ཁ༽ དཔལ་ནཱ་ལེནྡྲ་དང་བོད་བར་གྱི་འབྲེལ་བ།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཐར་ལམ་གསལ་བའི་སྒྲོན་མེ་ལས[1]། བོད་གངས་ཅན་ལྗོངས་སུ་དར་བའི་ཆོས་འདི་གཙོ་བོ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ཡིན་པ་ལྟར། དཔལ་ནཱ་ལེནྡྲའི་མཁས་པ་རྨད་དུ་བྱུང་བ་ས་གསུམ་ན་འགྲན་ཟླ་བྲལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་གིས་མཛད་པའི་བསྟན་བཅོས་ནི།
ཚད་མ་གསུམ་གྱིས་གཏན་ལ་ཕབ་པ་ཞིག་ཡིན་སྟབས། བླ་མ་ཚད་མ་འདི་ལྟ་བུ་ཞིག་བྱུང་བ་ཡིན་བསམ་པ་དང་། དེ་ལ་བརྟེན་ནས་གཞུང་གི་བསྟན་བཅོས་ལའང་དད་པ་སྐྱེས་པ་དང་། བསླུ་བ་མེད་ཅིང་ཚད་མའི་སྐྱེས་བུ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་གི་རྩ་བ་བརྟེན་ས་ནི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་ཆོས་ཀྱི་འཁོར་ལོ་བསྐོར་ནས་གསུངས་པའི་རྒྱལ་བའི་བཀའ་ཚད་མ་འདི་དག་ཡིན། ཞེས་གསུངས་པ་ལྟར། རྒྱ་གར་འཕགས་ཡུལ་དུ་རྒྱལ་བསྟན་ཇི་ལྟར་དར་འཕེལ་བྱུང་བ་ལྟར། བོད་ཀྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བོད་གངས་ཅན་གྱི་ལྗོངས་སུའང་ཇི་ལྟར་དར་རྒྱས་སུ་མཛད་པའི་ཚུལ་ནི། བཀྲས་རབ་སྤྲུལ་སྐུ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མས་ (-2005) བརྩམས་པའི་ནང་དོན་རིག་པའི་གཞུང་ལས་བྱུང་བའི་སེམས་ཀྱི་ཚན་རིག་རྟེན་འབྲེལ་སྣང་བའི་གཟི་བྱིན་ལས[2]། དེ་ཡང་སྔོན་བདག་ཅག་གི་སྔོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས། ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལུས་ཅན་རྣམས་ཉོན་མོངས་པས་སྨྱོས་པའི་ཚ་གདུང་ལས་གྲོལ་ཏེ། ཞི་བའི་གྲིབ་བསིལ་གྱི་གོ་འཕང་དམ་པར་འགོད་པའི་སླད་དུ། འཕགས་པའི་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་མ་བསྐོར་བ་ཞིག་རབ་ཏུ་བསྐོར་བ་ནས་བཟུང་། ཆོས་ཀྱི་འཁོར་ལོའི་རིམ་པ་ཡོངས་སུ་བསྐོར་བར་མཛད་པའི་བླ་ན་མེད་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་ལྷམ་མེར་ལྷན་ནེར་གསལ་བར་མཛད། དེ་ནས་སྟོན་པ་ཐུབ་པའི་དབང་པོ་དངོས་ཀྱི་ཞལ་མཐོང་ཞིང་གསུང་གི་བདུད་རྩི་མྱོང་བའི་ཉན་ཐོས་ཆེན་པོ་འོད་སྲུང་དང་། ཀུན་དགའ་བོ་དང་། ཉེ་བར་འཁོར་ལ་སོགས་པའི་ཉན་ཐོས་ཆེན་པོ་དང་། དེ་དག་གི་རྗེས་སུ་བཞུགས་པའི་ཉན་ཐོས་ཆེན་པོ་རིམ་པར་བྱོན་པ་རྣམས་ཀྱིས། སངས་རྒྱས་ཀྱི་བཀའ་བསྡུ་བའི་རིམ་པ་རྣམས་ཀྱི་མཛད་པ་ལ་སོགས་པ་ལས། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་བཅས་ཀྱི་ཉམས་སུ་ལེན་པའི་ལམ་སྲོལ་བཟང་པོ་བླ་ན་མེད་པ་ཞིག་བྱུང་།
དུས་རབས་གཉིས་པའི་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་གཞུང་ལུགས་དང་། དེ་རྗེས་དུས་རབས་བཞི་པའི་ནང་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལྔ་ལ་སོགས་པའི་སེམས་ཙམ་པའི་གཞུང་ལུགས་མཛད་པ་ནས་བཟུང་། ཤིན་ཏུ་གྲགས་ཆེ་བའི་དབུ་སེམས་གཉིས་ཀྱི་གྲུབ་མཐའི་ལུགས་མཐའ་ཡས་པ་རིམ་གྱིས་རྒྱས་ཏེ། དེ་དག་གི་དགོངས་དོན་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་པའི་བསྟི་གནས། ནཱལནྡྲ་ལ་སོགས་པའི་ཆེས་མཐོའི་སློབ་གཉེར་ཁང་ཆེན་པོ་རྣམས་ཀྱང་རིམ་པར་བྱུང་བ་དང་། གཞན་ཡང་། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས། མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་པས། མངོན་པ་གོང་མའི་བསྟན་བཅོས་དང༌། ཡང་དུས་རབས་ལྔ་པའི་ནང་། སློབ་དཔོན་ཆེན་པོ་དབྱིག་གཉེན་གཉིས་པས། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལ་སོགས་པ་མཛད་ནས། ཤིན་ཏུ་གྲགས་ཆེ་བའི་མངོན་པ་འོག་མའི་བསྟན་བཅོས་བཅས། ཉི་ཟླ་ལྟར་གྲགས་པའི་མངོན་པ་གོང་འོག་གི་བསྟན་བཅོས་ཆེན་པོ་རྣམས་དང་། གཞུང་དེ་དག་གི་དགོངས་དོན་ཉམས་སུ་ལེན་པའི་རྣལ་འབྱོར་སྤྱོད་པ་ཞེས་པའི་གྲགས་ཅན་དེ་རྣམས་བྱུང་།
དེ་ནས་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ལེགས་ལྡན་འབྱེད་དང༌། དེ་རྗེས་དུས་རབས་བདུན་པར་བྱོན་པའི་སློབ་དཔོན་ཟླ་བ་གྲགས་པ་དང་། དེ་ནས་དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་ཞི་འཚོ་དཔོན་སློབ་དང་བཅས་པ་རྣམས་ཀྱིས་དབུ་མའི་བསྟན་བཅོས་ཕྱི་མ་རྣམས་ཀྱང་མཛད་དེ་སྟོང་པ་ཉིད་ཀྱི་དོན་ལ་གཞོལ་བའི་འཇིག་ཚོགས་ལྟ་བའི་རི་བོ་སྙིལ་བའི་ཉམས་ལེན་གྱི་རིམ་པ་དང་། ཡང་དུས་རབས་བཞི་པའི་ནང༌། རྗེ་བཙུན་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་དང་། དེའི་འགྲེལ་པ་དུས་རབས་བརྒྱད་པའི་ནང་བྱོན་པའི་སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་སོགས་རྒྱ་གར་མཁས་པ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་སྡེའི་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་བརྩམས་ཏེ། ཤེར་ཕྱིན་གྱི་དོན་ལ་ཐོས་བསམ་སྒོམ་གསུམ་གྱི་མཛད་པ་འཕགས་ཡུལ་དུ་ཉིན་མོའི་སྣང་བ་ལྟར་གསལ་བར་མཛད་ཅིང་། དེ་བཞིན་དུ་དུས་རབས་དྲུག་པའི་ནང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་དང༌། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་སོགས་ཚད་མའི་བསྟན་བཅོས་དང་བཅས་པ་མཛད་པ་ལས། གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རིམ་པར་བཀྲི་བའི་མདོ་ཕྱོགས་ཀྱི་ཐབས་ལམ་མང་དུ་བྱུང་། མ་ཟད་སངས་རྒྱས་པའི་ཆོས་ལ་མདོ་སྔགས་གཉིས་ཡོད་པའི་ནང་གི་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང༌། འཕགས་ཡུལ་གྱི་སློབ་དཔོན་སངས་རྒྱས་གསང་བ་ལ་སོགས་པའི་རྒྱ་གར་གྱི་པཎ་གྲུབ་དམ་པ་རྣམས་ཀྱིས་མཛད་པའི་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་གཞུང་ལུགས་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་རྣམས་ཀྱང་རིམ་པར་བྱུང་བས་རྒྱུད་སྡེ་གོང་འོག་གི་ལམ་གྱི་རིམ་པར་སློབ་པའི་ཐབས་ལམ་གྱི་རྣམ་གཞག་ཤིན་ཏུ་རྒྱས་པ་ཞིག་ཡོད་ལ། དེ་ལྟ་བུའི་འཕགས་ཡུལ་གྱི་སློབ་དཔོན་མཁས་ཤིང་གྲུབ་པ་བརྙེས་པའི་པཎ་གྲུབ་གོང་མ་རིམ་བྱོན་གྱིས་ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་གཞུང་ལུགས་མདོ་དང་རྒྱུད་སྡེའི་དགོངས་དོན་དམ་པ་ཟབ་ཅིང་བརླིང་བའི་རིམ་པ་རྣམས་ལ། དཔྱད་པ་གསུམ་གྱི་སྒོ་ནས་དག་ཐེར་ལེགས་པར་མཛད་དེ་གཏན་ལ་ཕབ་པའི་གཞུང་ལུགས་མན་ངག་དང་བཅས་པ་ཤིན་ཏུ་རྒྱ་ཆེ་བ་ཞིག་བྱུང་བ་ལས། དེ་དག་གི་དོན་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་གྱི་སྒོ་ནས་ཉམས་བཞེས་མཛད་པའི་སྲོལ་བཟང་བླ་ན་མེད་པ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་དར་ཞིང་རྒྱས་པ་བྱུང་།
དེ་ལྟར་གནས་བཞིན་པའི་སྐབས་ཕྱི་ལོ་བརྒྱ་ཕྲག་བརྒྱད་པ་དང་དགུ་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། བཙན་པོ་ཁྲི་ལྡེའུ་སྲོང་བཙན་བཅས་བོད་ཀྱི་ཆོས་རྒྱལ་རྣམས་དང༌། དེའི་སྐབས་ཀྱི་ཆོས་བློན་དང་བཅས་པ་རྣམས་ཀྱི་སྐུ་དྲིན་ལས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དང་། མཁན་ཆེན་ཞི་བ་འཚོ་ལ་སོགས་པ་གདན་དྲངས་པའི་མཛད་རྗེས་དང༌། ལྷག་པར་བོད་ཀྱི་མཁས་གྲུབ་ལོ་པཎ་ཆེན་པོ་རྣམས་ཀྱིས་དཀའ་སྤྱད་དུ་མའི་མཛད་པ་ཁུར་དུ་བཞེས་ནས། དེ་དུས་འཕགས་པའི་ཡུལ་དུ་རྒྱ་གར་གྱི་པཎ་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ལ་ཐོས་པ་དང༌། བསམ་པ་དང་། སྒོམ་པ་དང་། དེ་བཞིན་དུ་འཆད་པ་དང་། རྩོད་པ་དང་། རྩོམ་པ་ལ་སོགས་པའི་སྒོ་ནས་ཉམས་བཞེས་མཛད་པའི་ལམ་སྲོལ་དྲི་མ་མེད་པ་ཇི་ལྟར་དར་བ་དེ་དག་རང་ཅག་ཁ་བ་རི་པའི་ལྗོངས་སུ་ཡང་དེ་བཞིན་དུ་དར་ཞིང་རྒྱས་པའི་སྲོལ་བཟང་བླ་ན་མེད་པ་ཞིག་བཏོད་པར་མཛད། དེ་ནས་སླར་ཡང་དུས་རབས་བཅུ་པའི་ནང་དཔལ་ལྡན་ས་སྐྱའི་བསྟན་པའི་སྲོལ་འབྱེད་ཆེན་པོ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་འབྱུང་ཁུངས་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་བཅས་ཀྱིས་བོད་ལྗོངས་སུ་དམ་པའི་ཆོས་ཀྱི་སྒྲོན་མེ་གསར་དུ་བཏེགས་པར་མཛད།
དེ་རྗེས་དུས་རབས་བཅུ་གཅིག་པའི་ནང་། མངའ་རིས་ཀྱི་ཆོས་རྒྱལ་རྣམས་ཀྱི་སྐུ་དྲིན་ལས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་། ལྷག་པར་རྒྱ་གར་གྱི་པཎ་གྲུབ་ཆེན་པོ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པ་ལས། མདོ་སྔགས་འགལ་མེད་ཀྱི་ལམ་བཟང་གི་སྒྲོན་མེ་བོད་ལྗོངས་སུ་བཏེགས་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་དང་། དེ་བཞིན་དུ་དེའི་སྐབས་ནས་རིམ་གྱིས་བྱུང་བའི་རྔོག་ལོ་ཡབ་སྲས་རྒྱུད་པ་དང་བཅས་པའི་གསང་ཕུའི་མཁས་དབང་རིམ་བྱོན་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་བསྒྱུར་བ་དང་། རྩོམ་པ་དང་། འཆད་པ་ལ་སོགས་པའི་སྒོ་ནས་དག་ཐེར་ལེགས་པར་མཛད་ཅིང༌། མ་ཟད་དུས་རབས་བཅུ་གསུམ་པའི་ནང་། སྣར་ཐང་གི་མཁས་པའི་དབང་པོ་བཅོམ་ལྡན་རིག་པའི་རལ་གྲི་སོགས་མཁས་པའི་དབང་པོ་རྣམས་དང་། དེ་ནས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་བཅས་ཀྱིས་རྒྱལ་བའི་བསྟན་པ་མདོ་རྒྱུད་ཀྱི་གཞུང་རྣམས་ལ་དག་ཐེར་ལེགས་པར་མཛད་པ་དང་། ལྷག་པར་དུས་རབས་བཅུ་བཞི་པའི་ནང་གི་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་རྒྱུད་པ་དང་བཅས་པ་རྣམས་ཀྱི་བར་དུ་བོད་ཀྱི་མཁས་གྲུབ་ཆེན་པོ་རིམ་པར་བྱོན་པ་རྣམས་ཀྱིས། མདོ་རྒྱུད་བསྟན་བཅོས་དང་བཅས་པར། དཔྱད་པ་གསུམ་གྱི་སྒོ་ནས་དག་ཐེར་ལེགས་པར་མཛད་དེ། བོད་ཡུལ་གྱི་ལྗོངས་སུ་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་སྒོ་ནས་མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་ཉམས་སུ་ལེན་པའི་སྲོལ་བཟང་བླ་ན་མེད་པ་ཞིག་དར་ཞིང་རྒྱས་པར་མཛད། ཅེས་གསུངས་པ་ལྟར་རོ།།
དེ་ལྟར་ཕྱི་ལོའི་དུས་རབས་བརྒྱད་པར་བོད་དུ་ཕེབས་པའི་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་མཁན་ཆེན་ཞི་བ་འཚོ་དང་། ཁོང་གི་དངོས་སློབ་སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམ་གཉིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཅིག་ཡིན་ལ། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་མཛད་པ་ལྟར་བོད་དུ་ཕེབས་ཤིང་། དགོན་པའི་ཐོག་མ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་མཛད་པ་དང་། སད་མི་བདུན་རབ་ཏུ་བྱུང་སྟེ་བོད་དུ་དགེ་འདུན་པའི་སྡེ་ཐོག་མར་བཙུགས་པར་མ་ཟད། བསམ་ཡས་གཙུག་ལག་ཁང་གི་མཁན་པོའི་ཐོག་མ་མཛད། དེ་བཞིན་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་ཀྱང་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཅིག་ཡིན་ལ། ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ་ཅིང་། སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་བརྟན་པར་གྱུར་པ་སོགས་མཁན་པོ་དང་སློབ་དཔོན་འདི་གཉིས་བོད་ཀྱི་བཤད་སྒྲུབ་ཀྱི་བསྟན་པར་བཀའ་དྲིན་ཤིན་ཏུ་ཆེ།
དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས[3]། དེ་ནས་རྒྱལ་པོ་ཉི་ཤུ་ཐམ་པ་གླང་གི་ལོ་ལ༔ དམ་པའི་ཆོས་མཛད་པའི་ཐུགས་དགོངས་སྐྱེས་སོ༔ སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང༔ བོད་མུན་པའི་སྨག་རུམ་དང་འདྲ་བ་ལ་གཙུག་ལག་ཁང་བཞེངས༔ དམ་པའི་ཆོས་མང་པོ་བསྒྱུར༔ བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་འདུག༔ ད་ནི་ངས་ཀྱང་དམ་པའི་ཆོས་དར་ཞིང་རྒྱས་པ་ཞིག་བྱ་དགོས་སྙམ་པའི་ཐུགས་དགོངས་རྒྱ་ཆེན་པོ་སྐྱེས་ཏེ༔ ད་ནི་དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན༔ འགྲོ་བ་མི་རྣམས་མོས་ཤིང་དད་པར་བྱེད་པའི་ས༔ བདག་རང་གི་གཡར་དམ༔ སྔོན་ལ་གཙུག་ལག་ཁང་ཞིག་བཞེངས་སྙམ་ནས༔ དེ་ཡང་ཅི་འདྲ་བ་ཞིག་བྱེད་སྙམ་པའི་ཐུགས་དགོངས་སྐྱེས་པས༔ གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་ཞིག་བཞེངས་པར་ཐུགས་དགོངས་བཅང༔ རྒྱལ་པོ་ཉི་ཤུ་རྩ་གཅིག་སྟག་གི་ལོ་ལ་རྨང་བཏིང་བར་བཞེད་ནས༔ རྒྱ་གར་ཡུལ་ན་སློབ་དཔོན་བོདྷི་སཏྭ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མཁྱེན་པ་ཤིན་ཏུ་ཆེ་བ་ཞིག་བཞུགས་ཟེར་བའི་སྒྲ་གྲགས་པ་སྙན་དུ་ཐོས་ནས༔ ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་བྱ་བ༔ རྒྱ་བོད་ཀྱི་སྐད་ཤེས་པ་ཞིག་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་དུ་བསྐུར་ནས༔ གཡོག་པོ་གཉིས་དང་བཅས་ཏེ༔ སློབ་དཔོན་སྤྱན་དྲང་དུ་བཏང་སྟེ༔ ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་ཞལ་མཇལ་ནས༔ གསེར་ཕྱེ་ཕུལ་ནས༔ བདག་ནི་བོད་ཀྱི་རྒྱལ་པོས་གཙུག་ལག་ཁང་ཞིག་བཞེངས་པར་འདོད་པས༔ ས་གཞི་འདུལ་བའི་ཕྱིར༔ སློབ་དཔོན་ཉིད་སྤྱན་འདྲེན་དུ་བཏང་བས༔ འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས༔ སློབ་དཔོན་གྱི་ཞལ་ནས༔ བོད་ཀྱི་རྒྱལ་པོ་དང་ཚེ་རབས་སྔ་མའི་ལས་འབྲེལ་ཞིག་ཡོད་པས་འགྲོ་དགོས་གསུངས་ནས་བོད་དུ་བྱོན་ནོ༔ མཁན་ཆེན་ཞི་འཚོ་གདན་འདྲེན་པ་རྣམས་དང་ནཱ་ལེནྡྲར་ཞལ་མཇལ་བར་གསུངས་སོ།།
གཞན་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-1360) བཀའ་ཐང་སྡེ་ལྔ་ལས[4]། སངས་རྒྱས་བསྟན་པ་མི་ནུབ་བྱ་བའི་ཕྱིར༔ རྗེས་ངན་མ་སོང་དཀོན་མཆོག་གསུམ་རྟེན་བཙུགས༔ སངས་རྒྱས་དཀོན་མཆོག་རྟེན་དུ་ནི༔ སངས་རྒྱས་བྱོན་པ་རྒྱ་གར་ཡུལ༔ ལྷ་ཁང་ཝཱ་རཱ་ཎ་སཱི་མ་ག་དྷ༔ ནཱ་ལེནྡཱ་དང་རྒྱ་གར་རྡོ་རྗེ་གདན༔ བི་ཀཱ་མ་ཤཱི་ལའི་གནྡྷོ་ལ༔ མཆོད་རྟེན་པདྨ་འཁོར་ལོ་ཅན་དང་ནི༔ དཔལ་དུ་བ་མེད་པའི་མཆོད་རྟེན་དང༔ དཔལ་ནི་རེག་པ་མེད་པའི་མཆོད་རྟེན་དང༔ རི་བོ་ཏ་ལ་ཨོ་ཏནྟ་པཱུ་རིཿ ཨུ་རྒྱན་ཧེ་རུ་ཀ་ཡི་གཙུག་ལག་དང་༔ མཆོད་རྟེན་བདེ་བྱེད་བརྩེགས་པ་དགེ་གནས་བརྒྱད༔ མཆོད་རྟེན་རྣམ་དག་ལྷ་ལས་བབས་པ་དང༔ དེ་དག་ཀུན་ལ་ཚུལ་བསྟན་དཔེ་བླངས་ནས༔ ཁྲ་འབྲུག་ལྷ་ས་བསམ་ཡས་གཙུག་ལག་ཁང༔ རྒྱུ་བཟང་བཀོད་ལེགས་བྱིན་རླབས་ཆེ་བ་དང༔ འདུལ་བ་མདོ་སྡེ་གསང་སྔགས་ཀུན་དང་མཐུན༔ དབུ་བརྙེས་སྲོལ་བཏོད་ཆོས་རྒྱལ་རིམ་པར་བྱོན༔ བོད་ཡུལ་ས་གཞི་ཐམས་ཅད་མཆོད་རྟེན་བཀང་༔ གཙུག་ལག་ཁང་མང་བརྒྱ་དང་རྩ་བརྒྱད་བཞེངས༔ དམ་པ་ཆོས་ཀྱི་དཀོན་མཆོག་རྟེན་དུ་ནི༔ པཎ་ཆེན་བརྒྱ་དང་རྩ་བརྒྱད་གདན་དྲངས་ནས༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་ཆོས་བསྒྱུར་བཅུག༔ ཐེག་པ་ཕྱོགས་མེད་རྒྱ་གར་མ་ལུས་རྩོམ༔ མདོ་སྔགས་བསྟན་བཅོས་ཆོས་ཀྱི་ཉི་མ་ཤར༔ དགེ་འདུན་དཀོན་མཆོག་རྟེན་དུ་ནི༔ སད་མི་མི་བདུན་ཉམས་སད་བྱས༔ འབངས་ནི་སུམ་བརྒྱ་རབ་ཏུ་བྱུང༔ འགྱུར་བ་མེད་པ་ཡོད་སྨྲའི་སྡེ༔ སྒྲ་གཅན་འཛིན་པའི་རྗེས་སུ་འབྲངས༔ དཔེར་ན་གསེར་དངུལ་ལུགས་སུ་བླུགས༔ ཐེངས་གཅིག་བླུགས་པས་རྒྱུན་སྡོད་བཞིན༔ དྲི་མེད་ཤེལ་གོང་རྣམ་དག་ཐུབ་པའི་བཀའ༔ མདོ་རྒྱུད་བསྟན་པའི་དཀྱིལ་འཁོར་འདི་རུ་ནི༔ བུ་གཅིག་སློབ་མ་ཚུལ་འདིར་ཞུགས་ན་ལེགས༔ བསྟན་པའི་གཞི་བཞག་སྐབས་ཏེ་བཅོ་བརྒྱད་པའོ༔ ཞེས་གསུངས་པ་ལྟར་རྒྱལ་བསྟན་མི་ཉམས་པར་བྱ་ཕྱིར་རྒྱ་གར་འཕགས་ཡུལ་དུ་གཙུག་ལག་ཁང་མང་དུ་བཞེངས་པ་དག་ལ་དཔེར་མཛད་ནས་བོད་དུའང་གཙུག་ལག་ཁང་མང་དུ་བཞེངས་ཤིང་། རྒྱ་གར་གྱི་པཎ་ཆེན་བརྒྱ་རྩ་བོད་དུ་གདན་དྲངས་པ་དང་། རྒྱལ་བསྟན་ཐོག་མར་དབུ་བརྙེས། བར་དུ་སྲོལ་བཏོད། མཐའ་མར་དར་ཞིང་རྒྱས་པར་མཛད་པར་མ་ཟད། བཀའ་བསྟན་གསུང་རབ་བསྒྱུར་ནས་མདོ་སྔགས་ཀྱི་བསྟན་པའི་ཉི་མ་ཤར་བ་དང་། བོད་དུ་རབ་བྱུང་གི་ཐོག་མ་སད་མི་མི་བདུན་རབ་ཏུ་བྱུང་བ་སོགས་ནི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། དེ་ནས་བྱོན་པའི་པཎ་གྲུབ་རྣམས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་སྨོས་ཅི་དགོས།
གཞན་ཡང་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ (1415-1498) གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས[5]། རྟིང་རེས་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཤིང་ན་ལེན་དྲའི་རྟེན་གཙོ་ཐུབ་པ་ལྷ་ཡུལ་མ་སྤྱན་དྲངས། མཐོ་གླིང་གི་རྟེན་གཙོ་མཛད། མཐོ་གླིང་དུ་ཕྱག་ཕེབས། སྟོད་འདུལ་[6]གྱི་གྲྭ་ས་ཆེན་པོ་དང་། སྔགས་སྐོར་གྱི་བཤད་གྲྭ་རྣམས་བཙུགས་པ་ཡིན། ཞེས་བསྟན་པ་ཕྱི་དར་སྐབས་ཀྱི་སྟོད་འདུལ་གྱི་འདུལ་བའི་མཁན་པོ་པཎྜི་ཏ་དྷརྨ་པཱ་ལ་ནཱ་ལེནྡྲ་ནས་རྟེན་གཙོ་ཐུབ་པ་ལྷ་ཡུལ་མ་དང་ཆབས་ཅིག་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གདན་དྲངས་ནས་བསྟན་པ་དར་འཕེལ་མཛད་པར་གསལ་ལོ།།
དེ་མིན་ས་སྐྱ་པའི་འབྲོག་མི་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་ཕེབས་པར་མ་ཟད། དཔལ་ས་སྐྱ་པ་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཤྲཱི་དྷརྨ་པཱ་ལ་སྟེ་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ངམ་ཕྱིས་གྲུབ་པ་ལ་གཤེགས་པས་གྲུབ་ཆེན་བིར་ཝ་པ་ཡང་དཔལ་ནཱ་ལེནྡྲའི་མཁན་རབས་པཎ་གྲུབ་ཡིན་ལ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་རྗེ་བཙུན་མར་པའི་རྣམ་པར་ཐར་པ་གྲུབ་པའི་ངོ་མཚར་བརྗོད་པ་ལས[7]། ཁྱད་པར་པཎྜི་ཏས་རྒྱ་གར་ན་ཡོན་ལ་མ་ལྟོས་པར་གདམས་ངག་སྟོན་པ་རྗེ་ནཱ་རོ་པ་ལས་མེད། ངའི་བླ་མ་སངས་རྒྱས་དངོས་དེའི་སར་སྐྱེལ་བ་ཡིན། ཞེས་དགེ་ཚུལ་ཤེས་རབ་སེངྒེ་ལ་འཕྲིན་ཡིག་མཛད་དེ་ནཱ་ལེནྜར་བྱོན། དེ་ན་པཎ་གྲུབ་རྒྱ་མཚོ་ལྟ་བུ་ཡོད་ཀྱང་། རྗེ་ནཱ་རོ་པ་ལ་འགྲན་པའི་ཟླ་མེད་ཟེར། རྗེ་ནཱ་རོ་པ་ནུབ་ཕྱོགས་ལ་བྱོན་འདུག །ནང་གཅིག་རྗེ་ནཱ་རོ་ལ་ཉེ་བ་ན་ཕེབས་ཡོད། ཅེས་གསལ་བ་ལྟར། མཉམ་མེད་བཀའ་བརྒྱུད་པའི་མར་པ་ལོ་ཙཱ་བ་ཡང་དཔལ་ནཱ་ལེནྡྲར་སློབ་གཉེར་དུ་ཕེབས་ཤིང་། ཁོང་གི་སློབ་དཔོན་པཎ་ཆེན་ནཱ་རོ་པ་ཡང་དཔལ་ནཱ་ལེནྡྲའི་མཁས་རབས་ཀྱི་མཁས་གྲུབ་ཅིག་ཡིན། རི་བོ་དགེ་ལུགས་པ་དང་རྒྱལ་བ་ཇོ་ནང་པ་སོགས་ཀྱི་རྩ་བའི་སློབ་དཔོན་རྣམས་ཀྱང་དཔལ་ནཱ་ལེནྡྲ་དང་འབྲེལ་བ་ཡོད། དེ་བས་དཔལ་ནཱ་ལེནྡྲ་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཀུན་གྱི་རྩ་བའི་སློབ་དཔོན་རྣམས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཡོད།
ལྷག་པར་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་མདོ་ཕྱོགས་ཀྱི་སློབ་གཉེར་བྱེད་པའི་རྩ་བའི་བསྟན་བཅོས་དག་གི་མཛད་པ་པོ་རྣམས་པཎ་གྲུབ་བཅུ་བདུན་གྱི་ཁོངས་སུ་བསྡུས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཏོད་གནང་ཡོད་ལ། རྒྱུད་སྡེའི་དབང་དུ་བྱས་ནའང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་གསང་འདུས་འཕགས་ལུགས་དང་། སློབ་དཔོན་ཡེ་ཤེས་ཞབས་ཀྱི་ལུགས་ལ་ཡེ་ཤེས་ཞབས་ལུགས་ཞེས་ཉི་ཟླ་ལྟ་བུའི་ལུགས་གཉིས་ཀྱི་སློབ་དཔོན་གཉིས་ཀ་དཔལ་ནཱ་ལེནྡྲའི་མཁན་པོ་ཡིན་ལ། བདེ་མཆོག་ལ་མཚོན་ནའང་ལཱུ་དྲིལ་ནག་གསུམ་ལས། ལཱུ་ཨི་པ་དང་དཔལ་ནཱ་ལེནྡྲའི་བར་འབྲེལ་བ་བྱུང་མིན་དཔྱད་གཞི་མ་རྙེད་ཀྱང་། སློབ་དཔོན་དྲིལ་བུ་ལུགས་ནི། ཡུལ་ཤྲཱི་ནཱ་ལེནྡྲའི་སྡེ་པའི་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལུགས་དང་། ནག་པོ་པའི་ལུགས་ནི། ནག་པོ་སྤྱོད་པ་ཆུང་བ་སྟེ། གཤིན་རྗེ་གཤེད་གསུམ་ལ་མཁས་པའི་པཎྜི་ཏ་ནཱ་ལེནྡྲ་དང་ཉེ་བར་སྒྲུབ་པ་མཛད་པ་པོ་ནག་པོ་སྤྱོད་པ་ཆེ་ཆུང་གི་ལུགས་ཏེ་དྲིལ་ནག་གཉིས་ཀ་ནཱ་ལེནྡྲའི་མཁས་པ་ཡིན་ཅིང་། དུས་འཁོར་ལ་མཁས་པ་རྒྱལ་སྲས་ནཱ་ལེནྡྲ་པ་སོགས་གསང་བདེ་འཇིགས་གསུམ་དུས་འཁོར་དང་བཅས་པའི་ཐུན་མོང་མ་ཡིན་པའི་བཞེད་ལུགས་སྲོལ་གཏོད་པ་པོ་རྣམས་དཔལ་ནཱ་ལེནྡྲ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ལྷག་པར་པཎ་གྲུབ་དེ་དག་ནི། རྒྱུད་སྡེ་མི་འདྲ་བ་ཞིག་གསར་གཏོད་དང་འགྲེལ་བཤད་མཛད་པ་པོ་དང་། རྒྱུད་སྡེ་གང་རུང་ཞིག་ལ་རིགས་གཅིག་རྐང་འཛིན་གྱིས་འཛིན་སྐྱོང་སྤེལ་གསུམ་མཛད་མཁན། རྒྱུད་སྡེ་དུ་མའི་བཀའ་བབས་པ་ལྟར་ཉམས་བཞེས་དང་། རྒྱུད་འཛིན་གྱི་སློབ་མ་གསོ་སྐྱོང་མཛད་པ་པོའི་དཔལ་ནཱ་ལེནྡྲའི་མཁན་རབས་དང་པཎ་གྲུབ་ཤ་སྟག་ལྟ་བུ་ཡིན། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[8]། ལྷག་པར་ང་རང་ཚོའི་གནའ་རབས་བོན་གྱི་ཆོས་ལུགས་ཤིག་ཡོད། དེ་ནི་གདོད་མའི་མི་རིགས་རང་ཉིད་ཀྱི་ཆོས་ལུགས་ཡིན། འོན་ཀྱང་དེ་ལ་ཡིད་ཚིམས་ནས་རྨོངས་ཞེན་མ་གནང་བར་གང་དུ་ལེགས་པ་ཡོད་པ་དེ་གཟིགས་ནས་རྒྱ་གར་གྱི་ནང་ཆོས་དེ་ཡག་ཤོས་ཡིན་པ་དང་། ཐད་ཀར་རྒྱ་གར་རང་ནས་ཚུར་བཞེས་ན་ལེགས་པ་ཡོད་པ་དང་། དེ་ཡང་ཁུངས་ཐུབ་ཅིག་དགོས་པར་བརྟེན་སྐབས་དེར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་ཡུལ་གྱི་ལྟེ་གནས་གཙོ་བོ་ཆགས་ཡོད། དེ་ནས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་ཐོན་ཡོད། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱང་ནཱ་ལེནྡྲ་ནས་ཐོན་པ་རེད། རྒྱ་གར་གྱི་གཡས་གཡོན་ནས་ནང་པ་ཡིན་ཞེས་བརྗོད་མཁན་ཞིག་གདན་ཞུ་མ་གནང་བར་རྒྱ་གར་རང་གི་མཁས་པའི་ལྟེ་གནས་ནས་ཡོངས་གྲགས་ཚད་ཐུབ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཡོད།
དེ་ཡང་ནཱ་ལེནྡྲའི་མཁས་པའི་ཁྲོད་ནས་སློབ་དཔོན་ཞི་བ་འཚོ་དཔལ་ས་སྐྱ་པའི་གསུང་ནང་རང་རྒྱུད་གོང་མ་དང་། སློབ་དཔོན་ལེགས་ལྡན་ལ་རང་རྒྱུད་འོག་མ་ཞེས་གསུངས་ཡོད། གང་ལགས་ཤེ་ན། ང་ཚོའི་ཐ་སྙད་ནང་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་ཀྱི་ཡོད། མདོ་སྡེ་པ་དང་རྣམ་རིག་པ་གྲུབ་མཐའ་གོང་འོག་བརྩི་བཞིན་ཡོད་སྟབས། ཡོངས་རྫོགས་མཐུན་གྱི་མེད་ཀྱང་རྣམ་རིག་པ་དང་མཐུན་པའི་དབུ་མ་པར་རང་རྒྱུད་གོང་མ་དང་། མདོ་སྡེ་པ་དང་མཐུན་པའི་དབུ་མ་པ་དེར་རང་རྒྱུད་འོག་མ་ཞེས་གསུངས་ཡོད། དེ་དག་ནི་གཙོ་བོ་ཕྱི་དོན་ཞལ་གྱིས་བཞེས་མིན་གྱི་ཐོག་ནས་ཡིན་ཅིང་། རང་རྒྱུད་གོང་མས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་ཐོག་ཏུ་རྣམ་རིག་པའི་ལྟ་བ་དེ་ཡང་ཐུན་མོང་དུ་ཞལ་གྱིས་བཞེས་ཏེ་རྣམ་རིག་པ་དང་མཐུན་པའི་དབུ་མའི་ལྟ་བའི་སྲོལ་འབྱེད་མཁན་ཞིག་ཆགས་ཡོད། དེ་ནི་སྤྱིར་བཏང་ནཱ་ལེནྡྲའི་མཁས་པ་ཡིན་ཚད་ཀྱིས་སྲོལ་དེ་ལྟར་འབྱེད་མི་ནུས། དངོས་གནས་མཁས་པའི་གཙུག་རྒྱན་རང་གི་གྲུབ་མཐའ་ཞིག་རང་རྐང་ཚུགས་པར་བྱས་ནས་འཛིན་མཁན་ཞིག་རེད་འདུག །བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་གསར་འགྱུར་གྱི་རིགས་མེད་ལ། རླུང་འཕྲིན་དང་ཚགས་པར་གྱི་རིགས་དེ་བས་ཡོད་བཟོ་མི་སྣང་། ཇི་ལྟར་བྱས་ཏེ་རྩད་གཅོད་གནང་བ་ཡིན་ནམ་བསམས་ནས་ཧ་ལས་ཀྱི་འདུག །མངོན་ཤེས་ཀྱིས་གཟིགས་པ་རེད་ཅེས་བརྗོད་ན་དེ་ནི་ཧ་ཅང་ཚད་མཐོ་པོ་རེད། སྤྱིར་བཏང་མིའི་རྣམ་པ་རང་གི་ཐོག་ནས་སྐད་ཆ་བཤད་ན་ཧ་ཅང་གྱོང་པོ་ཞིག་རེད། ཅེས་བཀའ་སློབ་སྩལ་ཏོ།།
གཞན་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[9]། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་དགེ་བ་དཔལ་གྱི་སྲས་རྒྱ་གར་ཡུལ་དབུས་མ་ག་དྷ་རྡོ་རྗེ་གདན་ན། འབྲི་ཀ་མ་ལ་ཤཱི་ལ་དང༌། དཔལ་ན་ལེན་དྲའི་གཙུག་ལག་ཁང་དུ་རིག་པའི་གནས་ལྔ་ལ་ལེགས་པར་སྦྱངས་པ། མཁས་པ་ཆེན་པོར་གྱུར་པ། ཐེག་པ་གསུམ་གྱི་བརྟུལ་ཞུགས་ལ་ལེགས་པར་གནས་པ། སྒྲུབ་པ་ཕུན་སུམ་ཚོགས་ལ་ནན་ཏན་མཛད་པ་ཐམས་ཅད་མཁྱེན་པ་ཉིད་གཉིས་པ་ལྟ་བུ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བ། འབྲི་ཀ་མ་ལ་ཤཱི་ལ་ན། པཎྜི་ཏ་སུམ་ཅུ་རྩ་གཉིས་བཞུགས་པའི་ནང་ནས་མཁས་ཤིང་གྲུབ་པས་བརྒྱན་པ་དེ་ལ། བོད་ཀྱི་བཙད་པོ་བྱང་ཆུབ་སེམས་དཔའི་སློབ་དཔོན་དུ་ཞུ་རྟེན་ཕུལ་ནས་ཞུས་པས། ངས་བརྟག་པ་གཅིག་བྱ་གསུངས་ནས། དོ་ཀྱེར་གྱི་ལྷ་ཁང་གི་མཁའ་འགྲོ་མས་ཀྱང་བོད་ལ་ཕན་ཐོགས་པར་ལུང་བསྟན། ཇོ་མོ་སྒྲོལ་མའི་ཞལ་ནས་ཀྱང་ཨུ་པ་སི་ཀ་དགེ་བསྙེན་གཅིག་ལ་བརྟེན་ཏེ་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་པ་གཅིག་ཡོང་བར་འདུག་ཅེས་ལུང་བསྟན། བོད་དུ་བྱོན་པར་ཞལ་གྱིས་བཞེས་ནས། བལ་ཡུལ་ཐང་བྷེ་ཧ་རིར་བཞུགས། གནས་བརྟན་ལ་སྤྱོད་བསྡུས་གསུངས། ཞེས་གསུངས་པ་ལྟར་བཀའ་གདམས་བསྟན་པའི་སྲོལ་འབྱེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་སོགས་ཀྱི་པཎ་གྲུབ་སྙན་གྲགས་ཅན་ཞིག་ཡིན།
དེ་ཡང་ནཱལནྡཱ་ཞིབ་འཇུག་ལས[10]། དེ་མཚུངས་ནཱལཱནྡཱ་ནས་སློབ་དཔོན་རྒྱལ་བའི་བཤེས་གཉེན་དང་། ཐམས་ཅད་མཁྱེན་པའི་ལྷ། བི་མ་ལ་མི་ཏྲ། ཤཱིནྟཾ་གྷ་བྷ། རྡོ་རྗེ་འཛིན་པ་སོགས་གདན་དྲངས་ཤིང་། ད་དུང་གཞི་ཡོད་སྨྲ་བའི་དགེ་སློང་བཅུ་གཉིས་བོད་དུ་གདན་དྲངས་ནས་དཱ་ན་ཤི་ལ་དང་། ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན་མཛད། གཞན་བཅུས་ཁ་སྐོང་མཛད་ནས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས། དེ་རྗེས་མཁན་པོ་ཞི་འཚོ་སྐུ་གཤེགས་རྗེས་ཀ་མ་ལ་ཤཱི་ལ་ནཱལཱནྡཱ་ནས་བལ་ཡུལ་དུ་ཕེབས་བཞུགས་གནང་སྐབས་དང་བསྟུན་ནས་བོད་དུ་གདན་དྲངས་ཏེ་རྒྱའི་ཧྭ་ཤང་མཧཱ་ཡ་ན་ཟེར་བས་བོད་དུ་སྤེལ་བའི་ལྟ་ལོག་ཚར་གཅོད་དུ་བཅུག་ཚུལ་ལོ་རྒྱུས་མང་ཆེ་བར་གསལ་མོད། འོན་ཀྱང་རྒྱ་ཡིག་ནང་ཡོད་པའི་རིགས་པ་ཡང་དག་པར་ངེས་པ་ཞེས་པའི་གཞུང་དུ་ཀ་མ་ལ་ཤཱི་ལ་དང་ཧྭ་ཤང་གཉིས་བརྩད་པའི་མཐར་ཧྭ་ཤང་རྒྱལ་བའི་ལོ་རྒྱུས་བྲིས་ཡོད་ཚུལ་སློབ་དཔོན་ཆེན་པོ་དུང་དཀར་རིན་པོ་ཆེས་གསུངས་ཡོད།
གང་ལྟར་ཀ་མ་ལ་ཤཱི་ལ་བོད་དུ་བཞུགས་རིང་རྒྱལ་པོས་ཆོས་ཀྱི་སྐོར་ནས་དྲི་བ་ཞུས་པའི་ལན་དུ་སྒོམ་རིམ་ཐོག་མ་དང་། བར་པ། མཐའ་མ་བཅས་གསུམ་མཛད་ནས་ཆོས་ཀྱི་བྱ་བ་ཆེར་བྱས་པ་དང་། སྐུ་ཚེའི་མཐར་ཧྭ་ཤང་གི་ཕྱོགས་འཛིན་པའི་ལག་དམར་བ་གཉིས་ཀྱིས་ཀ་མ་ལ་ཤཱི་ལ་བསམ་ཡས་སྒྲ་སྒྱུར་ཁང་དུ་མཚན་མོར་གཟིམས་ནས་ཡོད་སྐབས་མཁལ་མ་བཙིར་ནས་བཀྲོངས་པར་གསུངས། དེ་རྗེས་བཙན་པོ་ཁྲི་རལ་གྱི་སྐབས་སུ་རྒྱ་གར་ནཱལཱནྡཱ་ནས་སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི། དཱ་ན་ཤཱི་ལ་བཅས་བོད་དུ་གདན་དྲངས་ནས་ཆོས་མང་དུ་བསྒྱུར་བ་དང་དར་སྤེལ་བཏང་། ཕྱིས་སུ་ཇོ་བོ་རྗེ་བོད་དུ་བྱོན་ནས་ཇོ་བོ་བཀའ་གདམས་པའི་གྲུབ་མཐའི་སྲོལ་བཏོད་པ་སོགས་བྱུང་ཞིང་། དེ་དག་གི་བྱུང་རབས་རྒྱས་པ་ནི་ཡིག་ཚང་གཞན་དག་ཏུ་གསལ་ཞིང་མདོ་ཙམ་ཞིག་ནི་དེ་ལྟར་སྣང་། ཞེས་བྱུང་བ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐར་ལམ་གསལ་བའི་སྒྲོན་མེ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༡༠ ལོ། ཤོག་གྲངས་ ༡༣༥
[2] སེམས་ཀྱི་ཚན་རིག་རྟེན་འབྲེལ་སྣང་བའི་གཟི་བྱིན། བཀྲས་རབ་ཆོས་ཚོགས། ༢༠༡༣ ལོ། ཤོག་གྲངས་ ༡༨
[3] གཏེར་མཛོད་རྣམ་ཐར་ཟངས་གླིང་མ། པོད། ༼༡༽ ཉང་གི་བཀའ་ཐང་། འཕྲུལ་པར་དཔེ་རིང་། ཤོག་ ༡༦བ༢
[4] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༧༧
[5] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༤
[6] སྟོད་འདུལ་ཞེས་པ་ནི། ལྷ་བླ་མ་ཡེ་ཤེས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ཏེ། འདུལ་བའི་བཤད་པ་དང་ལག་ལེན་མཛད་པའི་སློབ་མའི་གཙོ་བོ་པཱ་ལ་རྣམ་གསུམ་ལ་སོགས་སློབ་མ་མང་དུ་བྱུང་བ་དང་། ཁྱད་པར་དུ་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་ལ་སོགས་པས་མཚན་ཉིད་ཀྱི་ཐེག་པ་དང་། རྒྱུད་སྡེ་བཞི་བསྒྱུར་ཅིང་གཏན་ལ་ཕབ་སྟེ་འདུལ་བའི་ཕྱག་ལེན་སྤེལ། དེ་རྣམས་ལས་བརྒྱུད་པ་ལ་སྟོད་འདུལ་བ་ཞེས་བྱའོ།།
[7] མར་པའི་རྣམ་ཐར་གྲུབ་པའི་ངོ་མཚར་བརྗོད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༡༠
[8] ཕྱི་ལོ་ ༢༠༡༢ ཟླ་བ་ ༦ ཚེས་ ༡ ནས་དྷ་སྟེང་བོད་ཁྱིམ་དུ་༸གོང་ས་མཆོག་གིས་བོད་ཀྱི་ན་གཞོན་རྣམས་ལ་སྩལ་པའི་སྐྱེ་བོ་གསོ་ཐིགས་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ལས་ཟུར་འདོན་ཞུས།
[9] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༤༦༦
[10] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༠༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༣༧ ནས་ ༤༥༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།