ཁ༽ འཕགས་པ་གྲོལ་སྡེའི་སྐུ་ཡི་ཆ་ལུགས།

ཁ༽ འཕགས་པ་གྲོལ་སྡེའི་སྐུ་ཡི་ཆ་ལུགས།

 

དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[1]། འཕགས་པ་གྲོལ་སྡེ་ཕྱག་གཡས་ལྟེ་བའི་ཐད་ནས་ཆོས་འཆད། གཡོན་པུས་མོ་གཡོན་པའི་སྟེང་དུ་གླེགས་བམ་བསྣམས་པ་ཆོས་གོས་གསོལ་ཞིང་། དབུ་པཎ་ཇོ་ཞྭའི་རྣམ་པ་ཅན། ཞབས་ཕྱེད་སྐྱིལ་གཡོན་འགྱིང་། ཞེས་གསུངས་པ་ལྟར།

འཕགས་པ་རྣམ་གྲོལ་སྡེའི་སྐུ་ཡི་ཆ་ལུགས་ནི། བོད་ལུགས་བྲིས་ཐང་ལྟར་ན། སྐུ་མདོག་དཀར་ལ་དམར་མདངས་ཆགས་ཤིང་། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་ལེགས་པར་གསོལ་བ། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་ཡ་གྱལ་དང་། ལྷག་པར་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་པའི་མཚོན་རྟགས་སུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་བ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱའམ་ཕྱག་གཡས་ལྟེ་བའི་ཐད་ནས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་། ཕྱག་གཡོན་པུས་མོ་གཡོན་པའི་སྟེང་དུ་ཆོས་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའམ་བྲིས་ཆ་ལ་ལར་ཕྱག་གཡས་ས་གནོན་དང་། ཕྱག་གཡོན་མཉམ་བཞག་མཛད་པའི་སྟེང་དུ་ཟབ་རྒྱས་ཀྱི་གཞུང་ལུགས་ཕུལ་དུ་ཕྱིན་པ་ལྗགས་རྩོམ་མཛད་པའི་གསུང་གི་མཛད་པ་མཚོན་བྱེད་ཤེར་ཕྱིན་གྱི་གླེགས་བམ་བསྣམས་ཤིང་། ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་པ་ནི། བདུད་བཞི་ལས་ལྷའི་བུའི་བདུད་དམག་བྱེ་བ་འཁོར་བཅས་བཅོམ་པ་མཚོན་ལ། སྐུའི་གཡོན་དུ་ཟ་མ་ཏོག་དང་། པཎ་ཞྭ་དངོས་སུ་མ་བཞེས་པར་དབུ་ཐོག་ཏུ་ལེབ་མོར་འཇོག་གནང་མཛད་པའི་རྣམ་པ་ཅན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥ ནས་ ༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *