ཁ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།
༡༽ ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏ།
ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏ་མཆོག་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་འཇམ་དབྱངས་རྣམ་སྤྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྙན་གྲགས་ཆེ་བའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞིག་ཡིན་ལ། ཁོང་གི་བསྒྱུར་རྩོམ་ནི། བཀའ་འགྱུར་ལས། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བའི་མདོ་ཤླཽ་ཀ་བརྒྱ་ལྔ་བཅུ་པ་དང་།
འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བའི་མདོ་ཤླཽ་ཀ་བརྒྱ་རྩ་ལྔ་པ། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བའི་མདོ་ཤླཽ་ཀ་ཉིས་བརྒྱ་པ། དགའ་བོ་རབ་ཏུ་བྱུང་བའི་མདོ་ཤླཽ་ཀ་ལྔ་བཅུ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིང་བསྲེལ་ཀྱི་ཟ་མ་ཏོག་གི་གསུངས་སོགས་དང་། བསྟན་འགྱུར་ལས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་པར་བཤད་པའི་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ། རྣམ་པར་བཤད་པའི་རིགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཅུ་པ། རྣམ་པར་བཤད་པའི་རིགས་པའི་བཤད་པ་བམ་པོ་བཅོ་ལྔ་པ། འདི་ལ་ཚིགས་སུ་བཅད་པ་བཞི་སྟོང་ཆིག་བརྒྱ་བཞུགས་སོ། །ལས་གྲུབ་པའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ན་གནས་པའི་དགེ་སློང་བློ་བཟང་ངང་ཚུལ་གྱིས་མཛད་པ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ་སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། ལྷག་པར་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སྟེ་སུམ་བརྒྱ་པ་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་བམ་པོ་བརྒྱད་པ་གཉིས་ལོ་ཙཱ་བ་འདི་ཉིད་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་དུ་བསྒྱུར་བ་སོགས་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།