི་མྱུར་ལམ་ལས[10]།
འཛིན་བྲལ་རིག་པ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དུས་གསུམ་རྟོག་བྲལ་མཧཱ་པཎྜི་ཏ༔
ས་གསུམ་ཆེ་དགུ་རྣམས་ཀྱི་ཅོད་པན་རྩེར༔ ལས་བཞིའི་འཕྲིན་ལས་ཡོངས་ལ་དབང་བསྒྱུར་བས༔
ཟབ་མོ་དབུ་མའི་ལྟ་བ་གནད་དུ་བསྣུན༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཀློང་ན་གསལ༔
ཞེས་སོགས་གསུངས་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་དོན་དམ་དུ་མཧཱ་པཎྜི་ཏ་ཡིན་པ་བསྙོན་དུ་མེད་ཀྱང་། པཎ་གྲུབ་གཞན་ལྟར་པཎ་ཞྭ་མ་བཞེས་པ་ནི། སྦྲུལ་མགོའི་གདེངས་ཀས་བྲིས་ན་མ་མཛེས་པའམ། ཡང་ན་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་པཎ་ཞྭ་བཞེས་སྲོལ་མེད་པ་གང་ཡིན་ལ་དཔྱད་དགོས་ལ། པཎ་ཞྭ་དུས་ནམ་ཞིག་ཚུལ་ཇི་ལྟར་དར་འཕེལ་བྱུང་བ་དང་། པཎ་ཞྭའི་མཚོན་དོན་དང་བཞེས་ཚུལ། པཎ་གྲུབ་རྣམས་ཀྱིས་བཞེས་སྲོལ་དང་བཅས་པའི་སྐོར་ལ་དཔྱད་པ་ཟུར་དུ་བྱས་ཡོད་པ་དེར་གཟིགས་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨ན༦
[2] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༩༠
[3] ཏཱ་ར་ནཱ་ཐའི་གསུང་ཐོར་བུ། ༼༣༨༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༨ ལོ། ཤོག་ ༢༧༤
[4] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་ ༦ན༤ ནས་ ༧བ༣ བར་གསལ།
[5] དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ནོ། །བྱང་ཆུབ་ཀྱི་རྒྱུ་བྱེད་པའི་འཕགས་པའི་མཁྱེན་པ་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་ལ། སྦྲུལ་མགོའི་གདེངས་ཀ་བདུན་གྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་མཚོན་པར་གསུངས་སོ།།
[6] བདེན་གཉིས་གནད་ཀྱི་ཟླ་ཟེར། ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ། ༢༠༠༥ ལོ། ཤོག་གྲངས་ ༢༨༨
[7] ཆོས་རྣམ་ཀུན་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༤༤
[8] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༡༩༩༤ ལོ། ཤོག་གྲངས་ ༩༢༦
[9] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༨
[10] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༡༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།