མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས།

༄༅། །མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས།[1]

 

༼ཕུན་ཚོགས་ཚེ་བརྟན་གྱིས་བསྒྲིགས།༽

 

དང་པོ། རྒྱ་གར་ཤར་ཕྱོགས་བྷང་གྷ་ལའི་ཡུལ་གྱི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པའི་སྐོར།

མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་བོད་ཆུ་རྟ་ (སྤྱི་ལོ་ ༩༨༢) ལོར་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་བྷང་གྷ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར་སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་ཤིན་ཏུ་ཆེ་བའི་ཡབ་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ལ་སྲས་ཆེ་བ་པད་མའི་སྙིང་པོ་དང་འབྲིང་བ་ཟླ་བའི་སྙིང་པོ། ཆུང་བ་དཔལ་གྱི་སྙིང་པོ་བཅས་གསུམ་མངའ་བ་ལས་འབྲིང་བ་ཟླ་བའི་སྙིང་པོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས།

མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པར་གྲགས། རྒྱལ་སྲས་གཞོན་ནུ་དེ་ཉིད་སྐུ་འཁྲུངས་ནས་ཟླ་བ་བཅོ་བརྒྱད་ལོན་པ་ན་ཉེ་འགྲམ་གྱི་གཙུག་ལག་ཁང་བྲི་ཀཱ་མ་ལ་པུ་རིར་ཡབ་ཡུམ་དང་ལྷན་དུ་ཕེབས་པ་ན། ལམ་བར་དུ་གྲོང་ཁྱེར་གྱི་སྐྱེ་བོ་མང་པོས་རྒྱལ་སྲས་གཞོན་ནུ་དེ་མཇལ་བའི་ཕྱིར་ལྷགས་པའི་མི་ཁྲོམ་ཆེན་པོ་གཟིགས་པས། འདི་དག་སུ་ཡིན་ཞེས་ཡབ་ཡུམ་ལ་བཀའ་དྲི་གནང་བར་ཡབ་ཡུམ་གྱིས་འདི་དག་ཁྱོད་ཀྱི་འབངས་འཁོར་ཡིན་ནོ་ཞེས་གསུངས་པས་ཐུགས་སྙིང་རྗེ་ཆེན་པོས་གཟིགས་ཏེ། འདི་དག་བདག་བཞིན་ཕ་མ་ཕུན་སུམ་ཚོགས་ཤིང་། རྒྱལ་སྲིད་མངའ་ཐང་བསོད་ནམས་འབར་བ་ཡིས། མི་དབང་སྲས་ཀྱི་ཐུ་བོར་རབ་བསྐྲུན་ཏེ། ཐམས་ཅད་དམ་པའི་ཆོས་ཀྱིས་འཚོ་བར་ཤོག །ཅེས་གསུང་ངག་སྙན་པོས་གསུངས་པ་ན་དེར་འདུས་སྐྱེ་བོའི་ཚོགས་ཐམས་ཅད་ཤིན་ཏུ་ངོ་མཚར་ཆེ་བར་གྱུར། དེ་ནས་གཙུག་ལག་ཁང་དུ་ཕེབས་པ་ན་ཡབ་ཡུམ་སོགས་གཞན་ཐམས་ཅད་ཀྱིས་ནི་ཚེ་རིང་ཞིང་ནད་མེད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ། ཕྱི་མ་ངན་སོང་དུ་མི་ལྟུང་བ། བདེ་འགྲོར་སྐྱེས་པ་སོགས་ཀྱི་སྨོན་ལམ་བཏབ། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་ནི། བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང་། སྐྱོན་མེད་དབང་པོས་དཀོན་མཆོག་གསུམ་མཐོང་ཞིང་། རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བོར་བླང་། དེ་རིང་ནས་སྐྱབས་གནས་མཛད་དུ་གསོལ། ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། དགེ་འདུན་དབུས་སུ་ཆོས་འབྱོར་ཐོབ་པ་དང་། ང་རྒྱལ་མེད་པར་དཀོན་མཆོག་མཆོད་བྱེད་ཅིང་། སྐྱེ་བོ་ཡོངས་ལ་སྙིང་རྗེ་བལྟ་བར་ཤོག །ཅེས་སྨོན་ལམ་མཛད་དོ། །

དེ་ནས་རིམ་གྱིས་སྐུ་ནར་སོན་ཏེ་དེ་ཡང་“བཀའ་གདམས་གླེགས་བམ་”ལས། དེ་ནས་རྒྱལ་བུས་ལོ་གསུམ་ལོན་པ་ན། རྩིས་དང་ཡི་གེ་སྒྲ་ལ་མཁས་པར་གྱུར། དེ་ནས་རྒྱལ་བུས་ལོ་དྲུག་ལོན་པ་ན། ཕྱི་ནང་གཉིས་ཀྱི་བྱེ་བྲག་ཕྱེད་པར་གྱུར། ཞེས་པ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྤྱི་དང་བྱེ་བྲག་སྒྱུ་རྩལ་སྣ་ཚོགས་པའང་སྦྱངས་ཤིང་། ལྷག་པར་ཚད་མ་རིག་པ་སོགས་སངས་རྒྱས་ཆོས་ལུགས་ལ་སློབ་གཉེར་ལེགས་པར་མཛད། དགུང་ལོ་བཅོ་ལྔར་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་ཞིག་དང་བརྩད་ཅིང་། དེ་ཕམ་པར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར།

དགུང་ལོ་ཉི་ཤུ་ལྷག་ཙམ་ལ་ཕེབས་དུས་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲིད་འཛིན་པའི་རེ་བ་གནང་སྟེ་རྒྱལ་རིགས་ཀྱི་བུ་མོ་མཛེས་མ་ཧ་ཅང་མང་པོ་བདམས་ནས་གཉེན་སྒྲིག་གནང་བར་ཞུས་ཀྱང་གཏན་ནས་ཞལ་བཞེས་མ་གནང་པར་ཐུགས་ཡིད་འབྱུང་སྐྱོ་ཤས་ཀྱི་བསྐུལ་མར་གྱུར། ལྷག་པར་སྒྲོལ་མའི་སྤྲུལ་པ་བུ་མོ་སྔོ་སངས་མ་ཞིག་གིས། ལྷ་གཅིག་མ་ཆགས་མ་ཆགས་སྐལ་བ་ཅན། འདམ་བུའི་ཚལ་དུ་གླང་ཆེན་བྱིང་བ་ལྟར། འདོད་པའི་འདམ་འདིར་དཔའ་བོ་ཁྱོད་བྱིང་ན། ཚུལ་ཁྲིམས་གོས་ཅན་བསྣུབས་པར་མི་འགྱུར་རམ། ཞེས་བསྐུལ་བས། མ་ཆགས་དང་པོ་ཚེ་འདི་དང་། གཉིས་པ་འཁོར་བ། གླང་པོ་ཆེ་སྟོབས་དང་ལྡན་པ་འདམ་རྫབ་ཏུ་བྱིང་ན་དེ་ལས་ཐོན་དཀའ་བའི་དཔེ་ལྟར་བྱང་ཆུབ་སེམས་དཔའ་ཁྱོད་འཁོར་བའི་འདབ་རྫབ་སོགས་ལ་མ་ཆགས་པར་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་པའི་བསྐུལ་མ་མཛད་དོ། །

དེ་ནས་མ་འགྱངས་པར་རྒྱལ་བུ་རྟ་པ་སུམ་ཅུ་བཅས་དམག་གི་ཆས་སུ་ཞུགས་ཏེ་ཐབས་མཁས་ཀྱི་མཛད་པས་རི་བྲག་བསྐོར་བ་ལྟར་མཛད་ནས་དོན་དུ་བླ་མ་འཚོལ་དུ་བྱོན་པས་རི་བྲག་གཅིག་ན་བྲམ་ཟེ་ཛེ་ཏཱ་རི་བཞུགས་པ་དང་མཇལ་ཞིང་། དེས་སྐྱབས་སེམས་གནང་ནས་ནཱ་ལེན་དྲར་སྐྱེ་བ་ཐོག་མ་མེད་པ་ནས་ལས་འབྲེལ་ཡོད་པའི་བླ་མ་བྱང་ཆུབ་བཟང་པོ་བཞུགས་ཡོད་པས་དེར་སོང་གསུངས་སོ། །

དེ་ནས་བྱང་ཆུབ་བཟང་པོ་དང་མཇལ། རིན་པོ་ཆེའི་མཆོད་པས་མཉེས་པར་མཛད། བླ་མས་མཉམ་གཞག་མཛད་ནས་སྒོ་གསུམ་བྱིན་གྱིས་བརླབས་ཤིང་། སེམས་བསྐྱེད་ཀྱི་གདམས་པ་གནང་ནས་འདི་རུ་མ་བཞུགས་བྱང་ཕྱོགས་ན་སྐྱེ་བ་ཐོག་མེད་དུས་ནས་ཕར་གྱུར་པ་བླ་མ་རིག་པའི་ཁུ་བྱུག་ཅེས་བྱ་བ་ཞིག་ཡོད་པ་དེའི་དྲུང་དུ་ཕེབས་དགོས་པའི་ལུང་བསྟན་པ་ལྟར་བླ་མ་རིག་པའི་ཁུ་བྱུག་གི་དྲུང་དུ་བྱོན། དེས་ཀྱང་སེམས་བསྐྱེད་ཀྱི་གདམས་པ་སོགས་གནང་སྟེ་སྔོན་གྱི་བླ་མ་ཨ་དྷུ་ཏི་པ་ལུང་བསྟན་པ་ལྟར་མཇལ་དུ་བྱོན་ཏོ། །

ཡང་ཨ་ཝ་དྷཱུ་ཏི་མཇལ་བ་ན་བླ་མས་བུ་ཁྱོད་དེ་རིང་རྒྱལ་པོའི་ཁབ་ཏུ་སོང་། ཁྱིམ་གྱི་ཉེས་དམིགས་ལྟོས་ལ་ཤོག་གསུངས། དེ་ལྟར་ཕེབས་པ་ན་ཡབ་ཡུམ་དགྱེས་ནས་ཟླ་བའི་སྙིང་པོ་ཁྱོད་ནི་གང་དུ་ཕྱིན། དུབ་པར་མ་གྱུར་རམ། ཤེས་པ་མ་སྐྱོ་འམ། སླེབས་པ་ལེགས། ཞེས་གསུངས་པ་དང་ལན་དུ། ཐུབ་པའི་སྐྱབས་གནས་བླ་མ་འཚོལ་དུ་ཕྱིན། རི་བྲག་དག་ཏུ་དབེན་ནས་འཚོལ་དུ་ཕྱིན། གང་དུ་ཕྱིན་ཀྱང་འཁོར་བའི་ཉེས་དམིགས་མཐོང་། སུ་དང་འགྲོགས་ཀྱང་འཁོར་བའི་ཉེས་དམིགས་བཤད། ཇི་ལྟར་བྱས་ཀྱང་ཤེས་པ་མ་ཕེབས་པས། གོ་སྐབས་ཕྱེ་ཞིག་བདག་ནི་ཆོས་ལ་འགྲོ། ཞེས་གསུངས་པ་དང་། ཡབ་ཡུམ་གྱིས་འཁོར་བས་སྐྱོ་ན་རྒྱལ་སྲིད་བཟུང་ལ་དཀོན་མཆོག་ལ་མཆོད་པ། དབུལ་ཕོངས་ལ་སྦྱིན་པ། གཙུག་ལག་ཁང་བཞེངས་ལ། དགེ་འདུན་སྤྱན་དྲངས་པ་སོགས་བདེ་བར་འགྱུར་ཚུལ་ཞུས་པ་ན། ངེད་ཀྱིས་འཁོར་བ་འདི་ལ་ཆེར་བལྟས་པས། རྒྱལ་སྲིད་ལ་ཆགས་པའི་སྣང་བ་ནི་རྡུལ་ཙམ་ཡང་མི་གདའོ། །གསེར་གྱི་ཕོ་བྲང་དང་བཙོན་ར་ལ་ཁྱད་མེད། བཙུན་མོ་དང་བདུད་ཀྱི་བུ་མོ་ལ་ཁྱད་མེད། ཁ་ཟས་མངར་གསུམ་དང་ཁྱི་ཤ་རྣག་ཁྲག་ལ་ཁྱད་མེད། དར་ཟབ་གོས་རྒྱན་གྱིས་མཛེས་པ་དང་། མི་གཙང་ཁྲོད་དུ་ལྭ་བ་གྱོན་པ་ལ་ཁྱད་པར་ཅུང་ཟད་མི་གདའ་བས་ད་ནགས་སུ་བསམ་གཏན་སྒོམ་དུ་འགྲོ། ཉིན་མ་དེ་རིང་ང་ལ་འོ་མ་དང་སྦྲང་རྩི་བུ་རམ་སོགས་ཉེར་མཁོའི་ཡོ་བྱད་ཅུང་ཞིག་ཐུགས་ལ་ཐོགས། བླ་མ་ཨ་ཝ་དྷུ་ཏི་པའི་དྲུང་དུ་འགྲོ་གསུངས་པ་དང་། ཡབ་ཡུམ་གཉིས་ཀྱིས་གང་འདོད་བྱེད་དུ་གནང་། དེ་ནས་རྟ་པ་འཁོར་གཡོག་ཅུང་བསྡུས་པ་དང་བཅས་མི་མེད་དབེན་པའི་ནགས་ཁྲོད་དུ་གཤེགས་སོ། །

 

གཉིས་པ། ཕྱི་ནང་གི་རིག་གནས་མཐའ་དག་ལ་གསན་བསམ་མཐར་ཕྱིན་མཛད་པའི་སྐོར།

དེ་ནས་རྒྱལ་སྲས་གཞོན་ནུས་དབེན་པའི་ནགས་ཁྲོད་དུ་བླ་མ་ཨ་ཝ་དྷུ་ཏཱི་པའི་ཞབས་ལ་གཏུགས། དེས་ཐེག་ཆེན་སེམས་བསྐྱེད་ཀྱི་དབང་བསྐུར་ཡང་མཛད། བླ་མ་ཨ་ཝ་དྷུ་ཏཱི་པ་ལོ་དགུ་ཙམ་བསྟེན།

ཨ་ཝ་དྷུ་ཏི་པས་རི་ནག་པོའི་གཙུག་ལག་ཁང་དུ་དཔལ་ལྡན་རཱ་ཧུ་ལའི་དྲུང་དུ་སོང་། དེ་ཡང་སྔོན་གྱི་བླ་མ་ཡིན་གསུངས་པ་ལྟར། དེ་ནས་བླ་མ་རཱ་ཧུ་ལའི་དྲུང་དུ་བྱོན་པ་ན། བླ་མས་རྒྱུད་གསུང་གིན་ཡོད་པས་ཚུར་གཟིགས། མཆོག་འདོད་ནས་འོངས་པ་མཁྱེན་ཡང་སྡིགས་ར་བྱ་བའི་ཕྱིར་རྒྱལ་བུའི་སྟེང་དུ་ཐོག་ཅིག་ཕབ་པ་ན། ཐོག་དེ་མུ་སྟེགས་ནག་པོའི་མཆོད་རྟེན་རི་ལ་སོང་། འཁོར་གྱི་རྣལ་འབྱོར་པ་རྣམས་ཀྱིས་བླ་མ་སུ་ཡིན་ཞུས་པས། འདི་སྐྱེ་པ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ་མཁས་པ་པཎ་ཆེན་གྱི་ལུས་ཤ་སྟག་ཏུ་ལེགས་པར་བརྒྱུད་པ། དེང་སང་བྷང་གྷ་ལར་ཆོས་རྒྱལ་དགེ་བའི་དཔལ་གྱི་སྲས་སུ་གྱུར་ཀྱང་། རྒྱལ་སྲིད་ལ་མ་ཆགས་པར། དཀའ་བ་སྤྱོད་པར་འདོད་པ་ཡིན་འདུག་གསུངས་པས་ཀུན་ངོ་མཚར་སྐྱེས་ནས་བཞེངས་ཏེ་བསུ་བ་ཞུས། མཇལ་མ་ཐག་བླ་མ་དམ་པ་གསན་དུ་གསོལ། ཁྱིམ་ནས་བྱུང་སྟེ་ཐར་པ་སྒྲུབ་འདོད་ཀྱང་། འདི་ལྟར་གྲགས་པའི་རིགས་རྒྱུད་ཐོབ་པ་ཡིས། བྷང་གྷ་ལ་རུ་ཁོ་བོ་འཆིང་ཉེན་གདའ། ཛེ་ཏཱ་རི་དང་བྱང་ཆུབ་བཟང་པོ་དང་། རིག་པའི་ཁུ་བྱུག་ཨ་ཝ་དྷཱུ་ཏཱི་པ། དངོས་གྲུབ་བརྙེས་པའི་བླ་མ་བསྟེན་གྱུར་ཀྱང་། ད་དུང་རྒྱལ་སྲིད་གནས་ལས་གྲོལ་མ་གྱུར། ད་ནི་བླ་མ་ཁྱེད་ཀྱི་དྲུང་དུ་བཏང་། བདག་ལ་ཐེག་ཆེན་སེམས་བསྐྱེད་དབང་བསྐུར་གྱིས། ངེས་པར་འཆིང་བ་འདི་ལས་བསྒྲལ་དུ་གསོལ། ཞེས་ཞུས་པས། ཉིན་ཞག་བཅུ་གསུམ་བར་དུ་དགྱེས་བཞིན་དུ་རྒྱལ་བུ་གཅིག་པུ་ལ་དཔལ་ཡི་དམ་དགྱེས་པ་རྡོ་རྗེའི་དབང་བསྐུར་གདམས་ངག་ཚང་བར་གནང་། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། དེ་ནས་བླ་མ་རཱ་ཧུ་ལས། འཇིགས་པའི་གྲུབ་ཐུབ་ཕོ་མོ་གཅེར་བུ་བརྒྱད་ལ་རྒྱལ་བུ་འདིའི་ཕྱི་འབྲང་བྱས་ལ་བྷང་གྷ་ལར་སོང་། ཡབ་རྒྱལ་པོའི་བསམ་པ་བསྒྱུར།

དེ་ནས་རྒྱལ་བུ་འདི་རྒྱལ་སྲིད་ཕྲོལ་ལ་བླ་མ་ཨ་ཝ་དྷཱུ་ཏིའི་དྲུང་དུ་སླར་སྐྱོལ་གསུངས། རྒྱལ་བུས་ཀྱང་དེའི་ཚེ་ཧེ་རུ་ཀའི་ཆས་མཛད་ནས་ཕེབས་པས་ཕོ་བྲང་གི་ཉེ་འཁོར་དུ་སླེབས་པའི་ཚེ། ཀུན་གྱིས་བལྟས་པས་ངོ་ཡང་ཤེས། འཇིགས་པ་ཡང་སྐྱེས། ཟླ་བ་གསུམ་དུ་སྨྱོ་སྤྱོད་བསྐྱངས་པས་རྣལ་འབྱོར་ཕོ་མོ་རྣམས་མཆོད་ཅིང་བརྒྱུགས། ཀུན་གྱིས་རྒྱལ་སྲིད་སྐྱོང་བར་ཁོ་ཐག་བཅད། ཐམས་ཅད་འཕྲེང་ཞིང་རང་སར་མཆི་མ་འབྱིན། ལྷག་པར་དུ་ཡབ་ཀྱི་ཞལ་ནས། ཨེ་མ་བུ་ཁྱོད་ལེགས་པར་བཙས་པའི་ཚེ། ཡ་མཚན་ལྟས་མཐོང་རྒྱལ་སྲིད་སྐྱོང་སྙམ་ནས། དགའ་བའི་སེམས་ཀྱིས་ཡིད་དབང་སོས་པར་གྱུར། ད་ནི་ནགས་ཁྲོད་བསྟེན་བློ་ཇི་ལྟར་ལགས། ཞེས་གསུངས་པ་དང་། རྒྱལ་སྲས་ཀྱིས་དེའི་ལན་དུ། ཅི་གསུང་བདག་གིས་རྒྱལ་སྲིད་བཟུང་གྱུར་ན། ཚེ་འདིར་ཡུད་ཙམ་ཡབ་དང་འགྲོགས་མོད་ཀྱང་། སྐྱེ་བ་གཏན་དུ་ཕ་བུར་མི་ཤེས་ཤིང་། ཕན་གནོད་མེད་ན་ཤིན་ཏུ་མཚང་བ་ཡིན། བདག་གིས་རྒྱལ་སྲིད་ཆེན་པོ་རབ་སྤངས་ནས། ངེས་པར་རྣམ་གྲོལ་བྱང་ཆུབ་ལམ་བསྒྲུབས་ནས། སྐྱེ་བ་གཏན་དུ་དགའ་བདེར་འགྲོགས་སུ་འོང་། དེ་ཕྱིར་བདག་ལ་གོ་སྐབས་བསྩལ་དུ་གསོལ། ཞེས་ཞུས་པ་དང་ཡུམ་གྱི་ཞལ་ནས། ཅི་ཕན་འདི་ཤིན་ཏུ་འཕྲེང་ན་ཡང་། སྐྱེ་རྒུ་ཀུན་ལ་ལས་ཀྱི་འཕེན་པ་གཙོ། སྐྱེས་མཆོག་གང་དུ་བདེ་བར་ཆོས་ལ་ཐོངས། ཕྱིས་ནས་གཏན་དུ་འགྲོགས་པའི་སྨོན་ལམ་འཚོལ། ཞེས་གསུངས་ནས་གནང་བ་བྱིན། དེ་ནས་རྒྱལ་བུས་རྒྱལ་པོའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་མི་ཁྱིམ་འབུམ་ཕྲག་གཅིག་དང་། ཁྲུས་ཀྱི་རྫིང་བུ་སྟོང་ཕྲག་ཉི་ཤུ་རྩ་ལྔ། སྐྱེད་མོས་ཚལ་བདུན་བརྒྱ་ཉི་ཤུ། ཏཱ་ལའི་ལྗོན་ཤིང་སྟོང་ཕྲག་དྲུག །འབངས་ཀྱི་སྐྱེ་བོ་སྟོང་ཕྲག་སོ་ལྔ་དང་། ལྕགས་རི་རིམ་པ་བདུན་གྱིས་བསྐོར་བ། བར་གྱི་ཟམ་པ་སུམ་བརྒྱ་རེ་གསུམ། གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉེར་ལྔ། དབུས་ཀྱི་ཕོ་བྲང་རྒྱ་ཕིབས་བཅུ་གསུམ། ལོངས་སྤྱོད་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་མཉམ་པ་རྣམས་མཆིལ་མའི་ཐལ་བ་བཞིན་དོར་ནས་སང་ཞོགས་པ་ཐོ་རངས་རྣལ་འབྱོར་ཕོ་མོ་རྣམས་དང་ལྷན་ཅིག་ཏུ་མི་མེད་དབེན་པའི་ནགས་ཁྲོད་དུ་སླར་ཡང་བླ་མ་ཨ་ཝ་དྷཱུ་ཏིའི་སར་བྱོན། དབུ་མའི་ཆོས་རྣམས་བསླབ། བླ་སློབ་གཉིས་ཟམ་པ་དོག་མོ་ཡ་ང་བ་ཞིག་ལ་བྱོན་པའི་དུས་བུ་བདག་འཛིན་དང་མ་བྲལ་བར་དུ་ལས་འབྲས་ཕྲ་བ་ལ་ཡང་འཛེམས་ཤིག །པཎྜི་ཏ་དང་ནུས་པ་ཅན་འདི་དང་འདི་འདྲ་བ་ཡང་ལས་འབྲས་ཕྲ་མོ་ལ་མ་འཛེམས་པས་ངན་སོང་གི་སྡུག་བསྔལ་འདི་འདྲ་བ་ཡང་མྱོང་བཞིན་འདུག་གོ་གསུངས་ནས་ལས་འབྲས་ཕྲ་ཞིབ་ཀྱང་བསྟན། གཞན་ཡང་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་ཐུགས་སུ་ཆུད་པར་གྱུར་ཏེ་གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག །ད་ནི་ཚེ་འདི་ལ་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་བྱ་སྙམ་དུ་དགོངས་པ་ན། བླ་མ་རཱ་ཧུ་ལ་གུཔྟ་རྫུ་འཕྲུལ་གྱིས་རྩིག་པ་ལ་ཡང་མ་ཐོགས་པར་ཐལ་བྱུང་དུ་བྱོན་ནས། ཁྱོད་ཀྱིས་སེམས་ཅན་བཞག་ནས་གར་ཆད། རབ་ཏུ་བྱུང་ཞིག་དང་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པར་འདུག་གསུངས། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁར་དངོས་སུ་བྱོན་ནས་ཀྱང་བསྐུལ། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་། མགོན་པོ་བྱམས་པས་ཀྱང་མནལ་ལམ་དུ་རབ་ཏུ་བྱུང་བར་བསྐུལ་ཏེ། ཇོ་བོ་རྗེ་ཉིད་དགུང་ལོ་ཉི་ཤུ་རྩ་དགུ་ལ་ཕེབས་སྐབས་ཕལ་ཆེན་སྡེ་པའི་མཁན་པོ་སྦྱོར་ལམ་བཟོད་པ་ཚུལ་ཁྲིམས་སྲུང་བ་བླ་མ་ཤྲི་ལ་རཀྵི་ཏ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་མཚན་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་ཞེས་གསོལ།

དེ་ནས་བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་ཙམ་བསྟེན་ནས་རིག་གནས་མཐའ་དག་དང་། མདོ་སྔགས་ཀྱི་གསུང་རབ་གདམས་པ་དང་བཅས་པ་ཐམས་ཅད་སྦྱངས། ཁྱད་པར་བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་ཨོ་ཏན་ཏ་པུ་རིར་འདུལ་བ་ལུང་སྡེ་བཞིའི་གནད་ཀུན་བསྡུས་ཤིང་། མངོན་པ་ཀུན་ལས་བཏུས་པའི་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་ཆེན་པོ་དེ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པ་སྦྱངས། སྡེ་པ་བཅོ་བརྒྱད་པོ་སོ་སོའི་སྦྱིན་ལེན་རུང་ཆུ་སོགས་ཕྱག་ལེན་ཕྲ་མོ་མཐའ་དག་མ་འདྲེས་པར་མཁྱེན། གཞན་ཡང་རིག་པའི་གནས་མཐའ་དག་ལ་སྦྱངས་བརྩོན་མཐར་ཕྱིན་མཛད་ཡོད་པ་ནི་འཕགས་པ་འཇམ་དཔལ་གྱིས་མཛད་པའི་སྒྲ་རིག་པའི་བསྟན་བཅོས་ཀ་ལཱ་པ་དང་། ཙནྡྲ་པ། པཱ་ཎི་པ། ཀུན་ཏུ་བཟང་པོ་ལ་སོགས་པའི་བྱཱ་ཀ་ར་ཎ་སྡེ་བརྒྱད་དང་། བྲམ་ཟེ་ནོར་ལྷས་མཛད་པའི་ཚིག་གི་སྒྲོན་མ་ལ་སོགས་པ་སྦྱངས་བརྩོན་ཡོངས་སུ་མཛད།

གཏན་ཚིགས་རིག་པ་ནི་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན། ཞི་བ་ལྷས་མཛད་པའི་དེ་ཁོ་ན་ཉིད་བཏུས་པ་ལ་སོགས་པ་ཐམས་ཅད་ཐུགས་སུ་ཆུད།

གཙུག་ལག་རྩིས་ཀྱི་བསྟན་བཅོས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ལ་རྟེན་པ་དང་། འབྱུང་བ་ཆེན་པོ་བཞི་ལ་རྟེན་པ། རྒྱུ་སྐར་ཉེར་བརྒྱད་ལ་རྟེན་པ། གཟའ་རྟེན་བརྒྱད་ལ་རྟེན་པ་བཅས་ཀྱི་གནས་མ་ལུས་པ་ལ་འགྲན་པའི་ཟླ་བྲལ། དེ་བཞིན་བྲ་བ་དང་། དྲུབ་པ། ལུགས་སུ་བླུགས་པ། རིས་སུ་བྲིས་བ་ལ་སོགས་པའི་བཟོའི་བསྟན་བཅོས་རྣམས་དང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུར་སྨྲ་བ་ལ་སོགས་པའི་བསྟན་བཅོས་ཁག་དང་། བུ་རམ་ཤིང་གི་ལས་ཀྱི་མཐའི་བསྟན་བཅོས། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་སོགས་མ་ལུས་པ་མཁྱེན། ཕྱིས་ཇོ་བོ་རྗེའི་ཞལ་ནས་ཁྱེད་བོད་ལ་བཟོའི་བསྟན་བཅོས་མེད་པས་བཟོ་ཚད་གཅིག་ཏུ་མི་འོང་བ་ཡིན།

ངེད་རྒྱ་གར་ན་བཟོ་ཐམས་ཅད་ལ་བསྟན་བཅོས་ཡོད་པས་ཚད་གཅིག་ལ་འཕྱུགས་མེད་པ་ཡིན་གསུངས། སྨན་དཔྱད་གཞན་ལ་ཕན་པའི་མདོ་དང་། རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ་ལ་སོགས་པ་དང་། དྲང་སྲོང་ལེགས་ཐོབ་ཀྱིས་མཛད་པའི་སྨན་ཡིག་ལེགས་ཐོབ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཡན་ལག་བརྒྱད་པ་ལ་སོགས་པ་ཀུན་ཐུགས་སུ་ཆུད། ཇོ་བོ་རྗེ་ཉིད་ཀྱིས་ཀྱང་འཚོ་བ་སྙིང་པོ་ཞེས་བྱ་བའི་སྨན་གྱི་བསྟན་བཅོས་ཀྱང་མཛད། ཇོ་བོ་རྗེས་བོད་དུ་བྱོན་ནས་ཐུགས་དགོངས་སུ་གསོ་བ་རིག་པ་འདི་བོད་ན་སྨན་མེད་པས་ནུབ་ནས་འགྲོ་ལས་ཆེ་སྙམ་པ་ལ། ཕྱིས་བོད་ཀྱི་རི་ལུང་ཀུན་ཏུ་སྨན་རྩ་མ་ལུས་པར་ཡོད་པ་མཁྱེན་པས་ཇོ་བོས་རྒྱ་གར་གྱི་སྨན་རེ་ལ་བོད་ན་སྨན་རེ་ཅིས་ཀྱང་འདུག་པ་མ་ཟད་བོད་ཀྱི་སྨན་རང་ནུས་པ་ཆེ་བ་ཙམ་འདུག་གསུངས།

གསང་སྔགས་མཐའ་དག་གི་བརྒྱུད་པ་ནི་སློབ་དཔོན་ཀླུ་སྒྲུབ། ཨརྱ་དེ་བ། མ་ཏི་ཙ་ལ། ཏི་ལ་ཡོ་ག །ཙ་ཏི་པ་ལ། མན་ཇུ་ཤྲཱི་བྷ་དྲ། བོ་དྷི་བྷ་དྲ། ཤཱནྟི་པ། ཇོ་བོ་རྗེ་ལ་བརྒྱུད་པ་དང་། མ་རྒྱུད་ཀྱི་བརྒྱུད་པ་ནི་སློབ་དཔོན་ཀླུའི་ས། འདང་གི་བ། ད་རི་ཀ་པ། བྲམ་ཟེ་ཛི་ཏ་རི། དེ་ནས་ཇོ་བོ། གཤིན་རྗེ་གཤེད་ཀྱི་བརྒྱུད་པ་ནི། ཀཱ་མ་ལ་རཀྵི་ཏ། ནག་པོ་ཞབས་ཆེན་པོ། ཇོ་བོ་རྗེ་སྟེ་རྣལ་འབྱོར་པ་ཆེན་པོ་དེ་རྣམས་ཀྱིས་ཡོན་ཏན་མ་ལུས་པ་ཐམས་ཅད་ཇོ་བོ་རྗེ་ལ་ཡོངས་སུ་རྫོགས་པ་ལྡན་ཡོད།

དེ་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤིང་རྟ་ཆེན་པོ་གཉིས་ཀྱི་ལྟ་སྤྱོད་ཀྱི་བརྒྱུད་པ་ཡོངས་སུ་རྫོགས་པ་དང་ལྡན་ཡོད་དེ། སློབ་དཔོན་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཨ་ཝ་དྷུ་ཏི་པ་ཆེ་ཆུང་། ཇོ་བོ་རྗེ་སྟེ་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་རྣམ་པར་དག་པའི་བརྒྱུད་པ་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་དེ་བཞིན་གཤེགས་པའི་གསང་བའི་གནས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པ་སངས་རྒྱས་དང་གཞན་དོན་འཕྲིན་ལས་མཉམ་པ་རྗེ་བཙུན་བྱམས་པ་མགོན་པོ། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་འཐུས་འཕགས་པ་བྱམས་པ་ལས་ཆོས་གསན་ནས་འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་ཆོས་དར་བར་མཛད་པའི་སློབ་དཔོན་ཐོགས་མེད། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་འཁྲུངས་པའི་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པ། ཡི་དམ་གྱི་ལྷས་ཞལ་གཟིགས་ཤིང་འབུམ་སྡེ་བརྒྱད་ཅུ་ཐུགས་ལ་མངའ་བའི་སློབ་དཔོན་དབྱིག་གཉེན། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམ་གྲོལ་སྡེ། བློ་གྲོས་མཆོག་དང་ལྡན་པས་བསྟན་བཅོས་ཀུན་ལ་མཁས་ཤིང་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་བཙུན་པ་གྲོལ་སྡེ། བློ་སྡོམ་པ་གསུམ་དང་ལྡན་ཞིང་བླ་མ་ལ་གུས་པས་གསུང་བཞིན་དུ་སྒྲུབ་པ་མཆོག་གི་སྡེ། དཀའ་བ་དཔག་ཏུ་མེད་པ་བསྒྲུབས་པས་འཁོར་འདས་གཉིས་མེད་དུ་རྟོགས་པ་དུལ་བའི་སྡེ། གྲུབ་པ་བརྙེས་ཤིང་འཕགས་པའི་ཡོན་ཏན་དང་ལྡན་པ་རྣམ་སྣང་མཛད་བཟང་པོ། ལུང་རིགས་གཉིས་ལ་མཁས་ཤིང་བྱམས་པའི་ཐུགས་དང་ལྡན་པ་སེང་གེ་བཟང་པོ། བློའི་དྲི་མ་དང་བྲལ་བ་ཐམས་ཅད་ནམ་མཁའ་ལྟར་ཐུགས་སུ་ཆུད་པ་རིན་ཆེན་སྡེ། བྱང་ཆུབ་སེམས་ཀྱི་བདག་པོ་གསེར་གླིང་པ་བཅས་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཐམས་ཅད་ཇོ་བོ་རྗེར་བུམ་པ་གང་བྱོའི་ཚུལ་དུ་ལྡན་ཡོད་པས་ཐེག་ཆེན་གྱི་སྒོར་ཞུགས་ནས་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་དམ་བཅའ་བརྟན་ཞིང་བྱམས་པ་དང་སྙིང་རྗེས་ཐུགས་རྒྱུད་བརླན་པ། འགྲོ་བ་མཐའ་དག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་པ་དང་བདེ་བའི་དོན་དུ་གཡོ་དང་སྒྱུ་མེད་པར་ལྷག་པའི་བསམ་པ་རྣམ་པར་དག་པ། བྱང་ཆུབ་ཀྱི་སེམས་རྒྱུན་དུ་ཉམས་བཞེས་མཛད་པས་བྱང་ཆུབ་སེམས་དཔའ་ཆེན་པོར་གྱུར་བ། འཁོར་མང་པོ་ལ་བྱམས་དང་སྙིང་རྗེ་ལས་བརྩམས་པའི་ཆོས་ཁོ་ན་གསུངས་པས་གྲུབ་པ་ཐོབ་པ་མང་དུ་བྱུང་བ། སེམས་ཅན་སྡུག་བསྔལ་གྱིས་མནར་བ་གཟིགས་པ་ན་སྤྱན་ཆབ་རང་དབང་མེད་པར་འབྱུང་བ། ཇོ་བོའི་ཞལ་ནས་ཀྱང་ངན་སོང་ཐམས་ཅད་འཇིགས་པ་དང་། སྒྲིབ་པ་ཐམས་ཅད་ལས་སྒྲོལ་ཞིང་། རྫོགས་སངས་གོ་འཕང་གསལ་མཛད་པ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ཞེས་རྟག་ཏུ་གསུངས་པ་བཅས་འཕགས་ཡུལ་གྱི་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་ཏོ། །

 

གསུམ་པ། བླ་མ་གསེར་གླིང་པའི་དྲུང་དུ་བྱང་ཆུབ་སེམས་ཀྱི་གདམས་པ་མ་ལུས་པ་གསན་པའི་སྐོར།

དེ་ལྟར་མདོ་སྔགས་ཀྱི་ཆོས་འཕགས་ཡུལ་དུ་བཞུགས་པ་མཐའ་དག་གསན་ཞིང་ཐུགས་ཉམས་སུ་བཞེས་ནས་མྱུར་དུ་འཚང་རྒྱ་བ་ལ་ལམ་གང་ཞིག་མྱུར་སྙམ་པ་ནར་མར་ཡོད་པ་ན་རི་ནག་པོའི་ཁོང་གསེང་ན་བཞུགས་པའི་བླ་མ་རྭ་ཧུ་ལ་གུཔྟས་མངོན་ཤེས་ཀྱིས་མཁྱེན་ཏེ། དེར་བྱོན་ནས་ཇོ་བོ་རྗེ་ལ་ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་མངོན་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག་ཅེས་གསུངས།

ཡང་རྡོ་རྗེ་གདན་གྱི་ཁོར་ས་ན་ཕར་སྐོར་བ་མཛད་པའི་ཚེ་ལྡེར་བཟོ་གཅིག་གིས་གཅིག་ལ་དྲི་བ་དང་ལན་འདེབས་པའི་ཚུལ་དང་། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་གཅིག་གིས་གཅིག་ལ་དྲི་བའི་ཚུལ་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པསཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། ཅིག་ཤོས་ན་རེ། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས་ནས། བྱང་ཆུབ་ཀྱི་སེམས་སྦྱོང་ཐབས་བཟང་བ་ཞིག་གསུང་གིན་འདུག་པ་ལ། སྐོར་བའི་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་ཐུགས་སུ་ཆུད། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་རྡོ་རྭ་ན་བཞུགས་ཙ་ན། བུད་མེད་རྒན་གཞོན་གཉིས་འདུག་པས་གཞོན་པ་དེ་ལ་རྒན་པ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས་པ་དང་། ཡང་རྡོ་རྗེ་གདན་གྱི་གན་དྷོ་ལར་སྐོར་བ་མཛད་པའི་ཚེ། བྱ་འདབ་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས།

ཡང་རྡོ་རྭ་ཁང་བུ་ལ་བསྐོར་བ་མཛད་པའི་ཚེ། བ་སོ་འོ་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་འདུག་པ་དེའི་ཞལ་ནས། ཇོ་ཀིའི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས། དེ་ནས་ཇོ་བོ་རྗེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་མཐར་ཕྱིན་པའི་ཕྱིར་དེའི་མན་ངག་ཡོངས་སུ་རྫོགས་པ་མངའ་བ་ཞིག་སུ་ལ་ཡོད་སྙམ་རྩད་བཅད་པ་ན། དེའི་ཚེ་བླ་མ་གསེར་གླིང་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདག་པོར་གྲགས་པས་བླ་མ་གསེར་གླིང་པ་ཆེན་པོའི་ཞབས་དྲུང་དུ་བྱང་ཆུབ་སེམས་ཀྱི་གདམས་ངག་རྫོགས་པར་གསན་པའི་ཕྱིར་གསེར་གླིང་དུ་འབྱོན་པར་བཞེད་ནས་གསེར་གླིང་དུ་ཚོང་ལ་འགྲོ་བའི་ཚོང་པ་ལམ་རྒྱུས་ཅན་དང་བཅས་རྒྱ་མཚོ་ལ་གྲུ་གཟིངས་སུ་ཟླ་བ་བཅུ་གསུམ་གྱི་རིང་མཚོའི་སྟེང་དུ་བྱོན་ཏེ་དེའི་ཚེ་བདུད་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་དར་བར་མ་བཟོད་ནས་ཇོ་བོའི་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱེད་པའི་ཕྱིར་མི་མཐུན་པའི་རླུང་བཏང་སྟེ་གྲུ་གཟིངས་ལམ་ལོག་པར་བསྒྱུར་བ་དང་། ཆུ་སྲིན་ཉ་མིད་ཆེན་པོ་རི་ལྟ་བུས་གྲུ་གཟིངས་ཀྱི་མདུན་བཀག་པ་དང་། ནམ་མཁའ་ནས་ཐོག་བབས་པ་སོགས་གནོད་པ་ཆེན་པོ་བྱས་པ་ན། པཎྜི་ཏ་སའི་སྙིང་པོས་ཇོ་བོ་རྗེ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཤུགས་དྲག་ཏུ་བྱས་པས། ཇོ་བོ་རྗེས་གཤེད་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་སྡེ་དཔུང་དང་བཅས་པ་བཏུལ་ཏེ་རིམ་གྱིས་གསེར་གླེང་དུ་ཕེབས།

གླིང་དེའི་སྣེ་ཟིན་པ་ན་སྔར་བོད་ཀྱི་རྒྱལ་པོས་བཞེངས་པའི་བདེ་གཤེགས་མཆོད་རྟེན་གསེར་ལས་གྲུབ་པའི་དྲུང་དུ་གསེར་གླིང་པ་ཆེན་པོའི་སློབ་མ་བསམ་གཏན་པ་འགའ་ཞིག་བཞུགས་པ་དང་མཇལ། དེར་ཞག་བཅུ་བཞིའི་རིང་དཔོན་སློབ་ཚང་མ་ངལ་གསོས་ཤིང་། བསམ་གཏན་པ་དེ་དག་ལ་བླ་མ་གསེར་གླིང་པའི་རྣམ་ཐར་རྩད་གཅོད་ཅིང་བཞུགས། དེ་ལ་བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རིམ་པ་གང་ལ་མཛད་པ་དང་། བརྒྱུད་པའི་ཁུངས་བཙུན་པ་གང་ནས་འདེད་པ་དང་། གཞུང་ལུགས་ཇི་ཙམ་ཞིག་ཐུགས་ལ་མངའ་བ། ལུང་དང་རིག་པའི་མན་ངག་ཇི་ཙམ་གྱི་བདག་པོ་ཡིན་པ། ཐུགས་རྒྱུད་འབྱོངས་པ། རྟོགས་པའི་ཚད་དང་ཡོན་ཏན་ཅི་ཙམ་མངའ་བ། ཐམས་ཅད་བླ་མ་གསེར་གླིང་པའི་སློབ་མ་བསམ་གཏན་པ་ལ་དྲིས་པས། བསམ་གཏན་པ་དག་གིས་ཀྱང་བླ་མའི་རྣམ་པར་ཐར་པ་སྣོན་འཕྲི་མེད་པར་བཤད་པ་ལ་བརྟེན་ནས་ས་ཐོབ་པ་ཙམ་གྱི་དགའ་བ་སྐྱེས།

གསེར་གླིང་པའི་སློབ་མ་བསམ་གཏན་པ་དག་གིས་ཀྱང་ཇོ་བོ་རྗེའི་རྣམ་པར་ཐར་པ་པཎྜི་ཏ་སའི་སྙིང་པོ་ལ་སོགས་པར་དྲིས་པས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་ཇོ་བོའི་སློབ་མ་རྣམས་ཀྱིས་ཇོ་བོ་རྗེ་ཉིད་ཀྱིས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་ལུགས། བླ་མ་དཔག་ཏུ་མེད་པ་བསྟེན་ལུགས། གཙུག་ལུག་ཁང་དཔག་ཏུ་མེད་པའི་བདག་པོ་གནང་ལུགས། ཡོན་ཏན་རྒྱ་ཆེན་པོ་མངའ་ལུགས་སོགས་བཤད་པ་ལ་བརྟེན་ནས་བསམ་གཏན་པ་ཀུན་ན་རེ། འོ་ན་པཎྜི་ཏ་ཆེན་པོ་འདི་རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་ཤྲི་ཛྙཱ་ན་བྱ་བ་ཡོད་ཟེར་བ་འདི་ཅང་མིན་ནམ་ཟེར། སའི་སྙིང་པོས་སྨྲས་པ། རྒྱལ་བ་གཉིས་པར་འཇིག་རྟེན་ཡོངས་ན་གྲགས། ལྔ་བཅུ་རྩ་གཉིས་པཎ་ཆེན་ཡོངས་ཀྱིས་བསྐོར། ཐེག་པ་ཆེ་ཆུང་ཡོངས་ཀྱིས་བསྔགས་པ་དེ། རྒྱ་གར་མཁས་པ་ཆེན་པོར་ཡོངས་སུ་གྲགས་ཞེས་སྨྲས། གསེར་གླིང་པའི་སློབ་མ་བསམ་གཏན་པ་ཀུན་གྱིས་སྨྲས་པ། ས་ཡི་བདག་པོ་གནས་འདིར་ལྷགས་པ་ལེགས། ཐོས་པས་སྙན་པ་མཐོང་བས་སྐྱོ་ན་ཡང་། དེ་རིང་བདག་ཅག་བསོད་ནམས་སྐལ་བར་ལྡན། མཁས་པ་ཆེན་པོ་གཟིངས་ལ་བྱོན་པ་ལེགས། བར་དུ་བདུད་ཀྱིས་དཀྲུགས་པར་མ་གྱུར་རམ། ཉ་མིད་རླུང་གི་བར་ཆད་མ་མཆིས་སམ། ཡུན་རིང་འཚེ་བས་ཉེན་པར་མ་གྱུར་ཏམ་ཞེས་སྨྲས། སའི་སྙིང་པོས་ལན་སྨྲས་པ། ཟླ་བ་བཅུ་གསུམ་གཟིངས་སུ་ཞུགས་ནས་འོངས། དབང་ཕྱུག་ཆེན་པོས་ཉ་མིད་རླུང་དམར་གཡོས། དེ་ནས་གཟིངས་སུ་འོངས་པ་ན། རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། བརྒྱ་དང་ཉེར་ལྔ་འཕོངས་ཤིང་དུབ་པར་གྱུར། མི་མཐུན་ཕྱོགས་རྣམས་བདེན་པའི་ཚིག་གིས་ཞི། ཞེས་གསུངས་པ་དང་། བསམ་གཏན་པ་རྣམས་དགའ་ཞིང་རབ་ཏུ་དགྱེས་ཏེ། ཇོ་བོ་ཆེན་པོའི་ཕྱོགས་གཅིག་ཏུ་འདུག་པའི་དྲུང་དུ་འོངས་ཏེ་གུས་པར་འདི་སྐད་དོ། །

ཁྱེད་ཀྱི་སྙན་པ་རྒྱང་ནས་ཐོས་པ་ན། དགའ་བའི་སེམས་ཀྱིས་མཐོང་ན་ཡིད་སྨོན་ཤོར། ད་འདིར་མཁས་པ་ཆེན་པོ་ལྷགས་པ་ན། ཡེ་ཤེས་མུན་པའི་སྒྲིབ་པ་གནོན་པར་གྱུར། ད་ནི་ལུས་དང་ངག་དང་ཡིད་དག་གིས། རབ་ཏུ་གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཇོ་བོ་རྗེའི་དྲུང་དུ་ཕྱག་འཚལ་བ་དང་། ཇོ་བོ་རྗེས་ཀྱང་སླར་ཁེངས་པ་སྤངས་ཏེ་གུས་པས་ཕྱག་བགྱིས། ཡང་བསམ་གཏན་པ་ཀུན་གྱིས་སྨྲས་པ། སྐྱེས་བུ་དམ་པ་གླིང་འདིར་ལྷགས་པ་ཡི། ཆེད་དུ་བྱ་བ་གང་ལགས་གསུང་དུ་གསོལ། གུས་པས་ཁྱེད་ཀྱི་བྱ་བ་བདག་གིས་བྱས། ཅི་འཚལ་བདག་ལ་ལེགས་པར་བཀའ་སྩལ་ཅིག །ཅེས་ཞུས་པས། ཇོ་བོ་རྗེས། བདག་ནི་གསེར་གླིང་བླ་མའི་དྲུང་དུ་འོངས། དལ་འབྱོར་ལུས་ལ་སྙིང་པོ་ལེན་དུ་འོངས། ཁྱེད་ཅག་མྱུར་དུ་བླ་མའི་དྲུང་དུ་སོང་། ཞུས་ལ་བདག་ལ་འདོད་པའི་སྐབས་དབྱེ་ཞིག །ཅེས་གསུངས་པས་དེ་ནས་བསམ་གཏན་པ་དག་གིས་བླ་མ་གསེར་གླིང་པའི་དྲུང་དུ་མྱུར་བར་ཕྱིན་ཏེ། དེང་སང་རྒྱ་གར་ཤར་ནུབ་གཉིས་ན་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་བྱ་བ་དེ་སློབ་མ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཚོགས་དང་ལྷན་ཅིག་རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་གྱི་བར་དུ་དཀའ་བ་སྤྱད་ནས་བླ་མ་ཁྱེད་ཀྱི་དྲུང་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བོར་གསན་པ་དང་། སྨོན་འཇུག་གི་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཆེད་དུ་ཕེབས་འདུག་ཅེས་གསོལ། བླ་མ་གསེར་གླིང་པ་ཆེན་པོའི་ཞལ་ནས། ས་ཡི་བདག་པོ་བྱོན་པ་ལེགས། དབང་ཕྱུག་ནག་པོ་བརྟུལ་བ་ལེགས། མི་མཐུན་ཕྱོགས་ལས་རྒྱལ་བ་ལེགས། སྙན་པའི་བ་དན་སྒྲོགས་པ་ལེགས། ཉེས་སྐྱོན་མེད་པར་སླེབས་པ་ལེགས། དགེ་སློང་ཐམས་ཅད་ཆོས་གོས་གསོལ། དམ་པ་དེ་ལ་བསུ་བ་བགྱི། ཞེས་གསུངས།

དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་བླ་མ་གསེར་གླིང་པ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཕེབས་པ་ན། བླ་མ་གསེར་གླིང་པས་དགེ་སློང་ཆོས་གོས་རྣམ་གསུམ་ཁ་དོག་མཐུན་པར་གསོལ་བ། ཐམས་ཅད་མཐུན་པར་རིལ་བ་སྤྱི་བླུགས་འཛིན་པ། འཁར་གསིལ་མཛེས་པར་བསྣབས་པ་ཤིན་ཏུ་དང་བ་འདྲེན་པ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་གསེར་གླིང་པས་དྲངས་ནས་དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་དགུ་བཅུ་རྩ་བདུན་གྱིས་རྒྱང་རིང་ནས་བསུ་བའི་ཕྱིར་ནར་གྱིས་བྱུང་བ་གཟིགས་སོ། །

དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ན་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་བ་འདྲེན་ཞིང་ཐུགས་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་ཇོ་བོ་རྗེས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང་། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་རྣམས་ཕྱགས་ལྷམ་འབྲིང་མིག་མ་གསོལ་བ། ཁ་ཆེ་གུར་ཀུམ་གྱིས་ལེགས་པར་ཁ་བསྒྱུར་བའི་ཆོས་གོས་རྣམས་གསུམ་ཕལ་ཆེན་སྡེ་པས་ལེགས་པར་བསྔགས་པ་མཛེས་པར་གསོལ་བ། ཐམས་ཅད་ཀྱང་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་བུག་རྡོལ་མེད་པ་བསྣབས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ་དང་། བསྟན་པའི་བདག་པོས་རབ་ཏུ་བསྔགས་པའི་འཁར་གསིལ་ལ་སོགས་པའི་རྟགས་མཚན་ཐམས་ཅད་ལེགས་པར་ཚང་བ། ཐམས་ཅད་ཀྱང་པཎྜི་ཏའི་དབུ་ཞྭ་ང་རྒྱལ་མེད་པ་གསོལ་བ། རྔ་ཡབ་དཀར་པོ་རེ་ཕྱག་ན་བསྣབས་པ་བརྒྱ་དང་ཉི་ཤུ་རྩ་ལྔ་ཇོ་བོ་རྗེའི་མཇུག་ཏུ་བར་དུ་མི་རེ་ཤོང་ཙམ་དུ་མ་འབྱར་བ། རྒྱང་ཆེས་མ་དྲགས་པ། བར་མ་ཆད་པར་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་བླ་མ་གསེར་གླིང་པ་གང་ན་བཞུགས་པ་དེར་བྱོན་པ་དང་། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་པས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མེ་ཏོག་གི་ཆར་ཕབ། གསེར་གླིང་ན་གནས་པའི་སྐྱེ་བོ་ཐམས་ཅད་བླ་མ་གཉིས་ཀྱི་མཛད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་དད་པ་སྐྱེས་སོ། །དེ་ནས་ཇོ་བོ་རྗེས་བརྐྱངས་ཕྱག་ཤིང་རྩ་བནས་བཅད་པ་ལྟར་བྱས་ནས་རིན་པོ་ཆེའི་བུམ་པའི་ནང་དུ་དངོས་པོ་ཅི་ཡོད་ཕྱི་ནས་གསལ་བ་ཞིག་གསེར་དང་། དངུལ། མུ་ཏིག །
བྱུ་རུ། བཻཌཱུརྱས་བཀང་སྟེ་བླ་མ་གསེར་གླིང་པ་ཆེན་པོའི་ཕྱག་གུ་ཕུལ། བྱང་ཆུབ་སེམས་སྦྱོང་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་རྟེན་འབྲེལ་དུ་འགྲིག །བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པས་ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་དུ་བརྗོད། གསེར་གླིང་པའི་ཞལ་ནས་ཁྱེད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ་ཞེས་གསུངས་ནས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག་ཇོ་བོ་རྗེ་ལ་གནང་།

དེ་ནས་བླ་མའི་གཟིམ་ཁང་དུ་དངུལ་གདུགས་ཅན་གྱི་ནང་དུ་བྱོན། དེར་བླ་མ་གསེར་གླིང་པས་ཀྱང་རྟེན་འབྲེལ་གྱི་ཆེ་བས་ཆོས་ཀྱི་ཐོག་མར་མངོན་པར་རྟོགས་པའི་རྒྱན་མན་ངག་དང་བཅས་པ་ཆོས་ཐུན་བཅོ་ལྔ་ཙམ་གྱིས་ལེགས་པར་བཀྲལ་ནས་བཤད་པར་མཛད། བླ་སློབ་གཉིས་ཤིན་ཏུ་ཐུགས་དག་པར་གྱུར་ནས་དབུ་སྔས་སྦྲེལ་ཏེ་ལོ་བཅུ་གཉིས་ཙམ་གྱི་རིང་ལ་མན་ངག་ཁོལ་དུ་ཕྱུང་བ་ཙམ་མིན་པའི་རྗེ་བཙུན་བྱམས་པ་མགོན་པོ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་ཡུམ་ཤེར་ཕྱིན་གྱི་སྦས་དོན་ཡོངས་སུ་རྫོགས་པ་དང་། རྗེ་བཙུན་འཇམ་དབྱངས་ནས་ཞི་བ་ལྷ་ལ་བརྒྱུད་པའི་བདག་གཞན་བརྗེ་བའི་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཐུན་མོང་མ་ཡིན་པ་ལ་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་དེ་བླ་མའི་ཞབས་དྲུང་དུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་དུ་འཁྲུངས། བླ་མ་གསེར་གླིང་པས་ཀྱང་ཇོ་བོ་རྗེ་བསྟན་པའི་བདག་པོར་མངའ་གསོལ་ཏོ། །

དེ་ནས་བླ་མ་གསེར་གླིང་པས་ཇོ་བོ་རྗེ་ཉིད་བོད་ཁ་བ་ཅན་དུ་བྱོན་ན་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པར་ཕན་ཐོགས་ཆེན་པོ་ཡོང་བར་གཟིགས་ཏེ། ལྷ་གཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་བྱོན་ཅེས་ལུང་བསྟན། དེ་ནས་ཚོང་པ་དང་འགྲོགས་ཏེ་རྒྱ་ར་དུ་ཚུར་བྱོན་ནོ། །

 

བཞི་པ། འཕགས་ཡུལ་དུ་སངས་རྒྱས་ཆོས་ལུགས་ཀྱི་མཛད་པ་སྤེལ་བའི་སྐོར།

ཇོ་བོ་རྗེ་ཉིད་འཕགས་ཡུལ་དུ་བཞུགས་སྐབས་བླ་མ་གསེར་གླིང་པའི་མཚན་གསན་ཚེ་སྤྱི་བོར་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་ཤར་གྱིས་འོང་། ང་ལ་ཡོན་ཏན་དུ་བྱས་པ་བསམ་པ་བཟང་པོ་ཕན་ཙམ་ཞིག་ཡད་པ་འདི་མགོན་པོ་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས། གསེར་གླིང་པའི་སློབ་མ་ཛྙཱ་ན་ཤྲི་མི་ཏྲ་དང་། ཤཱནྟི་པ་དང་རཏྣ་ཀིརྟི་གསུམ་ལ་ཆོས་གང་མངའ་བ་གསན་ཏེ་དེ་གསུམ་ཇོ་བོ་དང་བཞི་ལ་གསེར་གླིང་པའི་བུ་ཆེན་བཞིར་གྲགས། མདོར་ན་ཀུ་སཱ་ལི་ཆེ་ཆུང་ནི་རྫོགས་པའི་སངས་རྒྱས་དང་ཡོན་ཏན་མཉམ་ཞིང་བརྒྱད་པའི་བཀའ་བབས་མཐའ་ཡས་པ་མངའ་ལ་དེའི་ཡོན་ཏན་ཐམས་ཅད་གསེར་གླིང་པ་ལ་མངའ། དེའི་ཡོན་ཏན་ཐམས་ཅད་བུམ་པ་གཅིག་ནས་གཅིག་ཏུ་འབྱོ་བ་ལྟར་ཇོ་བོ་རྗེ་ལ་རྫོགས་ཤིང་། ན་རོ་པ་ལ་བྱིན་གྱིས་རློབ་པར་ཞུས་པས་ངའི་སློབ་མ་ཌོམ་པི་ལ་གསོལ་བ་ཐོབ་ཅིག་དེས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན། དེ་བཙལ་བས་མ་རྙེད། མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས་དགེ་སློང་ཤ་ནའི་གོས་གྱོན་པ་ཅིག་མི་ཤ་ལག་པ་ཞིག་ཟ་ཞིང་བྱུང་། སྦོམ་པོ་མི་འོང་ངམ་བྱས་པས་སངས་རྒྱས་ལ་འཁྲུལ་བ་མངའ་འམ་གསུངས། དེ་ག་ལ་མངའ་བྱས་པས། འོ་ན་ཁྱེད་ཀྱང་ཅིག་འདོད་དམ་གསུངས་ནས་སྲིན་ལག་བཅད་ནས་བྱིན། དེ་ཟོས་པས་རོ་དཔེ་མེད་པ་ཞིག་བྱུང་སྟེ་སྔ་དྲོའི་གཎྜི་ལ་རྡུང་ཐུག་གི་བར་ཏིང་ངེ་འཛིན་བཟང་པོ་ཞིག་འཁྲུངས།

གཞན་ཡང་ལྟ་བ་ལུང་སྟོན་པའི་བླ་མ་ན་རོ་པ། བརྟུལ་ཞུགས་བྱིན་གྱིས་རློབ་པ་ཌོམ་པི་པ། ལས་ཚོགས་བྱིན་རླབས་སྟེན་བ་ལི་ཨཱ་ཙྱ། རྫུ་འཕྲུལ་བྱིན་རླབས་སྟེར་བ་མཁས་པ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བ་བྷུ་ཏ་ཀོ་ཊི། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་པ་མཁས་པ་རྟ་མཆོག །བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པ་ཤཱནྟི་པ། བསྟན་པའི་སྒོ་འབྱེད་བློ་སྦྱོང་གི་རིམ་པ་སྟེར་བ་བླ་མ་གསེར་གླིང་པ་སྟེ་བཀའ་དྲིན་ཆེ་བའི་་བླ་མ་དགུ་དེའི་སྟེང་དུ་བྱང་ཆུབ་བཟང་པོ། ཛེ་ཏ་རི། དྷརྨ་རཀྵི་ཏ་བསྣན་པས་རྩ་བའི་བླ་མ་བཅུ་གཉིས། གཞན་ཡང་ཧ་ར་ནག་པོ། ར་ཧུ་ལ། ན་རོ་པའི་སློབ་མ་མངོན་ཤེས་ཅན་སྟེ་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་གསུམ། ཨ་ཝ་དྷུ་ཏི་པ་དང་ཀ་མ་ལ་རཀྵི་ཏ་སྟེ་ཕྱག་རྒྱ་ཆེན་པོའི་གྲུབ་པ་བརྙེས་པ་གཉིས་བཅས་དེ་ཐམས་ཅད་ཀྱི་ཡོན་ཏ་མ་ལུས་པ་ཇོ་བོ་རྗེ་ལ་མངའ་ཞིང་། འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུང་ཆེ་ཆུང་། ཨ་ཝུ་དྷུ་ཏི་པ་ཆེ་ཆུང་སྟེ་ལྟ་བ་རྣམ་པར་དག་པ་ཟབ་མོ་དབུ་མའི་བརྒྱུད་པ་དང་། བྱམས་པ། ཐོགས་མེད་སྐུ་མཆེད། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་པོ། ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་པོ། ཆུང་བ་རིན་ཆེན་སྡེ། གསེར་གླིང་པ། ཡང་ན་དབྱིག་གཉེན་གྱི་སློབ་མ་སོགས་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བརྒྱུད་པ་ཡོངས་རྫོགས་དང་རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཌོམ་པི་པ་སྟེ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་ཆུ་བུ་གསུམ་ཡོངས་རྫོགས་དང་། མདོ་རྒྱུད་མན་ངག་གི་བཀའ་བབས་བརྗོད་ཀྱིས་མི་ལང་པ་གཅིག་ཏུ་འདུས་པ་སྟེ་བརྒྱུད་པ་དེ་ཐམས་ཅད་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་རྗེ་ལ་མངའོ། །

དེ་བཞིན་ཇོ་བོ་རྗེའི་ཞལ་ནས་ང་ལ་སོ་ཐར་གྱི་སྡོམ་པ་ལ་ཉེས་པས་ཡེ་མ་གོས་བྱར་བཏུབ། བྱང་སྡོམ་ལ་ཉེས་བྱས་སྣ་རེ་ཙམ་འོང་། སྔགས་སྡོམ་ལ་ལྟུང་བ་རེ་གཉིས་འོང་། འོན་ཀྱང་དེ་མ་ཐག་ཏུ་བཤགས་ཏེ་ལྟུང་བ་དང་ཞག་ཏུ་འགྲོགས་མ་མྱོང་གསུངས་ཏེ་བཙུན་པའི་མཐར་ཐུག །ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས། རྡོ་རྗེ་གདན་དུ་བཞུགས་པའི་ཚེ་རབ་བྱུང་ཁཱར་ས་པཱ་ཎི་གཅིག་ལ་སྤོ་འོ་རྨོ་འོ་རྒན་རྒོན་གཉིས་བཅས་མཆོད་པ་ཆེན་པོ་བྱ་བར་ཡོད་པའི་ཚེ་རྒན་པོའི་རྨི་ལམ་དུ་ང་ལ་མཆོད་པ་མ་བྱེད་པར་འདི་ན་དགེ་སློང་དཱི་པཾ་ཀ་ར་ཡོད་པ་ལ་གྱིས་བསོད་ནམས་དེ་ཆེའོ་ཞེས་ལུང་བསྟན།

སྡེ་པ་བཞི་ཀའི་ཁྲོད་དུ་བཙལ་བས་མ་རྙེད། ཁ་སང་མགྲོན་བཙུན་ཞིག་འདུག་པ་དེ་ཡིན་ནམ་ཟེར་ནས་བཙལ་བས་བཞུགས་འདུག་སྟེ་རྡོ་རྗེ་གདན་དུ་དེའི་བསྙེན་བཀུར་བཞེས་ཤིང་བཞུགས། དེའི་ཚེ་དགེ་ཚུལ་ཞིག་གིས་བ་ཅི་གེ་རའི་གླིང་ནས་སྐྱེས་པ་དང་བུད་མེད་ཐམས་ཅད་རང་བཞིན་གྱི་རྣལ་འབྱོར་ཕོ་མོ་ཤ་སྟག་ཡིན་ཟེར་བ་ཐོས་ནས་བལྟར་ཕྱིན་པས་སངས་རྒྱས་བྱོན་ནོ་བཞུད་དོ་ཟེར་ནས་སྨྱོན་པ་འདྲ་བ་མ་གཏོགས་ཡིད་ཆེས་པ་མ་མཐོང་། སུམ་མདོ་ཅིག་ན་ཐམས་ཅད་ལ་ལུང་བསྟན་བྱེད་པ་ཞིག་འདུག་པ་ལ་ཕྱག་ཅིག་ཀྱང་བྱས། ལོག་འོངས་པའི་ལམ་བར་དུ་ཚོང་པ་མང་པོ་ངོ་མཚར་གྱི་གཏམ་གླེང་པ་ལ་དགེ་ཚུལ་དེས་ཟེར་ཚད་མི་བདེན། བ་ཅི་གེ་རའི་གླིང་ན་གྲུབ་ཐོབ་ཤ་སྟག་ཟེར་ནས་ངས་བལྟར་ཕྱིན་པས་མི་བདེན་པ་འདུག་ཟེར། ཀུ་སཱ་ལི་དགེ་བ་བྱ་བའི་རྣལ་འབྱོར་པ་ཞིག་ཚོང་པའི་ཁྲོད་ན་ཡོད་པས་དགེ་ཚུལ་དེའི་ལོག་རྟོག་བསལ་བའི་ཕྱིར་མདུན་དུ་སོང་ནས་སྨྲས་པ། རྣལ་འབྱོར་པ་ནང་ཕན་ཚུན་ཤེས་པ་ཡིན། ཁྱེད་ཀྱིས་མི་ཤེས་དེ་ཐམས་ཅད་རྣལ་འབྱོར་པ་ཤ་སྟག་ཡིན། ཁྱེད་ཀྱིས་བྱས་པ་དེ་ནི་ཚེ་འདི་དོན་དུ་གཉེར་བ་ཡིན་གྱི་རྣལ་འབྱོར་པ་མ་ཡིན། ངས་ཀྱང་དངོས་གྲུབ་ཕྲ་མོ་ཐོབ་ཟེར་ནས་ཀ་པཱ་ལི་ན་མདོ་དང་གསེར་དང་སྤུ་གྲི་འདུག་པས་མངོན་པར་ཤེས་ནས་བཤད་པས་ཡིད་ཆེས་ཏེ་གུས་པ་བྱས་ནས་འགྲོགས་ཏེ་འོངས། ཡུལ་དབུས་ན་གང་ཟག་ཁྱད་པར་ཅན་མི་འདྲ་ཡོད་གསུངས། རྡོ་རྗེ་གདན་ན་ཇོ་བོ་རྗེ་ཨ་ཏི་ཤ་ཞེས་བྱ་བ་བཞུགས་བྱས་པས། རྣལ་འབྱོར་པའི་ཞལ་ནས་སྐྱེས་བུ་དམ་པ་མཐོང་བར་དཀའ་བས་ཞལ་བལྟར་འདོད་གསུངས་ནས་བྱོན། དགེ་ཚུལ་དེས་ཇོ་བོ་རྗེ་ལ་ཞུས་པས། སྐྱེས་བུ་དམ་པ་མཐོང་བ་ནི་དོན་དང་ལྡན་པ་ཡིན་གྱིས་ཞལ་བལྟ་བར་བྱའོ་གསུངས།

རྣལ་འབྱོར་དེ་ཤིང་ནྱ་གྲོ་དྷའི་སྡོང་པོ་ཞིག་གི་རྩ་བར་དེ་ནུབ་ཉལ་བའི་ཤིང་ལོ་འཕྱག་ཅིང་འདུག་པར་བྱོན། རྣལ་འབྱོར་པ་དེས་ཇོ་བོ་རྗེ་ལ་ལུས་ཐམས་ཅད་ས་ལ་ཕབ་སྟེ་འཛམ་བུའི་གླིང་གི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས། ཁོང་རྟེན་ཁྱིམ་པར་བཞུགས་པས་ཇོ་བོ་རྗེས་དངོས་སུ་ཕྱག་མ་མཛད་པར་ཡིད་ཀྱི་ཕྱག་མཛད་དེ་མཁས་པ་བྱ་བ་ཁྱེད་ཡིན་ཏེ་དོན་ལ་མཁས་པ་ཡིན། ང་ནི་ཚིག་ལ་མཁས་པར་ཟད་གསུངས་ནས་མཁས་དང་བྱིས་པ་འབྱེད་པ་ཅེས་བྱ་བའི་བསྟན་བཅོས་བརྩམས། དེའི་ཚེ་ཇོ་བོའི་སློབ་མ་པཎྜི་ཏ་གྲགས་པའི་ཆ་ཞེས་བྱ་བས་རྣལ་འབྱོར་པ་དེ་ལ་མྱུར་དུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་དྲིས་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལ་ཁོང་ཡིད་མ་ཆེས། རྣལ་འབྱོར་པའི་ཞལ་ནས། ཁྱེའུ་གཙང་མ་ཞིག་ཁྲིད་ལ་ཤོག་གསུངས་ཏེ་པྲ་ཕབ་ནས་སྒྲོལ་མ་དང་། རིགས་གསུམ་མགོན་པོ། རྒྱལ་བ་རིགས་ལྔ་སོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྣང་བརྙན་རིམ་པར་བསྟན་ནས་དྲིས་པས་ལན་དེ་ཁོ་ན་བྱུང་བས་གཞི་ནས་ཡིད་ཆེས། དེས་ན་ཆོས་ཟབ་མོ་ལ་ཡིད་ཆེས་པ་ལ་ཚོགས་དཔག་ཏུ་མེད་པ་གསོག་དགོས་པ་ཡིན། ཐེག་པ་ཆེ་ཆུང་ཡང་ལྟ་བས་ཕྱེ་བ་མ་ཡིན། སྙིང་རྗེས་ཕྱེ་བ་ཡིན་གསུངས། རྣལ་འབྱོར་པ་དེ་ལ་པཎྜི་ཏ་ཆེན་པོ་གཞན་ཞིག་གིས་མངོན་པར་ཤེས་པ་འཆར་བའི་ཐབས་དྲིས། གཅིག་གིས་ཚུལ་ཁྲིམས་དག་པའི་རྒྱུ་དྲིས་པས་ཀྱང་བྱང་ཆུབ་ཀྱི་སེམས་ཁོ་ན་སྦྱོངས་ཤིག་གསུངས། དེ་ལྟར་སངས་རྒྱས་གྲུབ་ཐོབ་ཕོ་མོ་དཔག་ཏུ་མེད་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱངས་པས་ཇོ་བོ་རྗེ་ཉིད་ཀྱི་ཐུགས་དགོངས་ལ་ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་བསྐང་བ་དང་། བླ་མ་རྣམས་ཀྱི་གསུང་རྗེས་སུ་སྒྲུབ་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་གཞན་མི་འདུག་པས། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བྱང་ཆུབ་ཀྱི་སེམས་སྦྱང་བ་ལས་འོས་མེད་དོ་སྙམ་པའི་ཐུགས་དགོངས་འཁྲུངས་ནས།

རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་མཛད་ཅིང་བཞུགས་པའི་ཚེ། ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། ཐགས་རྗེ་ཆེན་པོའི་ཞལ་ནས་སྐྱེས་བུ་དམཔ་ལེགས་སོ་ལེགས་སོ། །བྱ་བ་བྱས་སོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱེད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་སུ་ངའི་ཞིང་ཁམས་ཡོད། འཕགས་མ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱེད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན། དེའི་ཚེ་རྒྱལ་པོ་མཧཱ་པཱ་ལས་བྲི་ཀ་མ་ལ་ཤཱི་ལར་སྤྱན་དྲངས་ཏེ་རྩ་བའི་སྡེ་བཞི་པཎྜི་ཏ་ལྔ་བཅུ་རྩ་བདུན་དང་བཅས་པའི་གཙུག་གི་རྒྱན་དུ་གྱུར། ཐམས་ཅད་ཀྱི་ཐེ་ཚོམ་དྲི་བའི་གནས་སུ་བཞུགས་ཤིང་མུ་སྟེགས་པ་མང་པོ་ཚར་བཅད།

བྲི་ཀ་མ་ལ་ཤྲི་ལའི་གཙུག་ལག་ཁང་གི་སྒོའི་གཡས་ན་ཀླུ་སྒྲུབ་དང་གཡོན་ལ་ཇོ་བོ་རྗེ་བྲིས་ཏེ་སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་སྐད། དེའི་ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས། ངོས་གཅིག་ན་པཎྜི་ཏ་རྣམས་བྲིས་ནས་ཡོད་པ་ལ་ཇོ་བོ་རྗེ་གཉིས་ཀ་ན་བྲིས་ནས་ཡོད། དེར་བཞུགས་པའི་དུས་སུ་རྒྱ་གར་ན་པཎྜི་ཏས་ལྡེ་མིག་འཛིན་པས་ཇོ་བོས་ཀྱང་ལྡེ་མིག་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས་དགེ་སློང་ཉི་ཤུའི་སྡེ་ཤས་གཅིག་གིས་གྲྭ་ཡང་བཙུགས། ཇོ་བོས་ཅི་བདེར་སྤྱོར་པ་ཤས་གཅིག་གནས་ནས་ཕྱུང་། ཁྱད་པར་མཻ་ཏྲི་པཎ་ཆེན་རྣལ་འབྱོར་མའི་དམ་རྫས་ཆང་ཞིག་འཁྱེར་བ་གཞན་གྱིས་མཐོང་ནས་འདིས་ཁྱེད་ལ་མི་གནོད་ཀྱང་གཞན་ལ་གནོད་པས་བཞུད་པར་ཞུ་གསུངས་ནས་ཕྱུང་བས་ཉམས་པ་སྒོ་ལ་འགྲོར་མི་བཏུབ་གསུངས་ནས་རྩིག་པ་ལ་མ་ཐོགས་པར་བཞུགས། ཇོ་བོས་ལེགས་སམ་མ་ལེགས་སྙམ་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས་བུ་མ་ལེགས་སོ་ཞེས་པའི་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པ་རྣམ་སྨིན་ཤིན་ཏུ་ཆེ་སྟེ་རི་རབ་ལ་ལན་གསུམ་བསྐོར་བའི་སེམས་ཅན་ཆེན་པོ་ཞིག་ཏུ་སྐྱེས་ཏེ་བྱ་སྣ་ཚོགས་ཀྱིས་ཟ་བར་འགྱུར། བོད་དུ་ཕྱིན་ནས་ཐེག་ཆེན་དར་བ་བྱས། ཉིན་རེ་ལ་ས་ཙྪ་བདུན་རེ་བཏབ་ན་ལས་འབྱང་གསུངས། དོན་ལ་ཇོ་བོ་རྗེ་སེམས་ཅན་གྱི་དོན་ལ་བོད་དུ་འབྱོན་དུ་འཇུག་པའི་བརྡ་ཡིན་གསུངས།

ཡང་ཇོ་བོས་དེའི་སྐོར་བླ་མ་གྷ་པཱ་ལ་ལ་ཞུས་པས་ཁྱེད་ཀྱི་ཕན་སེམས་ཀྱིས་བྱས་པས་ཉེས་པ་ཆུང་སྟེ་འོན་ཀྱང་སྔོན་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཞིག་བོད་ན་རྒྱལ་པོ་བྱེད། ཁྱེད་དེའི་མཆོད་གནས་ལ་འགྲོ་དགོས་པ་འདུག་གསུངས། དེ་ནས་སྲས་ནེརྱ་པཱ་ལས་མ་ག་དྷའི་རྒྱལ་པོ་བྱེད་པའི་ཚེ་དེ་དང་ནུབ་ཕྱོགས་ཀརྞའི་མུ་སྟེགས་ཀྱི་རྒྱལ་པོ་མ་མཐུན་ནས་མུ་སྟེགས་ཀྱི་རྒྱལ་པོས་མ་ག་དྷར་དམག་དྲངས་པས་བཀག་མ་ཐུབ་པར་བྲི་ཀ་མ་ལར་དམག་དྲངས་ཏེ་རབ་བྱུང་བཞི་དགེ་བསྙེན་གཅིག་དང་ལྔ་བསད། ཡོ་བྱད་མང་པོ་ཁྱེར་བའི་ཚེ་ཇོ་བོ་ཐུགས་འཁྲུག་པ་མེད་པར་བྱམས་སྙིང་རྗེའི་ཏིང་ངེ་འཛིན་ལ་བཞུགས་པས་དེའི་མཐུས་ཕྱིས་དམག་ལོག་སྟེ་མུ་སྟེགས་ཀྱི་དམག་ཐམས་ཅད་ཕམ་སྟེ་གསོད་དུ་ཆས་བའི་ཚེ་སྲོག་བསྐྱབས་ནས་བཏང་བས་ཀརྞའི་རྒྱལ་པོ་ཇོ་བོ་རྗེར་དད་པ་ལྷག་པར་སྐྱེས་ཏེ་ནུབ་ཕྱོགས་སུ་སྤྱན་དྲངས་ནས་བསྙེན་བཀུར་རྒྱ་ཆེན་པོ་ཞུས། ཇོ་བོས་ཀྱང་ལམ་བར་ན་ཆུ་བོ་ཆེན་པོ་ཡོད་པ་ལ་ལུས་སྲོག་ལ་མ་འཛེམས་པར་ཡང་ཡང་བརྒལ་ཏེ་ཡོ་བྱད་ཐམས་ཅད་བསྡུམས་ཀྱི་ཕྱིར་བཏང་ནས་རྒྱལ་པོ་གཉིས་ཕན་ཚུན་འཆམ་མཐུན་བསྡུམས་སྒྲིག་ནས་མཛའ་བོར་གྱུར་ཐུབ་པ་བྱུང་ངོ་།།

 

ལྔ་པ། སྟོད་མངའ་རིས་རྒྱལ་པོ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་ཕྱིར་དཀའ་བ་སྤྱད་པའི་སྐོར།

དེ་ཡང་པུར་རྒྱལ་བཙན་པོའི་གདུང་རྒྱུད་བཙན་པོ་གླང་དར་མ་ལ་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་བྱུང་། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་ཡོད་པ་ལས་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སྟོད་དུ་གཤེགས་པའི་དུས་སུ་བློན་པོ་ཞང་པ་ཚབ་རིན་ཆེན་སྡེ་དང་། ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་གཙང་བྱེ་མ་གཡུ་རུང་བར་དུ་བསྐྱལ་ནས་འབྲལ་བའི་དུས་སུ་ངུས་ཏེ་བློན་པོ་ཞང་པ་ཚབ་ཀྱིས་ན་བཟའ་སྤྱང་ཐུལ་ཅིག་ཕུལ། བློན་པོ་ཅོ་རོ་ལེགས་སྒྲ་ལྷ་ལེགས་ཀྱིས་དྲེའུ་ཞིག་ཕུལ་བས། རྒྱལ་པོའི་ཞལ་ནས་ངས་མངའ་རིས་སྟོད་དུ་རྒྱལ་སྲིད་འདྲ་བ་ཟིན་སྲིད་ན་ཁྱེད་གཉིས་བུ་མོ་རེ་ང་ལ་སྦྱིན་དགོས་ཞེས་གསུངས་པས་བློན་པོ་གཉིས་ཀྱིས་ཀྱང་ཁས་བླངས་སོ། །

དེ་ནས་ཡར་བྱོན་པའི་དུས་སུ་མངའ་རིས་པ་རྣམས་ཀྱིས་བོད་ནས་རྒྱལ་པོ་ཞིག་བྱོན་ཞེས་ཐོས་ནས་བསུ་བ་བྱས། རིགས་ནི་སྤྱོད་པས་ཤེས་པར་བྱེད། ཅེས་པས་རྒྱལ་པོ་ཡིན་པར་ཤེས་ནས་རྗེ་བོར་བཟུང་། ཕྱིས་དེ་སྔའི་བློན་པོ་གཉིས་ཀྱིས་ཀྱང་སྔར་ཁས་ལེན་ཞུས་དོན་བཞིན་རང་གི་བུ་མོ་རེ་བཙུན་མོར་ཕུལ། བློན་པོ་པ་ཚབ་ཀྱི་བུ་མོ་ལ་བུ་མ་བྱུང་། བློན་པོ་ཅོ་རོའི་བུ་མོ་ལ་སྲས་གསུམ་བྱུང་བས་བཀྲ་ཤིས་མགོན། དཔལ་གྱི་མགོན། ལྡེ་གཙུག་མགོན་ཏེ་སྟོད་ཀྱི་མགོན་གསུམ་དུ་གྲགས། བཀྲ་ཤིས་མགོན་ལ་པུ་རངས་བྱིན། དཔལ་གྱི་མགོན་ལ་ཞང་ཞུང་བྱིན། ལྡེ་གཙུག་མགོན་ལ་མང་ཡུལ་བྱིན་པས་མངའ་རིས་སྐོར་གསུམ་དུ་གྲགས། ལྷ་བཀྲ་ཤིས་མགོན་ལ་སྲས་གཉིས་བྱུང་བས་མངའ་བདག་འཁོར་རེ་དང་སྲོང་ངེ་ཞེས་བརྗོད། མངའ་བདག་སྲོང་ངེས་གུ་གེ་དང་འཁོར་རེས་པུ་རངས་བཟུང་། སྲོང་ངེ་ལ་སྲས་དེ་བ་རཱ་ཛ་དང་ནཱ་ག་རཱ་ཛ་གཉིས་བྱུང་། འཁོར་རེའི་སྲས་ལྷ་ལྡེ། ལྷ་ལྡེའི་སྲས་མངའ་བདག་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད། ལྷ་བཙུན་པ་བྱང་ཆུབ་འོད་བཅས་གསུམ་བྱུང་། མངའ་བདག་སྲོང་ངེས་རྒྱལ་སྲིད་བསྐྱངས་པའི་དུས་སུ་ཡབ་མེས་ཀྱིས་དམ་ཆོས་དབུ་བརྙེས་སྲོལ་བཏོད་དར་ཞིང་རྒྱས་པར་མཛད་པའི་ཕྱག་བཞེས་རྣམས་གཟིགས་པས། འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཡབ་མེས་ཀྱི་སྲོལ་བསྐྱངས་བར་དགོངས་ཏེ་རྒྱལ་སྲིད་དབོན་པོ་ལྷ་སྡེ་འཁོར་རེའི་སྲས་ལ་གཏད་ནས་ཡབ་སྲས་གསུམ་ག་སྟེ་ཡབ་སྲོང་ངེ་སྲས་དེ་བ་རཱ་ཛ་དང་ནཱ་ག་རཱ་ཛ་བོད་རབ་བྱུང་གོང་ཕྱི་ལོ་ ༡༠༡༦ ལོར་ཡེ་ཤེས་བཟང་པོ་(ལོ་ཆེན་རིན་ཆེན་བཟང་པོའི་རབ་བྱུང་གི་མཁན་པོ་)ལས་རབ་ཏུ་བྱུང་། མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་ཨ་ཀ་ར་ཝརྨ་སོགས་པཎྜི་ཏ་ལྔ་སྤྱན་དྲངས་པའི་ནང་གི་དྷརྨ་པཱ་ལ་ནས་འདུལ་བའི་བཤད་པ་དང་། ལག་ལེན་མཛད་པའི་སློབ་མའི་གཙོ་བོ་ས་དྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་ལ་སོགས་པ་སློབ་མ་མང་དུ་བྱུང་སྟེ་དེ་རྣམས་ལས་བརྒྱུད་པ་ལ་འདུལ་བ་སྟོད་འདུལ་དུ་གྲགས་པ་སོགས་ཀྱི་ཐད་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་ལ་བློན་པོ་མིག་གི་མངོན་ཤེས་དང་ལྡན་པས་ས་འོག་གི་གཏེར་ཐམས་ཅད་མཐོང་བ་ཞིག་ཡོད།

ཕྱིས་རྒྱ་གར་དུ་བསྐུར་བའི་གསེར་ལིང་བ་ཆེན་པོ་དེ་ཡང་བློན་པོ་དེས་ས་འོག་ནས་བཏོན་པར་གྲགས། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་གྱི་རྒྱལ་ཁམས་སུ། རྒྱལ་པོ་འོད་ཀྱི་མཐའ་ཅན་འབྱུང་། བློན་པོ་ནོར་གྱི་མཐའ་ཅན་འབྱུང་། ཅེས་དང་། གངས་ཅན་དུ་ནི་རྒྱལ་པོའི་རིགས། ཡེ་ཤེས་འོད་ཅེས་བྱ་བ་འབྱུང་། ཞེས་ལུང་བསྟན་པ་ལྟར། བོད་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དམ་པའི་ཆོས་ཐེག་པའི་རིམ་པ་མཐའ་དག་གཟིགས་པས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་འགལ་བ་ལྟར་གཟིགས། ལག་ལེན་ཡང་འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད། མདོ་སྔགས་གཉིས་ཚ་གྲང་ལྷར་ཡ་འགལ་དུ་སོང་། རྒྱ་གར་ནས་པཎྜི་ཏར་གྲགས་པ་གསེར་འཚོལ་བ་མང་པོ་བོད་དུ་ལྷགས་ནས་ཆགས་ལམ་དང་ངན་སྔགས་མང་པོས་བོད་ཀྱི་སྐྱེ་བོ་རྣམས་བསླུས་ཏེ་རྒྱལ་བའི་བསྟན་པ་ལ་རྣམ་པར་དག་པ་ཤིན་ཏུ་དར་དཀའ་བ་བྱུང་ནས། བོད་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སུན་འབྱིན་དགོས་པའི་བཀའ་བཅད་མཛད་ཀྱང་རྔོ་མི་ཐོགས། བོད་དུ་བསྟན་པ་རྣམ་དག་ཞིག་དར་བའི་ཕྱིར། ལོ་ཆེན་རིན་ཆེན་བཟང་པོ་སོགས་བོད་ཕྲུག་རིག་པ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་བཏང་བས་གཞན་རྣམས་ཚ་བས་ཤི །ལོ་ཆེན་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་ཆོས་མཁས་པར་མཁྱེན། མདོ་སྔགས་ཀྱི་བཀའ་བསྟན་མང་དུ་བསྒྱུར་ནས་གཏན་ལ་ཕབ། རྒྱ་གར་གྱི་མཁས་པ་ཐམས་ཅད་ཀྱི་མཛད་སྤྱོད་དང་བཞེད་པ་མདོ་སྔགས་ལ་ནང་འགལ་མེད་ཚུལ་རྒྱལ་པོའི་སྙན་དུ་གསོལ།

ད་ལ་ཕན་ཐོགས་པའི་པཎྜི་ཏ་གཞན་ནི་མི་འདུག་བྲི་ཀ་མ་ལ་ཤཱི་ལར་རྒྱལ་རིགས་ལས་ཐར་པར་གཤེགས་པ་དཔལ་མར་མེ་མཛད་ཡེ་ཤེས་བྱ་བ་ཞིག་བཞུགས། དེ་སྤྱན་དྲངས་ན་བོད་ལ་ངེས་པར་ཕན་ཐོགས་ཞེས་ཞུས་པས། རྒྱལ་པོའི་ཐེ་ཚོམ་ཡང་ཆོད། ཁྱད་པར་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་མི་ཕྲོགས་པའི་དད་པ་ཤུགས་དྲག་སྐྱེས་ནས་རྒྱལ་པོའི་ཐུགས་དགོངས་ལ་ཇོ་བོ་དེ་ཅིས་ཀྱང་སྤྱན་འདྲེན་དགོས་སྙམ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་རབ་བྱུང་དང་པོའི་ཤིང་ཁྱི་(༡༠༣༤)ལོར་ཡུལ་གཙང་སྟག་ཚལ་བའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ཞེས་པས་གཙོས་འཁོར་བརྒྱ་ལྷག་ཙམ་དང་བཅས་པར་གསེར་ལིང་བ་སྲང་བཅུ་དྲུག་གིས་སྣ་དྲངས་བའི་གསེར་མང་པོ་དང་བཅས་ཞུ་ཡིག་ཏུ། ཁྱེད་ཀྱི་ཐུགས་རྗེའི་ཕྱོགས་རིས་མི་མངའ་ཞིང་། སངས་རྒྱས་བསྟན་ལ་ཐུགས་ནི་སེམས་བྱེད་ན། ཁ་བ་ཅན་འདིར་སྔོན་གྱི་ཕུན་ཚོགས་ཀྱང་། དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས། དེ་ཡི་སྟོབས་ཀྱིས་བོད་ཀྱི་རྒྱལ་པོ་ང་། མྱ་ངམ་ཐང་ལ་ཚད་པས་གདུང་པ་ན། ཆུ་ཡི་འདུ་བྱེད་ཡིད་ལ་བྱེད་པ་ལྟར། ཉིན་དང་མཚན་དུ་མགོན་པོ་ཁྱེད་བསམ་ན། བདག་ལ་ཐུགས་ཀྱི་བརྩེ་བར་མཛད་དུ་གསོལ། ཞེས་བྲིས་ནས་བསྐུར། རྒྱ་གར་དུ་ཇོ་བོ་རྗེ་སྤྱན་འདྲེན་དུ་བཏང་བས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཀྱང་ལམ་བར་གྱི་དཀའ་ངལ་ལ་མ་འཛེམས་པར་བྲི་ཀ་མ་ལ་ཤྲཱི་ལར་ཕེབས། ཕྱག་བྲིས་དང་གསེར་ལིང་བ་དེ་རྣམས་ཇོ་བོ་རྗེའི་ཕྱག་ཏུ་ཕུལ་ནས་བོད་དུ་བྱོན་པའི་ཞུ་བ་ཕུལ་བས། ཇོ་བོའི་ཞལ་ནས་ང་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ། ང་ལ་གསེར་གྱི་དགོས་པ་མེད། ཡང་ན་རང་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད་པས་ང་མི་འགྲོ་གསུངས་ནས་གསེར་རྣམས་ཚུར་ལ་གཏད། ལོ་ཙཱ་བས་ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ་བཤུམས་པས་ཀྱང་ཞལ་བཞེས་མ་གནང་། དེའི་རིང་ལ་ལོ་ཙཱ་བའི་འཁོར་ཡང་ཕལ་ཆེར་ཚད་པས་ཤི །གསེར་སིལ་མ་ཐམས་ཅད་ཀྱང་བརླག །ཇོ་བོའི་ཞལ་ནས་ཁྱེད་བོད་རྣམས་སྙིང་རེ་རྗེ་གསུངས།

དེ་ནས་ལོ་ཙཱ་བ་རྒྱ་བརྩོན་སེང་ཚུར་བོད་དུ་ལོག་ནས་གསེར་ལིང་བ་དེ་རྒྱལ་པོ་ལ་ཕུལ། ཇོ་བོ་སྤྱན་འདྲེན་མི་ཐུབ་པའི་སྐོར་རྒྱལ་པོའི་སྙན་དུ་གསོལ། དེའི་དུས་སུ་རྒྱ་བརྩོན་སེང་ལ་ནག་ཚོ་ལོ་ཙཱ་བས་ཆོས་མངོན་པའི་བཀའ་ཁྲིད་ཞུས་པས་རྒྱ་བརྩོན་སེང་གིས་ང་སླར་ཡང་རྒྱ་གར་དུ་ལོག་ནས་ཇོ་བོ་རྗེ་ལས་གདམས་པ་ཞུར་འགྲོ་དགོས་པས་ལོང་མེད་གསུངས།

དེ་ནས་རྒྱ་བརྩོན་སེང་འཁོར་ལྔ་དྲུག་ཙམ་དང་བཅས་རྒྱ་གར་དུ་བྱོན། སྐབས་དེར་གར་ལོག་དང་གུ་གེ་གཉིས་མ་འཆམ་པར་འཁྲུགས་པ་བྱུང་སྟབས་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་གཅུང་པོར་སྤྲད་ཟིན་ཀྱང་ཕྱི་པའི་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱིས་ནང་པའི་ཆོས་ལུགས་ལ་འགོག་རྐྱེན་ཡོང་བར་ཐུགས་ཀྱིས་མ་བཟོད་པར་ཁོང་སྐུ་ངོ་མས་སྣེ་འཁྲིད་དེ་གར་ལོག་དང་འཐབ་པས་ཕམ་སྟེ་གར་ལོག་གི་རྒྱལ་པོས་བསྟན་པ་ལ་བྱ་བ་བྱེད་པའི་ཆོས་རྒྱལ་དུ་ཤེས་ནས་ཆོས་བློས་མི་གཏོང་ན། ངས་ཁྱོད་ཀྱི་སྲོག་མི་གཏོང་ཞེས་བཤད་ནས་སྐུ་ལུས་དར་གྱིས་བཅུན་ནས་བསྡམས་བཙོན་དུ་བཅུག །བྱང་ཆུབ་འོད་ཀྱིས་ཁུ་བོ་བཙོན་ནས་འདོན་པའི་ཐབས་སུ་ཕེབས་པ་དང་གར་ལོག་གི་རྒྱལ་པོས་ཁྱེད་རང་ངའི་འོག་ཏུ་ཞུགས། ཡང་ན་གསེར་རྒྱལ་པོ་དང་མཉམ་པ་ཁྱེར་ལ་ཤོག །རྒྱལ་པོ་བཏང་གི་ཟེར་བ་ལ། གསེར་གཏོད་པ་འདམ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་མངའ་རིས་ཁུལ་དུ་གསེར་མང་དུ་བསྒྲུབས། དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་ཡང་ཤམ་ཐབས་ཀྱི་ཁྲལ་བླངས། བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་མོ་ཆེ་ཐེངས་གསུམ་བསྡུས། ཕྱག་རྫས་ཡོད་རྒུ་གསེར་དུ་བསྒྱུར་ཏེ་གསེར་ཕལ་ཆེར་འཛོམ། དེ་དག་འཁྱེར་ཏེ་རྒྱལ་པོ་བསླུས་པས་དབུའི་ཆ་ཙམ་ཞིག་མ་འཛོམ་པས་ཁོས་མ་ཉན། དེ་ནས་ཐབས་གཞན་མ་བྱུང་བར་རྒྱལ་པོ་གང་དུ་བཅུག་པའི་བཙོན་གྱི་སྒོ་དྲུང་དུ་བྱོན། ཁུ་བོ་ཡེ་ཤེས་འོད་ཅེས་བོས་ཏེ། བཀའ་དྲིན་ཆེན་པོ། སྔོན་གྱི་ལས་ཐོག་ཏུ་བབ་པ་ཡིན་པས། ངས་ཁོ་ལ་དམག་རྒྱབ་ནས་བཟློག་ན་ནི་སྐྱེ་བོ་ཚན་པོ་ཆེ་ཕུང་ལ་བཏང་ནས་ངན་སོང་དུ་འགྲོ་དགོས་པར་འདུག །པཎྜི་ཏ་གདན་མ་འདྲེན་པར་ཁྱེད་རང་ངེད་ཀྱི་འོག་ཏུ་ཞུགས་ཟེར་བ་ལ་ནི། ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་བསྡད་པ་ལས། ཁྱེད་ཆོས་ལྡན་དུ་གཤེགས་པ་དྲན་སྙམ་དུ་བསམ།

དེ་ནས་གསེར་ཁྱེད་རང་ཙམ་པ་ཞིག་དགོས་ཟེར་བ་ལ་གསེར་བཙལ་བས། ཁྱེད་ཀྱི་སྐུ་ལུས་དང་མཉམ་པའི་ཚོད་ཙམ་ཞིག་རྙེད། དེ་ལ་ཡང་ཁོས་མ་ཉན་པས་ད་ངས་དབུ་ཙམ་ཞིག་རྙེད་པ་དང་བླུར་འོང་གིས། དེ་བར་དུ་སྔོན་གྱི་ལས་ལ་སེམས་པ་དང་། དཀོན་མཆོག་ལ་གསོལ་བ་འདེབས། སྙིང་པོ་ཆེ་བྲང་འོག་ཏུ་བཅུག་པའི་བསོད་ནམས་མཛད་དགོས་པ་ཡིན། ཞེས་ཞུས་པ་དང་། ཁུ་བོ་ཡེ་ཤེས་འོད་ཀྱིས་བཞད་ཅིག་མཛད་ནས། ཁྱེད་ལའང་གཅེས་ཕྲུག་སྣུམ་ཟད་མའི་བག་ཅིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ཁྱེད་ཀྱིས་མེས་ཀྱི་སྲོལ་སྐྱོང་བར་འདུག །ཁྱེད་ཀྱིས་དེ་གོ་བར་གྱིས། ང་ལ་དེས་ཆོག །ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་སྐྱོན་མེད་ཅིག་མ་ཚུགས་པར་ང་ཤི་ན་མི་རུང་བ་འདུག་སྙམ་པ་ཡིན་ཏེ། ད་ང་ལ་སོ་ཡང་རྒས་ལུས་ཀྱི་རྩ་གོ་ཐམས་ཅད་གར་ལོག་ནས་མེར་བསྲེགས་ཟིན་པས་བཙོན་ཁང་འདི་ནས་ཐོན་ཀྱང་བསྟན་འགྲོའི་དོན་ཡོང་བ་ནི་ཤིན་ཏུ་དཀའ། འདིར་ད་ལན་མ་ཤི་ཡང་ཚེ་ལོ་བཅུ་ཙམ་ལས་མེད། དེ་ཙམ་གྱི་ཕྱིར་གསེར་མང་པོ་བཏང་ཡང་དཀོན་མཆོག་ཐུགས་ཁྲེལ། སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཀྱི་ཕྱིར་ཤི་ན་ལེགས་པ་ཡིན་པས་རྒྱལ་པོ་འདི་ལ་གསེར་སེ་བ་ར་ཏི་གཅིག་ཀྱང་མ་སྟེར། གསེར་ང་རང་ཙམ་རྙེད་པ་ཤིན་ཏུ་རྔམས་ཆེན། ད་མགོ་བོ་ཙམ་པ་ག་ན་རྙེད། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་དུང་ཇོ་བོ་པཎྜི་ཏ་དེ་གདན་ཅི་འདྲོངས་གྱིས། དེའི་སྙན་དུ་ཡང་། ང་ན་རེ་ངས་ཁྱེད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་ལུས་སྲོག་གར་ལོག་རྒྱལ་པོ་ལ་བྱིན་ཡོད་པས་ཚེ་རབས་ཐམས་ཅད་དུ་བདག་ལ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས་དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདིའི་འོག་རོལ་ཏུ་ཁྱེད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངའི་འཕྲིན་འདི་སྐྱེལ་མཛོད་ཅིག །ཁྱེད་ཀྱིས་ངའི་ཡབ་མེས་ཀྱིས་བཀའ་གཙིགས་མཛད་པའི་ཆོས་བཟང་པོ་རྣམས་གསོས། མི་ཉམས་པ་རྣམས་གོང་དུ་གྱིས་ལ། ལྷ་ས་དང་། བསམ་ཡས། མཐོ་ལྡིང་སོགས་ལ་མཆོད་པ་ཆེན་པོ་གྱིས། དེ་ལྟར་བྱས་ན་ངའི་གློ་བ་དེས་ཚིམས་པས་ཁྱེད་ཀྱིས་ངའི་དྲུང་དུ་དམ་བཅའ་མཛོད། དེ་ལྟར་ལགས་པས་ང་བློས་ཐོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས། དེ་ལྟར་ཁུ་བོ་དེ་ལུས་ཀྱི་སྟོབས་ཤོར། གསུང་གི་གདངས་ཆག །ཤིན་ཏུ་ཉམ་ཐག་པར་གྱུར་ནའང་། ད་དུང་བོད་ཀྱི་སེམས་ཅན་དང་། སངས་རྒྱས་ཀྱི་བསྟན་པ། ཇོ་བོ་འབའ་ཞིག་ཐུགས་ལ་བཅངས་པའི་སྙིང་སྟོབས་ལ་ཡིད་ཆེས་ཏེ་འབྲལ་མི་ཕོད་བཞིན་དུ་ཕྱིར་བྱོན་ནོ། །

དེ་ནས་རིང་པོར་མ་ལོན་པར་སེམས་བསྐྱེད་རླབས་པོ་ཆེའི་ཏུགས་སྨོན་མཚམས་སྦྱོར་དང་བཅས་དགུང་ལོ་བདུན་ཅུའི་ཡས་མས་སུ་སྐུ་གཤེགས། རྗེས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སྐུ་གདུང་དེ་ཐོག་མར་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་གདན་དྲངས་ནས་གདུང་རྟེན་དང་བཅས་ཏེ་བཞུགས་སུ་གསོལ། ཇོ་བོ་རྗེ་མཐོ་ལྡིང་ལྷ་ཁང་དུ་བཞུགས་སྐབས་ཐུགས་སྨོན་མཚམས་སྦྱོར་དང་རབ་གནས་མང་པོ་མཛད། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་གོར་བོད་སྡེ་གཟར་སྐབས་གོར་ཥས་བོད་ལ་བཙན་འཛུལ་བྱས་ཏེ་དགོན་པ་ལྷ་ཁང་མང་པོ་གཏོར་ནས་སྐུ་གདུང་དེ་དང་རྫོང་དགའ་ཆོས་སྡེ་ནས་གྱར་སྟབས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རྩེ་ཕོ་བྲང་དུ་གདན་དྲངས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གསེར་གདུང་བཀྲ་ཤིས་འོད་འབར་གྱི་གཡས་ཕྱོགས་སུ་བཞུགས་སུ་གསོལ། སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་གདུང་དེར་དངུལ་ལ་གསེར་སྦྱང་གི་སྒོ་ཁྱིམ་ཅན་གསར་སྐྲུན་ཉམས་གསོ་མཛད་དེ་ད་ལྟ་ཡང་ཕོ་བྲང་པོ་ཏ་ལར་བཞུགས་བཞིན་ཡོད།

 

དྲུག་པ། སྟོད་མངའ་རིས་ཀྱི་རྒྱལ་པོ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་སྐོར།

དེ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སྙིང་རུས་བསྐྱེད་དེ་ཁུ་བོ་ཡེ་ཤེས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱ་བ་དང་། བོད་འདིར་ཡང་ཨ་ཙ་ར་དམར་པོ་དང་། པཎྜི་ཏར་གྲགས་པ་ཤམ་ཐབས་སྔོན་པོ་ཅན་དང་། ཨར་ཚོ་བནྡེ་བཅོ་བརྒྱད་སོགས་ཀྱིས་གསང་སྔགས་ལ་བསྙད་པའི་རྩིང་ཆོས་མང་དུ་བྱུང་བ་རྣམས་ཐབས་ཀྱིས་བསྣུབ་པའི་ཕྱིར་དུ་ཇོ་བོ་སྤྱན་འདྲེན་པའི་བང་མི་སུ་འོས་དཀོན་མཆོག་ལ་གསོལ་བ་བཏབ་པ་དང་མོ་རྩིས་ཅི་མཛད་ཀྱང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་བབས། དེ་དུས་ལོ་ཙཱ་བ་མངའ་རིས་གུང་ཐང་གསེར་གྱི་ལྷ་ཁང་དུ་སྟན་ལ་བློ་ཕབ་སྟེ་བཞུགས་མུས་ནས་རྒྱལ་པོས་མངའ་རིས་སུ་འབོད་པར་མཛད། རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་རང་གི་བཞུགས་ཁྲིའི་སྟེང་དུ་ལོ་ཙཱ་བ་བཞག་ནས་བསྙེན་བཀུར་དང་། མཁས་བཙུན་བཟང་གསུམ་གྱི་ཆེ་བསྟོད་མཛད་ནས། ཕ་མེས་རྒྱལ་བློན་གོང་མ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པ་ཡིན་ལ། དུས་དེང་སང་སངས་རྒྱས་ཀྱི་བསྟན་པ་ཉམས་སྨད། བདུད་རིགས་ཀྱི་སེམས་ཅན་ཁ་རྒྱལ། མཁས་པ་ཐམས་ཅད་གཤེགས་ནས་ཤེས་པ་སྐྱོ་བར་བྱུང་བས། ངེད་ཁུ་དབོན་གཉིས་ཀྱིས་མི་དང་གསེར་མང་པོ་རྒྱ་གར་དུ་བཏང་ཡང་། མི་ཤི་ནོར་གྲོན་ཆེ་བ་ལས་ཇོ་བོ་གདན་མ་འདྲོངས། ལྷ་བླ་མ་ཡེ་ཤེས་འོད་ཀྱང་རྒྱལ་པོ་ངན་པས་བཙོན་དུ་བཟུང་སྐུ་སྲོག་ཀྱང་བློས་བཏང་། དེ་ལྟར་ངེད་བོད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་ཀྱང་དེ་འདྲ་ན། ཁྱེད་འགྲོ་བའི་སྐབས་གནས་ཐུགས་རྗེ་ཅན་ཅི་ཙུག་སོང་ཞེས་འུ་ཐུག་གིས་ཞུས་ཤིག །འདི་ན་གསེར་སྲང་བདུན་བརྒྱ་ཡོད་པས་འདི་ཕར་ཁྱེར་ལ་ཇོ་བོའི་ཕྱག་ཏུ་ཕུལ། ངེད་བོད་པྲེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན་གསེར་ལུག་ཤིག་ཙམ་པ་རེ་ལའང་དཀའ་ལས་ཆེན་པོ་ཡོད་པ་ལ། ད་འདིས་བོད་ཀྱི་མི་ནོར་ཐམས་ཅད་ཡོངས་སུ་རྫོགས་ནས་འདུག་ལགས་ཀྱི། ད་རེས་འདི་ལ་མགོན་པོ་བོད་དུ་མ་བྱོན་ན་ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་ཡང་དེ་ལྟར་ཟད་པས། ངེད་ཀྱང་བྱ་བ་ཅི་བདེར་སྤྱད་པར་བགྱི། ཞེས་ཁྱེད་འདུལ་བ་འཛིན་པས་ལོ་རྒྱུས་འདི་རྣམས་ཇོ་བོ་རྗེ་ལ་དངོས་སུ་ཞུས་པའི་མཇུག་ཐ་ལ་འབྱོན་པར་མ་བཞེད་ནའང་སྙན་དུ་ཐེབས་པ་ཞིག་ངེས་པར་མཛོད་གསུངས་ནས། སྤྱན་ཆབ་ཀྱིས་པང་ཁེབས་དང་ལྕོག་རྩེ་བང་ཙམ་དུ་བཤུམས་པ་ན། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རང་ཡང་སྔར་ས་མཐའ་མང་པོ་བགྲོད་མ་མྱོང་བ་དང་བཅས་ཕེབས་སྙམ་པ་ཆེར་མེད་ཀྱང་ཡིན་མིན་གྱི་ཚིག་ཟུར་ཙམ་ཡང་ཞུ་མ་ནུས། ལྷ་བཙུན་བྱང་ཆུབ་འོད་ཀྱི་གསུངས་དེ་རྣམས་ཤིན་ཏུ་བདེན་པ་དང་ལྷ་བླ་མ་ཡེ་ཤེས་འོད་དེ་མ་མཇལ་ཡང་རྣམ་པ་དྲན་པ་དང་། ཁོང་ཁུ་དབོན་གྱི་མི་ནོར་མང་པོ་ཟད་པ་དེ་རྒྱུས་ཡོད་པ་དང་། བོད་ཀྱི་དོན་དུ་ཁུ་དབོན་གཉིས་སྡུག་ཆེ་བ་དང་། རང་རེ་སྐྱིད་ཆེ་བ་དང་། ལྷ་བཙུན་མི་ཆེན་གཅིག་གིས་བཤུམས་ཤིང་གསུང་བྱོན་པའི་སྟོབས་ཀྱིས་ལུས་འདར། གདོང་མཆི་མས་གང་སྟེ་ལྷ་བཙུན་པའི་ཞལ་ལ་ཡང་བལྟ་མ་ནུས་པར་ལུས་སྲོག་གི་དཀའ་ཚེགས་དང་། མི་འདིའི་བདེ་སྐྱིད་གང་ལའང་མ་ཆགས་པར་ལན་དུ་འོ་ལགས་སོ་ཞེས་ཞུས་ནས།

ནག་ཚོ་ལོ་ཙཱ་བ་འཁོར་བཅས་བདུན་གྱིས་གསེར་ལིང་བ་དེ་དང་གསེར་སྲང་བདུན་བརྒྱ་ཁུར་ཏེ་རྒྱ་གར་གྱི་ལམ་ལ་ཞུགས། ལྷ་བཙུན་པས་ཀྱང་ཐག་རིང་པོར་སྐྱེལ་ཐུང་མཛད་དེ་དགེ་སློང་ཁྱོད་ཀྱིས་ངའི་ཕྱོགས་ཀྱི་བྱ་བ་བྱས། ད་རེས་དཀའ་བ་ཆེ་ནའང་ཕར་བྱོན་ལ་འབད་བརྩོན་ཆེན་པོས་ལུས་དང་སྲོག་ལ་བསྡོས། ཕྱིས་འཁོར་ནས་བྱས་ཤེས་དྲིན་དུ་གཟོ་བྱར་བྱ། ཞེས་གསུངས་ནས་རྒྱང་ཙམ་སླེབས་པ་ན་སླར་ཡང་སྐད་བཏང་ནས། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཤིང་གཤེགས་པར་ཞུ་གསུངས། དེ་ནས་ནག་ཚོ་ལོ་ཙཱ་བ་འཁོར་བཅས་རྣམས་བལ་པོ་རྫོང་ལ་ཕེབས་ཙ་ན་མི་རེང་གཅིག་དང་ཕྲད་པས། ཁྱོད་ཡུལ་ས་ཐག་རིང་པོར་དོན་ཆེན་པོར་འགྲོ་བ་སྣང་བས། འདི་སྐད་ཟེར་ཞིང་སོང་དང་དོན་གྲུབ་ནས་འོང་གི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ་དུས་གསུམ་གྱི་སངས་རྒྱས་ཀྱི་འབྱུང་གནས་དམ་པའི་ཆོས་འཕེལ་བར་གྱུར་ཅིག །ཅེས་ཟེར་ཞིང་སོང་དང་། ལམ་དུ་ཉེ་ཞོ་མི་འབྱུང་བ་ཡིན་གྱི་ཟེར་བ་ལ། ཁྱོད་སུ་ལགས་བྱས་པས། རིམ་གྱིས་ཤེས་པར་འགྱུར་ཟེར།

དེ་ནས་ནག་ཚོ་ལོ་ཙཱ་བ་འཁོར་བཅས་ལམ་བར་དུ་འཇིགས་པ་མང་དུ་བྱུང་བ་རྣམས་འབྲོམ་རང་ཉིད་ཀྱི་སྤྲུལ་པའི་རྣམ་པ་མང་པོས་བསལ་ཏེ་རིམ་གྱིས་ཆུ་མོ་གང་གའི་འགྲམ་གྱི་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་སྒོ་འཕྱོར་འོག་ཏུ་བྱོན། ཁ་འདོན་བྱས་པས་དེར་རྒྱ་བརྩོན་འགྲུས་སེང་གེས་བོད་ཀྱི་སྐད་གོ་ནས་སྒོའི་སྟེང་གི་སྒེའུ་ཁུང་གཅིག་ནས་མར་བོད་ཀྱི་ཚེ་དང་ལྡན་པ་ཀུན་གང་ནས་བྱོན་ཟེར།

ངེད་མངའ་རིས་སྟོད་ནས་འོངས་པ་ཡིན་བྱས་པས། དེ་ན་སྒོ་སྲུང་བྱིས་པ་གཅིག་ཡོད་པ་དེ་ལ་ཁྱོད་རང་ཚོའི་ཁུར་པོ་ཀུན་བཅོལ་ལ་སྐྱིབས་ཤིག་ཏུ་ངལ་གསོ་ནས་སྡོད། སྐྱ་རེངས་གཉིས་པའི་མཇུག་ཙམ་ལ་སྒོ་འབྱེད་པ་ཡོང་གསུངས། དེ་ནས་སྒོ་སྲུང་བྱིས་པ་དེ་ལ་གསེར་རྣམས་བཅོལ་བས། དེས་གསེར་རྣམས་ཕུག་ཅིག་ཏུ་བཞག་ནས། བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། ཁྱེད་རང་རྣམས་བློ་བདེ་བར་གཟིམ་ཟེར་བ་ལ། ཆུང་ཆུང་འདིའི་ཁ་ནས་འདི་འདྲ་ཡོང་བ་གང་ཟག་ཐ་མལ་པ་རང་མིན་ནམ་སྙམ་ནས་སེམས་བག་ཕེབས་པ་བྱུང་། སང་ཞོགས་པ་སྒོ་ཕྱེ་མ་ཐག་ཏུ་བྱིས་པ་གཞོན་ནུ་ཞྭ་སྤྱི་རིང་དང་འབྲོག་སྣམ་གྱི་གོས་ཉིས་བརྩེགས་གྱོན་པ་ཕོར་ཆུང་ཁྱེར་བ་གཅིག་བྱུང་ནས། ཁྱེད་བོད་རྣམས་གང་ནས་བྱོན། ལམ་དུ་འཇིགས་པའི་སྐྱོན་མི་བྱུང་ངམ་ཟེར་ནས་བོད་ཀྱི་འབྲོག་པའི་སྐད་དུ་ལྷང་ལྷང་བྱུང་བས་སྐྱོ་བ་སངས་པ་འདྲ་བྱུང་། ངེད་མངའ་རིས་སྟོད་དང་འོངས། ལམ་འཇམ་པར་བྱུང་། ཁྱོད་སུ་ཡིན། གར་འགྲོ་བྱས་པས། དེས་ང་ཡང་བོད་པ་ཡིན། བོད་དུ་འགྲོ་འོ་ཅག་བོད་ཁ་མང་ལ་གཏིང་ལྷོད་གཏམ་འཚང་ཅན་སྦེད་མི་ཤེས། བྱ་བ་གལ་ཆེན་གསང་ནས་སྒྲུབ་དགོས་པ་ཡིན། རྒྱ་བརྩོན་འགྲུས་སེང་གེ་བོད་ཀྱི་སྤྱི་ཁང་ན་བཞུགས་ཡོད་པས་དེར་རྩད་བཅད་ན་ཡོང་ཟེར་ནས་ཡུད་ཀྱིས་སོང་། དེ་ནས་སྲང་ལམ་རིང་པོ་ཞིག་ཏུ་ཞུགས་ནས་ཕེབས་པས། དྲང་སྲོང་རྒད་པོ་ཆུ་ཤིང་གི་འཁར་བ་ཐོགས་པ་ཞིག་དང་འཕྲད་དེ། ཁྱེད་གང་ནས་བྱོན། ཅི་བྱེད་དུ་འགྲོ་སོགས་དྲིས་པས། ངེད་བོད་མངའ་རིས་སྟོད་ནས་ཇོ་བོ་ཨ་ཏ་ཤ་སྤྱན་འདྲེན་དུ་འོངས། རྒྱ་བརྩོན་སེང་གི་ཁང་པ་གང་ན་ཡོད་བྱས་པས། ཁོ་འཁར་བ་ལ་བརྟེན་ནས་མིག་བཙུམ་ཙམ་ཞིག་བྱས་ཏེ། ད་ནངས་ཀྱི་བྱིས་པ་དེ་བདེན། བོད་ཀྱི་མི་ལ་གཏམ་གསང་བ་མེད་པས་སྲང་ལམ་གྱི་འཁྱམས་པོ་ཚུན་ཆད་ལའང་སྙིང་གཏམ་འཆད་པ་ཁྱོད་ཀྱིས་དོན་འགྲུབ་ཏུ་རེ་བ་ཨང་། ད་རེས་ངའི་རྩདར་བཤད་པ་དྲག །ད་ཇོ་བོ་མིན་པ་གཞན་གྱི་རྩར་མ་བཤད། སྒོ་ངས་བསྟན་ཟེར་ནས་ཁོའི་རྗེས་ལ་བྱོན་པས། ཁོ་ག་ལེར་སོང་བའི་རྗེས་ལ་ནག་ཚོ་མགྱོགས་པོས་མ་སླེབས། ཁོ་བོད་ཀྱི་སྤྱི་ཁང་གི་སྒོ་ཕུག་ན་སྒུགས་ནས་བསྡད་དེ་བྱ་བ་ཆེན་པོ་གྲུབ་པ་ལ་ག་ལེར་བྱེད་དགོས་པ་ཡིན། ཁང་པ་འདི་ཡིན་ཟེར།

དེ་ནས་ནང་དུ་བྱོན། ལོ་ཙཱ་བ་རྒྱ་བརྩོན་སེང་ལ་གསེར་གྱི་ཕྱག་རྟེན་ཕུལ་ཏེ་མཇལ་བས། ཁོང་གིས་ཁྱེད་རྣམས་ཕྱོགས་གང་ནས་བྱོན་གསུངས་པ་ལ་ལོ་རྒྱུས་རྣམས་ཞིབ་པར་ཞུས་པས། ཁྱེད་ངའི་སློབ་མར་སྣང་སྟེ། ངོ་མི་ཤེས་པར་འདུག །ད་ཨ་ཏི་ཤ་གདན་འདྲེན་པར་ཡོང་བ་ཡིན་ཞེས་མ་བཤད་པར་སློབ་གཉེར་ལ་འོངས་པ་ཡིན་ཟེར་བ་ཀུན་ལ་སྨོས། འདི་ན་གནས་བརྟན་རཏྣ་ཨ་ཀ་ར་བྱ་བ་ཡོད། དེ་འདི་ན་དབང་ཆེ་ཞིང་ཨ་ཏི་ཤའི་ཡང་བདག་པོ་ཡིན། དེས་ཤེས་ན་མི་འགྲིག་པས། ད་ལྟ་ཁོ་རང་ལ་གསེར་སྲང་ཕྱེད་ཕུལ་ལ་ངེད་བོད་ནས་འོངས་པ་ཡིན། པཎྜི་ཏ་སྤྱན་མ་འདྲོངས། ད་ཁྱོད་ཀྱིས་པཎྟི་ཏ་དང་ཁྱད་མེད་པའི་སློབ་གཉེར་ཞིག་བདག་གི་ཐུགས་ལ་འདོགས་པར་ཞུ་ཟེར་བའི་ཞུ་བ་ཕུལ། དེ་ནས་ཀྱང་དུས་ཚོད་གང་ཙམ་རིང་བློ་མ་བདེ་བ་མ་བྱེད་པར་ལྷོད་པར་སྡོད། རྗེས་སུ་ངེས་རྣམས་ཐབས་མཁས་པོས་ཇོ་བོ་འདིར་ཕེབས་པའི་དུས་སུ་ཞུ་བ་བྱེད་པ་ཡིན་གསུངས།

དེ་ནས་ནག་ཚོ་དང་རྒྱ་བརྩོན་སེང་གཉིས་ཀྱིས་གནས་བརྟན་རཏྣ་ཨ་ཀ་རའི་དྲུང་དུ་གསེར་སྲང་ཕྱེད་ཕུལ་ཏེ་ནག་ཚོ་ལོ་ཙཱ་བས་རྒྱ་བརྩོན་སེང་གིས་བསླབ་པ་ལྟར་གྱི་ཞུ་བ་བྱས་པས། བརྟན་བརྟན་གྱིས་དེ་ཤིན་ཏུ་ལེགས། ངེད་འདིར་མི་ལ་རྩེགས་པ་མིན་ཏེ། གཞན་གྱིས་སེམས་ཅན་མ་ཐུལ། འདི་ན་ཨ་ཏི་ཤ་མེད་ན་རྒྱ་གར་སངས་རྒྱས་ཀྱི་བསྟན་པའི་འབྱུང་གནས་ཡིན་པ་ལ། འདི་བཏང་ན་སེམས་ཅན་སྤྱིའི་བསོད་ནམས་ཉམས་འགྲོ་བ་ཡིན་མོད། ཅེས་སོགས་གསུང་སྙན་པོ་མང་པོ་བྱོན། རེ་ཞིག་ཇོ་བོའི་ཞལ་མཇལ་བ་ཤིན་ཏུ་དཀའ་བ་བྱུང་། དེ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པས་ཇོ་བོ་བོད་དུ་འབྱོན་པའི་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིགས་ཏེ། ཉིན་གཅིག་རྒྱ་གར་གྱི་པཎྜི་ཏ་དང་རྒྱལ་པོ་གཞན་གྱིས་མ་ཚོར་བར་དབེན་པ་ཞིག་གི་དུས་རྒྱ་བརྩོན་སེང་གིས་ནག་ཚོ་ལོ་ཙཱ་བ་ལ་ཤོག་གསུངས་ནས་ཇོ་བོའི་གཟིམ་ཆུང་དུ་ཁྲིད། མཎྜལ་ཁྲུ་གང་བ་ཅིག་ཡོད་པའི་སྟེང་དུ་གསེར་ལིང་བ་དེ་བཞག་སིལ་མ་རྣམས་ཚོམ་བུར་བཀོད་ནས་ཇོ་བོ་རྗེ་ལ་ཕུལ་ཏེ་གསོལ་བ་བཏབ།

ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཞུས་པར། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་ལུགས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ལ་ཆོས་ཇི་ལྟར་དར་ལུགས། གླང་དར་མའི་དུས་སུ་བསྟན་པ་ཉམས་ལུགས། བླ་ཆེན་པོའི་དྲིན་ལས་དགེ་འདུན་ཇི་ལྟར་འཕེལ་ལུགས། ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་སྤྱན་འདྲེན་པའི་ཕྱིར་དཀའ་སྤྱད་མཛད་ལུགས། ཡེ་ཤེས་འོད་ཀྱིས་ཞུ་འཕྲིན་བསྐུར་ལུགས། ད་ལྟ་བོད་ན་ཆོས་ལོག་ཇི་ལྟར་དར་ལུགས་སོགས་ཞིབ་ཅིང་རྒྱས་པ་ཞུས་པས། ཇོ་བོ་རྗེའི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་བྱང་ཆུབ་སེམས་དཔའ་རྣམ་འཕྲུལ་ཡིན་ཏེ། དེ་བས་བླ་ཆེན་དགོངས་པ་རབ་གསལ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན། དེ་མིན་ན་བསྟན་པའི་མེ་རོ་བསླང་བར་མི་ནུས། ལྷ་བླ་མ་དེ་ཡང་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་དཀའ་བཅག་ཏུ་ཡང་མི་རུང་བ་ཡིན། རྒྱལ་པོ་དེ་ལ་ངོ་ཡང་གནོང་བར་ཡོད། ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་། ཁྱེད་བོད་རྣམས་སྙིང་རྗེ་བར་ཡང་འདུག་སྟེ། ང་ཡང་ན་སོ་རྒས། ལྡེ་མིག་མང་པོའང་འཛིན། བྱ་བ་མང་པོའི་འཕྲོ་ཡང་ཡོད་པས་བོད་དུ་ཕལ་ཆེར་འགྲོ་མི་ཐུབ། འོན་ཀྱང་ངས་བརྟག་པ་ཞིག་བྱ་ཡིན། རེ་ཞིག་ཁྱེད་རང་གི་གསེར་ཚགས་གྱིས་གསུངས་ནས་ཕྱིར་ལ་གཏོད་པར་མཛད།

དེ་ནས་ཇོ་བོ་རྗེས་བོད་ཁམས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་བོད་དུ་བྱོན་ན་སངས་རྒྱས་ཀྱི་བསྟན་པ་ཕན་མི་ཕན་དང་། རང་གི་སྐུ་ཚེའི་བར་ཆད་དུ་འགྱུར་མི་འགྱུར་བརྟག་པ་མཛད་པས། ཐུགས་རྗེ་ཆེན་པོ་དང་རྗེ་བཙུན་སྒྲོལ་མ་སོགས་ཀྱིས་བོད་དུ་བྱོན་ན་བསྟན་པ་དང་སེམས་ཅན་ལ་ཤིན་ཏུ་ཕན་ཐོགས་པ་འོང་། ཁྱད་པར་དུ་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་། ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུངས། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ། བྱོན་ན་བདུན་རྩ་གསུམ་ལས་མི་ཐུབ་གསུངས། དོན་ལ་ཉི་ཤུ་ཐམ་པས་ཐུང་དུ་སོང་བ་ཡིན་སྐད།

དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ནའང་ཐུང་། ཚེ་ལ་མི་ལྟ་སྙམ་པའི་ཐུགས་སྟོབས་ཆེན་པོ་སྐྱེས་ནས་བོད་རབ་བྱུང་དང་པོའི་ས་སྟག་ (༡༠༣༨) ལོར་བོད་དུ་ཕེབས་པའི་འགོ་ཚུགས། དེ་ནས་རྒྱ་གར་དགེ་འདུན་གྱི་སྡེ་རྣམས་དང་སྦྱིན་བདག་རྣམས་ཀྱིས་ཇོ་བོ་རྗེ་བོད་དུ་བྱོན་ན་རྒྱ་གར་བསྟན་པའི་འབྱུང་གནས་ཉམས་པར་འགྱུར་ཞས་ཐམས་ཅད་ཀྱིས་མཐུན་པར་བཀག་ནས་བོད་དུ་འབྱོན་མི་འདུག་པ་ལ། ཇོ་བོ་རྗེས་ཐབས་མཁས་ཀྱིས་བོད་དུ་འབྱོན་པའི་འཕྲོས་མེད་པར་རྡོ་རྗེ་གདན་སོགས་གནས་ཆེན་རྣམས་མཆོད་པ་རྒྱ་གང་ཆེ་བ་རེ་བགྱིད་པ་ཡིན་གསུངས་ནས་གནས་རྣམས་སུ་ཕར་ཕེབས་ཚུར་ཕེབས་མཛད།

དེའི་དུས་སུ་རྗེ་ནཱ་རོ་པ་ཆེན་པ་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བསུ་བ་མཛད། ཇོ་བོ་རྗེ་དང་ཛྙཱ་ན་ཤྲི་མི་ཏྲ་གཉིས་ཀྱིས་ཕྱག་གཡས་གཡོན་ནས་བརྟེན་ཏེ་སྤྱན་དྲངས། སེང་གེའི་ཁྲི་ལ་བཞུགས་པའི་ཚེ་ཁོ་བོ་ཡུན་རིང་དུ་མི་སྡོད་པས་ད་ཕྱིན་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་དཱི་པཾ་ཀ་ར་ཁྱེད་ཡིན་ནོ་ཞེས་བསྟན་པ་གཏད་ནས་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཏེ་ཞག་ཉི་ཤུ་ཙམ་ན་མྱ་ངན་ལས་འདས་ཏེ་གདུང་ཞིག་སྤྱན་དྲངས་ཏེ་བྱུང་། (ད་ལྟ་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་མཆོད་སྡོང་ན་བཞུགས།)

དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ་དུ་ཧ་ར་ནག་པོས་ཇོ་བོ་རྗེ་ལ་དཔྱད་འཕྲུལ་མེ་ལོང་ཞེས་བྱ་བ་གནང་སྟེ་ཁྱེད་བོད་དུ་ཕེབས་པར་འདུག །ཁྱེད་ལ་གདན་ས་བྱང་བསྐྱབས་པ་ལྷོ་གཞོལ་པ་ཤིང་རྩི་ནགས་ཚལ་ཅན་ཞིག་འོང་། བོད་ནས་ཚུར་མི་ལྡོག་པར་འདུག །བུ་སློབ་མང་པོ་འོང་། དེ་རྣམས་ཀྱིས་དགོན་སྡེ་མང་པོ་བཞེངས་པར་འདུག །དེའི་ཚེ་འདི་དགོས་པ་ཡིན། ཁྱེད་ཀྱི་བུ་སློབ་རྣམས་ཀྱང་བུ་ཚ་བོ་ཡང་ཚ་གསུམ་ཙམ་ལེགས་པར་འོང་། དེ་ནས་ནི་འཆོལ་གྱིས་འགྲོ་ཉེན་ཡོད་གསུངས།

ལྷོ་ཕྱོགས་མཐར་སྐྱེས་ཀྱི་གྲོང་ན་མུ་སྟེགས་པ་རྒན་པོ་ལ་བཞི་བརྒྱ་དང་ལྔ་བརྒྱ་ལོན་པ་ནག་ཚོས་མཐོང་ནས་ཇོ་བོ་ལ་ཞུས་པས་ཇོ་བོས་དེ་དག་གིས་དོན་མེད་རླུང་སེམས་འཛིན་པ་ཡིན། ཕྱི་བ་དང་གྲུམ་པས་ཀྱང་ཤེས་གསུངས། ཇོ་བོའི་ཕྱིར་ནག་ཚོས་ཆུ་འགྲམ་ཞིག་ཏུ་ཕྱིན་པས་བྲམ་ཟེ་རྒན་པོ་ཞིག་གིས་རྒྱལ་པོའི་བུ་ལོ་བཅུ་ལོན་པའི་རོ་ཅིག་ཁུར་ནས་བྱུང་སྟེ་རོ་དེ་ཆུས་བཀྲུས། ཅུང་ཟད་ཅིག་ནས། རྒྱལ་པོའི་བུའི་རོ་དེ་ལངས་ནས་བྲམ་ཟེ་རྒན་པོའི་རོ་དེ་ཆུ་ལ་བསྐུར་ནས་སོང་བས། ཇོ་བོའི་ཞལ་ནས། གསང་སྔགས་ལ་ཡོན་ཏན་འདི་འདྲ་ཡོད་གསུངས། ཡང་སློབ་མ་དགེ་སློང་ཞིག་བྱུང་ནས་ཁོ་བོ་སྤྱོད་པ་བགྱིད་པར་ཞུ་ཟེར་བ་ལ་ཇོ་བོས་ད་ལྟ་སྔས་པ་མིན་ནམ་གསུངས་པས། དེ་ན་རེ། མི་མོས་པ་མ་མཛད་པར་ཞུ་ཟེར་ནས་ཆོས་གོས་དང་ལྷུང་བཟེད་བཞག །སྤྱང་ཀི་ཆེན་པོ་ཞིག་ཏུ་སྤྲུལ་ནས་དུར་ཁྲོད་ནས་མི་རོ་ཞིག་ཁྱེར་ཏེ་ཟོས། ཡང་དགེ་སློང་དུ་བྱུང་བས་ཇོ་བོའི་ཞལ་ནས་ཅི་བདེར་མཛོད་ཅིག་གསུངས།

དེ་ནས་རྒྱ་གར་འཁོབ་དྷི་ལི་ཀྲ་མ་བྱ་བར་ཆོས་བློན་ཞིག་གིས་གཙུག་ལག་ཁང་བཞེངས་པའི་ས་གནོན་བཅོལ་བ་ལ་སྔར་འགྲོ་མ་ཁོམ་པས་ད་རེས་འགྲོ་བར་བྱ་བས་ཁྱེད་རྣམས་ཕྱིར་ལོག་ཅིག་གསུངས་ནས་འཁོར་རྣམས་ཟློག་ཀྱང་གནས་བརྟན་རཏྣ་ཨཱ་ཀ་ར་སོགས་བདག་ཅག་ཀྱང་འགྲོ་བར་ཞུ་གསུངས་ནས་བྱོན་ཏེ་ས་གནོན་མཛད། ད་ནི་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལ་མཆོད་པར་འགྲོ་བས་ཁྱེད་རྣམས་ལོག་ཕེབས་ཤིག་གསུངས་པ་དང་གནས་བརྟན་རཏྣ་ཨཱ་ཀ་རས་ན་རེ། ད་ངས་གོ་སོང་། ཚེ་དང་ལྡན་པ་འདི་ཡང་སློབ་གཉེར་ལ་འོངས་བ་རེད་མི་འདུག །བོད་ཀྱི་རྒྱལ་པོས་ངེད་ཀྱི་མི་རྐུ་བར་བཏང་བ་རེད་འདུག །སྔར་སྤྱན་འདྲེན་བྱུང་བ་ལ་ངེད་ཀྱིས་མ་བཏང་བ་ཡིན། ད་རེས་ཇོ་བོ་ཡང་གཤེགས་པ་ལ་དགྱེས་པར་འདུག །མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ཚེ་དང་ལྡན་པ་ཡང་ང་རང་གི་སློབ་མ་ཡིན་པས་མི་དགའ་བ་བྱར་མི་རུང་། ལོ་གསུམ་ཁྱེད་ལ་གཡར་དུ་བཏང་། དེ་ནས་ཚུར་སྤྱན་དྲོངས། ཁྱེད་ཀྱིས་ཀྱང་བལ་ཡུལ་ཚུན་ཆད་དུ་མ་བསྐྱལ་ན་དམ་ཚིག་ཉམས་སོ། །ཇོ་བོ་མ་བཞུགས་ན་རྒྱ་གར་ན་བསྟན་པ་ནུབ་པ་འདྲ་བ་ཡིན་ནོ་གསུངས། ནག་ཚོ་ལོ་ཙཱ་བས་ཀྱང་བསྐྱལ་བར་ཞལ་གྱིས་བཞེས་སོ། །

ཇོ་བོའི་ཞལ་ནས་ལོ་ཙཱ་བ་ལ་གསེར་དེ་རྣམས་ཁྱེར་ལ་ཤོག་གསུངས་ནས་སྔར་གྱི་གསེར་ལིང་བ་དང་བཅས་ཆ་བཞིར་བགོས། ཆ་གཅིག་ཇོ་བོའི་བླ་མ་རྣམས་ལ་བསྔོས། ཆ་གཅིག་རྡོ་རྗེ་གདན་དུ་མཆོད་པ་ལ་བསྔོས། ཆ་གཅིག་གནས་བརྟན་རཏྣ་ཨཱ་ཀ་རས་དབུ་མཛད་པའི་བྲི་ཀ་མ་ལ་ཤཱི་ལའི་དགེ་འདུན་རྣམས་ལ་བསྔོས། ཆ་གཅིག་རྒྱལ་པོ་ལ་གཏད་ནས་བླ་མ་ཚོར་བསྔོས་སོ། །

ནག་ཚོ་ལོ་ཙཱ་བ་འཕགས་ཡུལ་དུ་ལོ་གསུམ་དང་ཟླ་བ་ལྔ་ཙམ་བཞུགས་རིང་དམ་པའི་ཆོས་བསྒྱུར་བ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཆུང་ངུ་དང་། ཤེས་རབ་སྙིང་པོའི་འགྲེལ་པ་སློབ་དཔོན་བྲམ་ཟེ་ཛེ་ཏཱ་རིས་མཛད་པ་དང་། སྨན་དཔྱད་འཚོ་བའི་སྙིང་པོ་དང་། བདུད་རྩི་ཟ་མ་ཏོག་ཁ་འབྱེད་པ་རྣམས་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །

དེ་ནས་ཇོ་བོ་འཁོར་བཅས་རྒྱ་གར་གྱི་མཐའ་འཁོབ་ནས་ཚུར་བྱོན་སྐབས་ཕྱི་རོལ་མུ་སྟེགས་པའི་གནས་ཤིག་ཡོད་པས་དེར་མུ་སྟེགས་ཀྱི་སྟོན་པ་བཅོ་ལྔ་ཙམ་ཡོད་པས་དེ་རྣམས་ཀྱིས་ཉིན་ཧྲིལ་པོར་ཇོ་བོ་རྗེ་ལ་མུ་སྟེགས་པའི་ལྟ་བ་དང་ཆོས་ཀྱི་བགྲོ་གླེང་མཛད་པས། ཇོ་བོ་རྗེ་གང་ཉིད་ནི་ཕྱི་རོལ་པའི་རིག་བྱེད་དང་མུ་སྟེགས་ཀྱི་ཆོས་ལའང་ཤིན་ཏུ་མཁས་པ་ཡིན་པས། དེ་རྣམས་ལ་ཆོས་གསུངས། མུ་སྟེགས་སྟོན་པ་བཅོ་ལྔ་པོ་ཤིན་ཏུ་ཡི་རངས་ནས་བསྔགས་བརྗོད་ཀྱི་གདུགས་བཅོ་ལྔ་ཕུལ་ནས། ཇོ་བོའི་བཀའ་འཁོར་གྱི་ནང་དུ་བསྐྱལ། ཇོ་བོའི་ཞལ་ནས། ཁོ་བོས་མུ་སྟེགས་པ་རྣམས་དགའ་བར་བགྱིས་པ་ཡིན་གསུངས།

ཡང་མུ་སྟེགས་པ་དེ་རྣམས་ཀྱིས་ནང་ནས་འཁོར་ཉུང་ངུ་འགའ་ཤས་ཀྱང་བོད་དུ་ནང་པའི་བསྟན་པ་འཕེལ་བར་ཕྲག་དོག་སྐྱེས་ནས་ཇོ་བོ་བཀྲོངས་བར་བཏང་བས་ཇོ་བོས་ཆོམ་རྐུན་བཅིངས་པའི་སྔགས་མཛད་པས་ལྡེར་སོ་བཞིན་དུ་སོང་། ཐག་རིང་པོར་ཕེབས་རྗེས་ཇོ་བོ་རྗེས་སྙིང་རྗེ་གསུངས་ནས་བྱེ་མ་ལ་སྔགས་བཏབ་སྟེ་བསྐུར་ནས་བཏབ་པས་གདོད་འགྲོ་ཤེས་པར་བྱུང་། ཇོ་བོ་རྗེ་འཁོར་བཅས་བལ་ཡུལ་དུ་ཕེབས་སྐབས་བལ་ཡུལ་གྱི་རྒྱལ་པོ་གྲགས་པ་མཐའ་ཡས་སོགས་དང་པཎྜི་ཏ་རྣམས་ཀྱིས་གཙོས་དད་ལྡན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས་ཕེབས་བསུ་རྒྱ་ཆེར་མཛད། དེའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་འགྲས་སེང་གེ་ཤིན་ཏུ་སྙུང་བས་ཇོ་བོའི་ཞལ་ནས། ཁྱེད་ཀྱིས་ཅི་བྱས་གསུངས། གཞན་ཅི་ཡང་མ་བགྱིས་མ་སྟེགས་པ་ཞིག་ལ་རྫུ་འཕྲུལ་མིག་མཐོང་གི་ས་ལ་འཕྱུར་ནས་འགྲོ་བ་ཞིག་ཞུས་པས་དེའི་རྔན་པ་གསེར་ཞོ་དོ་འདོད་པ་ལ་མེད་ནས་ཁོ་མ་འདོད་པས་དེ་དང་འཁོན་འགྲས་བྱུང་། དེ་ནས་ཁམས་ཅུང་ཟད་ཅིག་མ་བདེ་བ་ལགས་ཞུས་པས། ཇོ་བོའི་ཞལ་ནས་སྤྱིར་བཏང་དེ་ལྟ་བུ་ཞུ་བ་མ་ལེགས། དེ་ནས་ང་ལ་མི་བཤད་པར། ཐབས་ཡོད་པ་ཡིན་ཏེ་གསུངས་ན་བྱིན་རླབས་མཛད་པས་ཕྱིས་དྲག་འདུག་གསུངས། མུ་སྟེགས་པ་དེས་མཐུ་བཏང་ནས་རྒྱ་བརྩོན་སེང་མཐར་བལ་པོར་གྲོངས། ཁོང་གིས་དཔེ་ཆ་ཁག་ཅིག་བལ་པོར་བཅོལ་བ་མ་ལོན་ནས་དེའི་གསེབ་རྩ་ལྟུང་རྒྱ་ཆེར་འགྲེལ་པ་ཇོ་བོ་དང་རྒྱ་བརྩོན་སེང་གིས་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ་དེ་ཡང་ལུས། ཕྱིས་བླངས་ཏེ་བོད་དུ་བསྒྱུར་བའི་ཆོས་ལ་འགྱུར་བ་བཟང་བ་ཞིག་ཡིན་ཞེས་གྲགས། དེ་ལྟ་བུའི་ལོ་ཙཱ་བ་རྒྱ་བརྩོན་སེང་འདས་པས་ཇོ་བོའི་ཞལ་ནས་ང་བོད་དུ་ཕྱིན་ཡང་དོན་མེད། ངའི་ལྕེ་ཆད་པས་ཕན་མི་ཐོགས། བོད་སྤྱི་མཐུན་གྱི་བསོད་ནམས་ལ་རྒྱ་བརྩོན་འགྲུས་སེང་གེ་མི་འཆི་ཙམ་གྱི་བསོད་ནམས་ཤིག་མེད་པ་གསུངས། དེར་ནག་ཚོ་ལོ་ཙཱ་བས་བླ་མ་དེ་སྐད་མི་གསུང་བར་ཞུ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལོ་ཆུང་ལེགས་པའི་ཤེས་རབ་དང་དགེ་བའི་བློ་གྲོས་དང་དགེ་བཤེས་ཁུ་ལོ་ཙཱ་བ་ལ་སོགས་པ་མང་དུ་མཆིས། ཁོ་བོས་ཀྱང་ལོ་ཙཱ་ཕྲན་བུ་ཤེས་པས་ཐུགས་འཕྲལ་མ་མཛད་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས་ངེད་རྒྱ་གར་ན་པཎྜི་ཏའི་མྱ་ངན་རྣལ་འབྱོར་པས་བསངས། རྣལ་འབྱོར་པའི་ཆོས་ཀྱི་རྒྱབ་རྟེན་པཎྜི་ཏས་བྱེད་པ་ཡིན། དམའ་མོའི་མྱ་ངན་མཆོག་གིས་སེལ་དགོས་པ་ལ་མཐོ་ཤོས་ཀྱི་མྱ་ངན་དམའ་ཤོས་ཀྱིས་སེལ་བ་མིན་གསུངས། དེའི་ཚེ་མ་ག་དྷའི་རྒྱལ་པོ་ནིརྱ་པཱ་ལ་ལ་འཕྲིན་ཡིག་མཛད་པ་དེ་ནག་ཚོས་བསྒྱུར། དེ་ནས་བལ་ཡུལ་འོལ་ཁ་ཞེས་བྱ་བར་གནས་བརྟན་འོན་པ་བྱ་བ་ཇོ་བོའི་གྲོགས་པོ་ཞིག་ཞིག་ཡོན་བདག་བྱས་ནས་ཟླ་བ་གཅིག་བཞུགས།

དེའི་དུས་སུ་གནས་བརྟན་འོན་པས་གསང་སྔགས་མ་ཡིན་པའི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཉིན་ཞག་ཕྲུག་གཅིག་གི་བྱ་བ་ཚང་བ་ཞིག་ཞུས་པས། གནས་བརྟན་ལ་སྔགས་ལ་མི་མོས་ཀྱང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་བྱང་ཆུབ་སྒྲུབ་པའི་ཐབས་ཡོད་གསུངས་ནས། སྤྱོད་པ་བསྡུས་པའི་སྒྲོན་མ་མཛད་དེ། ཇོ་བོ་ཉིད་དང་ནག་ཚོ་ལོ་ཙཱ་བས་བསྒྱུར་རོ། །བལ་པོར་སྠ་བི་ཧ་ར་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་ཏེ་རྒྱ་བོད་ཀྱི་དགེ་འདུན་ལ་སཱ་ཏྲ་བཙུགས་དེ་བར་ལ་བལ་ཡུལ་དུ་ལོ་གཅིག་ཙམ་བཞུགས་ཞེས་གྲགས་སོ། །

བལ་པོའི་རྒྱལ་པོས་ཇོ་བོ་ལ་ཙན་དན་ལས་བྱས་པའི་ཁྲིའུ་ཤིང་དེ་ང་ལ་གནང་བ་ཞུ་ཞེས་ཞུས་པར་ཇོ་བོས་ང་བོད་ལ་སྐྱེས་བྱེད་པ་ཡིན་གསུངས་ནས་མ་གནང་བས། བལ་རྒྱལ་དེས་ཆོམ་རྐུན་བཏང་ནས་ལེན་ཐབས་བྱས་ཀྱང་ཇོ་བོས་སྔགས་མཛད་པས་ཆོམ་རྐུན་རྣམས་ཀྱིས་མིག་ཅེ་རེ་མ་མཐོང་བར་འདུག །དེ་ནས་ལ་ཁར་སླེབས་ནས་བྱེ་མ་ལ་སྔགས་བཟླས་བྱས་ཏེ་གཏོར་བས་ལངས་ནས་སོང་བར་གྲགས།

 

བདུན་པ། སྟོད་མངའ་རིས་ཁུལ་དུ་སངས་རྒྱས་ཀྱི་བསྟན་པའི་མཛད་པ་སྤེལ་བའི་སྐོར།

དེ་ནས་ཇོ་བོ་འཁོར་བཅས་རྒྱ་གར་ནས་བལ་པོ་རྫོང་དུ་ཕེབས་པ་ན་ལྷ་བཙུན་བྱང་ཆུབ་འོད་ཀྱིས་རྟ་པ་སུམ་བརྒྱ་ཙམ་གྱིས་ཕེབས་བསུ་རྒྱ་ཆེར་མཛད་པ་ནི་གོས་དཀར་པོ་འབའ་ཞིག་གྱོན། རྒྱན་ཐམས་ཅད་ཀྱང་དཀར་པོ་འབའ་ཞིག་བྱས། བློན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས། ལྷའི་ཤེས་རབ། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དཔའ་བོ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ངུ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་པི་ཝང་དང་། གླིང་བུའི་སྒྲ་སྙན་འཁྲོལ་བ་དང་། མི་དམངས་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱུར་ཅིག་བྱ་བའི་སྨོན་ལམ་བཟང་པོ་འདེབས་པ། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོར་བྱས་ཏེ་དབུས་སུ་ཇོ་བོ་རྗེ་འཁོར་དང་བཅས་པ་རྣམས་བཅུག་ནས་མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན། བློན་པོ་ཆེན་པོ་བཞེས་དབུས་སུ་འོངས། གླུ་བླངས་པ་ནི། ལོ་ཞེས་བྱ་བ་གྲག་སྟོང་སྙན་པའི་གླུ་དབྱངས་ལོ། །ཞེས་སོགས་བཀྲ་ཤིས་པའི་གླུ་དབྱངས་མང་པོ་དང་བཅས་སྤྱན་དྲངས། སྐྱེ་བོའི་ཚོགས་རྣམས་ཀྱིས་མཇལ་བ་ཙམ་གྱིས་དད་པ་གློ་བུར་དུ་སྐྱེས། དེ་ནས་མང་ཡུལ་གུང་ཐང་དུ་བྱོན། བཟོ་གནས་ཆེན་པོར་ཆགས་ཕེབས་ཏེ་ནག་ཚོ་ལོ་ཙཱ་བས་ཡོན་བདག་མཛད། དེའི་དུས་ཇོ་བོའི་ཞལ་ནས་ཁྱེད་བོད་ལ་ཆབ་གཏོར་གྱི་ལུགས་ཡོད་དམ་གསུངས། འཇམ་དཔལ་མ་ལ་སོགས་པ་མཆིས་ལགས་ཞུས་པས། དེ་ཀྲཱི་ཡའི་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱེད་པ་ཡིན་ཏེ་གཙང་སྦྲ་དང་བཅས་པས་བྱེད་དགོས། དེ་ལས་སླ་བ་ཞིག་ཡོད་ཀྱིས་གསུངས་ནས། གུང་ཐང་གི་ཁ་མོ་གྲ་མ་གདོང་བྱ་བར་ཆབ་གཏོར་འཇམ་ཆུང་མ་མཛད། ད་ལྟ་དཱི་པཾ་མ་ཟེར།

དེ་ནས་པུ་རངས་ནས་ཕར་ཕེབས་པ་ན་མཚོ་མ་ཕམ་གྱི་དྲུང་དུ་སྐུ་ངལ་གསོས་པས་ཇོ་བོ་མཚོ་འགྲམ་དུ་ཕེབས་ནས་ཙོག་པུར་བཞུགས་པའི་སྤྱན་སྔར་ལོ་ཙཱ བ་ཕྱིན་ནས། ཅི་མཛད་ལགས་ཞུས་པས། ཡི་དྭགས་ཆུ་སྦྱིན་པ་ལགས་གསུངས། དེའི་གདམས་ངག་ཅིག་བདག་ལ་ཡང་གནང་བར་ཞུ་བྱས་པ། དེ་ཉིད་དུ་ཁར་ས་པ་ཎིའི་ཆུ་སྦྱིན་གྱི་བསྟན་བཅོས་བརྩམས་ནས་གནང་།

དེ་ནས་བོད་རབ་བྱུང་དང་པོའི་ལྕགས་འབྲུག་ (༡༠༤༠) ལོར་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་ཆེན་པོར་བྱོན། གཙུག་ལག་ཁང་འདི་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་རབ་བྱུང་གོང་མེ་སྤྲེལ་ (༩༩༦) ལོར་ཕྱག་བཏབ་པར་གྲགས། དེའི་དུས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཕེབས་བསུའི་བཀོད་པ་རྒྱ་ཆེར་མཛད། རག་དུང་དེའང་སྔར་མེད་པ་ལ་ལྷ་བཙུན་པའི་ཐུགས་ཤེས་རབ་ཀྱིས་བཅོས་ནས་གསར་དུ་བཟོས་གནང་པས་ཕྱིས་ལོ་པཎ་སྤྱན་འདྲེན་གྱི་དུང་ཆེན་དུ་གྲགས། མགོན་པོས་ཨ་ཏི་ཤ་སངས་རྒྱས་ཀྱི་བསྟན་པའི་བདག་པོ། བདག་ཅག་བོད་ཀྱི་སེམས་ཅན་ལས་ངན་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཁྱེད་ཀྱི་ཕྱོགས་སུ་དཀའ་ལས་བྱེད་པ་ལྷ་ཁུ་དབོན་ཤིན་ཏུ་བདེན་པར་སྣང་ངོ་། །

བོད་ཀྱི་མི་ནོར་ཐམས་ཅད་ཟད་ཀྱང་འགྱོད་པ་མ་མཆིས་སོ། །ཁྱེད་གདན་འདྲེན་པ་ལ་དཀའ་ལས་ཆེན་པོ་འོང་བ་རེ་བདེན། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། །ཞེས་ཐམས་ཅད་དད་པས་ཕྱོགས་གཅིག་ཏུ་འུར་བ་དང་། མགོན་པོ་ཨ་ཏི་ཤ་ཡང་ཤིན་ཏུ་མཉེས་ནས་བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། བླ་མ་སངས་རྒྱས་བསྟན་པའི་བདག་པོ་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན། ཨེ་མ་ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། ངའི་གདུལ་བྱ་རྣམས་ལ་ཐུགས་རྗེས་ཟུངས་ཤིག་གསུངས་ནས་ཐུགས་སྨོན་མཛད། དེའི་ཚེ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་མ་ཎི་ལྷ་གཅིག་ཆོས་འབུམ་གྱིས་ཇོ་བོ་རྗེའི་ཞལ་གྱི་དཀྱིལ་འཁོར་ལ་བལྟས་ཏེ་ཐལ་མོ་སྦྱར་ནས་མཁས་པ་འདིའི་ཕྱོགས་སུ་ངའི་མིང་པོ་གསར་གྱི་རི་རབ་འདྲ་བ་ཅིག་གཤེགས་ཏེ། ང་སེམས་མི་ཁྲལ། མྱ་མི་ངལ། མིང་པོ་དེའི་སྲོག་དང་པཎྜི་ཏ་འདི་བརྗེས་པ་ཡིན་ཏེ། བལ་པོ་ན་ཧ་སུ། མངའ་རིས་ན་རིན་བཟང་། ཕྱོགས་ནས་ང་ཆེ་ཟེར་བ་རྣམས་ལ་ངོམ་པ་ཡིན། ངའི་ཚ་བོ་འདི་སྲིན་བུ་འདྲ་བ་ཞིག་བསྐྱངས་པས་ད་ལྟ་སའི་བདག་པོ་སྙིང་རུས་ཆེ་ལ་སྐབས་དོན་ཡོད་པ་འདི་འདྲ་ཞིག་བྱུང་ཟེར་ནས་ལྷ་བླ་མའི་མྱ་ངན་རིས་གནོན་པ་ཙམ་ཡོད་པ་སངས་པར་བྱས། མགུལ་གཡུ་གསེར་སྲང་ལྔ་བཅུ་རེ་བ་ཞིག་ཡོད་པ་དེ་ཇོ་བོ་རྗེའི་ཕྱག་ཏུ་ཕུལ་ནས་ཐལ་མོ་སྦྱར་ནས་ཨ་ཏི་ལ་གཡུ་རྡོག་འདི་མཆོད་པར་བཞེས་ལ་ཞུ་བ་འདི་གསོན་དང་། ངའི་མིང་པོ་ལྷ་བླ་མ་ཡེ་ཤེས་འོད་བྱ་བ་དེ་དེ་མེས་པོ་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི་ཆོས་ཀྱི་གོམས་སྲོལ་སྙེག་པ་དང་། སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་ལ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཕུལ་བས། ཁྱེད་ལྟ་བུའི་བླ་མ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཐུགས་རྗེའི་གོ་བར་ནས་སྙིང་སྟོབས་ཅན་དེ་མི་འདོད་པའི་ལག་ཏུ་ཤོར། ད་ནི་མིང་པོ་དེའི་ཚབ་མ་ཁྱེད་ལ་ཞུ་བ་ལགས་པས་སྐྱེ་བོ་ངན་པ་རྣམས་ཀྱི་ལོག་རྟོག་ངན་པ་གཅིག་པུ་སྦྱངས་བའི་ཆེད་དུ་ཡང་བོད་དུ་ཡུན་བསྲིངས་ནས་རྒྱུན་དུ་བཞུགས་པ་ཞུ་འཚལ་ཞེས་གསོལ་བ་བཏབ།

དེ་ནས་མངའ་རིས་ཀྱི་གཙོ་བོ་སུམ་པ་བྱ་བས། དཀར་ཡོལ་གས་ཆག་མེད་པའི་ནང་ཇ་བཙོ་མ་མར་གྱིས་བཀང་ནས་ཇོ་བོ་རྗེ་ལ་ཕུལ་བས། ཇོ་བོ་རྗེས་ཅུང་ཙམ་བཞེས་རྗེས་སྣོད་འདི་དང་བཅུད་འདི་གཉིས་མཐུན། བཏུང་བ་འདི་ལ་ཅི་ཟེར་བ་ཡིན་གསུངས་པས། ནག་ཚོ་ལོ་ཙཱ་བས་འདི་ལ་ཇ་ཟེར་བ་ལགས། བོད་ཀྱི་རབ་བྱུང་རྣམས་ཀྱི་བཏུང་བ་ལགས། འདིའི་ཤིང་བཟའ་བར་མི་ཉན། བཙོས་ནས་ཁུ་བ་འཐུང་བ་ཡིན། འདི་ལ་ཡོན་ཏན་མང་པོ་ཡོད་ཅེས་ཞུས་པས། ཇོ་བོའི་ཞལ་ནས་འདི་བོད་ཀྱི་རབ་ཏུ་བྱུང་བའི་བསོད་ནམས་ལས་གྲུབ་པའི་དངོས་པོ་ཞིག་ཏུ་སྣང་ཤིན་ཏུ་ཕུན་སུམ་ཚོགས་པ་འདུག་གསུངས། དེའི་དུས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཇོ་བོ་སྐུ་ཁམས་བདེ་མིན་དང་བོད་སྤྱིའི་སྤྱོད་པ་ལ་བཟོད་གསོལ་ཞུས། ཨེ་མ་ཧོ། ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །བཤུལ་ཐག་རིང་བས་ཤིན་ཏུ་སྐུ་ཉོན་མོངས། །འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་བས། །སྐུ་ཁམས་བདེའམ་དགོས་པར་སྤྱོད་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའམ། །བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགའ་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མ་གུས་མ་རྩིགས་རྣམས། །ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ། །ཞེས་དང་། ནག་ཚོ་ལོ་ཙཱ་བ་བར་བཀྲ་ཤིས་གཏང་རག་གི་ཚིགས་སུ་བཅད་པ་འདི་སྐད་གསོལ་བ་ལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། །རེ་བ་ཆེ་བས་བདག་གིས་ཐུགས་དམ་ཞུས། །ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། །དཀའ་བ་མང་པོ་སྤྱད་པ་བཟོད་པར་མཛོད། །དགེ་སློང་བྱང་ཆུབ་འོད་ཅེས་བདག་གིས་ནི། །རྟག་ཏུ་བསམ་པའི་བླ་མ་སྤྱན་འདྲོངས་པས། །བོད་ཀྱི་ཡུལ་དུ་སྐྱེས་ཆེནཁྱེད་ཉིད་ཀྱིས། །གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །

ཅེས་སྨོན་ལམ་བཏབ་པ་དང་སྦྲགས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་མཎྜལ་ཕུལ་ཏེ་གསོལ་བ་འདི་ལྟར་བཏབ་སྟེ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ཡོད་ཀྱང་རིམ་བཞིན་ཉམས་སྨད་དུ་འགྱུར་བ་དང་། དེ་རྗེས་རང་གི་ཡབ་མེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལུས་སྲོག་ཁྱད་དུ་བསད་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་སླར་ཡང་དར་བར་བྱས་ཀྱང་། ད་ལྟ་འགའ་ཞིག་སྔགས་ལ་བརྟེན་ས་འདུལ་བ་ཁྱད་དུ་བསད། ཁ་ཅིག་འདུལ་བ་ལ་བརྟེན་ནས་སྔགས་ཁྱད་དུ་བསད། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་བཟུང་། རང་རང་གང་དགར་སྤྱོད་ཅིང་། ཁྱད་པར་དུ་ཨཱ་ཙ་རྱ་ཤམ་ཐབས་དམར་པོ་ཅན་དང་། སྔོན་པོ་ཅན་བྱ་བ་གཉིས་ཀྱིས་སྔགས་རྒན་རལ་པ་ཅན་རྣམས་ལ་སྦྱོར་བ་སྒྲོལ་བ་བྱ་བའི་ཆོས་བསྟན་ནས། བསྟན་པ་ཉམས་ཤིན་ཏུ་དམའ་བ་ཆལ་ཆོལ་འདི་བཞིན་དུ་སོང་ཚུལ་སོགས་སྤྱན་མཆི་མ་འཁྲུག་བཞིན་དུ་ཞིབ་ཏུ་ཞུས། ཇོ་བོ་ཐུགས་རྗེ་ཅན་ཁྱེད་ཀྱིས་བོད་ཀྱི་གདུལ་བྱ་དམུ་རྒོད་ཅན་འདི་རྣམས་ལ་ཆོས་ཟབ་ཟབ་མོ་དང་། མཚར་མཚར་པོ་མིན་འཚལ་གྱི། ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ། ལྷག་པར་མགོན་པོ་ཁྱེད་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཧྲིལ་གྱིས་དྲིལ་ལ་ལམ་ཚང་ལ་མ་ནོར་བ་ཉམས་སུ་བླང་བདེ་བ་བོད་སྤྱི་ལ་ཕན་པའི་ཆོས་ཤིག་ཐུགས་རྗེས་འཛིན་པར་ཞུ་ཞུས།

ཡང་འཇུག་སྡོམ་གྱི་རྟེན་ལ་སོ་ཐར་གྱི་སྡོམ་ལྡན་དགོས་སམ་མི་དགོས། ཐབས་ཤེས་ཡ་བྲལ་གྱིས་སངས་རྒྱས་སམ་མི་རྒྱ། དབང་མ་ཐོབ་པ་ལ་རྒྱུད་བཤད་ཆོག་གམ་མི་ཆོག །ཚངས་སྤྱོད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཆོག་གམ་མི་ཆོག །རྡོ་རྗེ་སློབ་དཔོན་གྱིས་དབང་མ་ཐོབ་པར་གསང་སྔགས་ཀྱི་ལས་ཀྱི་བྱ་བ་རྣམས་བྱས་ཆོག་གམ་མི་ཆོག །སོགས་ཀྱི་དྲི་བ་ཞུས་པས། ཇོ་བོ་རྗེ་ཤིན་ཏུ་དགྱེས་ནས། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེ་ཡི་ཆོས། དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། ཞེས་རྒྱལ་བའི་གསུང་རབ་མདོ་རྒྱུད་དགོངས་འགྲེལ་དང་བཅས་ཐམས་ཅད་ཧྲིལ་གྱིས་བསྒྲིལ་བ་ཉམས་སུ་ལེན་བདེ་བ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པ་དེ་མཛད། དེ་འཕྲལ་བོད་ཀྱི་ཆོས་ལོག་རྣམས་དང་རྩིང་ཆོས་རྣམས་རང་ཡལ་དུ་སོང་། དེ་བཞིན་ཇོ་བོ་རྗེའི་ཞལ་ནས། ཆོས་ཤིན་ཏུ་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་བ་ལས། ལས་རྒྱུ་འབྲས་ལ་ཡིད་ཆེས་ཐོབ་ན་དེ་ལས་ལྷག་པ་མེད། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡི་དམ་གྱི་ཞལ་མཐོང་བ་ཞིག་གིས་དགེ་འདུན་གྱི་ཡོ་བྱད་རང་ཉིད་ཀྱིས་སྤྱད་པས་ཡི་དྭགས་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་སྐྱེས་པ་དང་། བྲི་ཀ་མ་ལ་ཤཱི་ལའི་གཉེར་པས་དེ་རིང་གི་བསྙེན་བཀུར་སང་ཉིན་བསྒྱུར་བས་དེའི་ནུབ་མོ་ཡི་དྭགས་ཀྱི་སྣང་བ་ཤར་བ་དང་། གནས་བརྟན་ཞིག་གིས་དགེ་འདུན་ལ་དབང་བའི་ཤིང་འབྲས་བྲེ་ཕྱེད་རང་ཉིད་ཀྱིས་སྤྱད་པས་ཡི་དྭགས་དབང་ཆུང་ངུར་སྐྱེས་པ་སོགས་གཏམ་རྒྱུད་མང་དུ་གསུངས་ནས་བོད་ལ་ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་སྐྱོང་བར་ཞལ་གྱིས་བཞེས་སོ། །དེ་གོང་ཇོ་བོ་སྙིང་རྗེ་ཆེ་བས་བླ་མ་བྱང་ཆུབ་སེམས་པ་ཞེས་གྲགས་པ་ལ། དེ་ནས་བླ་མ་ལས་འབྲས་པར་མཚན་ཐོགས་ཏེ་མཚན་དེས་ཀྱང་བསྟན་པ་ལ་ཕན་པར་བྱུང་།

དེ་ནས་ཇོ་བོ་འཁོར་བཅས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཕྱག་བཏབ་པའི་མང་ནང་བྱང་ཆུབ་གླིང་དགོན་པར་བཞུགས་པ་ན་ལྷ་བཙུན་བྱང་ཆུབ་འོད་སོགས་ཀྱིས་ཞབས་ཏོག་རྒྱ་ཆེན་པོ་མཛད། བྱང་ཆུབ་ལམ་གྱི་སྒྲོན་མའི་འཕྲོས་ཀྱང་འདིར་མཛད་པར་གྲགས། དེའི་དུས་སུ་བོད་ཀྱི་མཁས་པ་མང་པོས་ཇོ་བོ་རྗེ་ལ་ཁྱེད་ལྟ་བ་གང་བཞེད་ཞུས་པས། ཇོ་བོས་ཁྱེད་རང་གང་འདོད་གསུངས་ཏེ་དབུ་མ་དང་སེམས་ཙམ་ལ་སོགས་པ་གང་འདོད་པ་ལ་ང་ཡང་དེ་ལྟར་འདོད་གསུངས་ནས་དེ་ལ་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་འདི་ལྟ་བུ་ཡོད་གསུངས། གསུང་དེ་མངའ་རིས་པ་བློ་གསལ་ཞེས་བྱ་བ་བློ་གྲོས་ཟླ་མེད་པ་ཞིག་གིས་གོ་ནས་ཇོ་བོ་ཉིད་ཀྱི་བཞེད་པ་མི་གསུངས་པར་ཀུན་ལ་མཐུན་འགྱུར་མཛད་པ་ཇི་ལྟར་ལགས་ཞུས་པས། ཇོ་བོ་རྗེས་ང་ཡང་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ཡིན་པས་གདུལ་བྱའི་བསམ་པ་དང་མཐུན་པར་ལན་བཏབ་པ་ཡིན་གསུངས།

ཡང་རྨེ་བཙུན་ཡོན་ཏན་ཤེས་རབ་ཀྱིས། འོ་ན་ཇོ་བོ་ཉིད་ཀྱི་བཞེད་པ་ཇི་ལྟར་ལགས་ཞེས་ཞུས་པས། ང་ལ་འདོད་པ་མེད་གསུངས། དོན་དམ་དུ་བཞེད་པ་མི་མངའ་ཡང་ཀུན་རྫོབ་ཏུ་ཇི་ལྟར་བཞེད་ཞུས་པས། ཇོ་བོའི་ཞལ་ནས། རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་ལྟར་འདི་དག་ཐམས་ཅད་དེ་ལྟར་གནས་པ་ཡིན་གསུངས། སྣང་བ་སེལ་ལམ་མི་སེལ་ཞུས་པས། འབྲས་ཆན་ལ་རབ་རིབ་དག་པ་ལྟ་བུ་ཡིན་གྱི་ཁྱེད་རང་དཔྱོད་དང་གསུངས། རིག་ཤེས་ཚད་མའི་ངོར་ཆོས་ཅན་སྣང་ངམ་མི་སྣང་ཞུས་པས་མི་སྣང་སྟེ་མེད་ནས་མི་སྣང་བ་དང་ཡུལ་མི་ཡིན་ནས་མི་སྣང་བ་གཉིས་ཡོད་པ་ལས་འདིར་མེད་ནས་མི་སྣང་བ་ཡིན་གསུངས། སངས་རྒྱས་ཀྱི་ས་ན་ཡེ་ཤེས་མངའ་ངམ་མི་མངའ་ཞུས་པས། ཆ་མེད་སངས་རྒྱས་མ་མྱོང་གསུངས། སྒྱུ་མའི་མཁན་པོས་བློན་པ་བསླུས་པ་འདྲ་བ་ཞིག་ཡིན་གྱིས་ཁྱོད་རང་དཔྱོད་དང་གསུངས། ཡེ་ཤེས་ཀྱི་རྒྱུན་མི་མངའ་བར་བཞེད་པར་གོ་ནས་ཐམས་ཅད་བརྒྱལ་འགྲོ་བ་བཞིན་དུ་གྱུར་པ་དང་ཁྱེད་བོད་ལ་ངའི་དབུ་མའི་ལྟ་བ་ལས་སེམས་ཙམ་པ་ཡང་མི་བཟོད་གསུངས། ཇོ་བོའི་ཞལ་ནས། ཁྱེད་དབུ་མ་ལ་སྒྱུ་མ་ཇི་ལྟར་དཔེར་ལེན་ཞེས་གསུངས་པས། བོད་སྟོན་རྣམས་ཀྱིས་རྡེའུ་དང་ཤིང་བུ་ལ་སྔགས་ཀྱིས་བཏབ་པས་རྟ་གླང་དུ་སྣང་བ་ལྟར་འདོད་ཞུས་པས་ཞལ་ནག་ཐིང་མཛད་དེ། སྟོང་གཞི་འདོད་པ་སེམས་ཙམ་པའི་ལུགས། ནམ་མཁའ་ལ་སྔགས་ཀྱིས་བཏབ་པས་རྟ་གླང་དུ་སྣང་བ་ལྟ་བུ་ཡིན་གྱི་སྣ་ཚོགས་སྣང་བ་ཙམ་ལས་འཁྲུལ་གཞི་ཀུན་རྫོབ་ཏུ་ཡང་མེད་གསུངས།

དེའི་དུས་སུ་མང་ནང་སྒོམ་ཆེན་ཞེས་བྱ་བ་ཞིག་གིས་རབ་རིབ་ཀྱི་དཔེ་བཞེད་པ་དེ་ཇི་ལྟར་ལགས་ཞུས་པས། རྒྱ་གར་ན་རྒན་མོ་ཞིག་ལ་བུ་ཤིན་ཏུ་བྱམས་པ་ཞིག་ཡོད་པས། ཁོ་ཚོང་ལ་འགྲོ་བའི་ཚེ་མ་འོ་བརྒྱལ་དུ་དོགས་ནས་ཁོ་རང་གི་ཆུང་མ་ལ་ང་མ་བྱུང་གི་བར་དུ་མི་འདི་འོ་མི་བརྒྱལ་བར་བསྙེན་བཀུར་གྱིས་ཤིག་ཅེས་བཤད་ནས་སོང་། དེར་མནའ་མས་དེ་བཞིན་དུ་བྱས་པས་རྒན་མོ་ལྟོ་སྣུམ་པའི་རྐྱེན་གྱིས་མིག་འགྲིབས་ཏེ། ཟས་ཐམས་ཅད་སྐྲ་ཤད་མཐོང་བས་ཁོག་པར་སྐྲན་ཞུགས། མནའ་མ་ལ་ཡིད་མུག་པར་གྱུར་ཏེ། བ་ཚོང་ནས་འཁོར་བ་དང་རྒན་མོས་ཡུས་གསོལ། བུས་ཆུང་མ་ལ་ཇི་ལྟར་ཡིན་བྱས་པས། ཆུང་མ་ན་རེ། ངས་གུས་པར་བྱས། རྒན་མོ་རང་མིག་འཁྲུལ་པ་ཡིན། ཟས་ཁྱོད་རང་གིས་བྱིན་ཅིག་ཟེར། བུས་ཟས་ལེགས་པོ་ཞིག་གཡོས་ནས་བྱིན་པས་ཀྱང་སྔ་མ་ལྟར་མཐོང་། རྒན་མོ་ན་རེ། མནའ་མས་དེ་ལྟར་དུ་བྱེད་ན། ཁྱེད་ནས་ཀྱང་དེ་ལྟར་བྱེད་དམ་ཞེས་ཟེར་བས། བུ་ན་རེ། ཨ་མ་ཁྱེད་རང་མིག་འཁྲུལ་བ་ཡིན་པས་ཟས་དེ་ལ་སྐྲ་ཤད་སོགས་གང་ཡང་མེད་ཟེར་ནས་སྨན་པ་མཁས་པ་བཀུག་སྟེ་སྨན་གྱིས་རབ་རིབ་བསལ་བས་ཟས་ལ་སྐྲ་ཤད་མེད་པར་ཤེས་ཏེ་ཁོག་པའི་སྐྲན་ནད་རང་བཞིན་གྱིས་ཞི་བ་ལྟ་བུ་ཡིན། དེ་བཞིན་དུ་སྡེ་སྣོད་གསུམ་གྱི་ཆོས་ཀྱིས་ཕྱིའི་སྒྲོ་འདོགས་གཅོད། བླ་མ་དམ་པའི་གདམས་ངག་གིས་ནང་གི་སྒྲོ་འདོགས་གཅོད་པ་ཡིན་གསུངས་པས། བོད་སྟོན་ཐམས་ཅད་སྤོབས་པ་ཞིག་སྟེ་ངོ་མཚར་དུ་གྱུར་ནས་ཆོས་འདི་ལ་རྒྱ་གར་ཁ་སྤུ་ཅན་རང་མཁས་པར་འདུག་ཟེར་ནས་ཐམས་ཅད་ཀྱི་ཐེ་ཚོམ་ཆོད་དོ། །

དེའི་དུས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་མངའ་རིས་ཁུལ་དུ་ལོ་ཙཱ་བ་ཆེན་པོ་ཟེར་ནས་ཀུན་གྱིས་བཀུར་བར་བྱེད། ཁོང་གི་ཐུགས་དགོངས་ལ་ཡང་ཇོ་བོ་རྗེ་ལ་ཆོས་ཞུ་རྒྱུ་ནི་མེད། ཐེག་པ་ཆེན་པོའི་གསང་སྔགས་ལ་ང་རང་མཁས། འོན་ཀྱང་ང་བོད་ཀྱི་མི་ཆེན་ཡིན། ཁོང་རྒྱ་གར་གྱི་མཁས་དབང་རྩོད་མེད་ཡིན་པས་སྣེ་ལེན་ཡག་པོ་ཞིག་བྱ་དགོས་དགོངས་ཏེ་ཁོང་རང་གིས་མཐོ་ལྡིང་དུ་གསེར་ཁང་ཞེས་གསང་སྔགས་ཀྱི་ལྷ་ཁང་གསུམ་ཐོག་ཅིག་བཞེངས་ཡོད། དེ་ལ་ཇོ་བོ་རྗེ་སྤྱན་དྲངས་སྟན་མཉམ་པར་བཤམས། ཇོ་བོས་རྒྱུད་སྡེ་བཞིའི་ལྷ་ཚོགས་དཔག་མེད་བྲིས་འབུར་དུ་བཞུགས་པ་ལ་ལྷ་རེ་ལ་རང་རང་གི་རྒྱུད་དང་། སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་ཚིག་བཞི་རེ་མཛད་ཅིང་དབུ་དུད་པ་རེ་མཛད། དེ་ཐམས་ཅད་ཀྱང་ལོ་ཙཱ་བ་རིན་ཆེན་བཟང་པོས་ཐུགས་ལ་ཟིན་ཏེ་གསང་སྔགས་ཀྱི་བདག་པོར་དགོངས་ཏེ་རང་གི་གདན་ཅུང་ཟད་ཕྲི། ཇོ་བོས་ལོ་ཙཱ་བ་ཆོས་འདི་དང་འདི་མཁྱེན་ནམ་ཞེས་དྲི་བ་གནང་བས་ཐམས་ཅད་ལ་དེ་ཡང་འཚལ་ལགས་སོ་ཞེས་པ་ཁོ་ན་བྱུང་བས་ཇོ་བོ་མཉེས་ཏེ་ཁྱེད་ལྟ་བུ་བོད་ན་ཡོད་ན་ཁོ་བོ་འོང་མི་དགོས་པར་འདུག་པ་ལ་གསུངས།

དེ་ནས་དེའི་ནུབ་མོ་ཡང་ལྷ་ཁང་དེར་བཞུགས། ལོ་ཙཱ་བ་རིན་ཆེན་བཟང་པོས་སྲོད་ལ་འོག་ཁང་དུ་བསྐྱེད་རྫོགས་བསྒོམས། གུང་ལ་བར་ཁང་དུ་བསྒོམས། ཐོ་རངས་སྟེང་ཁང་དུ་བསྒོམས་པས། དེ་ལ་ཡང་ཇོ་བོ་ཅུང་ཟད་མ་མཉེས། ནངས་པར་ཡང་ཆོས་ཀྱི་དྲི་བ་མང་དུ་མཛད་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ཆོས་ཀྱི་མཁྱེན་པ་ཆེ་བར་གདའ་ཡིས། ཆོས་དེ་དག་རྣམས་གདན་ཐོག་གཅིག་ཏུ་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་ལེན་ཞེས་གསུངས་པས། ལོ་ཙཱ་བས་སོ་སོའི་སྒྲུབ་ཐབས་ནས་བཤད་པ་བཞིན་ཉམས་སུ་ལེན་ལགས་ཞེས་ཞུས་པས་ཇོ་བོའི་ཐུགས་ལ་ཁོ་བོ་འོངས་དགོས་པར་འདུག་དགོངས། དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་དད་པ་ལྷག་པར་བསྐྱེད་དེ་ཆོས་ཉམས་སུ་ལེན་ཚུལ་ཞུས་པས། ཇོ་བོ་རྗེའི་ཞལ་ནས། ཐབས་གཅིག་གི་སྟེང་དུ་ཐབས་མ་ཚང་བ་མེད་པར་སྒྲུབ་དགོས་པ་ཡིན། དེ་ཡང་ཕར་ཕྱིན་ཐེག་པར་སློབ་དཔོན་ཐོགས་མེད་རྗེས་འབྲང་དང་བཅས་པའི་ལུགས་ཀྱིས་ཆོས་ཐམས་ཅད་ཐ་སྙད་ཀྱི་དུས་སུ་ཡང་མཚན་ཉིད་གསུམ་གྱི་གཏན་ལ་འབེབས། ཉམས་སུ་ཡང་མཚན་ཉིད་གསུམ་གྱིས་ལེན། འབྲས་བུ་ཡང་མཚན་ཉིད་གསུམ་སྟེ། སྤྲུལ་སྐུ་ཀུན་བཏགས། ལོངས་སྐུ་གཞན་དབང་། ཆོས་སྐུ་ཡོངས་གྲུབ་བོ། །

འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཐ་སྙད་ཀྱི་དུས་སུ་ཡང་ཆོས་ཐམས་ཅད་བདེན་གཉིས་ཀྱིས་གཏན་ལ་འབེབས། ཉམས་ལེན་ཡང་མཉམ་བཞག་དོན་དམ་སྤྲོས་བྲལ་ངང་རྗེས་ཐོབ་ཀུན་རྫོབ་སྒྱུ་མ་ལྟ་བུ་སྟེ་ཡུལ་དུ་བྱེད་པའི་བདེན་གཉིས་ཉམས་སུ་ལེན་ཞིང་། འབྲས་བུ་ཡང་ཆོས་སྐུ་དོན་དམ་དང་གཟུགས་སྐུ་ཀུན་རྫོབ་སྟེ་བདེན་གཉིས་མངོན་དུ་བྱེད། གསང་སྔགས་སུ་ཐ་སྙད་ཀྱང་རྒྱུད་གསུམ་གྱིས་གཏན་ལ་འབེབས། ལམ་དུས་ཀྱང་སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་བསྒོམས་ནས་གསན་པ་རྒྱུ་ཡི་རྒྱུད། ལམ་བསྐྱེད་རྫོགས་སྒོམ་པ་ཐབས་ཀྱི་རྒྱུད། སྟན་ཐོག་གཅིག་ཏུ་ལམ་འབྲས་བུ་དང་བཅས་པ་མ་ཚང་བ་མེད་པར་ཉམས་སུ་ལེན་པ་འབྲས་བུའི་རྒྱུད་དེ་རྒྱུད་གསུམ་གྱིས་ཉམས་སུ་ལེན་ཞིང་། འབྲས་བུའི་དུས་སུ་ཡང་རྒྱུད་གསུམ་མངོན་དུ་བྱེད་དེ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཆོས་སྐུ་རྒྱུའི་རྒྱུད་དང་། འཕྲིན་ལས་སྣ་ཚོགས་གྱིས་གདུལ་བྱའི་དོན་མཛད་པའི་སྤྲུལ་སྐུ་ཐབས་ཀྱི་རྒྱུད་དང་། སྐུ་གསུམ་དང་ཡེ་ཤེས་ལྔ་དབྱེར་མེད་པས་འཁོར་དག་པའི་དོན་མཛད་པའི་ལོངས་སྐུ་འབྲས་བུའི་རྒྱུད་དོ། །

དེ་ལྟར་དེ་རྣམས་གཅིག་གི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ཏེ། བསྐྱེད་རིམ་གཅིག་པུའི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ནོ་ཞེས་གསུངས། དེ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོས་ཇོ་བོ་རྗེ་ལ་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་གི་རིམ་པ་དང་རྗེ་བཙུན་མ་ཕག་མོའི་བྱིན་རླབས་གཉིས་ཞུས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་རྗེས་ཡང་གསེར་སྲང་བརྒྱ་རྩ་བརྒྱད་ཀྱི་ཐོག་དྲངས་རང་ཉིད་ཀྱི་དཔེ་ཆ་དང་མཆོད་གནས་མ་གཏོགས་པ་དངོས་པོ་ཅི་ཡོད་ཚང་མ་ཇོ་བོ་རྗེ་ལ་ཕུལ་ཏེ། ཇོ་བོའི་བདེ་མཆོག་དང་ཕག་མོའི་སྒྲུབ་ཐབས་གཉིས་ལ་ཐུགས་དམ་མཛད། དེ་གོང་མཁྱེན་པ་ཆེ་ཡང་། སྒྲུབ་པའི་གདམས་པ་ཇོ་བོ་རྗེ་ལས་རྙེད་པ་ཡིན་ཞེས་གྲགས། སྐབས་དེར་ལོ་ཙཱ་བ་རིན་ཆེན་བཟང་པོས་ཇོ་བོ་རྗེས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས། ཇོ་བོའི་ཞལ་ནས་ངའི་ལོ་ཙཱ་ལ་འགྲོ་དགོས་གསུངས་པས། ལོ་ཆེན་རིན་བཟང་གིས་ཉིད་ཀྱི་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས། ཁོ་བོ་སྒྲུབ་པ་ཞིག་བགྱི་བར་ཞུ་ཞེས་ཞུས་པས། ཇོ་བོའི་ཞལ་ནས། ཀ་ཡེ་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་རྣལ་མར་བྱེད་ན། སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་མི་ལུས་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་མཇལ། གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་ཕྲད། སྲིད་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དམ་པའི་ཆོས་ཀྱི་སྨན་ནི་རྙེད། སྲིད་པའི་མུན་པ་སེལ་བའི་ཆོས་ཀྱི་སྒྲོན་མེ་ནི་རྙེད། སྲིད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་གཟིངས་རྙེད་པའི་དུས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མི་གཡེང་བར་སྒྲུབ་པ་རྩེ་གཅིག་ཏུ་མཛོད་ཅིག་གསུངས་པས། ལོ་ཆེན་རིན་ཆེན་བཟང་པོས་གདམས་ངག་དེ་དག་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ། སྒོའི་ཡ་ཐེམ་ལ། གནས་ཁང་འདིའི་ནང་དུ་ཐ་མལ་བའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་ཚལ་བ་བརྒྱར་ཁོས་ཤིག་ཅེས་བྲིས་ནས་བསྒྲུབ་པ་རྩེ་གཅིག་ཏུ་མཛད་པས་དཔལ་བདེ་མཆོག་གི་ཞལ་གཟིགས་སོ། །

དེ་ནས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་གསེར་སྲང་སུམ་བརྒྱ་ཙམ་ཕུལ་ཏེ་གསོལ་བ་འདེབས་པ་ལྟར་འདུས་པ་ཡེ་ཤེས་ཞབས་ལུགས་ལ་བསྟེན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དང་གསང་འདུས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོགས་གནང་། རྒྱལ་པོ་ལྷ་ལྡེ་ཡང་རབ་ཏུ་བྱུང་། དེ་བཞིན་རབ་ཏུ་བྱུང་བ་ཐམས་ཅད་སྡོམ་པ་ལ་བཀོད། སྔགས་པ་ཐམས་ཅད་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་ནི་བསྙེན་གནས་ལ་བཀོད། གཤིན་ལ་དགེ་བ། གསོན་ལ་རིམ་གྲོ། ནད་པ་ལ་སྨན་དཔྱད། སཱཙྪ་གཏོར་མ་ཀློག་འདོན་སྦྱིན་གཏོང་ལ་སོགས་པའི་སྲོལ་བཟང་ཡང་བཙུགས་པར་མཛད། ལྷ་བཙུན་པ་ལ་འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། གནས་བརྟན་གསེར་མཚོར་ཇོ་བོ་རྗེའི་མན་ངག་གི་མངོན་ཤེས་རྒྱ་ཆེན་པོ་ཐོབ། དེ་ལ་སོགས་པ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། སྡེ་སྣོད་ཀྱི་ཆོས་ཐམས་ཅད་ལག་ལེན་ལ་ཡོངས་སུ་འཁྱོལ་བར་མཛད།

དེ་ལྟར་ཇོ་བོས་མངའ་རིས་སྟོད་དུ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་ལོ་གསུམ་རྫོགས་པར་ཉེ་བ་ན། ནག་ཚོ་ལོ་ཙཱ་བ་ལ་གནས་བརྟན་གྱི་དམ་ཚིག་ལ་བཀར་བའི་མནའ་ཡོད་པས་ལོ་ཙཱ་བས་ད་རྒྱ་གར་དུ་འབྱོན་པར་ཞུ་ཞེས་བསྐུལ། ཇོ་བོས་ཀྱང་འབྱོན་པ་ལྟར་གནང་སྟེ་པུ་ཧྲེང་དུ་ཕེབས། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཅིག་གནང་བར་ཞུ་བྱས་པས། ཇོ་བོ་རྗེའི་ཞལ་ནས་སྔར་གྱི་ཆོས་དེ་དག་གི་ཆོག་ལགས་གསུངས་པ་ལ། ལྷ་བཙུན་བྱང་ཆུབ་འོད་ཀྱིས་ནན་ཏན་གྱིས་ཞུས་པས་གདམས་པའི་གྲོགས་དག་ལ། རང་འཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་བར་མི་རིགས་ཀྱང་། སྙིང་བས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན། བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ། །གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་མ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་པས་ཤེས་པས་མི་ཆོག་ཉམས་སུ་ལོངས། སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན། ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས། ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད། ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས། མན་ངག་ཡོད་པས་བསྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། གུས་པ་ཆེན་པོས་བསྒྲུབ་ན་རིང་པོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང་། སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །གྲོགས་དག་འདོད་པ་རྣམས་ལ་ཚྭ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད། དྲེགས་རོམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། བསྟོད་དང་གྲགས་པའི་ཚིག་རྣམས་སླུ་འབྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམ་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྤོས། ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱིས། དམན་པ་རྣམས་ལ་སྙིང་རྗེ་བསྐྱེད་ལ་ཁྱད་དུ་གསོད་དང་བ་རེ་གཉིས་པ་སྤོངས། དགྲ་ཐུན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཡོགས་རིས་མེད་པར་མཛོད། ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་། གཞན་སྐྱོན་མི་བརྟག་རང་སྐྱོན་བརྟག་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང་། རང་དགེ་མི་བསམ་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་བསྐྱེད་ལ་བུ་བཞིན་བྱམས་པར་གྱིས། རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་བོར་སྨྲོས། འབྲེལ་མེད་སྨྲ་བ་མང་ན་འཁྲུལ་བ་འབྱུང་བས་ཚོད་བཟུང་རན་པར་སྨྲོས། དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག །སྙིང་པོ་མེད་པའི་ལས་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན། གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གྱོ་མེད་དྲང་བོར་སྲོང་། ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོད་མི་གདའ། བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད། བསགས་པའི་ནོར་རྣམས་བཞག་ནས་འགོ་བར་ངེས་པ་ནོར་ཕྱིར་སྡིག་མ་གསོག །ལོངས་སྤྱོད་གཡེང་བ་འདི་ལ་སྙིང་པོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོང་། ཚེ་འདིང་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས། སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན། ལེ་ལོའི་དབང་གིས་ད་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྤོར། ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན། ལོག་ལྟོའི་དབང་གིས་གནས་ལུགས་དོན་མེད་མི་རྟོགས་པས་ཡང་དག་དོན་ལ་གཞིགས། གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་བའི་སྐམ་སར་གཤེགས། བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས། རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས། དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས། རྨོངས་པ་བདག་གིས་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ་ཞེས་གསུངས།

ཇོ་བོ་རྗེ་ལ་སྔར་རྗེ་བཙུན་སྒྲོལ་མས་བོད་དུ་དགེ་བསྙེན་ཆེན་པོ་ཞིག་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འོང་ཞེས་གསུངས་པ་དང་། དེ་སྐབས་ཀྱང་དགེ་བསྙེན་མྱུར་དུ་འོང་ཞེས་ཡང་ཡང་གསུངས་པས། ཇོ་བོ་རྗེས་ཉིན་ལྟར་བྱ་ར་མཛད་ཅིང་། ངའི་ཨུ་པ་སི་ཀ་མ་བྱུང་ཏཱ་རེས་རྫུན་ནི་ཅང་གསུང་ངམ་ཞེས་གསུངས། ཉིན་གཅིག་སྦྱིན་བདག་གཅིག་གིས་ཇོ་བོ་གདན་དྲངས་པའི་ཤུལ་དུ་འབྲོམ་སྟོན་པ་ཇོ་བོའི་གཟིམས་ཁང་དུ་ཕེབས་པས། ཇོ་བོ་སྦྱིན་བདག་ཞིག་གིས་གདན་དྲངས་སོང་བས་ད་ལྟ་ཕེབས་པ་ཡོད་ཞེས་བརྗོད་པ་ན། འབྲོམ་སྟོན་པས་ང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བ་སྐད་ཅིག་མ་སྔ་ཕྱི་ལའང་སྔ་མ་འདམས་པས་སྒུག་མི་ཐུབ་གར་བཞུགས་ཀྱི་སར་འགྲོ་ཞེས་ཕེབས་པས་སྲང་བར་ཞིག་ཏུ་ཇོ་བོ་རྗེ་དང་མཇལ། འབྲོམ་སྟོན་པས་བརྐྱངས་ཕྱག་མཛད་དེ་ཇོ་བོའི་སྐུ་མདུན་དུ་ཕེབས་པ་ན་ཇོ་བོ་རྗེས་འབྲོམ་སྟོན་པའི་དབུ་ཐོག་ཏུ་ཕྱག་བཞག་ནས་སམ་སྐྲི་ཏའི་སྐད་དུ་ཤིས་བརྗོད་མང་དུ་མཛད།

དེ་ཉིན་སྦྱིན་བདག་དེ་ལའང་ངའི་ཨུ་པ་སི་ཀའི་སྐལ་བ་དགོས་ཞེས་བསྣམས་ནས་ཡོད་པ་དེ་གནང་། ཇོ་བོ་རྗེ་སྐུ་ཚེ་ཧྲིལ་པོར་ཤ་མི་བཞེས་པས་དེ་ཉིད་གྱི་འབྲོམ་སྟོན་པའི་སྐལ་བ་དེ་ལ་ཟན་དང་མར་སྦྲགས་ནས་ཡོད་པ་འབྲོམ་གྱི་ཟན་དེ་བཞེས། མར་དེ་མ་བཞེས་པར་མར་མེ་ཀོང་བུ་མཚན་ཐུབ་ཅིག་བཟོས་ནས་ཇོ་བོའི་དབུ་སྔས་སུ་ཕུལ། དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་པོར་ཇོ་བོའི་དབུ་སྔས་སུ་མར་མེ་མཚན་ཐུབ་རྒྱུན་མ་ཆད་པར་ཕུལ་བ་ཡིན་གསུངས། ཇོ་བོ་རྗེས་ནུབ་མོ་དེ་རང་ལ་འབྲོམ་སྟོན་པ་ལ་དབང་བསྐུར་ཏེ་སྲས་ཀྱི་ཐུ་བོར་བཟུང་།

དེ་ནས་པུ་ཧྲེང་ནས་རིམ་གྱིས་ཕེབས་ཏེ་མང་ཡུལ་གྱི་གྲོང་དུ་ཕེབས། ཇོ་བོ་རྗེས་སྐྱིད་གྲོང་དུ་གཙོ་བོར་རང་བྱུང་འཕགས་པའི་ལྷ་ཁང་དུ་སྐལ་བ་དང་ལྡན་པ་མང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར། རང་བྱུང་འཕགས་པའི་བྱང་རི་ནགས་ཁྲོད་ཕུན་ཚོགས་པ་ཞིག་ཡོད་པའི་ངོས་ལ་ཕེབས་ཏེ་གནས་དེར་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་བསྒྲིགས། ཇོ་བོས་གནས་དེར་བྱོན་ནས་བྱིན་གྱིས་བརླབས་སོ་ཞེས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བའི་ཕྱིར་རྡོ་ལ་ཕྱག་མཛུབ་ཀྱིས་མ་ཎི་བྲིས་ཏེ་བཞག་པས་གནས་དེ་ལ་མ་ཎི་ལ་ཁ་ཞེས་མིང་དུ་ཆགས། གནས་དེ་ནི་དེང་སྐབས་བཀྲ་ཤིས་བསམ་གཏན་གླིང་གི་སྒྲུབ་སྡེ་ཆགས་སའི་གནས་ཡིན་ཏེ། མ་ཎི་ཇོ་བོའི་ཕྱག་བྲིས་མ་དེ་ནི་དེང་སང་ཡང་མཇལ་རྒྱུ་ཡོད་དོ། །ཇོ་བོས་སྐལ་ལྡན་མང་པོར་ཆོས་འཁོར་རྒྱ་ཆེར་མཛད་པས་དེང་སང་ཡང་གྲ་ཆོས་འཁོར་དང་ལ་ལྡབས་ཆོས་འཁོར་ཞེས་མིང་དུ་གྲགས།

དེ་ནས་ནག་ཚོ་ལོ་ཙཱ་བས་ཇོ་བོ་རྒྱ་གར་དུ་གདན་འདྲེན་ཐབས་གཙོ་བོར་མཛད་དེ། བལ་ཡུལ་བརྒྱུད་དེ་རྒྱ་གར་དུ་གདན་འདྲེན་རྩིས་བྱས་ཀྱང་ལམ་དུ་དམག་ཟིང་ཆེན་པོ་ལངས་པས་ལམ་འགག་ནས་ཕེབས་མ་ཐུབ། དེའི་ཚེ་མང་ཡུལ་དུ་ལྷ་ཁང་དཀར་པོ་ཞེས་པ་བཞེངས་ནས་རབ་གནས་གྲུབ་མཚམས་ཇོ་བོ་རྗེ་རྒྱ་གར་དུ་བཞུད་ཁར་འབྲོན་སྟོན་པས་བོད་དུ་མར་གདན་འདྲེན་ཐབས་གཙོ་བོར་མཛད་ལྷ་བཙུན་པས་ཀྱང་ཞུ་མ་ནུས་པའི་ཚེ། འབྲོན་སྟོན་པ་ནི་ཐུགས་ཟབ་ལ་དཀྱེལ་ཆེ་བས་དབུས་ཀྱི་ལྷ་ས་དང་བསམ་ཡས་སོགས་སུ་གཙུག་ལག་ཁང་ངོ་མཚར་བ་ན་དགེ་འདུན་བརྒྱ་ཕྲག་མང་པོ་བཞུགས་ཡོད་པས་དེ་ཐམས་ཅད་ཀྱིས་ཇོ་བོ་ཕེབས་པར་རེ་བ་རྩེ་གཅིག་ཏུ་བྱེད་བཞིན་ཡོད་སྐོར་ཐབས་ཀྱིས་ཞུས་པས། ཇོ་བོས་ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ལྟ་བུ་རྒྱ་གར་ན་ཡང་དཀོན། དེ་དག་གི་ཁྲོད་དུ་དགྲ་བཅོམ་པ་བཞུགས་ཡོད་པར་ལུང་བསྟན་ཡོད་གསུངས་ནས་བོད་དབུས་གཙང་དུ་ཞལ་ཕྱོགས་ནས་ཕྱག་མང་དུ་མཛད།

དེ་ཐམས་ཅད་ཀྱིས་ང་འོངས་པ་ལ་དགའ་བ་ཡིན་ན། ངས་དགེ་འདུན་གྱི་བཀའ་མི་གཅོག་པར་དམ་བཅས་པ་ཡིན་གསུངས་པས། འབྲོམ་སྟོན་པ་དགའ་བ་སྐྱེས་ནས་བོད་དུ་འབྱོན་པར་ཞུས་པས། ཇོ་བོ་རྗེས་ཞལ་བཞེས་གནང་། སྐབས་དེར་ལམ་བར་དུ་དམག་འཁྲུག་གིས་གདན་འདྲེན་མ་ཐུབ་པས་ནག་ཚོ་ལོ་ཙཱ་བ་ཅི་དྲག་ལ་ཐུག་སྟེ་ཡིད་བློང་པོར་གྱུར་པ་ན། ཇོ་བོ་རྗེས་ནག་ཚོ་ལོ་ཙཱ་བ་ལ་དེ་ཙམ་སེམས་སྡུག་བྱེད་མི་དགོས་སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས། ནག་ཚོ་ལོ་ཙཱ་བ་ཤིན་ཏུ་དགའ་ནས་འོ་ན་བོད་དུ་མར་བྱོན་པར་ཞུ་ཞེས་ཞུས། དེ་ལྟར་ཇོ་བོ་རྗེ་ཕེབས་མ་ཐུབ་པས་རྒྱ་གར་དུ་བང་ཆེན་བརྫངས་ནས། གནས་བརྟན་གྱི་བཀའ་བཞིན་ཇོ་བོ་བལ་པོ་བར་གདན་དྲངས་ཀྱང་ལམ་དུ་དམག་འཁྲུག་གིས་གདན་འདྲེན་མ་ཐུབ་པར་རེ་ཞིག་ཕྱིར་ལོག་ཕེབས་དགོས་བྱུང་། སླར་དུས་ཟིང་འཇགས་མཚམས་གདན་འདྲེན་ཞུས་ཆོག་པ་དང་། ཇོ་བོ་རྗེ་བོད་དུ་ཕེབས་ནས་བསྟན་བཅོས་ཀྱང་འདི་འདྲ་བ་མཛད། འགྲོ་དོན་ཡང་ཤིན་ཏུ་ཆེ་བས་རབ་ཏུ་བོད་དུ་བཞུགས་ཆོག་པ་འདྲ་མི་ཡོང་ངམ་ཞེས་ཞུ་ཡིག་དང་། ལམ་སྒྲོན་ཇོ་བོའི་ཕྱག་བྲིས་ངོ་མ་ཞིག་དང་། གསར་མང་པོ་བཅས་རྒྱ་གར་དུ་བརྫངས། དེའི་ཚེ་རྒྱ་གར་དུ་ལོ་གཅིག་གི་ནང་དུ་བསྟན་བཅོས་གསར་པ་གང་བྱུང་བ་རྣམས་པཎྜི་ཏ་རྣམས་ཚོགས་ཏེ་གྲལ་གཤམ་ནས་ཤོག་བུ་རེ་རེ་བཞིན་གྲལ་ལ་བཏང་ནས་ཚང་མས་རེ་རེ་བཞིན་གཟིགས་ཤིང་ཚིག་དོན་ལ་སྐྱོན་མེད་པ་རྣམས་རྒྱལ་པོ་ལ་ཞུས་ཏེ་རྩོམ་པ་པོ་ལ་བྱ་དགའ་གནང་། བསྟན་བཅོས་དེ་ཁྱབ་གདལ་དུ་བྱེད་ཆོག་པའི་དྲིལ་བསྒྲགས། ཚིག་སྦྱོར་ལེགས་ཀྱང་དོན་ལ་སྐྱོན་ཡོད་རིགས་ཀྱི་བསྟན་བཅོས་དེ་དག་ཁྱིའི་མཇུག་མར་བཏགས་ཏེ་གྲོང་ཁྱེར་གྱི་སྲང་བར་ཁྲིད་དེ་རྩོམ་པ་པོ་དང་བཅས་པ་དམའ་ཕབ། རྒྱལ་པོ་ལ་ཞུས་ནས་ཕྱིན་ཆད་བསྟན་བཅོས་དེ་བསྒྲག་མི་ཆོག་པའི་དྲིལ་བསྒྲགས་བྱེད་སྲོལ་ཡོད་པས་ཇོ་བོ་ཆེན་པོའི་གསུང་ལ་དེ་འདྲའི་བརྟག་དཔྱད་མི་དགོས་ཀྱང་ཡུལ་གྱི་ལུགས་སྲོལ་བཞིན་གྲལ་དུ་བཏང་བས། ལམ་སྒྲོན་ཤོག་བུ་གསུམ་པོ་དེའི་ནང་དུ་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ་མ་ཚང་བ་མེད་པར་བསྡུས་ནས་བསྟན་ཅིང་། འདི་ལ་བརྟེན་ནས་གསུང་རབ་ཐམས་ཅད་གདམང་ངག་ཏུ་ཤར་བས་པཎྜི་ཏ་རྣམས་ལ་ཐུགས་ངེས་ཆེན་པོ་འཁྲུངས། ཐམས་ཅད་ཧ་ལས་ནས་མགྲིན་གཅིག་ཏུ་ཇོ་བོ་བོད་དུ་ཕེབས་པས་བོད་པ་རྣམས་ལ་ལེགས་པ་མ་ཟད། ངེད་རྒྱ་གར་བ་རྣམས་ལའང་ཤིན་ཏུ་ལེགས་པ་བྱུང་། ཇོ་བོ་རྗེ་རྒྱ་གར་དུ་བཞུགས་ན་རྒྱ་གར་བ་རྣམས་ཤེས་རབ་དང་བརྩོན་འགྲུས་ཆེ་བས་བསྟན་བཅོས་འདི་ལྟ་བུ་མི་གསུངས། བོད་གླེན་ཞིང་བརྩོན་པ་ཆུང་བ་ལ་དགོངས་ནས་ཚིག་ཉུང་ལ་དོན་ཆེ་བའི་བསྟན་བཅོས་འདི་ལྟ་བུ་མཛད། ཅེས་ཇོ་བོ་རྗེ་བོད་དུ་བཞུགས་པ་ལ་བསྔགས་བརྗོད་མང་དུ་གསུངས་པས། གནས་བརྟན་རཏྣ་ཨ་ཀ་རས། ད་འོ་ན་པཎྜི་ཏ་རྣམས་ཀྱིས་ཀྱང་བསྔགས་བརྗོད་དེ་ལྟར་མཛད། ཇོ་བོ་ཡང་བོད་དུ་བཞུགས་པ་ལ་དགྱེས། འགྲོ་དོན་ཡང་ཆེ་བ་དེ་འདྲ་ཡོད་ན་ད་ཇོ་བོ་བོད་དུ་བཞུགས་ཆོག་པ་གྱིས། སྐུ་ཚབ་ཏུ་ལམ་སྒྲོན་འདི་ལ་རང་འགྲེལ་ཞིག་མཛད་ནས་བསྐུར་ཤོག །ཅེས་པའི་ཡི་གེ་ཚུར་འབྱོར་བ་ན། ནག་ཚོ་ལོ་ཙཱ་བ་ཤིན་ཏུ་དགའ་ནས་གནས་བརྟན་གྱིས་ཁུར་རི་ཙམ་ཞིག་བསྐུར་བ་ཉི་མ་དེ་རིང་ནས་སངས་སོང་ཞེས་གསུངས།

 

བརྒྱད་པ། དབུས་གཙང་ཁུལ་དུ་སངས་རྒྱས་བསྟན་པའི་མཛད་པ་སྤེལ་བའི་སྐོར།

དེ་ལྟར་ཇོ་བོ་རྗེ་དབུས་གཙང་དུ་འབྱོན་པར་ཉེ་བ་ན། འབྲོམ་སྟོན་པས་སྔོན་ནས་དབུས་ཀྱི་མི་ཆེན་རྣམས་ལ། ངེད་ཀྱིས་ཇོ་བོ་རྗེ་དབུས་སུ་གདན་ཅི་འདྲོང་བྱེད། ཡི་གེ་བྱུང་ན་ཁྱེད་རྣམས་འཕྲལ་དུ་ཕེབས་བསུ་ལ་འོངས་དགོས་ཞེས་གསུངས་ཡོད་པ་ལྟར་ཀ་བ་ཤཱཀྱ་དབང་ཕྱུག་ལ་སོགས་པའི་དབུས་སྟོན་རྣམས་འཕྲལ་དུ་དུ་ཇོ་བོ་རྗེའི་ཕེབས་བསུ་ལ་ཤོག་ཅེས་པའི་ཕྱག་བྲིས་གནང་བ་དང་ཇོ་བོ་རྗེ་སྟོན་འཁོར་དབུས་གཙང་དུ་བྱོན་པའི་ཆིབས་ཞལ་བསྒྱུར་ཏེ་བྱོན་ཏོ། །

ཀ་བས་དབུ་མཛད། བོད་སྟོན་རྣམས་ཕེབས་བསུ་ལ་ཆས་པ་ན། ཁུ་སྟོན་གྱིས་ངའི་མིང་མི་འདུག་གསུངས་པར། སོགས་ཁོངས་ན་འདུག་ཞུས་པས། སོགས་ཁོངས་སུ་འཇོག་འོས་པའི་མི་དེ་ང་མིན་ཞེས་གསུངས་ནས་སྔོན་ལ་བྱོན་པས་ཐམས་ཅད་འུར་ལང་བ་ལྟར་ཕེབས་བསུར་བྱོན། དེའི་ཚེ་བོད་སྟོན་རྣམས་ཀྱིས་བོད་ཀྱི་བླ་ཆེན་གྱི་ཆ་བྱད་ཐང་ཞྭ་དང་། རྟ་ཕྱིང་སོགས་གྱོན་ནས་ཕེབས་པས་ཇོ་བོ་རྗེས་རྒྱང་ནས་གཟིགས་མ་ཐག །བོད་ཀྱི་འདྲེ་མང་པོ་སླེབས་བྱུང་ཞེས་དབུ་གཏུམས་ནས་བཞུགས། དེ་ནས་བླ་ཆེན་རྣམས་རྟ་ལས་བབས་ཏེ་ཆོས་གོས་རྣམ་གསུམ་བཞེས་སེར་འཕྲེང་མཛད་ནས་ཕེབས་པས་ཇོ་བོ་རྗེས་ཀྱང་མཉེས་ནས་ཕྱག་ལེན་མཛད། ཇོ་བོ་རྗེས་རྒྱ་གར་གྱི་རབ་ཏུ་བྱུང་བ་ལས་བོད་ཀྱི་རབ་ཏུ་བྱུང་བ་ན་བཟའ་བཟང་བ་འདུག་གསུངས།

དེ་ནས་དཔལ་མོ་དཔལ་ཐང་ལ་འབྱོན་སྐབས་དབང་ཕྱུག་རྒྱན་མཚན་ཞེས་པ་བལ་པོ་ཕམ་མཐིང་བའི་སར་འབྱོན་པ་དང་མཇལ། དཔལ་ཁུད་ཐང་དུ་མར་པ་ལོ་ཙཱ་བ་རྒྱ་གར་དུ་རྟིང་མ་ཕེབས་པ་དང་མཇལ། མར་པས་ཇོ་བོའི་ཞབས་སྤྱི་བོར་བླངས་ཏེ་ཆོས་ཞུས། ཇོ་བོ་རྗེས་ངའི་ལོ་ཙཱ་ལ་འགྲོ་གསུངས་པས། ད་རེས་ཅིས་ཀྱང་རྒྱ་གར་དུ་ཕྱིན་ཆོག་པ་དགོས་སླར་མཇལ་ཆོག་པ་ཞུ་ཞེས་ཞུས། ལ་སྟོད་བྱང་ནས་ཕེབས་སྐབས་མདོག་ཚེ་སྣར་བྱོན་ནས་གང་ཟག་གཅིག་གིས་ཅིག་ཅར་འཇུག་པའི་ངོར་དོ་ཧ་གསུངས་པ་བོད་དུ་འདི་མི་ལེགས་ཞུས་ནས་བཀས་བསྡམས། དེ་ནས་བཟུང་གཞོན་ནུ་འབར་གྱིས་མང་སྒར་དུ་སྤྱན་དྲངས། དེར་ཇོ་བོ་རྗེའི་བཞུགས་ཁྲི་ཡང་ཡོད་པར་གྲགས། བྱང་ཆུབ་ཕྱོགས་ཀྱི་བཤད་རྒྱུད་སྒྲུབ་རྒྱུད་གཉིས་ཀ་མངའ་བ་ཡིན་གསུངས། དེ་ནས་རིམ་གྱིས་ཕེབས་ཏེ་ས་སྐྱའི་ཐད་དུ་ཕེབས་པ་ན། ས་སྐྱ་ལ་ཕྱག་མཛུབ་གཏད་དེ་གནས་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་འབྱུང་ངོ་ཞེས་ལུང་བསྟན།

འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་མྱུ་གུ་ལུང་དུ་སྤྱན་དྲངས། ལེང་ལོ་ཙཱ་བས་ས་སྙིང་ལྷ་ཁང་ལ་གདན་དྲངས་པས་དེར་རབ་གནས་མཛད། སེ་སྟོན་སྒྲ་གཅན་འཛིན་གྱིས་ཉི་མ་བདུན་རིང་རྗེས་སུ་འབྲངས་ནས་དབུ་མའི་ལྟ་བ་སོགས་དྲི་བ་ཞུས། དེ་ནས་ཤབ་སྒོ་ལྔ་ནས་ཕེབས་པའི་ཚེ། འཁྲིན་གྱི་བྲག་ལུང་ན་ཟགས་དཀར་མཛོད་ཕུར་བཞུགས། དེའི་ཉེ་འགྲམ་དུ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་དྲོད་ཐོབ་པ་ཞིག་བཞུགས་འདུག་གསུངས་ནས་ཕྱག་མཛད། དེ་ནས་རིམ་གྱི་ཕེབས་ཏེ་སྣར་ཐང་གི་ཐད་དུ་ཕེབས་པ་ན་གནས་འདིར་འཕགས་པའི་གནས་བརྟན་གྱི་སྤྲུལ་པ་འབྱུང་ཞེས་ལུང་བསྟན་མཛད། དེ་ནས་ཞོགས་པ་ལ་རྒྱུད་ནས་ཞ་ལུ་རི་ཕུག་ཏུ་བྱོན། དེ་རྗེས་ཚོང་འདུས་སུ་བྱོན། སྐབས་དེར་ཀེག་སྟོན་ཆེན་པོས་སྤྱན་དྲངས་ཏེ་ཤངས་ཀྱི་བྱེ་ཕུག་ཏུ་བྱོན་ནས་ཤེས་རབ་འགྲེལ་ཆུང་གསུངས།

དེ་ནས་མྱང་སྟོན་ཉན་ཚོར་སྤྱན་དྲངས་ཏེ་དབྱར་གནས་མཛད་དེ་དབྱར་ཟླ་གསུམ་ཙམ་བཞུགས། དད་ལྡན་མང་པོར་ཆོས་མང་དུ་གསུང་། དེར་ཇོ་བོ་རྗེའི་བཞུགས་ཁྲི་ཡང་ཡོད། ཇོ་བོ་རྗེར་གསོལ་ཆས་ཀྱང་འབྲས་ཁོ་ན་འབུལ་བ་སོགས་བསྙེན་བཀུར་གང་ལེགས་ཞུས། ཚོགས་ཆོས་སུ་ཕ་རོལ་ཏུ་ཕྱིན་པ་གསུངས། ལྐོག་ཆོས་སུ་དགེ་བཤེས་ཡོལ་ཆོས་དབང་དང་། ཡོལ་དྲང་སྲོང་། ཡོལ་ཐོག་འབེབས། སྐུ་མཆེད་ལ་སོགས་པར་ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ཆོས་སྐོར་མང་དུ་གསུངས་པས་ཟླ་བ་དྲུག་ནས་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་རྟ་མགྲིན་གཉིས་ཉལ་གཟིགས། དགེ་བཤེས་སྟོན་པས་བྱ་སླ་ལ་བྱིན་རླབས་ཆེ་བ་ཞིག་ཞུས་པས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་གདམས་པ་གསུངས། ལོ་ཙཱ་བས་མཐུ་ཆེ་བ་ཞིག་ཞུས་པས་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་གསུངས། ཡང་སྒྲུབ་ཐག་ཉེ་བ་ཞིག་ཞུས་པས་སྒྲོལ་མ་གསུངས། དེའི་དུས་སུ་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་མདོ་ཁམས་སྨད་དུ་འཁྲུངས། ནར་སོན་པ་ན་མས་ཁྱོད་རབ་ཏུ་བྱུང་བའི་དོན་དུ་སྐྱེས་པ་ཡིན་ཟེར་ནས་རབ་ཏུ་བྱུང་། མཁན་པོའི་གཡོག་བྱེད་ཅིང་ཡོད་ཙ་ན་འདིར་སྡོད་དབུས་སུ་སོང་ཟེར་ནས་བསྐུལ་ཏེ་ཉིན་ལམ་གསུམ་ཙམ་གྱི་བར་དུ་བསྐྱལ། མས་བུ་ཁྱོད་དབུས་སུ་ཕྱིན་ནས་ཡང་དག་པའི་བླ་མ་དང་མཇལ་ཞིང་ཐུགས་ཟིན་ནས་གདམས་པ་དང་རྗེས་སུ་བསྟན་པ་གསུངས་པ་ཚུལ་བཞིན་དུ་བསྒྲུབ་པར་གྱུར་ཅིག །དེའི་ཚེ་ང་ཡང་ཁྱོད་ཀྱི་དྲུང་དུ་སྐྱེས་ནས་ངེད་མ་སྨད་གཉིས་ལྷན་ཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་སོང་། ཨ་མེས་བྱང་ཆུབ་ཇོ་བོ་རྗེ་དང་མཇལ་བས་དེ་མ་ཐག་དམ་ཆོས་ཚིག་གསུམ་བཀོད་ཀྱི་ཆོས་སྐོར་གནང་སྟེ་དེའི་བཟླས་པ་སྟོང་བརྒྱད་བརྒྱ་སོང་བས་ཡི་དམ་གྱི་ཞལ་གཟིགས། དེ་རྗེས་ཇོ་བོ་རྗེའི་ཉེ་གནས་མཛད།

དེ་ནས་གཙང་རོང་ནས་མར་བྱོན་པའི་དུས་སུ་ཁང་པ་དོག་པས་གནས་ཁང་བཞུགས་རིགས་པ་མ་རྙེད་པས་རྒྱལ་བ་འབྲོམ་སྟོན་པས་དེའི་བར་དུ་ཕྱིར་བཞུགས་སུ་གསོལ་ནས་ཁང་པར་གད་དར་གཙང་མ་བྱས། ཇོ་བོའི་སྤྱན་སྔར་མཎྜལ་ཅིག་ཀྱང་ཕུལ་པས་ཇོ་བོ་མཉེས་ནས་སློབ་མ་ཁྱེད་འདྲ་བ་ཅིག་རྒྱ་གར་ན་ཡང་ཡོད་ན་ཨང་གསུངས། ཇོ་བོའི་སློབ་མ་དད་པ་ཅན་འགའ་ཤས་ནས་རྟ་ལ་སོགས་པའི་བསྙེན་བཀུར་ཚད་མེད་ཞུས་པས་ཇོ་བོ་མཉེས་ནས་རབ་ཏུ་བྱུང་རྗེས་སྟོང་ཉིད་སྙིང་རྗེའི་ཟུང་འཇུག་སྒོམ་པ་ཞིག་བྱུང་གསུངས་དེ་ལྟར་གཙང་ཕྱོགས་སུ་ལམ་བར་དུ་ལོ་གཅིག་ཙམ་བཞུགས།

དེ་ནས་ཇོ་བོ་རྗེ་འཁོར་བཅས་གན་པ་བྱང་ཐང་ནས་མར་བྱོན་པའི་ཡར་ཀླུང་གཙང་འགྲམ་རྒྱུད་ཕེབས། དེའི་དུས་སུ་ཇོ་བོའི་ཞལ་ནས་ལྷ་སའི་ནམ་མཁའ་ལ་གཟིགས་ཏེ་འཇའི་གུར་སུམ་བརྩེགས་དང་ལྷའི་བུ་མང་པོས་མཆོད་པ་རྒྱུན་མ་ཆད་པར་བྱེད་ཀྱིན་འདུག །རང་ཅག་ཀྱང་ཡ་གིར་འགྲོ་གསུངས། དེ་ནས་འོན་ཁྲ་སྣ་ནས་མར་འབྱོན་པའི་དུས་ཆུ་བོ་རི་འདི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཞིག་འདུག་གསུངས། དེ་ནས་འཕྱིང་རུ་ནས་ཕར་བྱོན་པའི་དུས་སུ་བུ་མོ་ཞིགས་རྒྱན་ཆ་ཐམས་ཅད་ཕུལ་བས་ཕྱིས་ཁྱིམ་དུ་ལོག་ཚེ་བུ་མོའི་ཕ་མས་ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་ཕུལ་ནས་གང་བྱེད་ཟེར་ནས་འཐབ་པས་བུ་མོ་གཙང་པོར་མཆོངས་ནས་ཤི་བ་ཇོ་བོ་རྗེས་གསན་རྗེས་ཇོ་བོ་རྗེའི་ཞལ་ནས། ངའི་བུ་མོ་སྙིང་རྗེ་གསུངས། གཞུང་སྟག་དཀར་གྱི་གད་ཕུག་ཏུ་ཞག་ལྔ་བཞུགས་ནས་བུ་མོའི་ཆེད་དུ་ངན་སོང་སྦྱོང་བའི་ཆོ་ག་དང་སཱཙྪ་མཛད་པས་བུ་མོ་ལྷར་སྐྱེས་སོང་གསུངས། དོལ་གྱི་མདར་ལྷ་རྗེ་རགས་བྱ་བའི་ཆུ་རགས་མཛད། དོལ་གྱི་སྣ་བོའི་ལ་ཁ་ནས་དུང་བུས་པས། མི་ཐམས་ཅད་བྲོས། ཕྱུགས་ཐམས་ཅད་ཐག་པ་ཆད་ནས་ཤོར། ཡུལ་དེར་ཡུར་མའི་དུས་ཡིན་པས། ཇོ་བོ་རྗེའི་ཞལ་ནས། བལ་ཡུལ་མཐིལ་འདྲ། མང་ཡུལ་གྱི་གྲོང་འདྲ་གསུངས་ནས་ཐུགས་མཉེས་པོ་མཛད། ཇོ་བོ་རྗེས་ཡུལ་འདི་ན་བྱང་ཆུབ་སེམས་དཔའི་རྟགས་མཚན་ཅན་ཞིག་བྱོན་པར་འདུག་ཞེས་རོག་དམར་ཞུར་བ་ལུང་བསྟན། དགེ་བཤེས་ཨཱ་རྱ་དེ་བས་ཇོ་བོ་སྤྱན་དྲངས། སྣོན་མདར་ཨཱ་རྱ་དེ་བའི་ལྷ་ཁང་ལ་རབ་གནས་མཛད། ཇོ་བོ་རྗེས་སྤྱན་རས་གཟིགས་བཅུ་གཅིག་ཞལ་འདི་ལ་རབ་གནས་ཡག་པོ་བྱས་ཡོད་པས་ཉིན་ལྟར་མཆོད་པ་མ་ཆག་པར་བགྱིས་ན་ལེགས་པོ་འོང་གསུངས། དེ་ནས་གྲྭ་ཕྱི་ཚོང་འདུས་གནས་པོས་སྤྱན་དྲངས་ནས་ལྷ་ཁང་བྲེ་ཙམ་ཞིག་ལ་རབ་གནས་མཛད། དེའི་ཚེ་ཇོ་བོ་རྗེས་ཆོས་འཁོར་ཆེན་པོ་གང་ན་ཡོད་གསུངས། རྒྱབ་ཀྱི་རི་སྣ་འདི་ནས་མཐོང་ལགས་ཞུས་པས། ཐུགས་དགྱེས་ཚོར་ཆེན་པོ་མཛད།

བོད་རབ་བྱུང་དང་པོའི་ཆུ་ཕག་ (༡༠༤༧) ལོར་བསམ་ཡས་སུ་ཕེབས། བྱང་ཆུབ་ཆེན་པོའི་རྡོ་སྐུ་དེ་མ་ཧཱ་བོ་དྷི་དང་ཁྱད་པར་མི་འདུག་གསུངས། དེ་ནས་སེམས་བསྐྱེད་བྱང་ཆུབ་གླིང་དུ་བྱོན་པའི་ཚེ། ཇོ་བོ་རྗེས་སངས་རྒྱས་མ་ཆགས་པད་མའི་སྤྱན་གྱི་ཞལ་གྱི་དཀྱིལ་འཁོར་གྱི་རྡུལ་ཕྱིས་ཤིང་བཞུགས། དེ་ནས་པེ་ཀར་གླིང་གི་དཀོར་མཛོད་བྱང་ངོས་དེར་བཞུགས། ནུབ་གཅིག་ཇོ་བོ་རྗེའི་ཞལ་ནས། སྐྱེས་རབས་ཀྱི་ཕྲེང་རྒྱུད་དེ་སྤྱན་དྲོངས་དང་གསུངས་ནས་མར་མེ་ལ་གཟིགས། ཅི་མཛད་ཞུས་པས། ངའི་དད་པ་དེ་ཉམས་ནས་སོང་། དད་པ་གསོ་དགོས་གསུངས། དེའི་དུས་སུ་ལྷ་བཙུན་བོ་དྷི་རཱ་ཛས་ཡོན་བདག་མཛད་ནས་རིམ་ལྔའི་ཆོ་ག་མཛད། དེའི་དུས་སུ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་བསྐྱེད་རྫོགས་དང་ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས། གཞན་ཡང་ཟླ་བ་གྲགས་པས་མཛད་པའི་ཕུང་པོ་ལྔ་དང་སྨན་དཔྱད་ཡན་ལག་བརྒྱད་པ། མདོ་ཀུན་ལས་བཏུས་པའི་མན་ངག་དང་། བྱང་ཆུབ་སེམས་ཀྱི་ནོར་བུའི་ཕྲེང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱས་པ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་སོགས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར། དེ་ནས་ཀ་ཆུར་བྱོན་ཏེ་ཁུ་རྔོག་གཉིས་ཀྱིས་ཞུས་ནས་དབུ་མ་རིགས་ཚོགས་དྲུག་གསུངས།

དེ་ནས་བསམ་ཡས་མཆིམས་ཕུར་དེ་བ་རྭ་ཙ་དང་། ནཱ་ག་རྭ་ཙ། མགར་དགེ་བ། ལོ་ཙཱ་བ་དང་བཞིས་བྲམ་ཟེ་ཆེན་པོའི་གདམས་པ་ཞུས། དེའི་དུས་སུ་དབང་བསྐུར་གྱི་ཆོ་ག་དང་། དཔའ་བོའི་སྟོན་མོ་དང་། སྦྱིན་སྲེག་གི་ཆོ་ག །ཚོགས་འཁོར་གྱི་ཆོ་ག །སྦྱིན་པའི་སྟོན་མོ། ཀུན་ཏུ་བཟང་པོའི་སྤྱོད་པའི་ཐབས། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའི་ཐབས། ཨ་ཝ་དྷུ་ཏི་པའི་སྤྱོད་པ་དང་། ཐོད་པ་ཆེན་པོའི་སྤྱོད་པའི་ཐབས་སོགས་གསང་སྔགས་ཀྱི་གདམས་པ་མང་པོ་འབྲོམ་སྟོན་པར་གནང་། དེར་སྤྱན་སྔ་ན་དགེ་ཚུལ་ཞིག་ལས་མེད་ཙ་ན་དགེ་སློང་གཞོན་ནུ་གཉིས་བྱོན་ཏེ་གཅིག་གིས་ཟད་པར་ཆུའི་ཏིང་ངེ་འཛིན་གཟིགས་པར་འཚལ་ལམ་ཟེར་ནས་དང་པོར་ཁོང་རང་གི་སྨིན་མཚམས་ཆུར་སོང་། དེ་ནས་མཆེད་དེ་ངམ་ཤོད་ཐམས་ཅད་ཆུར་གྱུར། གཅིག་གིས་ཟད་པར་དཀར་པོ་གཟིགས་པར་འཚལ་ལམ་ཞེས་སྨིན་མཚམས་ནས་འོད་དཀར་པོས་ངམ་ཤོད་ཐམས་ཅད་དཀར་ཆམ་དུ་སོང་། ཏིང་ངེ་འཛིན་ལས་ལངས་པ་དང་ཡང་སྨིན་མཚམས་སུ་འདུས་ཏེ་སོང་། ཇོ་བོ་རྗེས་ཕ་ལ་ཕ་ལ་ཏིང་ངེ་འཛིན་བཟང་གསུངས།

དེ་ནས་མཆིམས་ཕུར་བྱོན་པའི་དུས་སུ་ཡང་དེ་གཉིས་བྱོན་ནས། གཅིག་ན་རེ་སྒྱུ་མ་ལྟ་བུའི་ཐང་ཀ་གཟིགས་པར་འཚལ་ལམ་ཞེས་ཞུས་པས། ཐང་ཀ་ཞིག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་བཀྲ་ལམ་མེ་གསལ་བ་ཞིག་དང་སྒྲོལ་མའི་ཐང་ཀ་བཀྲ་ལམ་མེ་བ་ཞིག་གཟིགས། ནང་པར་དབུ་རྩེར་སྟོན་མོ་ཆེན་པོ་ཞིག་བྱེད་པའི་དུས་དགེ་ཚུལ་དེས་དེ་གཉིས་ཀར་ཐལ་ཞུས་པས་ཁོང་དེར་མི་འོང་སའི་ལྷ་མོ་དང་ཤིང་གི་ལྷ་མོས་མཆོད་པ་འདྲེན་པ་ཡིན་གསུངས། དེ་ནས་ཇོ་བོ་རྗེ་ཉིད་བསམ་ཡས་དབུ་རྩེའི་བྱ་འདབ་ཀྱི་ནམ་མཁའ་ལ་སྐོར་བ་མཛད་པ་རྒན་མོ་ཞིག་གིས་མཐོང་སྟེ་རྣལ་འབྱོར་པ་ལ་ཞུས། དེས་རྔོག་ལོ་ཙཱ་བ་ལ་བཤད། རྔོག་གིས་ཇོ་བོ་རྗེ་ལ་ཞུས་པས། ཇོ་བོ་རྗེས་བན་དེ་མོ་མིག་འཁྲུལ་བ་ཡིན་གྱི་རེད་གསུངས། ཡང་ཇོ་བོ་རྗེས་ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱེད་པ་མཐོང་ངམ་གསུངས།

དེ་ནས་པོ་ཏོ་བ་དང་ཇོ་བོ་རྗེ། དགེ་བཤེས་སྟོན་པ། རྣལ་འབྱོར་པ་བཅས་རས་ཡོལ་གྱི་བཅད་ནས་བཞུགས་པའི་ནུབ་ཅིག་ནམ་ཕྱེད་ཙམ་ན། ཇོ་བོ་རྗེས་ཁྱོད་ཀྱིས་ཐོས་བསམ་གསུངས། ཅི་གདའ་ལགས་ཞུས་པས། རྒྱ་གར་ནས་ངའི་སློབ་མ་ཞིག་གིས་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་བྱུང་གསུངས། སྐབས་དེར་བསམ་ཡས་པེ་ཀར་གླིང་དུ་མི་མང་པོ་འཚོགས་པའི་སར་སེམས་བསྐྱེད་ཆེན་པོ་ཞིག་མཛད། ཨ་མེས་བྱང་ཆུབ་ཀྱི་ཐུགས་ལ་ང་ལ་ཐག་རིང་པོ་ནས་ཆོས་ལ་འོངས་པས་བྱ་བས་གཡེངས་པ་འདི་མི་འོངས་བར་འདུག་སྙམ་པ་ཇོ་བོ་རྗེས་མཁྱེན་ནས་འབྲོམ་སྟོན་པར་ཨ་མེས་ཀྱི་བསམ་པ་དེ་ནི་བསམ་ངན་གྱི་རྒྱུའོ། །ཁྱོད་ཀྱིས་གྲོས་ཐོབ་ཅིག་གསུངས།

དེ་ནས་བསམ་ཡས་དཀོར་མཛོད་གླིང་དུ་རྒྱ་དཔེའི་དཀོར་མཛོད་ཅིག་ཁ་ཕྱེ་ནས་གཟིགས་པས་སྔར་མ་གཟིགས་པའི་རྒྱུད་མང་དུ་སྣང་བས་ངས་མི་ཡུལ་གྱི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པའི་རྒྱ་དཔེ་ཡང་དཔག་མེད་མཐོང་སྟེ་དེ་རྣམས་ན་ཡང་འདི་ཀུན་མི་འདུག་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་མེད་པ་འདྲ་སློབ་དཔོན་པད་མས་ནཱ་ལེན་དྲ་ནས་རྒྱུད་ཀྱི་རྒྱ་དཔེ་ཐམས་ཅད་རྫུན་འཕྲུལ་གྱིས་བསམ་ཡས་སུ་བླངས་པས་བྱས་པ་ཡིན་གསུངས། དེ་བཞིན་རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་དབུ་མ་སྣང་བ་དང་། ཕལ་པོ་ཆེ་ལ་སོགས་བྲིས་ནས་རྒྱ་གར་དུ་བསྐུར། དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་བྱུང་མི་འདུག་རཱ་ཛཱ་བོ་དྷི་(རྒྱལ་པོ་བྱང་ཆུབ་སེམས་དཔའ་)ཞེས་གསུངས་ཤིང་ཡི་རང་མཛད།

དེ་ནས་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཇི་ཙམ་སོང་བའི་སྐོར་གྱི་བསྟན་རྩིས་མཛད། བོད་སྟོན་རྣམས་ཀྱིས་ཉི་ཁྲི་སྣང་བ་ཞིག་གསུངས་བའི་ཞུ་བ་ཕུལ་བཞིན་ཡོད་པ་ལ། དགེ་བཤེས་ཁུ་སྟོན་གྱིས་ཇོ་བོ་རྗེ་ལ་ཡར་ལུང་ཡུལ་བཟང་ཞིང་ས་དྲོ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཞབས་ཀྱིས་བཅགས་པའི་ས་ཡིན་པས། གཞན་དོན་ཡང་དེ་ནས་མཆིས། བཞུགས་ས་ཡང་དབྱར་ལྷ་སྡིངས་སུ་བགྱི། དགུན་ཐང་པོ་ཆེར་བགྱི་ཞེས་ཞུས་པས་ཞལ་གྱིས་བཞེས། ཨ་ཏི་ཤ་ཡར་ཀླུང་དུ་སྤྱན་འདྲེན་པ་ཡིན་པས། ཉི་ཁྲི་ཉན་པ་ཀུན་ཡང་ཡར་ཀླུང་དུ་ཤོག །འདིར་གསུངས་ལོང་མི་འོང་ངོ་ཞེས་གྲགས། དགེ་བཤེས་འབྲོམ་སྟོན་པའི་ཐུགས་དགོངས་ལ་ཁུ་སྟོན་ཐུགས་རྒྱལ་ཆེ་བས་ཞབས་ཏོག་བཟང་པོ་ཞིག་ཐོབ་མི་འོང་སྙམ་ནས་བང་སྟོན་ལ་ངས་ཐབས་ཀྱིས་ཡར་ཀླུང་ནས་བསམ་ཡས་སུ་སྤྱན་དྲངས་ཀྱིས་དེ་ནས་ཁྱོད་ཀྱིས་རྟ་པས་བསུས་ལ་སྙེ་ཐང་དུ་སྤྱན་དྲོངས་ཤིག་ཞེས་གསུངས། དེ་ནས་ཇོ་བོ་རྗེ་བླ་སློབ་རྣམས་ཡར་ཀླུང་དུ་བྱོན། བྱ་ས་ལྷ་ཁང་དུ་ཕེབས་དེའི་རྟེན་རྙིང་རྣམས་ལ་རབ་གནས་མཛད། དེ་ནས་སོལ་ནག་ཐང་པོ་ཆེར་ཕེབས་ནས་ར་བརྩིགས་ཁང་ཞེས་བྱ་བར་བཞུགས། དེར་ཁུ་སྟོན་གྱིས་ཇོ་བོ་ཉིད་ལ་གསེར་སྲང་བརྒྱ་ཕུལ། ཆོས་ཉི་ཁྲི་སྣང་བ་དང་རྒྱུད་བླ་མ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་བཅས་བྱམས་ཆོས་ཕྱི་མ་གསུམ་སོགས་མང་དུ་གསུངས།

དེ་ནས་ཁུ་སྟོན་རང་ལྷ་སྡིངས་སུ་བཞུགས་ཏེ་མཐའི་མི་བྱ་བ་གྲངས་སུ་གཞུག་དགོས་ཟེར་ནས་ཞབས་ཏོག་ལེགས་པོ་མ་ཞུས། འབྲོམ་དང་ཨ་མེས་ལ་ཡང་བརྙས་སེ་བྱས་པས་ཨ་མེས་ཀྱིས་ཉེ་གནས་མི་བགྱིད་པར་ཞུས་པས་མ་གནང་། དགེ་བཤེས་སྟོན་པས་ཞུ་གྲོགས་མཛད་པས་ངེད་རྒྱ་གར་དུ་ཡིན་ན་གྲོགས་རྣལ་མ་འདི་ལྟ་བུ་ངས་ཕོ་ཉའི་དབང་དུ་བྱས་ཏེ་དགུག་དགོས་པའི་ཚོད་ཡིན་གསུང་ཞིང་ཇོ་བོ་རྗེས་དབུ་ཞྭ་ཕུད་ནས་དབུ་དཀར་པོར་སོང་བ་དེ་ཨ་མེས་བྱང་ཆུབ་ཀྱི་པང་དུ་བཞག་སྟེ་ང་རྒྱ་གར་ཤར་དུ་སྐྱེས། ཁྱོད་མདོ་སྨད་དུ་སྐྱེས་པ་དེ་ལས་ཀྱིས་འཕྲད་པ་ཡིན། ད་ངའི་མགོ་འདི་ལྟར་སོང་བ་ཞིག་ཁྱོད་ཀྱིས་འཇོག་ཕོད་ན་ངའི་ཉེ་གནས་མ་བྱས་ཀྱང་ཆོག་གསུངས་པས། ཨ་མེས་བྱང་ཆུབ་མཆི་མ་འཁྲུག་བཞིན། ད་འོ་ན་ཇི་སྲིད་བཞུགས་ཀྱི་བར་དུ་ཁྱེད་ཀྱི་ཉེ་གནས་བགྱིད་པར་ཞུ་ལགས་སོ་ཞེས་ཞུས་སོ། །ཇོ་བོའི་ཞལ་ནས་ཨུ་པ་སི་ཀ་ཁྱེད་བོད་ཀར་དགའ། འདི་འདྲ་བའི་མི་བསམ་པ་བཟང་པོ་ཡོད་པ་གསུངས། ཁུ་སྟོན་ལ་གྲྭ་པ་སྟོང་ཙམ་ཡོད་པ་དང་། ཇོ་བོ་རྗེ་བླ་སློབ་སུམ་བརྒྱ་ལྷག་ཙམ་ལས་མེད་པས། ཁོང་རྣམས་ལ་སྲི་ཞུ་ཆུང་ཞིང་བསྙེན་བཀུར་ལ་གཡེལ་བས་འཕྲལ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཆེར་མ་བྱུང་བའི་སྟབས་ཀྱིས། ཇོ་བོའི་ཞལ་ནས་ཁུ་སྟོན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ། ཁོ་བོ་ནི་དམངས་ཕལ་པ་ལྟ་བུ། ཁུ་སྟོན་སུམ་ཅུ་རྩ་གསུམ་གྱི་ལྷའི་ལོངས་སྤྱོད་ལྟ་བུ། ཁོ་བོ་ནི་ཏྲེ་ཏ་པ་རི་ལྟ་བུ་གསུངས། འབྲོམ་སྟོན་པས་ཁུ་སྟོན་མི་དགྱེས་པར་འདུག་པས་བདག་ཚོ་དབུ་རུ་ན་ཕར་ཕེབས་ལགས་སམ་ཞུས་པས། ཇོ་བོས་ཨུ་པ་སི་ཀ་བཞུགས་ན་ཁོ་བོའང་སྡོད། ཇོ་བོ་རྗེ་ཁྱེད་ཁུ་སྟོན་གྱིས་གཏོང་ན་དབུ་རུ་ན་སྙེ་ཐང་བྱ་བ་ནགས་ཚལ་དང་ནེའུ་གསིང་རྒྱས་པ་དགུན་ཡང་མེ་ཏོག་སྐྱེས་བ་ཞིག་ཡོད་པས་དེར་བཞུགས་པས་ཆོག་ཞུས་པས། ཇོ་བོས་ཁུ་སྟོན་གྱི་མི་ཚོར་བའི་ཐབས་བཟང་པོ་ཞིག་ཡོད་པས་ད་ལྟ་རང་འགྲོ་གསུངས་ནས་དེ་ནུབ་གྲབས་བྱས་སང་ཞོགས་པ་ཐོ་རེངས་སུ་གཤེགས། ཇོ་བོས་མི་ཞིག་ལ་ཁུ་སྟོན་གྱི་རྩར་སོང་ལ་ཇོ་བོ་རྗེ་དབུ་རུར་ཕེབས་སོ་ཞེས་གྱིས་ཤིག་གསུངས་ནས་ས་ལ་རི་མོ་ཞིག་བྲིས། དེ་ལ་ཏིང་ངེ་འཛིན་ཞིག་མཛད་ནས་དེ་བསུབས་པ་དང་མི་དེ་དགོན་པར་ཕྱིན་ཡང་མྱུར་དུ་མ་སླེབས་པ་དང་རེས་བརྗེད་ནས་ལན་བྱ་བ་མ་བྱུང་། ཁུ་སྟོན་སྔ་དྲོ་སྐྱོ་སེང་དུ་བྱོན་པ་ལ་དེ་ཉིན་སྒོ་བརྒྱབ་ནས་ལན་མ་གསུངས།

དེ་ནས་ཁུ་སྟོན་གྱིས་ཇོ་བོ་དཔོན་གཡོག་ཕེབས་པའི་སྐོར་ཤེས་རྗེས་དེ་སྔོན་ཁུ་སྟོན་གྱི་བཞོན་རྟ་བྱ་ནག་བྱ་བ་ཞིག་ཡོད་པ་དེ་ཁུ་སྟོན་གྱི་སྐད་ཐོས་པ་ཙམ་གྱིས་དྲུང་དུ་འོང་བ་ལ། དེའི་ཉིན་འཕྲ་ཤགས་བྱས་ནས་བྲོས། ཟིན་ནས་རྟ་པ་མང་པོས་རྗེས་བསྙེགས་ཏེ་བྱོན། ཇོ་བོ་རྗེ་འཁོར་བཅས་རྣམས་འོན་གྱི་གྲུ་ཁ་ལ་བྱོན། ཁུ་སྟོན་གྱི་གནོད་པ་བྱུང་དོགས་ནས་འབྲོམ་སྟོན་པ་འཁོར་བཅས་སྔོན་ལ་ཕེབས། དེ་ནས་ཇོ་བོ་བྱོན་པའི་གྲུ་འདོམ་གང་ཙམ་དུ་སྒྲོལ་སྐབས་ཁུ་སྟོན་རང་སྔོན་ལ་བྱོན་ཏེ་ཇོ་བོ་ལ་བཞུགས་པར་ཞུས་པས་མ་གསན་བར་ཁུ་སྟོན་གྱི་མཆོད་པའི་རྟེན་དུ་ཇོ་བོའི་དབུ་ཞྭ་ཕུད་ནས་རྒྱང་གིས་བསྐྱུར།

ཇོ་བོས་འོན་ཁྲ་སྣར་ཀེ་རུ་ལྷ་ཁང་དུ་བཞུགས་སྐབས་དེའི་རྩིག་ངོས་སུ་ཇོ་བོ་རྗེ་ཉིད་ཀྱི་སྐུ་འདྲ་ཞིག་བྲི་བར་མཛད་དེ་དེང་སང་ཡང་མཆོད་པའི་གནས་སུ་འགྱུར། སྐབས་དེར་རྒན་མོ་ཞིག་གིས་འབྲུ་ཁལ་བཅོ་ལྔ་ཕུལ་ནས་ཟླ་བ་གཅིག་ཆོས་འཁོར་བཙུགས་པས་དེའི་སྲོལ་ཡུན་རིང་དུ་གནས། དེ་ནས་སླར་ཡང་བསམ་ཡས་སུ་བྱོན། བོད་ཀྱི་རཱ་ཛ་བོ་དྷི་ས་ཏྭ་གསུང་ཞིང་རྗེས་སུ་ཡི་རངས་མཛད། ཕྱག་ལེན་ལ་བོད་ཀྱི་རྒྱལ་པོ་ཡིན་ཟེར་བ་ཀུན་ལ་ཤིན་ཏུ་གུས་པར་མཛད་པས་བོད་འབངས་རྣམས་ན་རེ་ཇོ་བོ་རྗེ་ལྟ་བུས་ཀྱང་གུས་པར་མཛད་ན་ངེད་འབངས་རྣམས་ཅིའི་ཕྱིར་གུས་པར་མི་བྱེད་ཟེར་ནས་ཤིན་ཏུ་གུས་པར་བྱེད་པ་བྱུང་། དགེ་བཤེས་གར་མའི་ཡོན་ཏན་གཡུང་དྲུང་གིས་ཡོན་བདག་མཛད་ནས་དབྱར་དེ་ལ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཞིག་གསུངས། དེ་ནས་གང་ན་སྤྲོས་པའི་རྩོད་པ་ཡོད་པ་ལས། དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །བྱ་བ་ཡིན་པས་ཨུ་པ་སི་ཀ་ད་ལྟ་རང་གཤེགས་གསུངས། དེའི་དུས་སུ་ཞང་འཕྲང་ཀ་བེར་ཆུང་གིས་འབྲོམ་སྟོན་པ་སྤྱན་འདྲེན་པའི་བང་ཆེན་མི་གཉིས་བཏང་ནས་བྱུང་བས་འབྲོམ་སྟོན་པས། ང་ད་ལོ་འོང་མི་ཁོམ། ཇོ་བོ་སྐུ་ན་མཐོ་ལ་སྐུ་གཅོང་མངའ་བས་ཞབས་ཏོག་གལ་ཆེ། དེའི་བར་དུ་ཁྱེད་ཐུགས་ཡིད་མི་ཆད་པར་ཞུ་གསུངས་ནས་འཕྲིན་བསྐུར་པ་ནི། ཡབ་མེས་ཆོ་རིགས་བཟང་པོའི་རྗེས་འབྲངས་ནས། དགེ་བའི་བློ་མངའ་དལ་འབྱོར་ལྡན་རྣམས་ལ། སྨན་པར་དགོངས་པའི་སེམས་ཀྱིས་ཀུན་བསླངས་ནས། བདུད་རྩི་འདྲ་བའི་ཆོས་ཤིག་ཀུན་ལ་འདེབས། ཞེས་བྱ་བ་ནས། མཐོ་དམའ་མཁའ་ལ་ཉི་ཤར་ཇི་བཞིན་དུ། འགྲོ་མགོན་སངས་རྒྱས་དེ་དང་འཕྲད་པར་མཛོད། ཅེས་བྱ་བའི་བར་ཚིགས་བཅད་བཅོ་བརྒྱད་དང་། གང་གི་དྲིན་གྱིས་བདག་བློ་རྒྱས་མཛད་པའི། །ཞེས་པ་ནས། དེས་ན་དམ་པ་རྣམས་ཀྱི་རྗེས་སུ་བསླབ། ཅེས་པའི་བར་ཚིགས་སུ་བཅད་པ་བཅོ་བརྒྱད་བཅས་འཕྲིན་དུ་བསྐུར། དེ་དང་མཉམ་དུ་དད་རྟེན་དུ་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྐུ་དེ་ཡང་བསྐུར་གནང་མཛད། ང་ཇོ་བོ་དང་ཤི་བྲལ་བྱེད། དེ་ནས་མ་ཤི་ན་ཁྱེད་ཀྱི་མཆོད་གནས་བྱའོ། །དེའི་བར་འདི་རྣམས་དགོངས་ཤིག་གསུངས། ཇོ་བོའི་ཞལ་ནས། བྱང་ཆུབ་སེམས་ནི་རིན་པོ་ཆེ། གང་གི་ཐུགས་ལ་གནས་གྱུར་པ། དེ་ཡི་སྐུ་ལ་ཕྱག་འཚལ་ན། བསོད་ནམས་དཔག་ཏུ་མེད་པ་འབྱུང་། ཞེས་གསུངས། ཡང་ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་འགྱུར་ཆུང་ཞིག་མཛད་པའི་ཚེ། ལོ་ཙཱ་བས་སྣག་ཚ་བོ་བས། ཇོ་བོས་ལོ་ཙཱ་བ་སྒོར་ཕྱུང་གསུངས། ལོ་ཙཱ་བས་བླ་མས་ན་ནིང་ཡང་མངའ་རིས་སུ་སྒོར་ཕྱུང་ཞུས་པས། ཇོ་བོས་ལོ་ཙཱ་བ་ངན་པར་ཐལ། ཁྱེད་ལ་ཁོན་དུ་འཛིན་པ་འདུག །ང་ལ་ཁྲོ་བ་ཡོད་དེ་འཛིན་པ་མེད་གསུངས། དེའི་དུས་སུ་ཡང་བོད་ཀྱི་མི་ཆེན་ཕལ་ཆེར་འཚོགས་པས་རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཁྱིམ་པ་རྣམས་བསྙེན་གནས་ལ་བཀོད། ཆོས་ཐམས་ཅད་ལག་ལེན་ལ་གདབ་ཏུ་རུང་བར་མཛད་ནས་བོད་ལ་ཕན་བཏགས་པར་མཛད།

དེའི་དུས་སུ་བང་སྟོན་གྱི་རྟ་པ་ཉིས་བརྒྱས་བསུས་ཏེ་བསམ་ཡས་ཕུའི་ལ་ལ་བྱོན། དད་ལྡན་གྱིས་ཕུལ་བའི་རྟ་ཕྱུགས་མང་དུ་ཡོད་པས་ཐུགས་འདོད་ཆེ་བར་སྒྲོག་པ་ཡང་བྱུང་། འདི་རྣམས་མི་འཚོང་ངམ་ཞུམ་པས་ཁྱོད་ཕ་མ་རྒན་རྒོན་ཡང་འཚོང་ངམ་གསུངས། བསམ་ཡས་ཀྱི་ལ་ལ་རྟ་རྒན་ཞིག་གི་ལག་པ་རྫ་བར་དུ་འཚུད་ནས་མ་ཐོན་པར་ལུས་པ་མཁྱེན་ཏེ་འདོན་དུ་བཏང་། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་ཙམ་བཞུགས་ཏེ་ནས་སྙེ་ཐང་དུ་ཕེབས། སྐབས་དེར་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་སྤྱན་དྲངས་ནས་ཕེབས་བསུར་བྱོན། དེའི་དུས་མི་དཀར་པོ་ཞིག་སྔུན་བསུར་བྱུང་སྟེ་མ་ཧཱ་པཎྜི་ཏ་བྱོན་པ་ལེགས་སོ་རྒྱལ་བར་གྱུར་ཅིག་གསུངས། ཇོ་བོས་དེ་མ་ཐག་ཆིབས་ལས་བབས་ཏེ་ཕྱག་ཐལ་མོ་སྦྱར། མདོ་འདོན་གྱིན་མགྱོགས་པར་བྱོན་ཡང་རྗེས་མ་ཟིན། དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱོད་ཀྱིས་མི་དཀར་པོ་དེ་མཐོང་ངམ་གསུངས། དེ་མཐོང་ལགས་ཞུས་པས། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན་ཏེ་ཕྱག་བྱ་བར་འདོད་པས་རྗེས་མ་ཟིན་གསུངས།

དེ་ནས་ལྷ་སར་ཕེབས་ཏེ་ར་ས་འཕྲུལ་སནང་གི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་དེ་གཟིགས་ནས་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས་ནས་མཆོད་པ་རྒྱ་ཆེན་པོ་མཛད། ཇོ་བོ་ཤཱཀྱ་མུ་ཎེའི་སྐུ་བརྙན་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་འདུག་གསུངས་ནས་འདྲ་འབག་གི་སྐུ་ཡང་བྲིས་ཏེ་ཐུགས་དམ་གྱི་རྟེན་མཛད། ཡོད་སྨྲའི་སྡེ་པ་ལ་སྤྱི་བཤགས་ཡོད་དམ་ཞུས་པས་སློབ་དཔོན་ཞི་བ་ལྷས་མཛད་པ་ཡོད་གསུངས་ནས་གནང་སྟེ་མི་ཤེས་པ་དང་བརྗེད་པས་བྱས་པའི་ལྟུང་བ་རྣམས་འདིས་འདག་གསུངས། ཇོ་བོ་རྗེ་ལྷ་སར་བཞུགས་རིང་ཡ་མཚན་ཅན་གྱི་རྟགས་མང་པོ་ཡང་གཟིགས། དགྲ་བཅོམ་པ་ཞིག་ཀྱང་འདུག །བོད་ནང་དུར་ཁྲོད་ཀྱི་གནས་ཤིག་བཤད་པ་དེ་འདི་ཡིན་པར་འདུག་གསུངས་ནས་གནས་ཆེན་པོ་བརྒྱད་ཀྱི་བཤད་པ་ཡང་མཛད། ཁྱད་པར་དུ་གསང་སྔགས་སྒྲུབ་པའི་གནས་མཆོག་ཏུ་གྱུར་བ་ཡིན་གསུངས། དེའི་དུས་སུ་ཆང་གི་ཉེས་པ་སུམ་ཅུ་རྩ་བཞི་ལ་སོགས་པ་ཆང་གི་ཉེས་པ་མང་པོ་ཡང་གསུངས།

དེ་ནས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་དབུ་མཛད་བོད་སྟོན་བདུན་གྱིས་རིམ་པར་ཞུས་པའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་དང་དེའི་སྲུང་བའི་འཁོར་ལོ་དང་རིག་སྔགས་བཅད་པའི་ཆོ་ག་དང་། སེར་བ་བཟློག་པའི་ཆོ་ག །དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ལེའུ་དང་པོ་རྣམས་གསུངས་ནས་ཇོ་བོ་རྗེ་ཉིད་དང་ནག་ཚོ་ལོ་ཙཱ་བ་བས་བསྒྱུར་རོ། །ཇོ་བོ་རྗེས་ཐུགས་ཚིམ་པ་མེད་པར་ར་ས་འཕྲུལ་སྣང་དུ་བསྐོར་བ་དང་སྒྲུབ་པ་མཛད་པ་ལ། རྔོག་ལེགས་པའི་ཤེས་རབ་ཀྱིས་སྔར་བསམ་ཡས་སུ་ཇོ་བོ་རྗེ་ནམ་མཁའ་ལ་བསྐོར་བ་མཛད་ཟེར་བ་དེ་ཐུགས་ལ་བཞག་ནས། ནམ་གཅིག་ཇོ་བོ་རྗེ་བསྐོར་བ་མཛད་པ་ལ་གཟིགས་པས། ཇོ་བོ་རྗེའི་ཞབས་ས་ལ་མི་རེག་པ་རྔོག་ལོས་གཟིགས་ནས་རྔོག་ལོས་ཇོ་བོ་རྗེ་ལ་བསམ་ཡས་ཀྱི་རྒན་མོ་དེ་སྣང་བ་དག་པར་འདའ། ཇོ་བོའི་ཞབས་ས་ལ་མ་རེག་པར་བསྐོར་བ་མཛད་ཅིང་གདའ་བ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས།

དེའི་དུས་སུ་འབྲོམ་སྟོན་པས་དབུ་མཛད་དེ་བོད་སྟོན་རྣམས་ཀྱིས་བསྐོར་བའི་གདམས་པ་ཞུས་པས། ཇོ་བོ་རྗེའི་ཞལ་ནས་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་བསྐོར་བ་ལས་བསོད་ནམས་ཆེ་བ་མེད། ལུས་ངག་ཡིད་གསུམ་གྱི་ལས་གསུམ་གས་བསྐོར་བ་ཡིན། རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ། ཁར་ས་པཱ་ཎིའི་ལྷ་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་རྐང་འབམ་གྱི་ནད་གསོས་པ་ལ་སོགས་པའི་གཏམ་རྒྱུད་མང་དུ་གསུང་ནས་བསྐོར་བའི་གདམས་པ་རིགས་མང་དུ་གསུངས་སོ། །ཡང་ཇོ་བོ་རྗེ་ལྷ་སའི་གཙུག་ལག་ཁང་དུ་བསྐོར་བ་མཛད་ཅིང་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་ཡོད་དམ་དགོངས་པ་ན་སྤྲང་མོ་སྨྱོན་མ་ཟེར་བ་ཞིག་ན་རེ་ལྐོག་ཕ་གིར་གཤེགས་འཚལ་ཟེར་ཏེ་འདིའི་ལོ་རྒྱུས་ཤིག་འཚལ་ལམ་ཟེར་བས། རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ཏེ་ཅིས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བ་ན་ཡོད་གཞན་ལ་མ་སྨྲས་ཤིག་ཟེར། དེར་འདོན་པར་བརྩམས་ན། གཏེར་སྲུང་གཉན་པོ་ཞིག་འདུག་པས་དེ་རིང་ཇི་ཙམ་ཟིན་པ་ཞིག་འབྲིར་བཏང་གཞན་མི་སྟེར་ཟེར་བས། རྣལ་འབྱོར་པ་དང་འབྲོམ་སྟོན་པ་སོགས་བཞིས་བྲིས་པས་ཕལ་ཆེར་བྲིས་ཟིན། ལྷག་མ་ཅུང་ཟད་ལུས། དེ་རྣལ་འབྱོར་པ་ལ་གནང་ནས་སུ་ལ་ཡང་མ་སྟོན་ཞིག་གསུངས། ཕྱིས་བྱ་ཡུལ་བས་ཐུགས་རྗེ་ཆེན་པོའི་ཆེ་བའི་ཡོན་ཏན་ཞིག་དཀོན་གཉེར་ལ་གཏད། གཞན་གདུང་ཁང་དུ་བཅུག་སྐད།

དེ་ནས་ཞག་གཉིས་ན་རང་བཞིན་གྱི་རྣལ་འབྱོར་མ་ལྷ་རྣམས་ཀྱིས་བསུས་ནས་གཤེགས་གསུངས་ཏེ་རྣལ་འབྱོར་པས་བལྟར་ཕྱིན་པས་གྲོང་མ་ཐག་ཏུ་འདུག །ཇོ་བོ་རྗེས། གྲིབ་ཀྱི་རི་དེ་དང་ལྷ་ས་གཉིས་ལ་ཕར་བཞུད་ཚུར་བཞུད་བྱེད་པའི་རང་བཞིན་གྱི་རྣལ་འབྱོར་མ་ཞིག་འདུག་གསུངས། ལྷ་སར་དགུན་གཅིག་བཞུགས། དེའི་དུས་སུ་ཆོས་གསུངས་པ་རྣམས་ཀྱང་ཟབ་རྟགས་ཁྱད་པར་ཅན་མང་པོ་ཡང་གཟིགས། དབྱར་དུས་རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པར་སྤྱན་དྲངས་ཏེ་བ་རང་དུ་བཞུགས། གནས་བརྟན་དད་པ་བླ་མས་ཇོ་བོའི་གཟིམ་ཁང་དུ་བྱེད་ཟེར་ནས་གནས་ཤིག་བརྩིགས་དེར་ཞག་གཅིག་བཞུགས་ཏེ་གཟིམ་ཁང་དུ་གྲགས།

ཡེར་པའི་ཞང་བཙུན་འོལ་རྒོད་འབར་གྱིས་བསྙེན་བཀུར་ཆེར་ཞུས་ནས་གདམས་པ་ཞུས་པས། ཇོ་བོ་རྗེས་རིགས་ཀྱི་བུ་ཁྱོད་ཀྱི་ཚེ་ནི་ཡུན་ཐུང་། ཤེས་བྱའི་རྣམ་པ་མང་། ཚེའི་ཚད་ནི་ཇི་ཙམ་མི་ཤེས་པས། ཁྱེད་ཀྱིས་སྒོམས་ཤིག །བསྒོམས་པས་མང་པོ་མང་པོ་གོ་བ་ཡིན། ཉན་པས་ཉུང་ངུ་ཉུང་དུ་ལས་མི་གོ །ཁྱེད་ཀྱིས་སྒྲུབ་པ་ལ་ནན་ཏན་སྙིང་པོར་གྱིས་ཤིག་གསུངས། དེ་ནས་གྲུབ་ཐོབ་ཀྱི་དབེན་གནས་རྙིང་པ་ཞིག་ལ་ཕྱག་མཛད། དགེ་ཚུལ་བཞི་ལ་ཡང་ཕྱག་མཛད། དེ་ཇི་ལྟར་ལགས་ཞུས་པས། བཞི་གདའ་བ་ཡིན་གསུངས། ཇོ་བོ་རྗེ་ལ་བཙུན་མ་ནད་པ་ཞིག་གིས་བསྙེན་བཀུར་ཞུས་པས། བཙུན་མ་དེ་ཤི་བ་ཇོ་བོས་མཁྱེན་ནས། རྣལ་འབྱོར་པ་ལ་ཡོན་བདག་མོ་དེ་ཤིའམ་གསུངས་པས། ཅང་ཤིའམ་ཁ་སང་རང་བསྙེན་བཀུར་བྱས་པ་ལགས་ཞུས་པས། ཇོ་བོ་རྗེས་དེ་རང་གིས་ཤི་བ་ཡིན། བཙུན་མ་དེ་ལྷར་སྐྱེས་ནས་བཀྲ་ཤིས་ཀྱི་མཆོད་པ་བྱེད་ཅིང་འདུག་གསུངས།

དེའི་དུས་སུ་འབྲོམ་སྟོན་པས་བྱང་དུ་གསེར་སློང་དུ་བྱོན། དགེ་བཤེས་ནམ་མཁའ་བླ་མའི་ཕ་མ་ཤི་བ་བྱིས་པ་ནོར་དང་བཅས་འབྲོམ་སྟོན་པ་ལ་ཕུལ། དེ་བཞིན་དད་ལྡན་རྣམས་ཀྱིས་གསེར་ལ་སོགས་པ་ནོར་མང་དུ་ཕུལ་ནས་ཚུར་བྱོན། ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་བླ་མ་རྗེ་བཙུན་ཆེན་པོ་ཟང་ཟིང་ལ་མཉེས་པ་མི་མངའ་ཡང་། ཁོ་བོ་ཟང་ཟིང་གི་མཆོད་པ་ཅུང་ཟད་བགྱིད་གསུངས་ནས་འབུལ་བ་མཛད་པ་ནི། གསེར་ཞོ་དགུ་དགུ་ལ་སྲང་རེ་རེ་བརྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག །བླ་གོར་གྱི་གཞོང་པ་ལ་སོགས་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ། བོད་དུ་ཉིན་གཅིག་ལ་དེ་ལས་ཞབས་ཏོག་ཆེ་བ་བྱུང་མེད་གསུངས། དེ་ནས་ཇོ་བོ་རྗེ་བྱང་ཆུབ་ལམ་གྱི་རིམ་པའི་དབུ་བཤེས་གཉེན་བསྟེན་ཚུལ་ནས་མཐར་འབྲས་བུ་ཟུང་འཇུག་གྲུབ་པའི་བར་གྱི་ལམ་འབྲས་བུ་དང་བཅས་པའི་དཀའ་བའི་གནས་རྣམས་ལ་བརྒལ་བརྟག་གི་ལུང་དང་རིགས་པས་མཐའ་གཅོད་པར་མཛད་ཅིང་། བྱང་ཆུབ་ལམ་གྱི་རིམ་པའི་སྙིང་པོའི་ཡང་སྙིང་པོ་བཀའ་གདམས་ལྷ་ཆས་བདུན་ལྡན་གྱི་མན་ངག་གསང་བ་ལས་ཀྱང་ཆེས་གསང་བའི་ཐེག་ལེ་བཅུ་དྲུག་གི་དབང་དང་གདམས་ངག་རྣམས་རྫོགས་པར་གནང་། དེའི་ཚེ་གསང་ཕུ་བ་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་གཉིས་མཎྜལ་ཕུལ་ཏེ་ཡབ་སྲས་གཉིས་ཀའི་གསང་བ་ཐུན་མོང་མིན་པའི་བཀོད་པ་རྣམས་གསུངས་པར་གསོལ་བ་བཏབ་པ་ན། འབྲོམ་སྟོན་པའི་སྐྱེས་རབས་ཟབ་མོ་རྣམས་ཇོ་བོ་རྗེས་གསུངས། འབྲོམ་སྟོན་པ་ཉིད་ཀྱིས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པ་སྤྲུལ་པའི་གླེགས་བམ་ཞེས་པ་དེང་སང་བཀའ་གདམས་གླེགས་བམ་དུ་གྲགས་པ་འདི་གསུངས།

ཇོ་བོ་རྗེའི་སྐུ་ཆེ་བའི་ཡོན་ཏན་འབྲོམ་སྟོན་པས་ཡི་གེར་བསྡེབས་པ་དེ་ཡང་ཚོགས་སུ་བཀླགས་པས། གང་ཞིག་ལ་ནི་བསྟོད་པ་ཡི། ཞེས་པའི་བསྟོད་པ་དེ་ཡང་མཛད་པས། ཇོ་བོ་རྗེས་འོ་ན་ང་ལ་ཡོན་ཏན་དེ་ལས་མེད་དམ་གསུངས་ནས། ཇོ་བོ་རྗེས་ཉིད་ཀྱིས་ཆོས་ལ་དཀའ་སྤྱད་མཛད་ཚུལ་དང་། སྒྲུབ་པ་ཉམས་སུ་བླངས་ཚུལ་ལ་སོགས་ཅུང་ཟད་གསུངས་ཏེ། ཁྱེད་ཚོས་དཀའ་སྤྱད་མ་བྱས་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ལེགས་པར་སྤྱོད་ཅིག་གསུངས། ཡང་རྟག་ཏུ་ངུ་དང་ཆོས་འཕགས་དང་ནོར་བཟང་གི་གཏམ་རྒྱུད་ཟུར་ཙམ་གསུངས་ནས། བླ་མའི་ཞབས་ཏོག་བྱེད་པ་ལ། བླ་མ་དེ་ལ་འདོད་པ་མི་མངའ་ཡང་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་དགོས་པ་ཡོད་པ་ཡིན་གསུངས། བླ་གོར་གྱི་གཞོང་པ་དེ་ཇོ་བོའི་གསོལ་སྡེར་མཛད་ནས་ཕྱིས་ཤངས་མཚལ་གྱིས་ཇོ་བོ་རྗེ་ཉིད་ཀྱི་སྐུ་འདྲ་ཕྱག་བྲིས་སུ་མཛད་ནས་དད་པའི་རྟེན་དུ་བཞག་སྟེ་ད་ལྟ་ཡེར་པའི་ར་བ་ན་བཞུགས། འདི་སྐབས་ཙམ་དུ་འབྲོམ་སྟོན་པ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཡང་མཇལ། ཇོ་བོ་རྗེས་འབྲོམ་སྟོན་སོགས་ཀྱི་གསོལ་བ་བཏབ་པ་བཞིན་ཆོས་དང་ཆོས་ཉིད་རྣམ་འབྱེད་ལ་སོགས་པའི་གསུང་ཆོས་མང་དུ་གནང་། སྐབས་ཤིག་ཡེར་པར་ཇོ་བོ་སྐུ་མཚམས་ལའང་བཞུགས།

དེ་ནས་དར་ཡུལ་མངོན་ཤེས་པ་བྱ་བ་དེས་རྔོག་བྱང་ཆུབ་འབྱུག་གནས་ལ་གཡུ་རྡོག་ཅིག་རྔན་པར་བྱིན་ཏེ་གྲོགས་བཅལ་ནས་མཇལ་དུ་བྱུང་བ་ལ་ཁུ་སྟོན་གྱིས་ཇོ་བོའི་སྐུ་སྐྱེ་སྔ་ཕྱི་སོགས་དྲིས་པས་མང་པོ་ཞིག་ཤར་གྱིས་བྱུང་། དེར་ཁུས་འགྲམ་གཡས་གཡོན་དུ་དཀར་གོང་དང་སྲན་མ་བཅུག་ནས་འོ་ན་ངའི་འགྲམ་པ་གཡས་གཡོན་དུ་ཅི་ཡོད་དྲིས་པས་མ་ཤེས་པར་སྐྱེངས་ཏེ་སོང་། ལྷའི་བུའི་བདུད་ཀྱི་བར་ཆད་དེ་བོད་ན་སྔར་དེ་འདྲ་མང་པོ་ཡོད་པ་ཕྱིས་ཉུང་དུ་སོང་། དེ་ནས་ཀ་བ་ཤཱཀྱ་དབང་ཕྱུག་གིས་སྤྱན་དྲངས་ནས་ལེན་པར་བྱོན་པའི་ཕེབས་ལམ་དུ་བུ་མོ་ཞིག་གིས་ཇོ་བོ་ལ་དད་ནས། མོ་རང་གི་རྒྱན་ཆ་རྣམས་ཕུད་ནས་ཇོ་བོ་རྗེ་ལ་ཕུལ། དེ་ནས་ལེན་པའི་སྤྱིལ་ཕུར་ཟླ་བ་གཅིག་ཙམ་བཞུགས། བྱིས་པ་ཞིག་ལ་བྱིན་རླབས་མཛད་ནས་གཞན་ལ་ཕན་པ་ཞིག་འོང་གསུངས་ཏེ་ཕྱིས་ལྕང་ཕྱིའི་ཉང་མི་ཆེན་པོར་གྱུར། བྲན་ཀས་བར་ཆད་རྩོམ་པས་མ་ཚུགས་པར་རྟ་མགྲིན་ཤཱ་ན་བཞི་སྐོར་གྱི་སྒོ་ནས་བཏུལ། དེ་ནས་སླར་ཡང་ཡེར་པར་བྱོན་པའི་དུས་སུ་བྱང་སྟོན་གྱིས་སྤྱན་འདྲེན་པ་བྱུང་སྟེ། རྟ་ཕྱུགས་དང་གྲ་ཁལ་ཐམས་ཅད་ཡེར་པའི་རྩྭ་ཁ་ལ་རི་དྭགས་ལྟར་ཡན་དུ་བཅུག །ཡེར་པར་དབྱར་གཅིག་བཞུགས་ནས་སྙེ་ཐང་དུ་བྱོན་པའི་ལམ་བར་དུ་སྟོད་ལུང་རམ་པ་ཡུལ་པོ་ཆེར་བྱོན་ཏེ་དེ་ཡན་ཆད་མ་ཕེབས།

 

དགུ་པ། ལྷ་ས་སྙེ་ཐང་ན་མོ་ཆེར་སྐུ་མྱ་ངན་ལས་འདས་པའི་སྐོར།

སྙེ་ཐང་དུ་སྤྱན་འདྲེན་པའི་དུས་སུ་བང་སྟོན་ལ་བལ་འཁོར་བཞི་དང་ནས་སྲན་ཁལ་བརྒྱད་ལས་མེད་པ་ལ་སྲིང་མོ་བཙུན་མ་ཕྱུག་མོ་ཞིགན་རེད། ལོ་པཎ་སྤྱན་འདྲེན་པ་ལ་ཡོ་བྱད་ཅི་ཡོད་ཟེར་བས། སྣེ་ལེན་ལྡང་ཙམ་ཡོད། དེ་ནས་ཨ་ཏི་ཤ་ཡིད་བཞིན་གྱི་ནོར་བུ་ཡིན་པས་ཁོ་རང་ལས་འོང་པ་ཡིན། ཁྱེད་རང་ཡང་ཡོ་བྱད་ཅི་ཡོད་ཕུལ་ཅིག །རང་རེ་གཉིས་ཀ་ཇོ་བོའི་ཐབ་ཁ་ལས་ཟོས་པས་ཆོག་གི་བྱས་པས། དེས་ཡོ་བྱད་བཏང་སྟེ་སྣེ་ལེན་དཔེ་མེད་པ་གྲུབ། ཁོང་རང་གིས་བལ་འཁོར་བཞི་དང་ནས་སྲན་ཁལ་བརྒྱད་བཅས་ཕུལ། བང་སྟོན་གྱི་གཙོས་འཇང་པ་རྣམས་ཀྱིས་ནས་བོང་རྒྱབ་འཇང་ནས་སྙེ་ཐང་དུ་འབྲེལ་ཡང་ད་དུང་མ་རྫོགས་པར་ཕུལ། དེ་ནས་བཙུན་མ་དེས་ཇོ་བོའི་ཐབ་ཁ་ནས་བཟས་པས། བང་སྟོན་ན་རེ། ཇོ་བོའི་དད་རྫས་ཁྱེད་ཀྱིས་མི་འཇུ་བས་ཁྱེད་རང་ཚོལ་ཟོ་ཟེར། ཇོ་བོ་སྙེ་ཐང་དུ་བཞུགས་རིང་ཉིན་ལྟར་གསོལ་ཞོ་ལུང་པའི་ཕུའི་འབྲོག་པས་ཕུལ་བས་དེའི་བྱིན་རླབས་ཀྱིས་ཁོང་ཚོའི་ཕྱུགས་ཟོག་ལ་གཅན་གཟན་གྱི་གོད་ཆག་དང་ཕྱུགས་ནད་སོགས་མི་བྱུང་ཟེར། ཇོ་བོ་རྗེ་སྙེ་ཐང་ན་བཞུགས་པའི་དུས་སུ། དབུས་གཙང་གི་མི་ཆེན་ཐམས་ཅད་ཚོགས་ནས་ཆོས་མང་དུ་ཞུས།

ལྷ་བཙུན་པས་བོད་ཀྱི་རབ་བྱུང་ཐམས་ཅད་ལ་མཁན་རྒྱུད་དེད་ནས་ཤམ་ཐབས་ཀྱི་ཁྲལ་བསྡུས་ན་སྙེ་ཐང་ན་མོ་ཆེར་འབུལ་བ་ཆེན་པོ་བྱས་ཏེ་འབྲོམ་སྟོན་བཙན་ནམ་མཁའ་བྱ་བ་བོད་ན་གཟུགས་མཛེས་པ་ཞིག་གིས་ཕྱག་ཏུ་འབུལ་དུ་བཅུག །ཡང་དེ་ལ་བཙུན་མོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སོགས་རྒྱལ་སྲིད་སྣ་བདུན་ཡང་ཕུལ། བརྒྱད་སྟོང་པ་ཇོ་བོ་ཉིད་ཀྱིས་གང་མཁྱེན་པ་ཞིག་ཞུས་པ་ལ་ཕྱག་དར་སྟོན་པས་ཟིན་བྲིན་བྱས་པས་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་ཤིན་ཏུ་རྩ་ཆེ་བ་དེ་བྱུང་། ཞང་སྣ་ཆུང་སྟོན་པ། ལྡང་ལྗང་སྟོན་པ། སྐྱུར་སྟོན་པ་དང་ཕྱག་དར་སྟོན་པ་སོགས་བཞིས་ཇོ་བོ་ལ་གྲུབ་མཐའ་ཞིག་ཞུས་པས། ཕྱི་རོལ་པའི་འཇུག་པ་ལྔ་དང་ནང་པའི་འཇུག་པ་གཅིག་ཅེས་པ་ལ་བརྟེན་ནས་གྲུབ་མཐའ་ཁ་ཅིག་གསུངས་ནས་སློབ་དཔོན་རྣམས་ཀྱི་བཞེད་གཞུང་མང་པོ་ཞིག་ཡོད་དོ། །

དེ་ཐམས་ཅད་རྣམ་པར་རྟོག་པ་ཡིན། ཚེ་ཐུང་འདི་ལ་རྣམ་རྟོག་བགྲང་གིས་མི་ལང་བས་སྙིང་པོ་བསྡུས་མཛོད་གསུངས། ཞང་སྣ་ཆུང་སྟོན་པས་སྙིང་པོ་ཇི་ལྟར་བསྡུ་ལགས་ཞུས་པས། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེས་མ་ཟད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་འགྲུབ་པའི་ཆེད་དུ་ཚོགས་གཉིས་རྫོགས་པར་མཛོད། དེའི་དགེ་བ་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བར་མཛོད། ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྒོམས་པར་གྱིས། དེ་ལྟར་གྱིས་ལ་སྙིང་པོ་བསྡུས་མཛོད་གསུངས། རིན་ཆེན་བླ་མས་ཇོ་བོ་རྗེར་ཅི་ཡང་མ་བྱས་པར་འཚང་རྒྱ་བའི་ཐབས་ཞུས་པས་བྱུང་ན་ཁོ་བོ་ཡང་འདོད་དེ། ཚོགས་གཉིས་མ་རྫོགས་པའི་སངས་རྒྱས་ཁོ་བོས་མི་ཤེས་གསུངས། ཡང་བོད་སྟོན་ཁ་ཅིག་གིས་ཆོས་ཞུ་བར་བྱས་པ་ལ། ཞང་སྣ་ཆུང་སྟོན་པ་ན་རེ། ཇོ་བོ་ལ་ཆོས་ཞུས་ཚད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་ལས་མི་འོང་ཟེར། དེ་ཇོ་བོས་གནས་ནས། ཞང་སྔ་ཆུང་སྟོན་པ་ཁྱེད་རེ་བདེན། ང་ལ་རྒྱ་གར་ན་ཡང་ཁྱེད་འདྲ་བའི་མན་ངག་ལ་དགའ་ཞིང་སྒྲུབ་པ་ལ་མི་དགའ་བའི་སློབ་མ་ཞིག་ཡོད། ཁོ་ཡང་བྱང་ཆུབ་ཀྱི་སེམས་ལ་ཡིད་མ་ཆེས་ཞེས་གསུངས། འབྲོམ་སྟོན་པས་ཇོ་བོ་རྗེ་ལ་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས། ཇོ་བོས་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ཏེ་ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་དཔའ་ཆེན་པོ་བོད་ན་ཡོད་པ་བོད་བསོད་ནམས་རེ་མི་ཆུང་། ཁོ་བོ་འོང་མི་དགོས་པར་འདུག་པ་ལ་གསུངས་ནས་གདམས་པ་ཤས་ཤིག་གནང་། ཇོ་བོ་རྗེས། བོད་སྔགས་མཚན་ཉིད་གཉིས་ལ་ཇི་ལྟར་འདོད་གསུངས། གཞན་གྱིས་ཞུས་མ་སྤོབས། ཞང་སྣ་ཆུང་སྟོན་པ་ན་རེ། ཁོ་བོའི་བླ་མ་ཞིག་གིས་ལམ་གྱི་དུས་ན་ཉེ་རིང་ཡོད། འབྲས་བུའི་དུས་ན་བཟང་ངན་མེད་གསུངས་ཞེས་ཞུས་པ་ལ། ཇོ་བོ་རྗེས་ལམ་ཉེ་རིང་བྱུང་ན་འབྲས་བུ་ལ་བཟང་ངན་ཅི་ནས་ཀྱང་འོང་དགོས། ནང་པ་སངས་རྒྱས་པའི་ཆོས་ཐམས་ཅད་རྒྱུ་འབྲས་གོ་མ་ལོག་པ་ཞིག་དགོས་གསུངས།

ཡང་ཇོ་བོ་རྗེས། བོད་ན་མུ་སྟེགས་དངོས་མི་འདུག་སྟེ་ཆ་མཐུན་འདུག །གང་ལགས་ཞུས་པས་གནས་བརྟན་གནས་གཞི་འཇིག་པ་འདི་རྣམས་ཡིན་གསུངས། ཉིན་ཞིག་ཇོ་བོས་ཨུ་པ་སི་ཀ་ཁྱེད་ཀྱིས་དགུན་ཡང་མེ་ཏོག་འཆར་བ་ཞིག་ཡོད་ཟེར་བ་དེ་ག་རེ་གསུངས་པས། འབྲོམ་སྟོན་པས་སྙེ་ཐང་གི་ན་མོ་ཆེའི་ཁར་ཇོ་བོ་སྤྱན་དྲངས་ནས་གསིང་མའི་མེ་ཏོག་སྤྱན་འབུལ་ཞུས་པས་ཇོ་བོའི་ཞལ་ནས་རྫུན་མ་བཏང་ཙམ་འདུག །ཁྱེད་མེ་ཏོག་ལ་དེ་ཙམ་དུ་དགའ་ན་ངས་ས་ཕྱོགས་འདིར་མེ་ཏོག་འཚར་བར་བྱིན་གྱིས་བརླབ་ཀྱི་གསུངས། དེའི་བྱིན་རླབས་ཀྱིས་སྙེ་ཐང་གི་སྐོར་ན་མེ་ཏོག་གི་རིགས་གཞན་ན་མེད་པ་མང་དུ་ཡོད་གསུངས།

ན་མོ་ཆེར་ཇོ་བོ་རྗེས་སྐྱོ་བསང་མཛད་ཅིང་དུད་འགྲོ་ཀུན་ལ་རྟའི་བུ་ཆུང་ཁམས་བདེའམ་རའི་བུ་ཆུང་ཁམས་བདེའམ་གསུངས། ཁྱད་པར་ཁྱི་ཕྲུག་རྣམས་ཕྱག་ཏུ་བསྣམས་ཤིང་ཁྱིའི་བུ་ཆུང་ཁམས་བདེའམ་ལུས་ངན་འདི་ལྟ་བུ་ལེན་པ་ཁྱེད་རང་གིས་ནོངས། ཁྱེད་རང་གིས་ནོངས་གསུངས། རེས་འཛེ་སྤྲང་ཀུན་ལ་བག་ཆགས་ངན་གསུངས་ནས་ཤང་སྐྱོར། རེས་འཛེ་སྤྲང་གི་གསེབ་ཏུ་བཞུགས་ཏེ་བྱམས་སྐྱོང་གནང་ཞིང་སྙིང་རྗེ་སྒོམ། ཁུ་སྟོན་གྱིས་ཇོ་བོས་ཀྱང་མི་ཆེན་པོ་མི་མཁྱེན་པར་གདའ་དེ་ལྟར་མ་མཛད་པར་ཞུས་པས། ཇོ་བོ་རྗེས་བོད་ཀྱི་མི་ཆེན་གྱིས་དགོས་པ་མེད་ངའི་བྱམས་སྙིང་རྗེ་ལ་གནོད་གསུངས།

ཉིན་ཞིག་ཇོ་བོས་དེ་རིང་ང་སུ་དང་མི་ཕྲད་པས་དྲུང་དུ་མི་མ་བཏང་ཞིག་གསུངས། དེའི་ཉིན་བར་མི་ཁྲེས་ཆུང་ཅན་ཞིག་བྱུང་སྟེ། རྒྱ་གར་ནག་ཆུང་གིས་བཏང་བ་ཡིན། ཇོ་བོ་རྗེ་ལ་འབུལ་བ་བྱེད་ཟེར་ནས་འབུལ་བ་བཞེད་དེ་བཏང་བས། ཁྲེས་པོ་དེའི་ནང་ནས་ལྕགས་ཀྱི་སྤར་མོ་ཞིག་འུར་གྱིས་ཇོ་བོའི་ཕྱོགས་སུ་སོང་བས་ཇོ་བོའི་སྐུ་རྒྱབ་ཀྱི་རྩིག་ངོས་ལ་ཐམས་ཀྱིས་སོང་ནས་ཕྲི་ལི་ལི་འདུག་སྐད། དེ་རྒྱ་གར་ནས་མུ་སྟེགས་པ་རྣམས་ཀྱིས་བོད་དུ་ནང་པའི་བསྟན་པ་འཕེལ་གྱིས་དོགས་ནས་གྲོས་བྱས་ཏེ་བར་ཆད་ལ་བཏང་བས་མ་ཚུགས་པ་ཡིན་གསུངས། ཡང་ཉིན་གཅིག་རྒྱ་གར་གྱི་དགེ་སློང་ཤིན་ཏུ་བཙུན་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་གཉིས་བྱུང་ནས། ཇོ་བོ་རྗེ་ལ་ཆོས་ཞུས་པས། ཇོ་བོས་གང་ཟག་གི་བདག་མེད་གསུངས་པའི་དུས་ཁོང་གཉིས་ཀྱིས་ཐལ་མོ་སྦྱར་ནས་ཉན། ཆོས་ཀྱི་བདག་མེད་གསུངས་པ་ན་ཨ་ཏི་ཤ་འཇིགས་འཇིགས་མི་གསུང་བར་ཞུ་ཟེར་ནས་རྣ་བ་འགེབས། ཤེས་རབ་སྙིང་པོ་འདོན་པ་ཐོས་ན་ཡང་རྣ་བ་འགེབས་པས་ཇོ་བོ་ཐུགས་ཆད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་ཚོགས་ཁྱད་པར་ཅན་ལ་འབད་པ་མ་བྱས་ན་སྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་པར་འདུག་གསུངས།

ཡང་ཙོང་ཁའི་རྒྱལ་པོ་ལ་ལོངས་སྤྱོད་ཡོད་ཚུལ་སོགས་ཞུས་པས་བོད་ན་དགེ་སློང་བཞི་སྡེ་ལ་འཚོ་བ་དྲངས་པའི་བསོད་ནམས་ལ་སྤྱོད་པ་སུའང་མི་འདུག་གསུངས། ཇོ་བོ་ལ་རྒྱ་གར་གྱི་སློབ་མ་རྣམས་ཀྱིས་འབུལ་སྐྱེལ་གྱི་ཕོ་ཉ་བྱུང་བ་ལ། ཇོ་བོས་རྒྱ་གར་ན་ངོ་མཚར་ཅན་གྱི་གཏམ་ཇི་ལྟ་བུ་འདུག་དྲིས་པས་དེ་ན་རེ་གཞན་མི་གདའ། རྣལ་འབྱོར་པ་ཞིག་གིས་གྲོང་ཁྱེར་ཆེན་པོ་ཞིག་གི་དབུས་སུ་འཆག་སའི་ཁུང་བུ་བྱས་ནས་སྒྲུབ་པ་བྱས་པས། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ། ད་ལྟ་སྐུ་ལུས་ཀྱི་བཀོད་པ་མང་པོར་སྤྲུལ་ནས་བྱམས་སྙིང་རྗེ་ལ་བརྩོན་པའི་ཆོས་གསུང་ཞིང་འདུག་ཞུས། ཡང་རྣལ་འབྱོར་མ་ཞིག་གིས་མཎྜལ་ལྔ་ཕུལ་བས་དེ་ལས་པདྨའི་སྡོང་པོ་སྐྱེས། དེ་ལ་མེ་ཏོག་ཤར་ནས་དབུ་མཛད་ཇོ་བོ་དང་སློབ་མ་རྣམས་ཐུགས་མཉེས་པོ་བྱུང་། དགེ་བཤེས་དགོན་པ་བས་བསམ་གཏན་ལ་བཞུགས་པའི་དུས་སུ། ནུབ་ཅིག་འུར་སྒྲ་ཆེན་པོ་ཞིག་བྱུང་བའི་རྗེས་ལ་ས་འོག་ནས་སྡིག་པ་ཆེན་པོ་ཞིག་བྱུང་བས་དགོན་པ་བས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པས་སྡིག་པ་དེ་མེད་པར་གྱུར།

སང་ཉིན་ཇོ་བོ་རྗེ་སྔ་པར་བྱོན་ནས་ཁྱེད་ཀྱིས་ང་བོས་པ་གང་ཡིན་གསུངས། བྱུང་ཚུལ་ཞུས་པས་མི་གཡོ་བའི་རྣལ་འབྱོར་བསྲུང་བའི་སྐོར་ཞེས་མི་གཡོ་བའི་གདམས་པ་མ་ལུས་པ་དགོན་པ་ལ་གནང་། ཇོ་བོ་རྗེས་དགོནཔ་སྟོང་པ་ཐམས་ཅད་ལ་བསམ་གཏན་པའི་གནས་ཡིན་གསུངས་ཕྱག་མང་དུ་མཛད་པས། འདི་ན་མི་མེད་ཞུས་པས་ཕྱིས་སྒོམ་མཁན་འོང་སྟེ་མཆིས། ཁོ་བོ་སྒོམ་པ་ལ་དགའ། ཁོ་བོ་ལ་སྒོམ་ཕྲུག་མ་བྱུང་། བོད་དུ་འོངས་པ་དོན་མེད་གསུངས། ཁྱེད་རང་ཡང་རི་ལ་སྒོམས་ཤིག་གསུངས། དེར་འདྲེ་འོང་ལགས་ཞུས་པས། ཁྱེད་རང་ཚུལ་ཁྲིམས་ཅ་ལེ་ཅོ་ལེར་སོང་བ་མིན་ནམ། ངེད་རྒྱ་གར་ན་འདྲེའི་གསེབ་ཏུ་སྒོམ་པ་ཡིན། ངའི་སློབ་མ་ཞིག་འདྲེའི་བར་ཆད་བྱུང་བས་ཁོས་སྟོང་པ་ཉིད་བསྒོམས་པས་ཞི་འདུག་གསུངས། རེས་འགའ་གཅིག་པུར་བསྡད་པ་ལ་འདྲེས་ཁྱེར་བ་མང་གསུངས་ནས་མི་མཉེས་པ་ཡང་མཛད། དེའི་དུས་སུ་རྔོག་ལེགས་པའི་ཤེས་རབ་ཀྱིས་དབང་བསྐུར་མ་བྱས་པར་སྒྲུབ་ཐབས་ཆུང་ངུ་ཉན་དུ་རུང་ངམ་ཞུས་པས་བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་དེ་ཙམ་རུང་། བོད་ཀྱི་དབང་བསྐུར་གྱིས་དབང་བསྐུར་གྱི་གོ་མི་ཆོད་པར་སྣང་། བོད་དད་པ་ཆེ་བས་སྣོད་རུང་གི་སློབ་མ་ཡང་ཡོད་སྲིད་དབང་བསྐུར་ནུས་ཀྱི་སློབ་མཁན་མི་འདུག་གསུངས། རྔོག་གིས་ཕྱིས་གསང་སྔགས་གཟིགས་ཤིང་ཨ་ཏི་ཤས་གསུངས་པ་འདི་ལ་ཡིད་ཆེས་སོ་གསུངས།

ཡང་ཁ་ཅིག་གིས་ཇོ་བོ་ལ་ཆོས་ཞུས་པ་ན། ཇོ་བོས་དད་པ་ཁོ་ན་གལ་ཆེ་གསུངས། ཡང་ཇོ་བོ་ལ་བཅུད་ལེན་ཞུས་པས། ཁོ་བོ་བྱང་ཆུབ་ཀྱི་སེམས་བཅུད་དུ་ལེན་གསུངས། ཇོ་བོས་ཆོས་གོས་གྱོན་པ་དང་ནམ་གྱི་གུང་ལ་ཉལ་བ་ན་སངས་རྒྱས་ཀྱི་རྗེས་སུ་བསླབ་པར་བྱ་སྙམ་པའི་དུས་དྲན་ཏེ་མེད་ན་ཉེས་པ་རེ་འབྱུང་སྟེ་བོད་ཀྱི་རབ་བྱུང་ལ་ཅི་ཆ་གསུངས། དེའི་དུས་དབུས་གཙང་དང་ཁམས་ནས་ཡོང་བ་མང་པོས་སྐྱབས་འགྲོ་སེམས་བསྐྱེད་ཞུས། ལ་ལས་རིམ་པ་ཞུས། ལ་ལས་རབ་གནས་ཞུས། སེམས་བསྐྱེད་ཞུ་བ་ཚན་ཅིག་ལ་སྟོན་པ་འདི་ཀུན་ལ་ཆོས་ཞུ་བའི་རྒྱགས་འདུག་སྟེ་མཆོད་པའི་ཡོ་བྱད་མི་འདུག་གསུངས། ཡང་ཁམས་པ་ཚན་ཅིག་གིས་རབ་གནས་ཞུས་པ་ལ། འབྲོན་སྟོན་པས་ཞལ་འཛུམ་འཛུམ་མཛད་ནས་ཇོ་བོ་རྗེ་ལ་གཟིགས། དེ་ནས་ཡང་ཁམས་པོ་དེ་རྣམས་ལ་གཟིགས་ནས། འབྲོམ་སྟོན་པའི་ཞལ་ནས། བླ་མས་འདི་ལྟར་གསུངས་ཀྱིན་འདུག་གསུངས་ནས་སྒྲ་སྒྱུར་ལ་ནན་ཏན་མཛད་པ་ལྟར། རབ་གནས་ཡང་དག་པ་ཞིག་བྱས་ན། དང་པོ་རྒྱུ་འདི་ལྟར་དགོས། དེ་ནས་ལྷ་བཟོ་འདི་ལྟ་བུ་དགོས། དེ་ནས་སྐྱ་རིས་འདི་ལྟ་བུ་དགོས། དེ་ནས་སྤྱན་དབྱེ། དེ་ནས་རབ་གནས་འདི་ལྟར་བྱེད་དགོས་ཞེས་པ་ལ་སོགས་པའི་རབ་གནས་ཀྱི་གདམས་པ་རྣམས་གསུངས། དེའི་ཚེ་བྱམས་པ་ལྷ་ཡུལ་མའི་སྒྲུབ་ཐབས་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལ་སོགས་པ་འབྲོམ་སྟོན་པས་བསྒྱུར་བ་མཛད། དེའི་དུས་སུ་ཇོ་བོ་རྗེ་ལ་ལོ་ཙཱ་བས་བདག་དགེ་སྦྱོར་ཅིག་བགྱིད་པས་མཆིམས་ཕུར་ཅིག་གཏོང་བར་ཞུ་ཞུས་པས། ཇོ་བོས་ང་ལ་ལོ་ཙཱ་དགོས་གསུངས་ནས་མ་གནང་། ཡང་ཡང་ཞུས་པས་གནང་ནས། དེའི་བར་གྱི་ལོ་ཙཱ་བ་འབྲོམ་སྟོན་པས་མཛད་དེ་ཟླ་བ་གསུམ་བཞུགས། དེ་དུས་རོང་པའི་སྟོན་པ་དགེ་བ་དང་། ཉང་རེའི་སྟོན་པ་ཐག་འབེབས་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་སྟོན་ཆེན་མང་དུ་ཕེབས། དགེ་བཤེས་སྟོན་པས་ལོ་ཙཱ་བ་ལ་སློབ་དཔོན་མྱུར་དུ་བྱོན་ཞེས་པའི་སྤྱན་འདྲེན་བྱུང་ནས་ལོ་ཙཱ་བ་བྱོན་ཏེ། སྟོན་པ་དགེ་བས་ཞུས་ནས་དཔལ་དགྱེས་པ་རྡོ་རྗེའི་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་སློབ་དཔོན་ཤནྟི་པས་མཛད་པ་དང་། ཌོམ་བྷི་ཧེ་རུ་ཀའི་བདུད་རྩི་འོད་ཀྱི་འགྲེལ་པ་ཇོ་བོ་ཉིད་ཀྱིས་མཛད་པ། འཁོར་ལོ་སྡོམ་པའི་གཞུང་མང་པོ་དང་། དཔལ་མ་ཧཱ་མ་ཡའི་སྒྲུབ་ཐབས་ལ་སོགས་པ་བླ་མ་ཉིད་དང་ལོ་ཙཱ་བས་བསྒྱུར་རོ། །དབུ་གཡོར་གཅད་གསུམ་གྱིས་ཞུས་པས། བྱང་ཆུབ་སེམས་པའི་ས་དང་། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་དང་། ལམ་སྒྲོན་རྣམས་གསུངས།

དེའི་དབྱར་དུས་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུ་ལས་བཏུས་པ། སྤྱོད་པ་ལ་འཇུག་པ་རྣམས་གསུངས། བོད་ཀྱི་བསྟན་བཅོས་མང་པོ་གཟིགས་སུ་ཕུལ་བས་ཨ་རོའི་ཐེག་ཆེན་རྣལ་འབྱོར་མ་གཏོགས་གཞན་ལ་མ་མཉེས། དེ་ཕན་ཆད་དབུས་སུ་ལོ་བདུན་དང་ཟླ་བ་ལྔ་བཞུགས་ནས། ཆོས་ཀྱི་དབྱིངས་ཀྱི་གླུ་དང་། འཁོར་བ་ལས་ངེས་པར་འབྱུང་བའི་གླུ། བདེ་བ་དྲུག་གི་གླུ། བྱང་ཆུབ་སེམས་ཀྱི་གླུ་སོགས་མགུར་དུ་བཞེས་པ་མ་གཏོགས་ཆོས་བཤད་རྒྱ་ཆེན་པོ་མ་གནང་། མཚན་མོ་ཕལ་ཆེར་མཁའ་འགྲོ་མའི་ཚོགས་སུ་གསང་སྔགས་ཟབ་མོའི་དོན་ལྟ་བ་རྡོ་རྗེའི་གླུ་དང་སྤྱོད་པ་རྡོ་རྗེའི་གླུ་དང་སྒོམ་པ་རྡོ་རྗེའི་གླུ་དང་རྡོ་རྗེ་ཆོས་ཀྱི་གླུ་སོགས་མགུར་དུ་བཞེས་པ་རྣམས་ཇོ་བོ་རྗེ་ལ་གནང་བ་ཞུས་ནས་ནག་ཚོ་ལོ་ཙཱ་བས་བསྒྱུར། དེ་ནས་ཇོ་བོ་རྗེ་སྐུ་ཁམས་མི་བདེ་ཞིག་བྱུང་བས། དེ་ལ་མཆོད་པ་དང་རིམ་གྲོ་ལ་སོགས་པ་བྱས་པ་ཙམ་གྱིས་ཡི་དམ་གྱི་ལྷ་རེ་ཞལ་གཟིགས་ནས་སྐུའི་བསྙུང་གཞི་དྭངས། དེ་ལྟ་བུ་ཡང་ཡང་བྱུང་། སྤྱིར་སྙེ་ཐང་དུ་བཞུགས་པའི་རིང་ལ་ཡི་དམ་གྱི་ལྷ་ཞལ་གཟིགས་པ་མང་། ཁྱད་པར་ཟླ་བ་ཉའི་ནུབ་ཅིག་ལ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞལ་གཟིགས། དེ་ནས་ནུབ་རེ་བཞིན་ཞལ་གཟིགས། ཉིན་གཅིག་དགུན་ཁར་རླུང་ཆནེ་པོ་གཅིག་བརྒྱབ་པའི་དུས་ཇོ་བོ་རྗེས་མཎྜལ་མཛད་ཅིང་ཕྱག་སེར་ག་ཤིག་གེ་ཡོད་པ་ལ་རྗེ་བཙུན་སྒྲོལ་མ་བྱོན་ནས་བུ་དེ་ཙམ་གྱི་དཀའ་བ་བགྱིས་ག་ན་དགོས་ཞེས་གསུངས། ཡང་ནུབ་ཅིག་མནལ་ལམ་དུ་བུད་མེད་རྒྱན་གྱི་སིལ་ཁྲོལ་གསན་པས་ལྟ་མི་རུང་དགོས་དགོངས་ནས་མ་གཟིགས་པས། ཁྱོད་མ་ལ་ཡང་མི་གཟིགས་སམ་གསུངས་མནལ་སད་ཙ་ན་མདུན་གྱི་ནམ་མཁའ་ལ་རྗེ་བཙུན་མ་སྒྲོལ་མ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཞིག་ཞལ་གཟིགས། ང་རྨི་ལམ་དུ་སྒྲོལ་མ་ལ་ཡང་མའི་འདུ་ཤེས་སྒོམ་པ་ཡིན་ཏེ་ཇོ་མོ་རང་འདི་ན་འདུག་སྟེ་དཔང་པོ་ཡིན་ནོ་གསུངས་ཏེ་སྒྲོལ་མའི་སྐུ་ཐང་ལ་ཕྱག་མཛུབ་བཙུགས་པ་དེ་རྗེས་སུ་རྭ་སྒྲེང་ན་བཞུགས་སོ། །ཡང་གཟིམ་ཆུང་ལ་གསོལ་ཆས་འབུལ་དུ་བྱོན་པས་ཇོ་བོའི་སྤྱན་ནམ་མཁའ་ལ་གཟིགས་ནས་མེ་ཏྲི་མེ་ཏྲི་གསུང་ཞིང་ཡོད་པས་འབུལ་མ་ནུས་པར་ལོག །ཡང་ཕྱིན་པས་དེ་བཞིན་དུ་བཞུགས་འདུག་པས་མར་ལོག །འབྲོན་སྟོན་པས་ཨ་མེས་བྱང་ཆུབ་ལ་ཇོ་བོའི་གསོལ་ཆས་དེ་གྲང་དུ་མ་འཇུག་པར་སྲོས་ཤིག་ཇོ་བོ་རྗེ་མགོན་པོ་བྱམས་པ་ཞལ་གཟིགས་ཚོད་དུ་འདུག་གོ །འུ་ཅག་གཉིས་ཀྱིས་མཐོང་དུས་ནི་མེད་གསུངས།

དེ་ནས་གསོལ་ཆས་གྲང་མོར་སོང་། གུང་ཡོལ་དུ་ཉེ་བ་ན་ངའི་ཆོས་སྟོན་ཁྱེར་ཤོག་གསུངས། ཇི་ལྟར་ལགས་ཞུས་པས་མེ་ཏྲི་བྷྲི་ཁོ་ལི་གསུངས། ཇོ་བོས་ད་ནངས་རྗེ་བཙུན་བྱམས་པ་དང་རྗེ་བཙུན་འཇམ་དཔལ་དབྱངས་གཉིས་མདུན་གྱི་ནམ་མཁའ་འདི་ན་བྱོན་ནས་ཐེག་པ་ཆེན་པོའི་ཆོས་ལ་བགྲོ་གླེང་མཛད། ཕྱག་རྡོར་གྱིས་བར་ཆད་བསྲུང་། ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས། ད་དེ་བྲི་དགོས་གསུངས་ནས་ཕྱག་བྲིས་མཛད། བྱམས་པས་བགྲོ་གླེང་མཛད་པའི་སྐྱ་རིས་ཇོ་བོ་ཉིད་ཀྱིས་མཛད། ངས་འདི་འདྲ་ཞིག་མཐོང་བྱུང་། འདི་འདྲ་བའི་སྐུ་ཐང་དང་བསྟན་པའི་བདག་པོ་དང་། ཡི་གེ་དྲུག་པ་བྲག་རིས་མ་གསུམ་བྲིས་ནས་བསྐུར་ཤོག་ཞེས་བི་ཀ་མ་ལ་ཤཱི་ལར་གསེར་བསྐུར་ནས་བཏང་། དེ་ནས་རྒྱ་གར་ཤར་ཕྱོགས་ནས་མཁས་པ་བོས་ནས་བྲིས་ཏེ་ཚུར་བསྐུར་བྱུང་བ་དེ་ཕྱིས་སྙེ་ཐང་ན་བཞུགས་ཡོད་པར་གྲགས།

ཡང་སངས་རྒྱས་ཐམས་ཅད་གདུལ་བྱ་ལ་གང་འདུལ་དུ་བསྟན་པ་ལས་རང་རང་གི་སྐུ་མདོག་གསེར་མདོག་ཏུ་འདུག་གསུངས་ནས་རིགས་ལྔ་གསེར་འཇམ་དུ་མཛད། དེ་དུས་ཁམས་སྟོན་དགའ་ཆེན་དགའ་ཆུང་གཉིས་དང་། བ་རི་བ་སོགས་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་བའི་ལམ་རྒྱུས་དང་། འཕྲལ་སྐད་དང་བར་ཆད་སེལ་བའི་བྱིན་རླབས་ཞུར་བྱུང་བས། ཇོ་བོས་བྱིན་རླབས་མཛད་ནས། ཁྱེད་རང་ལ་བར་ཆད་མེད་གཞན་ལ་ཕན་ཐོགས་པར་འོང་བ་འདུག་གོ་གསུངས། ཁྱེད་རྣམས་བླ་མ་རྡོ་རྗེ་གདན་པའི་སྤྱན་སྔར་སོང་ཞིག་གསུངས། དེའི་དུས་ན་ཇོ་བོ་རྗེས་ཆོས་ཐམས་ཅད་ཞལ་ཆེམས་སུ་གསུངས་ཤིང་དྷརྨ་ཨ་ལོ་ཀ་ཡང་གསུངས། དེ་ཇི་ལྟར་ལགས་ཞུས་པས། ཆོས་བྱ་བའི་དུས་ཡིན་གསུངས། ཐེག་པ་ཆེན་པོའི་གསུང་སྔགས་ཀྱི་ལམ་འདི་སྦྲུལ་སྙུག་དོང་དུ་བཅུག་པའམ་གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་པ་དང་འདྲ་སྟེ་ཁེ་ཉེན་ཆེ་བ་ཡིན་གསུངས། བོད་ཀྱིས་རྒྱུད་སྡེ་བཞི་ག་ལོངས་སྤྱད་མི་ནུས། བོད་ལ་རྣལ་འབྱོར་རྒྱུད་འཚམས་གསུངས།

ཇོ་བོ་རྗེས་འབྲོམ་སྟོན་པ་ལ། ཐེག་པ་ཆེན་པོའི་མདོ་སྡེ་མ་ལུས་པའི་དོན་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལ་སོགས་པའི་སྐྱེས་བུ་ཆེན་པོའི་ཆོས་ལུགས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏད་དོ་གསུངས། འབྲོམ་སྟོན་པས་ཁྱེད་ཀྱིས་གཞན་ལ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་གདམས་པ་གནང་ནས། ང་ལ་འདི་གནང་བ་ཇི་ལྟར་ལགས་ཞུས་པས། ཇོ་བོ་རྗེས་ངས་ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས། ཁྱོད་ཀྱིས་སེམས་པ་བཟང་པོ་གྱིས། བྱང་ཆུབ་ཀྱི་སེམས་མེད་ན་ཆོས་མང་པོ་ཉན་པ་དང་བལྟས་པ། བསམས་པ་དང་བསྒོམས་པ། བསྐྱེད་རིམ་དང་རྫོགས་རིམ། དབུ་མའི་ལྟ་བསྒོམ་དང་བཟླས་བརྗོད་ལ་སོགས་གང་བྱས་ཀྱང་ཕན་པ་མེད། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་དང་བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་སྦྱོར་ཐམས་ཅད་བདུད་ཀྱིས་ལས་ཡིན་གསུངས།

འབྲོམ་སྟོན་པས་ཇོ་བོ་བཞུགས་སའི་གཟིམ་ཁང་གི་སྒོ་བསྡམས་ཚེ་ཕྱིར་གདུགས་ལ་བཞུགས་གདའ་བས་འབྲོམ་གྱིས་ཨ་ཏི་ཤ་རྩིག་པ་ལ་ཐོགས་པ་མ་མཆིས་སྐད་ན་མེད་དམ་ཞེས་ཞུས་པས། ཇོ་བོས་རྒྱ་གར་ན་དེ་སྐད་དུ་གྲགས་གསུངས། ཇོ་བོ་སྐུ་གཤེགས་ཀར་སྐུ་གཟུགས་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བཞུད་པ་ཀུན་གྱིས་མཐོང་། རྒྱ་གར་ནས་སློབ་མས་གསོལ་བ་བཏབ་པའི་དྲིལ་བུའི་སྒྲ་དང་ལྷས་མཆོད་པའི་རོལ་མོའི་སྒྲ་རྣམས་གསན་གསུངས། ངའི་བླ་མ་དགའ་ལྡན་ན་བཞུགས། ང་ཡང་དགའ་ལྡན་དུ་འགྲོ་གསུངས། དེ་ལྟ་བུ་མང་དུ་གསུངས་པས་འབྲོན་སྟོན་པ་ཐུགས་མ་བདེ་ནས་ནག་ཚོ་ལོ་ཙཱ་བ་མཆིམས་ཕུ་ནས་སྤྱན་དྲངས།

དེའི་དུས་སུ་སྔོན་ནཱ་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ནཱ་ཀ་ར་ཞེས་པ་ལ་འཕགས་པའི་ལུགས་ཀྱི་མན་ངག་ཡོད་པ་དེ་ཞུ་མ་ཐུབ་གསུངས་པ་དེ་མ་བསྙེལ་ལམ་ཞུས་པས། ཇོ་བོ་རྗེས། དེ་དྲན་གསུངས། འོ་ན་དེ་ད་ལྟ་བལ་ཡུལ་ན་བྱོན་འདུག་པས་ཕེབས་སམ་ཞེས་ཞུས་པས། ཇོ་བོས། དེ་ལྟར་ཡིན་མོད་ཀྱི། ཁོ་བོ་ནི་རྒས་པས་ཉན་པའི་མཐུ་མེད། ཁྱོད་འབོད་པ་ཞིག་འོང་གིས་དེ་དུས་ན་སོང་ལ་ཆོས་དེ་ཉོན། དེའི་བར་འུ་ཅག་འགྲོག་ནས་ང་ཡང་ད་སྟེ་ཟླ་བ་བཅུ་ཙམ་ནས་དགའ་ལྡན་དུ་མགོན་པོ་བྱམས་པ་ལ་གདམས་པ་དང་རྗེས་སུ་བསྟནཔ་ཉན་དུ་འགྲོ། སེམས་ཅན་ཀུན་རྟག་ཏུ་མི་འགྲོགས་སོང་གསུངས། ལོ་ཙཱ་བས་བཤུམས་ནས་བདག་གིས་ཇོ་བོ་འབོར་མི་ནུས་པར་གདའ་བས་མི་གཤེགས་པར་ཞུ་ཞུས་པས། ཇོ་བོས་ང་འདིར་ཁྱོད་ཀྱིས་བསྐྱལ། ངའི་ནང་རིག་པའི་ཆོས་ཐམས་ཅད་ཀྱང་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱས་ནས། ཁྱོད་འགྲོ་བར་མི་རིགས་མོད་ཀྱི་འོན་ཀྱང་ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་མང་བས་ཁྱོད་འགྲོ་དགོས། དེའི་བར་དུ་མཆོད་པ་རྒྱུན་མ་ཆད་པར་ཕུལ་ལ་ང་ལ་གསོལ་བ་ཐོབ་གསུངས།

དེ་ནས་ལོ་ཙཱ་བས་མཆོད་པ་བཤམས་ཤིང་གསོལ་བ་བཏབ་པས། ཟླ་བ་གཅིག་ཙམ་ན་ལྗང་བཙུན་དར་མ་བྱང་ཆུབ་དང་ཏྲི་ཏྲི་ཤཱཀྱ་བློ་གྲོས་གཉིས་འོངས་ནས། ངེད་གཉིས་སློབ་དཔོན་རྒྱལ་རིན་གྱིས་བཏང་བ་ཡིན། སྔོན་གསུངས་པའི་བླ་མ་དེ་ད་ལྟ་བལ་ཡུལ་ན་བཞུགས་འདུག་པས་མྱུར་དུ་བྱོན་ཟེར། ཇོ་བོ་རྗེས། ང་ཡང་དགའ་ལྡན་དུ་སོང་ནས་ལྷའི་བུ་ནམ་མཁའ་དྲི་མེད་ཞེས་བྱ་བར་འགྱུར། ཁྱོད་ཀྱིས་ངའི་ལུས་ཚད་དུ་གཟུགས་བརྙན་ལེགས་པར་བྲིས། ང་དགའ་ལྡན་ནས་ཁུག་ལ་རབ་གནས་གྱིས། གསོལ་བ་ཐོབ་དང་ང་དགའ་ལྡན་ནས་འོངས་བ་ཡིན་ནོ། །ད་དུང་ཟླ་གཅིག་སྡོད་ལ་གསོལ་བ་ཐོབ་གསུངས་ཏེ་ཟླ་བ་ཕྱེད་དང་གཉིས་སུ་མཆོད་ཅིང་གསོལ་བ་བཏབ། དེའི་དུས་སུ་ཇོ་བོའི་སློབ་མ་བོད་སྟོན་ཐམས་ཅད་འདུས་ནས་ཇོ་བོ་རྗེ་བཙུན་ཆེན་པོ་ནི་མི་བཞུགས་པར་མགྱོགས་པོ་གཤེགས་པར་འདུག །ཇོ་བོའི་སྲོལ་སུས་འཛིན་ཟེར་བས་ལོ་ཙཱ་བས། ཆོས་ཐམས་ཅད་ནས་ཡོན་ཏན་བླ་མ་ལས་སྐྱེ་བར་བཤད་འདུག་པས་བླ་མའི་ཞབས་ཏོག་འབྲོམ་སྟོན་གྱིས་ཞུས་པ་འདྲ་བ་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་འབྲོམ་སྟོན་པས་འཛིན་པར་འཐད་གསུངས། དེ་ནས་ཇོ་བོས་ལོ་ཙཱ་བ་ལ་ད་སོང་གསུངས། ལོ་ཙཱ་བས་བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ། ཇོ་བོས་ཀྱང་དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས། འབྲོམ་སྟོན་པས་ཀྱང་མི་ཆོས་གནད་ཀྱི་ཕྲེང་བ་སོགས་ཞལ་གདམས་མཛད་དེ་ལོ་ཙཱ་བ་བྱོན། ཨ་མེས་བྱང་ཆུབ་ཀྱིས་བདག་བསོད་ནམས་ཆུང་བས་བླ་མའི་ཞབས་ཏོག་ལས་སྒོམ་རྒྱུ་མ་བྱུང་སྙམ་པ་ན། ཇོ་བོ་རྗེས། སྒོ་གསུམ་བླ་མའི་ཞབས་ཏོག་ལ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུངས། ཕྱིས་དགེ་བཤེས་དགོན་པ་བའི་གསུངས་ལས། འབྲོན་སྟོན་པས་ལོ་ཙཱ་གནང་ཨ་མེས་བྱང་ཆུབ་ཀྱིས་ཇོ་བོའི་ཞབས་ཏོག་སྒྲུབ། ངས་བསྒོམ་པ་ཡིན་ཏེ་རྟོགས་པ་ཁོང་གཉིས་མཐོ་བར་འདུག་གསུངས།

དེ་ནས་ཇོ་བོས་རྒྱ་གར་དུ་སློབ་དཔོན་ཞིག་གི་དྲུང་དུ་གསེར་ཅུང་ཟད་ཡོད་པ་འདི་སྐྱེལ་བར་ཨ་མེས་བྱང་ཆུབ་གཏོང་དགོས་གསུངས་པས། འབྲོམ་སྟོན་པས་ཁོང་མི་གཏོང་བར་ཞུས་ཀྱང་ཁོ་བསམ་པ་བཟང་པས་དོན་འགྲུབ་སྟེ་འོང་གསུངས་ནས་གསེར་སྲང་སུམ་ཅུའི་ཀོ་ཐུམ་དང་བཅས་གནང་། ཨ་མེས་བྱང་ཆུབ་ཀྱིས་ཇོ་བོ་དང་མི་མཇལ་བར་འདུག་སྙམ་ནས་མཚན་གང་བཤུམས་པས་སྤྱན་གཉིས་ཀ་སྐྲངས་པ་ཙམ་དུ་སོང་། བར་ཆད་ལན་གསུམ་བྱུང་ཡང་སྐྱོན་མེད་དུ་བི་ཀྲ་མ་ལར་འབྱོར། ཇོ་བོ་རྗེ་སྐུ་གཤེགས་ཀར་མི་རེ་ལ་ཞལ་ཆེམས་རེ་གསུངས། ཕྱག་ཁྲི་མཆོག་གིས་ཇོ་བོ་རྗེ་ལ་བདག་གིས་ཆོས་བཤད་ལགས་སམ་ཞུས་པས། བྱ་བ་ངན་པའི་འཕྲོ་ཆོད་གསུངས། འོ་ན་སྒོམ་ལགས་སམ་ཞུས་པས། བྱ་བ་ངན་པའི་འཕྲོ་ཆོད་གསུངས། འོ་ན་ཆོས་བཤད་ཀྱང་བཤད། བསྒོམ་ཀྱང་བསྒོམ་ལགས་སམ་ཞུས་པས་ཀྱང་། བྱ་བ་ངན་པའི་འཕྲོ་ཆོད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཚེ་འདི་བློས་གཏོང་། དབེན་པ་བསྟེན་གསུངས།

དེ་ནས་ཤེས་རབ་རྡོ་རྗེ་དང་བློ་གྲོས་འབར་གཉིས་ལ་ཇོ་བོའི་ཞལ་ནས་སེམས་བཟང་པོ་གྱིས། དེ་མེད་ན་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང་དགོས་པ་མེད་པས་སེམས་བཟང་པོ་གྱིས་གསུངས། དགེ་བཤེས་དགོན་པ་བས་ཕྱིས་ཇི་ལྟར་བགྱི་ཞུས་པས། འཇིག་རྟེན་བློས་ཐོངས། ཚེ་མཇུག་འདི་འབྲོམ་སྟོན་པ་དང་མ་བྲལ་བ་གྱིས་གསུངས། ཅི་ལགས་ཞུས་པས་ངས་བྱིན་གྱིས་བརླབས་པ་ཡིན་གསུངས། འབྲོམ་སྟོན་པས་བདག་གིས་སུ་ལ་བསྟེན་ལགས་ཞུས་པས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་མ་མཐོང་ངམ། དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། ཁྱོད་མངོན་པར་ཤེས་པ་མ་ཐོབ་ཀྱི་རིང་ལ་དམུས་ལོང་ནང་མདའ་འཕེན་པ་དང་འདྲ་བས་གཞན་དོན་མ་བྱེད། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཅི་ཕན་བྱ། བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས། དགེ་འདུན་གྱི་སྡེ་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་ཅི་ཡོད་བྱ་གསུངས།

དེ་ནས་སྐྱེས་བུ་ཆེན་པོའི་ཆོས་ལུགས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏད་ཀྱིས་ཟུངས་ཤིག་གསུངས། དེ་ནས་ཨ་མེས་བྱང་ཆུབ་ཀྱིས་གཙོ་བྱས་ཐ་མལ་གྱི་རྣམ་རྟོག་མི་རྒྱུ་བའི་དགེ་སློང་བཞི་སྡེ་རེ་ལ་འཚོ་བ་དྲོངས། འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་ཞིག་ཚུགས། ངས་བཤད་པ་ལྟར་བགྱིས་ལ་ཁྱོད་རང་གྲ་སྒྲིག་བྱེད་ཁུལ་གྱིས་དང་། འདི་ལ་བྱེད་མཁན་ཞིག་འོང་གིས་གསུངས། སངས་རྒྱས་རྣམས་ཀྱིས་དབུགས་ཕྱུང་། བླ་མ་དང་སངས་རྒྱས་ཐམས་ཅད་ཐིག་ལེར་གྱུར་པའི་ཐིག་ལེ་འབྲོམ་གྱི་ཐུགས་ཀར་ཐིམ། གང་ཙམ་ནས་གཟུགས་སྐུར་བཞེངས་སོ། །ཟླ་བ་ཉ་ལ་འབྲོམ་གྱི་རྨི་ལམ་དུ་ཡེར་པའི་བྲག་རི་འགྱེལ་བ་དང་། ཇོ་བོ་རྗེ་ལ་ས་གཞི་བར་སྣང་འབྲོམ་སྟོན་པའི་ཐུགས་སྲས་ཀྱིས་གང་བར་རྨོས་ཏེ་དྲི་ལན་མཛད། མཐར་ཡབ་སྲས་དབྱེར་མེད་དུ་ཐིག་ལེར་འགྱུར་བ་ལས་སླར་ཡང་སོ་སོར་བཞེངས་སོ། །

དེ་ལྟར་ལོ་གཅིག་དང་ཁྱད་པར་དུ་ཁྲུམས་སྟོན་ཟླ་བའི་ཚེས་བཅོ་ལྔ་ནས་དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་བར་ཉིན་རེ་ཞིང་འབྲོམ་སྟོན་པས་སྤྲུལ་པ་དཔག་ཏུ་མེད་པ་མཛད་ནས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ལས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པས་བཞུགས་པར་ཞལ་གྱིས་མ་བཞེས་ཀྱང་ཇི་སྲིད་དུ་གཟུགས་སྐུའི་སྣང་བརྙན་བསྟན་ལ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས།

མཐར་དགུང་ལོ་དོན་གསུམ་པ་བོད་རབ་བྱུང་དང་པོའི་ཤིང་རྟ་ (༡༠༥༤) ལོ་དབྱུག་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་ཇོ་བོ་རྗེ་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་ནས་ཆོ་འཕྲུལ་མཐའ་ཡས་པས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་ཤིང་། གདུལ་བྱའི་སྣང་ངོར་སྐུ་གདུང་ཙམ་ཞིག་བཞུགས་པར་བསྟན་ནོ། །

དེ་ནས་ཇོ་བོ་རྗེའི་བུ་སློབ་ཀུན་མྱ་ངན་གྱི་ཚུལ་མི་མཛད་པས་བོད་སྟོན་རྣམས་ཀྱི་མྱ་ངན་ཡང་སངས། འབྲོམ་སྟོན་པས་འོ་མའི་ནང་དུ་དྲི་སྤོས་མང་དུ་བླུགས་ཏེ་གདུང་རྣམས་དེར་ཅུང་ཟད་རེ་བཅུག་ཅིང་གདན་དྲངས། ཇོ་བོའི་གདུང་རྟེན་འཕགས་པ་མྱ་ངན་ལས་འདས་པ་ལྟར་སྦྱོངས་གསུངས་ནས་སྙེ་ཐང་ན་མོ་ཆེར་པུར་ཞུགས་ཀྱིས་སྦྱངས།

 

བཅུ་པ། ཇོ་བོ་རྗེའི་ཐུགས་སྲས་འཕགས་བོད་དུ་ཇི་ལྟར་བྱུང་བའི་སྐོར།

ཇོ་བོ་རྗེའི་ཐུགས་སྲས་སློབ་མ་སྤྱིར་ན་འཕགས་ཡུལ་དང་། ཨོ་རྒྱན། ཁ་ཆེའི་ཡུལ་དང་། བལ་ཡུལ། བོད་བཅས་པར་ནམ་མཁའི་སྐར་ཚོགས་ལྟར་མང་དུ་བྱུང་ཡོད་ཀྱང་། རྒྱ་གར་དུ་ཐུན་མོང་མ་ཡིན་པའི་སློབ་མ་ལྔ་སྟེ། སློབ་དཔོན་རཏྣ་ཨ་ཀ་ར་དང་། བོ་དྷི་པ། བཤེས་གཉེན་གསང་བ། དབུ་མ་སེང་གེ །སའི་སྙིང་པོ་རྣམས་ཇོ་བོ་རྗེ་ཉིད་དང་མཁྱེན་པ་མཉམ་པར་གྲགས་ལ། གཞན་ཡང་བྱིན་གྱིས་བརླབས་པའི་སློབ་མ་ཧེ་རུ་ཀའི་དཀྱིལ་འཁོར་མངོན་དུ་གྱུར་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བཞུགས་པ། རྣལ་འབྱོར་ལྷུར་ལེན་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་འཕགས་ཡུལ་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད།

བོད་ཡུལ་དུ་སྤྱིར་རབ་ཏུ་བྱུང་བ་དང་། སྔགས་པ་སོ་སྐྱེ་ཁྱིམ་པ་ཐམས་ཅད་ཀྱིས་ཆོས་འབྲེལ་ཞུས་ཤིང་བཀའ་དྲིན་གྱིས་ཁྱབ་པར་མཛད། ཁྱད་པར་དུ་ཐུགས་སྲས་སློབ་མ་ཆེན་པོ་བོད་པུར་རྒྱལ་བཙན་པོའི་གདུང་རྒྱུད་མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་དང་། ལོ་ཆེན་རིན་ཆེན་བཟང་པོ། འབྲོན་སྟོན་རྒྱལ་བའི་འབྱུང་གནས། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། གཙང་པ་མགར་འགོས་ལེགས་འབྲོག །སེ་བཟང་ཡོལ་མཆེད་གཉིས། ལྷོ་བྲག་པ་ཕྱག་ཁྲི་མཆོག །བཙུན་པ་དགེ་སྐྱོང་། ཁུ་སྟོན། རྔོག་ལེགས་པའི་ཤེས་རབ། ཨ་མེས་བྱང་ཆུབ་རིན་ཆེན། དགོན་པ་འཇང་དབང་ཕྱུག་རྒྱལ་མཚན། ཕྱག་དར་སྟོན་པ། ཀ་བ་ཤཱཀྱ་དབང་ཕྱུག །རྒྱ་བརྩོན་འགྲུས་སེང་གེ །དགེ་བའི་བློ་གྲོས། ལྷ་ཆེན་པོ་གཟུས་རྡོ་རྗེ་རྒྱལ་མཚན། གཙང་སྟོད་ནས་བྲག་སྟོན་ཆེ་ཆུང་གཉིས། ལེང་འབྲོག་གཉིས། གཙང་སྨད་ནས་རོང་པ་མགར་དགེ་བ། འགོས་ལོ་ཙཱ་བ་ཡོལ་ཆོས་དབང་མཆེད་གསུམ། གནམ་གྱི་རྫིང་ཁ་པ། བང་སྟོན། སུམ་པ། སྣ་ནམ། མྱང་མི་མལ་ཤེས་རབ་སེམས་དཔའ། དབོན་ཆོས་རྒྱལ། འགོས་སྟོང་བཙན། ལྷབ་མི་ཆེན་པོ། སྒྲོ་འཕགས་པ་བྱང་ཆུབ། ཁུ་མདོ་སེང་གེ་རྒྱལ་མཚན། ལྷ་རྗེ་བསམ་གཏན། ཞང་བཙུན་ཡར་པ་བ། སྒོམ་པ་དད་པ་བླ་མ། ཞང་བཙུན་དྲི་མ་མེད་པ། སུམ་པ་མཐུ་ཆེན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཁྱམས་པའི་བློ་གྲོས། ཁམས་པ་སྐུ་མཆེད་བཞི་ལ་སོགས་པ་ཇོ་བོའི་ཐུགས་སྲས་ཇི་སྙེད་ཅིག་བྱོན་ནས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད། དེ་ཡང་ནག་ཚོ་ལོ་ཙཱ་བའི་ཇོ་བོའི་བསྟོད་པ་ལས། བླ་མ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་འགྱུར། །མཁྱེན་པ་རྒྱས་པ་ཁྱེད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། །ཞེས་པ་ལྟར་དོན་ལ་གནས་སོ། །

འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི་ཇོ་བོའི་སློབ་མའི་གཙོ་བོར་འགྱུར་ཅིང་བཀའ་གདམས་བསྟན་པའི་སྲོལ་གཏོད་ཆེན་པོ་ཡང་ཡིན། ཁོང་ཉིད་བོད་ཤིང་འབྲུག་ (༡༠༠༤) ལོར་སྟོད་ལུང་གནམ་གྱི་བྱེ་མ་ལངུ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ཙམ་ལ་དགེ་བཤེས་གཡུང་ཆོས་མགོན་ལས་ཀློག་ཡིག་བསླབས། དགུང་ལོ་བཅུ་བདུན་སྟེང་ཇོ་བོ་སེ་བཙུན་ཁམས་ནས་རྒྱ་གར་དུ་བྱོན་པ་དང་མཇལ་ནས་དད་པ་སྐྱེས་ཏེ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གདམས་པ་ཞུས། འཕན་པོ་རྒྱལ་ལྷ་ཁང་གི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ།

དགུང་ལོ་བཅུ་དགུའི་སྟེང་བླ་མ་སེ་བཙུན་མཇལ་བར་མདོ་ཁམས་འདན་མར་ཕེབས། བླ་མ་སེ་བཙུན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་གཞུང་ལ་སྦྱངས་བརྩོན་མཐར་ཕྱིན་མཛད། པཎྜི་ཏ་སྒྲ་ཚེར་མ་དང་སྨྲི་ཏི་གཉིས་ལས་སྒྲ་རིག་པ་སྦྱངས་བརྩོན་གནང་བས་ལེགས་པར་མཁྱེན། མདོ་ཁམས་སུ་ཁྱོན་མི་ལོ་ཉི་ཤུ་ཙམ་བཞུགས། རབ་བྱུང་དང་པོའི་ཆུ་རྟ་ (༡༠༤༢) ལོར་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པ་གསན་ཏེ་མངའ་རིས་སུ་ཕེབས། སྤུ་ཧྲེང་དུ་ཇོ་བོ་དང་མཇལ་ཞིང་ཇོ་བོ་དབུས་གཙང་དུ་གདན་དྲངས། ཇོ་བོའི་སྐྱེས་བུ་གསུམ་གྱི་གདམས་པས་འཁོར་བ་ལ་སྐྱོ་བ་སྐྱེད་ཅིང་བློ་བཟློག་ནས། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པ་ལ་རིམ་གྱིས་སྦྱངས། ཇོ་བོ་རྗེས་རྒྱ་ཆེན་སྤྱོད་རྒྱུད་དང་ཟབ་མོ་ལྟ་རྒྱུད་ཀྱི་གདམས་པ་ཡོངས་སུ་རྫོགས་པའི་གནས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤིང་རྟ་ཆེན་པོའི་ལམ་བྱང་ཆུབ་ལམ་གྱི་སྒྲོན་མེའི་གདམས་པ་ཟབ་མོ་མཐའ་དག་འབྲོམ་སྟོན་ཉིད་ལ་གནང་སྟེ་བསྟན་པའི་བདག་པོར་མངའ་གསོལ། མངོན་པར་རྟོགས་པའི་ལམ་ལ་རྩལ་ཐོན། ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། ཇོ་བོ་སྐུ་མྱ་ངན་ལས་འདས་རྗེས་ཇོ་བོའི་འདས་མཆོད་རྒྱ་ཆེར་མཛད་ནས་སྐུ་གདུང་དངུལ་གྱི་མཆོད་རྟེན་བཞེངས། ཇོ་བོའི་བཀའ་བཞིན་རབ་བྱུང་དང་པོའི་མེ་སྤྲེལ་ (༡༠༥༦) ལོར་རྭ་སྒྲེང་དཀོན་པ་ཕྱག་བཏབ། རྭ་སྒྲེང་དཀར་ཆག་ལྟར་ན་མེ་སྤྲེལ་ (༡༠༥༦) ལོ་དགོན་པ་གོང་དང་གཟིམ་ཁང་བཏབ། མེ་བྱ་ (༡༠༥༧) ལོར་དབུ་རྩེ་ཀ་གཉིས་དང་ལྷ་ཁང་ཁྱུང་མགོ་ཅན་བཞེངས་པར་བཤད།

ཇོ་བོ་རྗེའི་བཞེད་སྲོལ་ལྷ་ཆོས་བདུན་ལྡན་གྱི་བཀའ་གདམས་བསྟན་པ་དར་སྤེལ་མཛད་པ་དང་ཇོ་བོའི་སློབ་མ་རྣམས་ཀྱང་ཆོས་དང་འཚོ་བ་གཉིས་ཀྱིས་བསྐྱངས་པས་བཀའ་གདམས་བསྟན་པའི་བདག་པོར་གྱུར། འབྲོམ་སྟོན་པ་ཉིད་རྟེན་དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་སྲུང་བ་ནི་དགེ་སློང་ལས་ལྷག་པར་མཛད། མཐར་དགུང་ལོ་དྲུག་ཅུ་པ་རབ་བྱུང་དང་པོའི་ཆུ་ཡོས་ (༡༠༦༣) ལོར་རྭ་སྒྲེང་དགོན་དུ་མྱ་ངན་ལས་འདས། འབྲོམ་སྟོན་པས་སློབ་མ་མང་དུ་བསྐྱངས་ཤིང་། ཁྱད་པར་ཐུགས་སྲས་གཙོ་བོ་སྐུ་མཆེད་བཞི་ཞེས་གྲགས་པ་ནི་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཁང་ལུང་པ་དང་བཞིར་གྲགས་སོ། །

ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ནི་བོད་ལྕགས་ཕག་ (༡༠༡༡) ལོར་མངའ་རིས་རྫོང་དགའི་ལྷ་གདོང་དུ་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཚུལ་ཁྲིམས་རྒྱལ་བ་ཞེས་གསོལ། རྒྱ་གར་དུ་སློབ་གཉེར་ལ་ཕེབས་ནས་རྒྱ་བརྩོན་སེང་ལས་མངོན་པ་གསན། ལྷ་བླ་མ་བྱང་ཆུབ་འོད་ཀྱི་བཀའ་བཞིན་དགུང་ལོ་བཅུ་བདུན་ལ་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་ནས་ལོ་བཅུ་དགུ་ཙམ་ཇོ་བོ་རྗེའི་འགྲམ་ནས་མདོ་སྔགས་ཀྱི་ཆོས་གཞུང་མ་ལུས་པ་གསན། ཇོ་བོ་བོད་དུ་སྤྱན་དྲངས་པས་བོད་ཁམས་སྤྱི་ལ་བཀའ་དྲིན་ཆེ་བས་བོད་སྟོན་རྣམས་ཀྱིས་སློབ་དཔོན་ཞེས་བརྗོད། ནག་ཚོ་བལ་ཡུལ་དུ་བྱོན་ཁར་ཇོ་བོ་རྗེས་བསླབ་བྱ་མང་དུ་མཛད་དེ་ཇོ་བོ་ཉིད་ཀྱི་སྐུ་མཐེ་བོང་ཙམ་སེང་ལྡིང་ལ་བྲིས་ཏེ་གའུར་བཅུག་ནས་དཔུང་པ་ལ་བཏགས།

དེ་རྗེས་རས་ཁྲུ་བཅུ་དྲུག་པ་གཅིག་ལ་རྒྱ་གར་གྱི་རི་མོ་མཁན་ནག་པོ་བྱ་བའི་ཇོ་བོ་རྗེ་སྐུ་ཁྲུས་གཞལ་ཏེ་བྲིས། མངའ་རིས་སྐོར་གསུམ་དུ་རྟེན་ལ་བྱིན་རླབས་ཆེ་ཤོས་སུ་གསུངས། ཇོ་བོའི་ཆོས་རྣམས་ལ་ཁོང་གིས་མི་མཁྱེན་པ་གཅིག་ཀྱང་མེད་བྱས་ཀྱང་ཆོག་སྟེ། ཁོང་རང་ཉིད་ཀྱིས་ཀྱང་ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། ཞེས་གསུངས། ཇོ་བོ་རྗེས་བོད་དུ་གསུངས་པའི་བཀའ་བསྟན་མང་ཆེ་བ་ནག་ཚོ་ལོ་ཙཱ་བས་ཕབ་བསྒྱུར་མཛད། མཐར་རབ་བྱུང་དང་པོའི་ཤིང་འབྲུག་ (༡༠༦༤) ལོར་སྐུ་གཤེགས།

ལོ་ཙཱ་བ་རིན་ཆེན་པོང་བོད་ས་རྟ་ (༩༥༨) ལོར་མངའ་རིས་གུ་གེའི་ཆ་ལྦཾ་རཏྣ་རུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་བདུན་ལ་ཕེབས་སྐབས་རྒྱ་གར་དུ་སློབ་གཉེར་ལ་བྱོན། ལོ་བཅུ་ཙམ་བཞུགས། ཇོ་བོ་ན་རོ་ཏ་པ་ལ་སོགས་པའི་སྤྱན་སྔ་ནས་མདོ་སྔགས་དང་། སྒྲ་རིག་པ། ཚད་མ། གསོ་བ་རིག་པ་ལ་སོགས་རིག་གནས་མཐའ་དག་ལ་སྦྱངས་བརྩོན་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པར་སླར་བོད་དུ་བྱོན། དགུང་ལོ་ཞེ་དགུའི་སྟེང་པཎྜི་ཏ་ཟླ་འོད་བཟང་པོ་དང་དྷི་ན་སོ། ཀ་མ་ལ་རཀྵི་ཏ་ལས་བླ་ཆེན་སྡོམ་རྒྱུན་གྱི་བསྙེན་པར་རྫོགས། མངའ་བདག་ལྷག་ལྡེས་སྤུ་ཧྲེང་གཞིར་གྱི་གནས་གཞི་ཕུལ་བས་ཁྲ་ཙའི་གཙུག་ལག་ཁང་དང་། རོང་གི་གཙུག་ལག་ཁང་སོགས་གཙུག་ལག་ཁང་དང་མཆོད་རྟེན་མང་དུ་བཞེངས། མདོ་སྔགས་རིག་གནས་སྨད་དཔྱད་དང་བཅས་པའི་རྒྱ་གཞུང་བོད་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པ་ཤིན་ཏུ་མང་། བོད་དུ་གསང་སྔགས་གསར་མའི་ཐ་སྙད་དེ་ཡང་ལོ་ཆེན་རིན་ཆེན་བཟང་པོ་ནས་འགོ་ཚུགས། ཡི་དམ་གྱི་བསྐྱེད་རིམ་གྱིས་ཏིང་ངེ་འཛིན་ལས་ཀླུ་དཀར་རྒྱལ་བཏུལ། དགུང་ལོ་གྱ་ལྔར་ཇོ་བོ་རྗེ་དང་མཇལ་ཞིང་ཇོ་བོའི་གདམས་པ་མང་དུ་ཞུས་ནས་ཇོ་བོས་སྒྲུབ་པ་ལ་བསྐུལ་བས་སྒྲུབ་ཁང་སྒོར་ཚེ་འདིའི་རྣམ་རྟོག་སྐད་ཅིག་ཙམ་སྐྱེད་ན་བསྟན་སྲུང་རྣམས་ཀྱིས་མགོ་བོ་ཁོལ་ཅིག་ཅེས་སྒོ་ཡིག་སྦྱར་ནས་རྩེ་གཅིག་ཏུ་སྒོམ་སྒྲུབ་མཛད་པས་སྒྲུབ་པ་མཐར་ཕྱིན་ཏེ་དགུང་ལོ་གོ་བརྒྱད་པ་རབ་བྱུང་དང་པོའི་ཤིང་ལུག་ (༡༠༥༥) ལོར་ཁྲ་ཙེ་ཝིང་གིན་དུ་སྐུ་གཤེགས།

ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ནི་བོད་ལྕགས་ཕག་ (༡༠༡༡) ལོར་ཁུའི་རིགས་སུ་སྐུ་འཁྲུངས། གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ལས་རབ་ཏུ་བྱུང་། ཇོ་བོ་རྗེ་དབུས་གཙང་དུ་ཕེབས་སྐབས་ཐང་པོ་ཆེར་གདན་དྲངས། ཕར་ཕྱིན་གྱི་བཤད་པ་མཛད་པ་སོགས་ཇོ་བོའི་ཆོས་མང་དུ་མངའ་ཡང་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དང་། གཤིན་རྗེ་གཤེད་ཀྱི་མན་ངག་ལ་རྩལ་ཐོན། མཐར་རབ་བྱུང་དང་པོའི་ཤིང་ཡོས་ (༡༠༧༥) ལོར་སྐུ་གཤེགས།

རྔོག་ལེགས་པའི་ཤེས་རབ་ནི་འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། ཁམས་སུ་བྱོན་ནས་ཇོ་བོ་སེ་བཙུན་གྱི་སློབ་མ་མཛད་དེ་ཆོས་མང་དུ་གསན། ཁུ་སྟོན་དང་འགྲོགས་ཏེ་དབུས་སུ་བྱོན། མངའ་རིས་གུ་གེ་རྒྱལ་པོས་ཁ་ཆེའི་ཡུལ་དུ་མངགས་ཏེ་ནང་ཆོས་སློབ་གཉེར་མཛད་ནས་མཁས་པར་གྱུར། ཕྱིས་ལོ་ཆེན་རིན་ཆེན་བཟང་པོ་དང་མཉམ་དུ་བཀའ་བསྟན་མང་དུ་བསྒྱུར། ཇོ་བོ་རྗེ་དབུས་སུ་ཕེབས་སྐབས་ལྷ་སར་གདན་དྲངས། ཇོ་བོའི་ཐུགས་སྲས་སུ་གྱུར། རྔོག་གིས་ལོ་པཎ་ལ་ཞུས་ནས་རྟོག་གེ་འབར་བ་བསྒྱུར། བྲག་ནང་གི་རྩར་དགོན་པ་ཞིག་མཛད་པ་ལས་ཕྱིས་ཇོ་བོ་རྗེའི་ལུང་བསྟན་ལྟར་རབ་བྱུང་དང་པོའི་ཆུ་གླང་ (༡༠༧༣) ལོར་གསང་ཕུ་ནེའུ་ཐོག་དགོན་པ་ཕྱག་བཏབ། རྔོག་ལེགས་པའི་ཤེས་རབ་དང་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་སྡེ་ལྔ་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་བར་མཛད། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོའི་ཆོས་མང་དུ་མཁྱེན་པས། དབུ་མའི་ལྟ་བ་ལ་རྩལ་ཐོན་ཞིང་། སྒྲོལ་མས་ཞལ་གཟིགས། བཀའ་གདམས་ཀྱི་བསྟན་པ་པ་དར་ཞིང་རྒྱས་པར་མཛད་དོ། །

ཨ་མེས་བྱང་ཆུབ་རིན་ཆེན་ནི་བོད་ཤིང་ཡོས་ (༡༠༡༥) ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། ཁོང་གིས་ཇོ་བོར་སྒོ་གསུམ་གུས་པས་བསྙེན་བཀུར་ཚད་མེད་ཞུས། ཇོ་བོའི་ཆོས་བཀའ་མ་ལུས་པ་མཁྱེན་ཅིང་། ལྷག་པར་དུ་བདེན་གཉིས་ལ་ཤིན་ཏུ་མཁས་པ་དང་ལས་ཁ་ཚར་གྱི་ཆོས་སྐོར་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་དང་འཇམ་དཔལ་རྡོ་རྗེས་ཞལ་གཟིགས། འབྲོམ་སྟོན་པས་རྭ་སྒྲེང་དུ་གདན་དྲངས། རབ་བྱུང་དང་པོའི་ཤིང་སྦྲུལ་ (༡༠༦༥) ལོར་བཀའ་གདམས་བསྟན་པའི་གདན་ས་བསྐྱངས། རབ་བྱུང་དང་པོའི་ས་རྟ་ (༡༠༧༨) ལོར་མྱ་ངན་ལས་འདས།

མགར་འགོས་ལ་གསང་སྔགས་ཀྱི་གདམས་པ་མ་ལུས་པ་གནང་སྟེ་སྔགས་པ་སེང་གེ་འདྲ་བ་ཞིག་བྱུང་ཞེས་གྲགས། ཁྱད་དུ་མགར་གྱི་འཕགས་སྐོར་དང་བདེ་མཆོག་གི་ཆོས་སྐོར་ལ་རྩལ་ཐོན། དགོན་པ་བ་བྱང་ཆུབ་རྒྱལ་མཚན་རབ་བྱུང་གོང་མེ་ཕོ་འབྲུག་ (༡༠༡༦) ལོར་སྐུ་འཁྲུངས། སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་ཁྱད་པར་དུ་བསྒོམ་གྱི་གདམས་པ་ལ་རྩལ་ཐོན། དམ་ཚིག་གསུམ་བཀོད་ཀྱི་ཡི་དམ་གྱི་ཞལ་གཟིགས། ས་ཕོ་རྟ་ལོ་ནས་རྭ་སྒྲེང་གི་གདན་ས་ལོ་ལྔ་མཛད། རབ་བྱུང་དང་པོའི་ཆུ་ཁྱི་ (༡༠༨༢) ལོར་སྐུ་གཤེགས།

རྣལ་འབྱོར་བ་ཤེས་རབ་རྡོ་རྗེ་ནི་སྤྱིར་ཇོ་བོའི་ཆོས་མང་དུ་མཁྱེན་ཅིང་། ཁྱད་པར་གྲུབ་མཐའ་ལ་རྩལ་ཐོན། ཡི་གེ་དྲུག་མའི་ཞལ་གཟིགས་རྫུ་འཕྲུལ་ཡང་ཐོབ་སྐད། བང་སྟོན་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་དང་། དངོས་གྲུབ་བརྙེས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པར་གྲགས། བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་དགེ་བཤེས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ནི་བོད་རབ་བྱུང་དང་པོའི་ལྕགས་ལུག་ (༡༠༣༡) ལོར་འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་དུ་སྐུ་འཁྲུངས། ཆུང་ངུའི་དུས་གསེར་ཞོ་དོ་བསྣབས་ཏེ་རྒྱལ་ལྷ་ཁང་དུ་ཕེབས། ཞང་ཆེན་པོ་གླན་ཚུལ་བྱང་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་མཚན་དུ་གསོལ། ཁུ་སྟོན་ལས་ཕར་ཕྱིན་གྱི་འགྲེལ་ཆུང་ཚར་བཅོ་ལྔ་ཙམ་གསན། སྙེ་ཐང་དུ་ཇོ་བོ་རྗེ་མཇལ་ནས་ཆོས་ཀྱང་ཞུས། འབྲོམ་སྟོན་གྱིས་འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཆོས་མང་དུ་གསུངས། འབྲོན་སྟོན་པའི་ཕྱག་ཕྱི་མཛད་ནས་རྭ་སྒྲེང་དུ་ཕེབས། འབྲོམ་གྱི་ཐུགས་སྲས་སུ་གྱུར། དཀོན་མཆོག་མཆོད་པའི་ལས་ལ་ཤིན་ཏུ་བརྩོན་ཞི་ང་། ནང་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བརྩོན། ཚོགས་པ་མ་བསྐྱང་ཡང་ཆོས་འབྲེལ་ཞུ་བ་རྣམས་ལ་བདེན་པ་བཞིའི་ཆོས་སྐོར་རྒྱས་པར་གསུངས། བཀའ་གདམས་མན་ངག་པའི་སྲོལ་བཏོད་ནས་བཀའ་གདམས་ཀྱི་བསྟན་པ་རྒྱས་པར་མཛད་དེ་མཐར་དགུང་ལོ་བདུན་ཅུ་དོན་དྲུག་པ་རབ་བྱུང་གཉིས་པའི་མེ་ཁྱི་ (༡༡༠༦) ལོར་མྱ་ངན་ལས་འདས།

བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་པོ་ཏོ་བ་རིན་ཆེན་གསལ་ནི་བོད་རབ་བྱུང་དང་པོའི་མེ་ཡོས་ (༡༠༢༧) ལོར་ཡབ་སྲིན་པོ་དང་ཡུམ་ལེ་མོ་གཉིས་ཀྱི་སྲས་སུ་འཕན་ཡུལ་དུ་སྐུ་འཁྲུངས། སྐུ་ཆུང་ངུ་ནས་སྙིང་རྗེ་ཆེ་ཞིང་ཆོས་ལ་དད་པས་ཡེར་པ་བ་རྔོག་བྱང་ཆུབ་འབྱུང་གནས་དང་། འཕན་པོ་རྒྱལ་ལྷ་ཁང་གི་གླན་ཚུལ་བྱང་གཉིས་ལས་རབ་ཏུ་བྱུང་མཚན་རིན་ཆེན་གསལ་ཞེས་གསོལ།

བཀའ་གདམས་པའི་ཆོས་སྤྱོད་རྣམས་སྦྱངས་ཤིང་བསླབ་ཁྲིམས་དག་རང་གི་མིག་འབྲས་བཞིན་བསྲུངས། ཁུ་སྟོན་སོགས་མཁས་པ་མང་དུ་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་བརྩོན་མཐར་ཕྱིན་མཛད། ཡེར་པར་ཇོ་བོ་རྗེ་ལ་སྒོམ་རིམ་བར་པ་གཅིག་གསན། འབྲོམ་སྟོན་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་ལོ་ངོ་བདུན་ཙམ་བཞུགས་རིང་སྡེ་སྣོད་གསུམ་སོགས་སྦྱངས་བརྩོན་གནང་སྟེ་མཁས་པའི་མཐར་སོན། ཡུན་རིང་དུ་སྒྲུབ་པ་ཉམས་ལེན་འབའ་ཞིག་མཛད། དགུང་ལོ་ལྔ་བཅུ་ང་གཅིག་ནས་བཟུང་བཀའ་གདམས་གཞུང་དྲུག་གི་འཆད་ཉན་མཛད་དེ་བཀའ་གདམས་གཞུང་པ་བའི་སྲོལ་བཏོད། མཁར་བྲག་དང་སྒྲོ་ལག་དགོན་མཐར་ཐོག་དང་སྟག་ལུང་ལ་སོགས་གནས་ངེས་མེད་དུ་བཞུགས། ཚོགས་པ་སྟོང་ཕྲག་ལྷག་རེ་འདུས། ཇོ་བོའི་ཆོས་བྱང་ཆུབ་ལམ་གྱི་སྒྲོན་མ་གཙོ་བོར་བཟུང་ནས་ཆོས་འཆད་མཛད་པས་ཚིག་གཅིག་ཀྱང་མ་ལུས་པ་ཉམས་ལེན་ཁོ་ནར་སྦྱར་ནས་གསུངས། གཞན་ཡང་མདོ་སྡེ་རྒྱན་དང་བྱང་ས། བསླབ་པ་ཀུན་བཏུས། སྤྱོད་འཇུག །སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམས་ལ་སོགས་པ་ནན་ཏན་དུ་གསུངས། སྐུ་ཚེའི་སྨད་ལ་པོ་ཏོ་དགོན་པ་ཕྱག་བཏབ་པས་དགེ་བཤེས་པོ་ཏོ་བ་ཞེས་གྲགས། རབ་བྱུང་གཉིས་པའི་ཤིང་བྱ་ (༡༡༠༥) ལོར་དགུང་ལོ་དོན་དགུའི་སྟེང་སྐུ་གཤེགས།

བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ་སྤྱན་སྔ་བ་ཚུལ་ཁྲིམས་འབར་ནི་ཡབ་དབས་ཤཱཀྱ་རྡོ་རྗེ་དང་ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་ (༡༠༣༨) ལོར་འཕན་པོ་ཉན་སྣ་ར་སྒང་དུ་སྐུ་འཁྲུངས། ཆུང་ངུ་ལས་སྟོད་ལུང་མལ་ཤེས་རབ་སེམས་དཔའ་ལས་རབ་ཏུ་བྱུང་། ཡུམ་གྱི་བཀའ་ལྟར་དགུང་ལོ་ཉི་ཤུར་རྭ་སྒྲེང་དུ་འབྲོམ་སྟོན་པས་འདི་ཉིད་ལ་སྟོང་ཉིད་ལྟ་བའི་གདམས་པ་བསྩལ་ནས་བསྒོམ་གསུངས་ཤིང་ཇོ་བོའི་སྔགས་ཀྱི་གདམས་པ་ཡང་མང་དུ་གནང་བས་སྤྱན་སྔ་བ་ཞེས་གྲགས། དེ་བཞིན་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་རིན་ཆེན་ལས་བདག་མེད་ཕྲ་མོ་སོགས་བཀའ་ཁྲིད་རྫོགས་པར་ཞུས། དགུང་ལོ་ང་བརྒྱད་པ་རབ་བྱུང་གཉིས་པའི་ཤིང་ཕག་ (༡༠༩༥) ལོར་ལོ་དགོན་པ་ཕྱག་བཏབ། བཀའ་གདམས་མན་ངག་པའི་སྲོལ་གཏོད། སྐུ་ཉིད་ལོ་ཙཱ་ལ་ཡང་མཁས་ཤིང་། ཤམ་ཐབས་ལ་ཀོ་བའི་ལྷན་པ་མང་དུ་བཏབ་པས་ཀོ་ཤམ་པར་ཡང་གྲགས། མཐར་དགུན་ལོ་དྲུག་ཅུ་རྩ་དྲུག་པ་རབ་བྱུང་གཉིས་པའི་ཆུ་ལུག་ (༡༡༠༣) ལོར་སྐུ་གཤེགས།

གཞན་ཡང་བཀའ་བརྒྱུད་བསྟན་པའི་སྲོལ་གཏོད་ལྷོ་བྲག་མར་པ་ལོ་ཙཱ་བ་རྒྱ་གར་དུ་ཕེབས་སྐབས་དཔལ་ཁུད་ཐང་དུ་ཇོ་བོ་རྗེ་དང་མཇལ་ཞིང་ཆོས་ཀྱི་གདམས་པ་མང་དུ་གསན། མཉམ་མེད་དྭགས་པོ་ལྷ་རྗེས་ཇོ་བོའི་དངོས་སློབ་རྣལ་འབྱོར་པ་ཆེན་པོའི་སློབ་མ་རྒྱ་ཡོན་ལས་བཀའ་གདམས་ཀྱི་ཆོས་མ་ལུས་པ་གསན། དེ་ནས་རྗེ་བཙུན་མི་ལ་རས་པ་ལས་ཕྱག་ཆེན་གསན་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་ལམ་རིམ་ཐར་རྒྱན་མཛད། རྗེ་ཕག་མོ་གྲུ་པས་བཀའ་གདམས་དགེ་བཤེས་དོལ་བུ་པ་ལས་བཀའ་གདམས་ཀྱི་ཆོས་གསན་ཅིང་། བསྟན་རིམ་གྱི་བསྟན་བཅོས་ཀྱང་མཛད། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་བཀའ་གདམས་དགེ་བཤེས་གླང་ལུང་པའི་ཞབས་ལ་གཏུགས་ནས་གདམས་པ་མང་དུ་གསན་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པས་གདམས་ཀྱི་ཆོས་གསན་ནས་སྤྱོད་ཕྱོགས་ཀྱི་ཉམས་ལེན་རྣམས་བཀའ་གདམས་ལུགས་བཞིན་མཛད། ས་སྐྱ་པཎྜི་ཏས་བཀའ་གདམས་དགེ་བཤེས་སྣེའུ་ཟུར་པའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་། ཐེག་ཆེན་ལམ་གྱི་ཉམས་ལེན་རྣམས་བཀའ་གདམས་པའི་ལུགས་ཁོ་ན་མཛད།

རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པས་ཀྱང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་ཆོས་སྐྱབས་བཟང་པོ་གཉིས་ལས་བཀའ་གདམས་ཀྱི་ཆོས་གསན་ཅིང་། བྱང་ཆུབ་ལམ་གྱི་སྒྲོན་མ་གཞིར་བཞག་སྔོན་མེད་ལེགས་བཤད་ཀྱི་བསྟན་བཅོས་ལམ་རིམ་ཆེ་ཆུང་སོགས་མདོ་སྔགས་ཀྱི་གསུང་རྩོམ་ཇི་སྙེད་ཅིག་གསར་རྩོམ་མཛད་དེ་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་མཛད། བཀའ་གདམས་གླེགས་བམ་ལས། ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད། །ཅེས་ལུང་བསྟན་པ་ལྟར། བཀའ་གདམས་པ་ལ་མ་རྟོགས་ལོག་རྟོག་གི་དྲིམ་མཐའ་དག་བསལ་ཏེ་ཇོ་བོའི་བཀའ་གདམས་པའི་རྣམ་ཐར་གཙང་མས་བོད་གངས་ལྗོངས་ཡུལ་གྲུ་ཀུན་ཏུ་རྒྱ་ཁྱབ་ཀྱི་དར་བཞིན་རྒྱས་པར་མཛད་པ་བཅས་སོ། །

 

བཅུ་གཅིག །མདོ་སྔགས་ཀྱི་ཆོས་ཚན་ཁག་ཅིག་གསར་རྩོམ་དང་བཀའ་བསྟན་ཕབ་བསྒྱུར་ཇི་ལྟར་མཛད་པའི་སྐོར།

༡། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔོན་ཆེན་པོ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ད་ན་ཤཱི་ལ་དང་ལོ་ཙཱ་བ་གླན་དར་བློ་གྲོས་ཀྱིས་བསྒྱུར།

༢། གཏོར་མའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ལོ་ཙཱ་བ་གླན་དར་བློ་གྲོས་ཀྱིས་བསྒྱུར།

༣། ལུ་ཡི་པས་མཛད་པའི་མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༤། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༥། རྡོ་རྗེ་གདན་གྱི་གླུ་དེའི་འགྲེལ་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༦། སྤྱོད་པའི་གླུ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་ཕྱག་ན་རྡོ་རྗེ་དང་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར།

༧། སྤྱོད་པའི་གླུའི་འགྲེལ་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༨། སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར།

༩། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཞུས་པ།

༡༠། དཔལ་མགོན་པོའི་གཏོར་ཆོག །རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བསྒྱུར།

༡༡། སྐུ་གསུམ་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།

༡༢། ལས་ཀྱི་སྒྲིབ་པ་ཐམས་ཅད་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ་རྒྱས་པ་དང་། མི་འཁྲུགས་པའི་སྒྲུབ་ཐབས་བསྡུས་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༡༣། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཛོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༡༤། སྦྱིན་སྲེག་གི་ཆོ་ག །རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་པ།

༡༥ འཇམ་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༡༦། ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་བསྟོད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།

༡༧། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས།

༡༨། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས།

༡༩། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ།

༢༠། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས།

༢༡། སཱ་ཙྪཱ་གདབ་པའི་ཆོ་ག །

གཙུག་ཏོར་དྲི་མེད་ཀི་གཟུངས་བཅས། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༢༢། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༢༣། འཇིགས་པ་བརྒྱད་ལས་སྐྱོབས་པའི་སྒྲུབ་ཐབས་དང་འཕགས་མ་སྒྲོལ་མ་ལ་བསྟོད་པ།  རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༢༤། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྷ་ཀ་ར་ཝརྨ་དང་བོད་ཀི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར།

༢༥། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ།

༢༦། ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༢༧། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག །རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་ཅིང་ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་བསྒྱུར།

༢༨། ཆབ་གཏོར་དྲི་མ་མེད་པའི་གཞུང་། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༢༩། ཀླུ་གཏོར་གྱི་ཆོ་ག །རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༣༠། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༣༡། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།

༣༢། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༣༣། བྱང་ཆུབ་ལམ་གྱི་སྒྲོན་མ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ཞུ་ཆེན་གྱི་ལོ་ཙཱ་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༣༤། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ།

༣༥། སྙིང་པོ་བསྡུ་བ་ཞེས་བྱ་བ།

༣༦། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་བཅས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༣༧། སྐྱབས་སུ་འགྲོ་བ་བསྟན་པ་ཞེས་བྱ་བ།

༣༨། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ།

༣༩། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ།

༤༠། རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་བཅས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༤༡། མདོ་ཀུན་ལས་བཏུས་པའི་མན་ངག །

༤༢། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ།

༤༣། ལས་རྣམ་པར་འབྱེད་པ་ཞེས་བྱ་བ།

༤༤། སྤྱོད་བསྡུས་སྒྲོན་མ།

༤༥། ལྟུང་བ་བཤགས་པའི་ཆོ་ག་བཅས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༤༦། ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག

༤༧། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱ་ཙྪཱ་གདབ་པའི་ཆོ་ག

༤༨། བླ་མའི་བྱ་བའི་རིམ་པ་བཅས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ཏུ་ལྱ་དཱ་ས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར།

༤༩། མདོ་ཀུན་ལས་བཏུས་པ་ཆེན་པོ་ཞེས་བྱ་བ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་རྒྱལ་བ་ཀུན་དགའ་དང་ལོ་ཙཱ་བ་དགེ་སློང་ཉི་མ་གྲགས་པ་དང་ཁུ་མདོ་སྡེ་འབར་གྱིས་བསྒྱུར།

༥༠། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱང་པའི་ཆོ་གའི་བཤད་པ་ཞེས་བྱ་བ།

༥༡། དྲི་མ་མེད་པའི་རིན་པོ་ཆེའི་འཕྲིན་ཡིག་ཅེས་བྱ་བ་རྒྱལ་པོ་ནེརྱ་པ་ལ་བརྫངས་པ།

༥༢། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ།

༥༣། ཤེས་ཕྱིན་དོན་བསྡུས་སྒྲོན་མེ།

༥༤། སྨན་བླའི་སྒྲུབ་ཐབས་བཅས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༥༥། བདེན་པ་གཉིས་ལ་འཇུག་པ། རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༥༦། དབུ་མའི་མན་ངག་ཅེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༥༧། སྙིང་པོ་བསྡུ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཞི་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༥༨། སྙིང་པོ་ངེས་པར་བསྡུ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་སྙིང་ཐང་གཙུག་ལག་ཁང་དུ་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དེ་ཉིད་དང་། ཞུས་ཆེན་གྱི་ལོ་ཙཱ བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༥༩། དྲན་པ་གཅིག་པའི་མན་ངག །རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༦༠། སེམས་བསྐྱེད་དང་སྡོམ་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་ཞུ་ཆེན་ལོ་ཙཱ་བ་དགེ་བའི་བློས་གྲོས་ཀྱིས་བསྒྱུར། སླད་ན་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ། །

༦༡། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མཛད་པ།

༦༢། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། རྒྱ་གར་གྱི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་ཞུ་ཆེན་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༦༣། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །

༦༤། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དེ་ཉིད་དང་། ཞུ་ཆེན་གྱི་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར། སླད་ནས་བླ་མ་དེ་ཉིད་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ། །

༦༥། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁས་པ་དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་པའོ། །

༦༧། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༦༧། དེ་ཁོ་ན་ཉིད་བཅུ་པ། སློབ་དཔོན་ཊོམ་བི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༦༨། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ། སློབ་དཔོན་བྷུ་དྷི་པས་མཛད་པ། ཇོ་བོ་རྗེ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༦༩། སྒྲོལ་མ་ཉེར་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་པཱུརྱ་གུབ་ཏས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།

༧༠། འཆི་བ་བསླུ་བའི་མན་ངག་ཅེས་བྱ་བ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༧༡། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་བཞི་བརྒྱ་ལྔ་བཅུ་པ་ལས་བཏུས་པ། དགེ་སློང་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏ་ཞེས་བྱ་བས་བསྡུས་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༧༢། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་རྒྱལ་བའི་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༧༣། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་བ་ལམ་གྱི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་གྲགས་པས་མཛད་པ། མྱང་རོ་སྟག་ཚལ་དུ་ཇོ་བོ་རྗེ་བོད་དུ་བྱོན་ཙམ་ན་བསྒྱུར།

༧༤། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་བྱུང་བའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣལ་འབྱོར་གྱི་རྒྱུད་དང་བསྡེབས་ཏེ་སློབ་དཔོན་ཞི་བའི་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༧༥། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཤྲི་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་པ།

༧༦། འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག །ཁ་ཆེའི་པཎྜི་ཏ་ཤཱཀྱ་དཔལ་བཟང་པོས་མཛད་པ།

༧༧། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱི་བསྟོད་པ།

༧༨། འཕགས་པ་འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ།

༧༩། འཕགས་པ་འཇམ་དཔལ་གཙོ་འཁོར་ལྔ་པའི་བསྟོད་པ་བཅས།

པཎྜི་ཏ་ཐིག་ལེ་བུམ་པས་མཛད་པ།

༨༠། གུར་གུམ་གཞོན་ནུའི་བསྟོད་པ། སློབ་དཔོན་སེང་གེ་མི་གཡོ་བས་མཛད་པ་རྣམས། རྒྱ་གར་གྱི་མཁས་པ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༨༡། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།

༨༢། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། སློབ་དཔོན་པཱུ་ཛ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར།

༨༣། ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤྲདྷ་ཀ་ར་ཝརྨས་མཛད་པ། གཞན་ཡང་རྟེན་འབྲེལ་གྱི་བསྲུང་བ་རྣམས་ཇོ་བོ་རྗེ་དང་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར།

༨༤། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ནས་རང་འགྱུར་དུ་མཛད་ནས་དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་བ།

༨༥། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བ་རབ་ཏུ་བྱེད་པ། སློབ་དཔོན་ཞི་བ་འཚོས་མཛད་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།

༨༦། ཚོགས་ཀྱི་བདག་པོ་སྤྲིན་གྱི་སྒྲོན་མེའི་སྒྲུབ་ཐབས། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༨༧། ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༨༨། ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་འཇུར་གེགས་སེལ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨེནྡྲ་བྷུ་ཏིས་མཛད་པ། པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཡམ་བུ་ཀ་ཏཱ་རིར་ལེགས་པར་བསྒྱུར།

༨༩། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ། རྒྱ་གར་གྱི་སློབ་དཔོན་སེང་གེ་བཟང་པོས་མཛད་པ། ཤོ་ལོ་ཀ་སྟོང་ཕྲག་བརྒྱ་པ། རྒྱ་གར་གྱི་མཁན་པོ་པུ་བྷཱ་ཥིཾ་ཏ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། སླད་རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ནས་བཅོས།

༩༠། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད། སློབ་དཔོན་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༩༡། དབུ་མ་སྙིང་པོའི་ཚིག་ལེའུ་བྱས་པ།

༩༢། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། བམ་པོ་ཉི་ཤུ་རྩ་བདུན།

༩༣། དབུ་མའི་དོན་བསྡུས་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ།

༩༤། དབུ་མའི་འཁྲུལ་པ་འཇོམས་པ་ཞེས་བྱ་བ། སློབ་དཔོན་ཨརྱ་དེ་བས་མཛད་པ།

༩༥། ཕུང་པོ་ལྔའི་རབ་ཏུ་འབྱེད་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཅས། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་དཔལ་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་ལེགས་པར་བསྒྱུར།

༩༦། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ། སློབ་མ་ཀ་མ་ལ་རཀྵི་ཏ་དང་ཇོ་བོ་རྗེས་གསོལ་བ་བཏབ་པ་ལ་བརྟེན་ནས་གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༩༧། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ། བླ་མ་གསེར་གླིང་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༩༨། སྐྱབས་འགྲོའི་ཡན་ལག་དྲུག་པ། སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།

༩༩། ལྟུང་བ་བཤགས་པའི་ཆོ་ག །ཐམས་ཅད་ཡོད་པར་སྨྲ་བའི་པཎྜི་ཏ་དེ་བ་ཤནྟི་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༡༠༠། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ། སློབ་དཔོན་སེང་གེ་བཟང་པོས་མཛད་པ་ཉི་ཁྲི་ལེ་བརྒྱད་མར་གྲགས་པ་བམ་པོ་བདུན་ཅུ་རྩ་བཞི་པ། བལ་ཡུལ་ཡམ་བུའི་བསོད་ནམས་རྒྱུན་འབྱུང་གི་གཙུག་ལག་ཁང་དུ་པཎྜི་ཏ་ཞི་བ་བཟང་པོ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། སླད་རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ནས་བཅོས།

༡༠༡། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར།

༡༠༢། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསམ་ཡས་པེ་དཀར་གླིང་དུ་བསྒྱུར།

༡༠༣། ལེགས་པའི་ལམ་བསྟན་པའི་གཏམ། སློབ་དཔོན་དཔའ་བོས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དག་སློང་རིན་ཆེན་བཟང་པོས་བསྒྱུར།

༡༠༤། རྩོད་པའི་རིགས་པ་ཞེས་བྱ་བ་རབ་ཏུ་བྱེད་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དྷརྨ་ཀཱིརྟིས་མཛད་པ། དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་རྒྱ་གར་གྱི་མཁས་པ་ཆེན་པོ་ཛྙཱ་ན་ཤྲི་བྷ་དྲ་དང་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། སླད་པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དར་མ་གྲགས་ཀྱིས་ཞུས་ཤིང་གཏན་ལ་ཕབ།

༡༠༥། བརྒྱད་སྟོང་པ། བམ་པོ་ཉེར་བཞི། ལེའུ་སོ་གཉིས། རྒྱ་གར་གྱི་མཁས་པ་ཤཱཀྱ་སེ་ན་དང་ཛྙཱ་ན་སི་དྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱིས་དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་ལྡེ་བཙན་གྱི་བཀས་རྒྱ་གར་གྱི་མཁན་པོ་སུ་བྷ་ཥ་ཏ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། སླད་ན་རྒྱ་གར་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ། ཡང་སླད་ན་སྐྱིད་སྨད་སྙེ་ཐང་ན་མོ་ཆེར་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། ལོ་ཙཱ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོང་པ་བཤད་པའི་དུས་སུ་ཆེ་ལོང་ཞིག་གཏན་ལ་ཕབ། ཕྱིས་རྭ་སྒྲེང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་གར་གྱི་མདོ་གསུམ་ལ་གཏུགས་ནས་ལན་གཉིས་གཏན་ལ་ཕབ། ཕྱིས་ཡང་ལོ་ཙཱ་བ་དེ་ཉིད་ཀྱིས་བཤད་པ་མཛད་ཅིང་ཕྲན་ཚེགས་ཀྱང་གཏན་ལ་ཕབ། སླད་ན་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ། དེ་རྗེས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ཞྭ་ལུ་ལོ་ཙཱ་བ་དཔལ་རིན་ཆེན་ཆོས་སྐྱོང་བཟང་པོས་རྒྱ་བོད་ཀྱི་དཔེ་དུ་མ་དང་བསྟུན་ནས་ཤིན་ཏུ་རྣམ་པར་དག་པར་མཛད་པའི་མ་ཕྱི་ལས་སླར་ཡང་ཞུས་ཏེ་གཏན་ལ་ཕབ་པ་ཤོག་གྲངས་བཞི་བརྒྱ་དང་ལྔ་བཅུ།

༡༠༦། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པའི་མདོ་བམ་པོ་གཅིག་དང་ཤོ་ལོ་ཀ་བརྒྱ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱིས་འགྱུར།

༡༠༧། གཎྜིའི་དུས་ཀྱི་མདོ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར།

༡༠༨། བཤད་རྒྱུད་མངོན་བརྗོད་བླ་མ་ལེའུ་རེ་དགུ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ལ་ཤྲི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།

༡༠༩། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལེའུ་བཅོ་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

༡༡༠། ལག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད། ལེའུ་བདུན་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བྱའི་གདོང་པ་ཅན་གྱིས་བསྒྱུར།

༡༡༡། ལག་ན་རྡོ་རྗེ་གོས་སྔོན་ཅན་འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར།

༡༡༢། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻཌཱུར་ཡའི་འོད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་ཤྲི་ལེན་དྲར་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སླད་ན་རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་མཐོ་ལྡིང་གསེར་ཁང་དུ་སྐད་གསར་བཅད་ཀྱིས་བཅོས།

༡༡༣། འོད་ཟེར་དྲི་མེད་ཀྱི་གཟུངས། རྒྱ་གར་གྱི་མཁན་པོ་བིན་ཀ་ར་སིབ་ཧ་དང་བནྡེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར། ཨ་ཏི་ཤ་དང་འབྲོམ་སྟོན་པས་སྔགས་རྣམས་དག་པར་བཅོས།

༡༡༤། ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ་ལེའུ་བཅོ་ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བསྒྱུར།

༡༡༥། དབེན་པའི་གཏམ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཚོ་བྱིན་གྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །

༡༡༦། སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པའི་མདོ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་དང་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། གཞན་ཡང་མར་མེའི་སྨོན་ལམ་སོགས་མདོ་སྔགས་ཀྱི་བསྟན་བཅོས་མཐའ་ཡས་པ་མཛད་དོ། །

 

དཔྱད་གཞིའི་ཡིག་ཆ།

༡། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ཞེས་བྱ་བ།

༢། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༡༩༩༤ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་བརྒྱབ།

༣། མཆིམས་ཐམས་ཅད་མཁྱེན་པས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས་བཞུགས་སོ། །ཞེས་བྱ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༡༩༩༤ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་བརྒྱབ།

༤། ཨ་ཏི་ཤ་དང་འཕགས་པ་ཀླུ་སྒྲུབ། སློབ་དཔོན་དཔའ་བོ་སོགས་ཀྱིས་མཛད་པའི་ཇོ་བོའི་ཆོས་འབྱུང་བརྒྱ་རྩ་ཞེས་བྱ་བ། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་ ༢༠༠༢ ལོའི་ཟླ་ ༧ པར་པར་ཐེངས་དང་པོ་བརྒྱབ།

༥། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ཞེས་བྱ་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༢༠༠༣ ལོའི་ཟླ་ ༡༢ པར་པར་ཐེངས་དང་པོ་བརྒྱབ།

༦། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ཞེས་བྱ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༡༩༨༤ ལོའི་ཟླ་ ༤ པར་པར་ཐེངས་དང་པོ་བརྒྱབ།

༧། ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱིས་མཛད་པའི་ཀེའུ་ཚང་ལམ་རིམ་ཞེས་བྱ་བ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་སྤྱི་ལོ་ ༢༠༡༠ ལོའི་ཟླ་ ༤ པར་པར་ཐེངས་དང་པོ་བརྒྱབ།

༨། གུ་གེ་ཚེ་རིང་རྒྱལ་པོས་མཛད་པའི་མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༡༢ པར་པར་ཐེངས་དང་པོ་བརྒྱབ།

༩། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ཞེས་བྱ་བ། མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ ༡༩༨༦ ལོའི་ཟླ་ ༦ པར་པར་ཐེངས་དང་པོ་བརྒྱབ།

 

མཇུག་བྱང་།

དུས་རབས་ཉེར་གཅིག་པ་ནི་འཛམ་གླིང་གོ་ལའི་ཁྱོན་འདིར་ཚད་མཐོའི་ཚན་རིག་ལག་རྩལ་གོང་འཕེལ་ཆེས་ཆེར་འགྲོ་བཞིན་པ་དང་ཆབས་ཅིག །ཁ་བའི་ལྗོངས་འདིར་ཡང་ཕྱི་དངོས་པོའི་དཔལ་ཡོན་ཡར་ངོའི་ཟླ་བཞིན་ཡར་རྒྱས་བྱུང་དང་འབྱུང་བཞིན་པའི་སྐབས་འདིར། ནང་སེམས་ཀྱི་བདེ་བ་གྲུབ་པའི་ཐབས་ལམ་ཉག་ཅིག་སྔོན་བྱོན་ལོ་པཎ་མཁས་གྲུབ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་གོང་ནས་དཀའ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་དར་སྤེལ་མཛད་པའི་ནང་ཆོས་ཀྱི་གྲུབ་མཐའ་ཁག་དང་། བོད་རང་གི་ཡ་རབས་གོམས་གཤིས་བཟང་པོའི་སྲོལ་རྒྱུན་རིག་གནས་བཅས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དགོས་པ་ནི་དེ་བས་གལ་འགངས་ཤིན་ཏུ་ཆེ་བར་སོང་། དེ་དག་ལ་གཅེས་ཞེན་དང་སྙིགས་དོར་བཅུད་ལེན་གྱིས་རྒྱུན་འཛིན། ལྷག་པར་ཇོ་བོ་བཀའ་གདམས་པའི་རིང་ལུགས་དྭངས་གཙང་ཆུ་བོའི་རྒྱུན་གྱིས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་ལ་ཡོངས་སུ་ཁྱབ་སྟེ་གཞན་ཕན་ལྷག་བསམ་བཟང་པོས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ཆོས་སྤྱོད་བསླབ་གསུམ་གྱི་བྱ་བ་མཐའ་དག་དེ་བས་སྔར་སྲོལ་ཚུལ་བཞིན་བྱུང་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཛད་རྣམ་ཕྱོགས་བསྡུས་ལྡེབས་རིས་ཀྱི་ལམ་དུ་བཀོད་པ་དེ་ཉིད་འབྲས་སྤུངས་ཕོ་བྲང་ཐོག་བརྩེགས་གསུམ་པའི་སྟེང་གི་གཟིམ་ཆུང་ལྔ་པ་ཆེན་པོའི་སྐུའི་བཅད་རྒྱར་བཞུགས་ཡུལ། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉི་ཤུ་ཙམ་ཡོད་པའི་སྨན་ཐང་ལུགས་ཀྱི་ལྡེབས་རིས་ལས་བདག་གིས་ངལ་གསོའི་དུས་ཚོད་སྤྱད་དེ་པར་ལེན་བྱས་པ་དང་། དེའི་སྟེང་མངའ་རིས་གུ་གེ་དང་མཐོ་ལྡིང་དགོན་པའི་ལྡེབས་རིས། ནོར་གླིང་ཕོ་བྲང་གསར་པའི་ལྡེབས་རིས་སོགས་ནས་ཁ་སྣོན་བསྡུ་སྒྲིག་བཅས་བྱས་ཡོད། ཇོ་བོ་རྗེའི་མཛད་རྣམ་ལྡེབས་རིས་དང་བཅས་ཕྱོགས་བསྡུས་དེབ་འདིའི་དཔེ་སྐྲུན་ཐད་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་རོགས་སྐྱོར་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༨ ཚེས་ ༢༥ ཉིན་ལྷ་ལྡན་ནས།།  །།[2]

 

དཔྱད་གཞིའི་ཡིག་ཆ།

[1] རྣམ་ཐར་ཕྱོགས་བསྡུས་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡ ནས་ ༡༦༩ བར།

[2] ལྡེབས་རིས་ཀྱི་སྐུ་པར་རྣམས་འདིར་འཇུག་འགོད་མ་ཐུབ་པས་ཕྱག་དེབ་དངོས་ལ་གཟིགས་པར་འཚལ།།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༩ ནས་ ༤༥༧ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *