ཁ༽ བསྟན་པར་དགྲ་ལན་གསུམ་དང་བར་གྱི་ཉམས་གསོ།

ཁ༽ བསྟན་པར་དགྲ་ལན་གསུམ་དང་བར་གྱི་ཉམས་གསོ།

 

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཞེས་པའི་བསྟན་པའི་གནས་གཞི་ཆེན་པོ་འདི་ཉིད་ལ་བསྟན་པ་ལ་དགྲ་ལན་གསུམ་དང་། ཏུ་རུཀྵའི་དམག་སོགས་ཀྱིས་གཏོར་བཤིག་གིས་ཉམས་ཆག་ཇི་ལྟ་བུ་བྱུང་བ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་དུས་མ་ག་དྷར་བྲམ་ཟེ་སུ་བི་ཥྣུ་ཞེས་བྱ་བས་དཔལ་ནཱ་ལེནྡྲའི་གནས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས།

ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཕྱིར་མ་མོ་འཛིན་པ་[1]བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས་[2]པ་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་མཛད་དེ། དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས་[3]པར་གསུངས། འོན་ཀྱང་སངས་རྒྱས་སྐུ་གཤེགས་ནས་ལོ་བརྒྱ་ཕྲག་ཁ་ཤས་ཙམ་གྱི་རྗེས་བསྟན་པ་ལ་དགྲ་དང་པོ་བྱུང་ཞིང་སླར་སོར་ཆུད་པ་ནི། རྒྱལ་པོ་ནི་མ་ཙནྡྲས་རྒྱལ་སྲིད་བསྐྱངས་ནས་མི་རིང་བ་ན། བྲམ་ཟེ་པུ་ཥྱི་མི་ཏྲ་སྟེ་རྒྱལ་བ་བཤེས་ཞེས་བྱ་བ་རྒྱལ་པོའི་མདུན་ན་འདོན་བྱེད་པ་ཞིག་གིས་ངོ་ལོག་བརྩམས་ཏེ། དེས་རྒྱལ་སྲིད་སྐྱོང་བའི་ཚེ། བྲམ་ཟེ་དེའི་ཉེ་དུ་རྒན་མོ་ཞིག་གིས་དོན་ཞིག་ལ་ནཱ་ལེནྡྲར་ཕྱིན་པས། གཎྜི་བརྡུངས་པའི་སྒྲ་ལ་ཕཊ་ཊཱ་ཡ་ཞེས་པའི་སྒྲ་བྱུང༌། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་བྱ་བའི་སྒྲར་འདུག་གོ །འདི་ལ་སྔར་བོད་དུ་བྱུང་བའི་ལོ་རྒྱུས་ལྟར་ན།

ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། །

དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། །

མུ་སྟེགས་འཆལ་བ་རྣམས་ཀྱི་ཀླད་པ་འགེམས། །

ཞེས་བྱུང་བར་གྲགས་ལ། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྔྷ་ཅརའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་རེ་ཡང་བསད། ཕལ་ཆེར་ཡུལ་གཞན་དུ་བྲོས་པ་ལས་ལོ་ལྔ་ནས་བྱང་ཕྱོགས་སུ་དེ་ཉིད་ཤིའོ། །དེ་ལ་སྟོན་པའི་བསྟན་པ་ལོ་ལྔ་བརྒྱ་དང་པོ་ཡར་འཕེལ་དང༌། ལྔ་བརྒྱ་གཅིག་འགྲིབ་པའི་དུས་ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་བསྟན་པ་ལ་སོགས་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་འགོ་བརྩམས[4]། སླར་དགེ་འདུན་རྣམས་ནཱལཱནྡཱར་ཕེབས་ནས་ཐོས་བསམ་ལ་འབད་པར་བྱས་ཤིང་། གཙུག་ལག་ཁང་བཤིག་པ་དང་། ཆོས་གཞི་ཉམས་པ་རྣམས་ཀྱང་བྷངྒ་ལའི་རྒྱལ་པོ་གོ་ཊ་འཕེལ་བྱེད་ཀྱིས་གསོས་ནས་སླར་སོར་ཆུད་པར་བྱས་ཞེས་བྱུང་ངོ་།།

དེ་རྗེས་བསྟན་པ་སྐྱོན་མེད་ངང་ཡུན་རིང་ཙམ་གནས་ཀྱང་དམ་པའི་ཆོས་ལ་དགྲ་བར་པ་བྱུང་བ་ནི། ཙནྡྲའི་རྒྱལ་རབས་བཅུ་པ་དྷརྨ་ཙནྡྲའི་དུས་སུ་ཏ་ཟིག་གི་རྒྱལ་པོ་ཁུ་ནི་མབྷ་ཟེར་བ་ཞིག་ཡོད་པ་ཁོང་གཉིས་འཁྲུག་རེས་མཐུན་རེས་མང་དུ་བྱུང་བ་ལ། ཐེངས་ཤིག་མཐུན་པར་གྱུར་པའི་ཚེ། སྟག་གཟིག་གི་རྒྱལ་པོས་རྟ་དང་རིན་པོ་ཆེའི་རིགས་མང་པོ་ཞིག་དྷརྨ་ཙནྡྲར་སྐྱེས་སུ་བསྐུར། དྷརྨ་ཙནྡྲས་ཀྱང་གླང་པོ་ཆེ་དང་དར་གོས་སོགས་སྟག་གཟིག་གི་རྒྱལ་པོར་སྐྱེས་སུ་བསྐུར། ཡང་ཐེངས་ཤིག་དྷརྨ་ཙནྡྲས་ཟབ་ཆེན་གྱི་གོས་སྲུབས་མེད་པ་ཞིག་སྟག་གཟིག་གི་རྒྱལ་པོར་སྐྱེས་སུ་བསྐུར་ཞིང་། སྟེས་དབང་གིས་ཐགས་རིས་ཀྱི་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བབས་པས་སྟག་གཟིག་གི་རྒྱལ་པོས་ཁོ་བོར་ངན་སྔགས་བྱས་པ་མིན་ནམ་སྙམ་པའི་ཐེ་ཚོམ་སྐྱེས། ཡང་ལན་ཅིག་ཤིང་འབྲས་སྐྱེས་སུ་བསྐུར་བར་འདོད་པ་ལ་བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་ཉི་མར་བཞག་པ་དེ་ཉིད་རླུང་གིས་འཁུར་ནས་ཀེ་ལའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་སོང་། དེ་རྒྱལ་པོས་མ་ཤེས་པར་ཤིང་ཏོག་རྣམས་སྒྲོམ་བུ་མར་ཁུས་བཀང་བའི་ནང་དུ་བཅུག་སྟེ་སྟག་གཟིག་གི་རྒྱལ་པོར་བསྐུར། རྗེས་སུ་ཤིང་ཏོག་ཀེ་ལའི་འབྲས་བུ་ཞིག་གི་ནང་ནས་སྔགས་འཁོར་དེ་ཐོན་པས་ངེས་པར་དུ་ངན་སྔགས་བྱས་སོ་སྙམ་ནས། ཏུ་རུ་ཥྐའི་དམག་གིས་མ་ག་དྷཱའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིགས། དཔལ་ནཱ་ལེནྡྲར་ཡང་གནོད་པ་ཆེར་བྱུང༌། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་སོ། །དེའི་རྗེས་སུ་དྷརྨཱ་ཙནྡྲ་འདས་ཏེ། དེའི་ཚ་བོ་ཞིག་རྒྱལ་སྲིད་ལ་ཡོད་ཀྱང་ཏུ་རུ་ཥྐའི་གཡོག་ཏུ་གྱུར་པས་དབང་མེད་དོ། །དྷརྨཱ་ཙནྡྲའི་ཞང་པོའི་བུ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཞེས་བྱ་བ་ཞིག་ཡོད་དེ། དེས་རྒྱ་ནག་གི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པ་ལས། རྒྱ་ཡུལ་གྱི་རྒྱལ་པོས་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུས་ཁུར་བའི་ཡོ་བྱད་བཟང་པོ་དག་རྒྱལ་པོ་སངས་རྒྱས་ཕྱོགས་ལ་བྱིན་ནོ། །དེ་ནས་ནོར་དེ་དག་གིས་ནུབ་ཕྱོགས་དང་རྒྱལ་པོ་རྒྱལ་ཕྲན་གཙོ་བོ་དག་མགུ་བར་བྱས་ནས། སྟག་གཟིག་གི་རྒྱལ་པོ་དང་འཁྲུགས་པ་ལས་རྒྱལ་པོ་ཁུ་ནི་མ་མཔྟ་ལ་སོགས་པ་སྟག་གཟིག་གི་དཔའ་བོ་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་རྒྱལ་པོ་སངས་རྒྱས་ཀྱི་ལུང་བཏང་ངོ༌། །དེས་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་གསོས། དགེ་འདུན་རྣམས་སྤྱན་དྲངས། དཔལ་ནཱ་ལེནྡྲར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས་པ་ལས། རྒྱལ་པོ་ཉིད་ཀྱིས་བདུན་ཅུ་རྩ་གཅིག །གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས།[5] ཞེས་གསལ་བ་ལྟར་ནཱ་ལེནྡྲར་ཆོས་གཞི་བརྒྱད་ཅུ་གྱ་བཞི་བཙུགས་ནས་སླར་ཡང་སོར་ཆུད་པར་བྱས། རྒྱལ་པོ་ཁོང་གིས་ནང་པའི་དགེ་འདུན་རྣམས་རྒྱལ་པོ་རང་གི་ཁང་བཟང་གི་རྩེར་བཞུགས་སུ་བཅུག་ནས་མཆོད་ཅིང་། མུ་སྟེགས་པ་རྣམས་ནི་སྒོའི་ཕྱི་རོལ་ནས་ཁ་ཟས་སྟེར་བར་གྲགས་སོ།།

དམ་པའི་ཆོས་ཀྱི་དགྲ་ལན་གསུམ་པ་བྱུང་ཞིང་སླར་ཡང་སོར་ཆུད་པའི་ཚུལ་ནི། དེ་ནས་ལོ་གང་ཙམ་གྱི་རྗེས་སུ་དཔལ་ནཱ་ལེནྡྲར་རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སིངྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་པའི་ཞལ་བསྲོའི་ཚེ། སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེར་བྱས་པ་ལས། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོང་བ་ལ། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱར་ཞིང༌། གཅིག་ཤོས་ཀྱིས་ཉི་མ་སྒྲུབ་པར་བྱས་སོ། །སའི་དོང་གཏིང་རིང་པོར་ཞུགས་ཏེ། ལོ་དགུའི་བར་དུ་བསྒྲུབས་ཀྱང་མ་གྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཁྱོད་ཀྱི་སྔགས་གྲུབ་བམ་ཟེར་རོ། །མ་གྲུབ་བྱས་པ་ན། དེ་ན་རེ། ཕྱོགས་ཐམས་ཅད་མུ་གེས་ཉམ་ང་བས་ཁྱབ་པ་ལ་ངས་དཀའ་བ་འདི་སྙེད་ཀྱིས་འཚོ་བ་སྦྱར་ན། ཁྱེད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུངས་ནས་གཅོད་དོ་བྱས་ནས། ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབས་སོ། །དེ་ལྟར་ལོ་བཅུ་གཉིས་ན་གྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ཆོས་གཞི་རྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་བསྲེགས། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་དྷརྨཱ་གཉྫ་སྟེ་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་ས་གཱ་ར། རཏྣ་ད་དྷི། རཏྣ་རཎྚ་ཀ་ཞེས་བྱ་བ་ལྷ་ཁང་ཆེན་པོ་གསུམ་ཡོད། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་དེ་ན་བཞུགས་པ་ལ་དེ་གསུམ་ཆར་ཡང་ཚིག་གོ །དེའི་ཚེ་རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཡོད་པའི་སྟེང་ཁང་གི་གླེགས་བམ་འགའ་ཞིག་ལས་ཆུའི་རྒྱུན་ཆེན་པོ་བབས་ཏེ་མེ་བསད། ཆུ་རྒྱུན་ཁྱབ་ཚད་དུ་གླེགས་བམ་རྣམས་མ་ཚིག་གོ །ཕྱིས་གླེགས་བམ་དེ་བླངས་ཏེ་བལྟས་པས་ནང་རྒྱུད་སྡེ་ལྔའི་གླེགས་བམ་ཡིན་ཞེས་ཟེར་བ་དང༌། ཁ་ཅིག་གསང་བ་འདུས་པ་ཁོ་ན་ཡིན་ཞེས་ཟེར་བའང་ཡོད། གང་ལྟར་བླ་མེད་ཀྱི་རྒྱུད་སྡེ་ཡིན་ལ། དེའི་ནང་ན་གསང་བ་འདུས་པ་ཡོད་པ་ལ་རྩོད་པ་མེད་དོ། །ཡུལ་གཞན་དང་གཞན་དུའང་གཙུག་ལག་ཁང་མང་པོ་བསྲེགས་སོ། །མུ་སྟེགས་བྱེད་དེ་གཉིས་རྒྱལ་པོའི་ཆད་པས་འཇིགས་ཏེ། བྱང་ཕྱོགས་ཧ་སཱ་མཱ་ཞེས་བྱ་བའི་ཡུལ་དུ་བྲོས་ཀྱང་སྡིག་པའི་ལས་ཀྱི་མཐུས་ལུས་ལ་མེ་རང་འབར་ནས་ཤིའོ།།

དེ་ནས་ཕྱོགས་དང་ཕྱོགས་ཀྱི་དགེ་སློང་མང་དུ་ཐོས་པ་ཐམས་ཅད་འདུས། བློ་ལ་བཞུགས་པ་དང༌། གླེགས་བམ་དུ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང༌། བྲམ་ཟེ་ཤངྐུ་དང༌། བྲམ་ཟེ་ཕུར་བུ་དང༌། ཁྱིམ་བདག་དད་པ་ཅན་མང་པོས་ལྷ་ཁང་མེས་ཚིག་པ་རྣམས་གསོས་སོ། །དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་རྣམས་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་གཉིས་ཙམ་རེ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱིས་ཀྱང་ནུབ་ཅིང༌། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ་པ་དང་། ལྷག་མ་ཆ་དགུ་ཙམ་མེའི་དགྲ་བྱུང་བའི་རྐྱེན་གྱིས་ནུབ་པས་ད་ལྟ་ཆ་གཅིག་ཙམ་ཞིག་ལུས། དེ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། དེ་བཞིན་དུ་ཕལ་པོ་ཆེ་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་ལུས་པ་ལ་སོགས་[6] ཡིན་ཅིང་། བསྟན་པ་ཉམས་པ་སོར་ཆུད་པ་ལྟར། དེ་ལྟར་བསྟན་པ་ལ་དགྲ་གསུམ་བྱུང་བའི་སྐབས་སོ་སོར་ནཱ་ལེནྡྲར་གཏོར་བཤིག་གིས་བསྟན་པར་ཉམས་ཆགས་ཤུགས་ཆེ་བྱུང་ངོ་།།

དེ་བཞིན་ས་སྐྱ་ཡོངས་འཛིན་ངག་དབང་ཆོས་གྲགས་ (1572-1641) ཀྱིས་མཛད་པའི་དཔལ་ཆོས་སྐྱོང་བའི་སྲུང་མ་རྣམ་ཐོས་བུའི་རྗེས་གནང་ལྔ་ཕྲག་གསུམ་གྱི་ཆོ་ག་ནོར་འཛིན་དཔལ་མོའི་རྒྱན་ཕྲེང་གཟི་འོད་འབར་བ་ལས[7]། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་རྣམ་སྲས་མཐིང་ནག་བདུད་མོ་བཞི་སྐོར་གྱི་རྗེས་གནང་བཞུགས་སོ། །ཞེས་གསལ་བ་ལྟར། སློབ་དཔོན་ཀླུ་སྒྲུབ་ཀྱིས་བདུད་མོ་བཞི་སྐོར་གྱི་རྗེས་གནང་འདིའི་ཐོག་ནས་མུ་སྟེགས་པ་དེ་གཉིས་བསྒྲལ་བར་གསུངས་པ་ལྟར། མུ་སྟེགས་སྤྲང་པོ་གཉིས་ཀྱིས་ནཱ་ལེནྡྲ་མེར་བསྲེགས་པ་ནི་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་ཡིན་པར་བཞེད་དོ།།

དེ་ལྟ་བུའི་གཏོར་བཤིག་བྱུང་རྗེས་ཉམས་གསོ་ཇི་ལྟར་མཛད་པའི་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[8]། པྲ་ཏི་ཏ་སེ་ན་འདས་པའི་འོག་ཏུ་ལོ་བརྒྱ་ཙམ་སོང་བ་ན། བྷཾ་ག་ལའི་ཡུལ་དུ་ཅིཾ་ག་ལ་རཱ་ཛ་ཞེས་བྱ་བ་ལས་ཀྱི་ཤུགས་ཆེན་པོ་ཞིག་བྱུང་སྟེ། ཊི་ལི་ཚུན་ཆོད་ཀྱི་ཧིནྡུ་དང༌། ཏུ་རུཥྐ་ཐམས་ཅད་ལ་དབང་བསྒྱུར། དེ་དང་པོ་བྲམ་ཟེ་ལ་དད་པ་ཞིག་ཡིན་ནའང༌། བཙུན་མོ་སངས་རྒྱས་ལ་དད་པས་བློ་བསྒྱུར་ཏེ། དེས་རྡོ་རྗེ་གདན་དུ་མཆོད་པ་ཆེན་པོ་བྱས། ལྷ་ཁང་ཐམས་ཅད་ལ་ཞིག་གསོས་དང༌། གན་དྷོ་ལ་ཆེན་པོ་དགུ་ཐོག་ཡོད་པའི་ཐོག་བཞི་བར་སྐབས་སུ་ཏུ་རུཥྐས་བཤིག་པ་ལེགས་པར་གསོས། པཎྜི་ཏ་ཤཱ་རི་པུ་ཏྲ་བཞུགས་ཏེ་ཆོས་གཞི་བཙུགས། ནཱ་ལེནྡྲར་ཡང་ལྷ་ཁང་རྣམས་ལ་མཆོད་པ་ཆེར་བྱས། འོན་ཀྱང་ཆོས་གཞི་རྒྱ་ཆེན་པོ་མ་ཚུགས་སོ། །ཞེས་རྒྱལ་པོ་སེ་ན་བཞི་ལ་སོགས་པའི་སྐབས་ཀྱི་གཏམ་སྟེ་སོ་བདུན་པ་ལས་བྱུང་བ་ལྟར། ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མའི་གསར་བཞེངས་དང་། དེ་རྗེས་རིམ་བཞིན་རྒྱ་བསྐྱེད། ཉམས་པ་སླར་གསོ། ཆོས་གཞི་གསར་བཙུགས་སོགས་འཕེལ་འགྲིབ་ཀྱི་འཕོ་འགྱུར་མང་དུ་བྱུང་ཞིང་། མ་ལག་གསར་བཞེངས་དང་། ཉམས་སོ་རིམ་བྱས་སོགས་ཀྱི་བཞེངས་པ་པོར་གཅིག་གྱུར་མེད་པའི་འཁྲུལ་གཞི་ཡང་འདི་དག་ལས་བྱུང་བ་མིན་ནམ་སྙམ་མོ།།

(དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་ཤུལ་གྱི་སྐུ་བརྙན། པར་པ། Rajneesh Raj)

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] མ་མོ་སྟེ་ཆོས་མངོན་པའི་ཚིག་དོན་བློ་ལས་ཐོན་པའི་དགེ་སྦྱོང་མཁས་པ་རྣམས་ལ་མ་མོ་འཛིན་པ་ཟེར། དེ་ཡང་ཆོས་མངོན་པ་ལ་མ་མོ་ཞེས་བརྗོད་པ་ནི། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་མ་ལྟ་བུའི་གནས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ། ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསལ་བ་ལྟར་རོ།།

[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༩༥

[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༦

[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༠༦

[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢༢

[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢༥

[7] མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་གསུང་འབུམ། རྣམ་སྲས་རྗེས་གནང་། བྲིས་མ། ཤོག་ ༥༣བ༡

[8] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༦༥ ནས་ ༢༧༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *