ཁ། བསྟན་འགྱུར་དུ་མ་འཁོད་པའི་བསྟན་བཅོས་སྣ་ཚོགས།
༡༽ དབང་ཆེན་གསང་སྒྲུབ་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་བཞུགས་སོ༔
དེ་ཡང་དབང་ཆེན་གསང་སྒྲུབ་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་བཞུགས་སོའི་མཐའ་ཅན་ནི། ཉག་བླ་པདྨ་བདུད་འདུལ་གྱི་གཏེར་ཆོས་སྐོར། པོད་ ༼༣༽ དབང་ཆེན། ཤིང་པར། ཤོག་གྲངས་ ༡ ནས་ ༣ན༢ བར་བཞུགས་པ་ལས་བཏུས་ཤིང་། བསྟན་བཅོས་དེ་ཉིད་ལས[1]། བདག་འདྲ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཡིས༔༔ བདེ་བྱེད་བརྩེགས་སུ་དབང་གི་དངོས་གྲུབ་བརྙེས༔
ཧེ་ཆེན་བརྡལ་དུ་གྲུབ་པའི་གདེང་ཐོབ་ནས༔ རྟ་མཆོག་དགོངས་འདུས་སྙིང་གི་ཐིག་ལེ་འདི༔ ཤིན་ཏུ་ཟབ་པའི་གསུང་གི་ཏི་ཀ་ཡིན༔ སྙིང་ལ་འཆོངས་ཤིག་མ་འོངས་སྐལ་ལྡན་རྣམས༔ ཞེས་སོགས་གསལ་བ་ལྟར་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལོ།། །།
༢༽ དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ།
དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། མཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། སྒྲུབ་ཐབས་ཀུན་བཏུས་[2]སུ་བཞུགས་ཤིང་། མཇུག་བྱང་ལས[3]། ཞེས་པ་འདི་ནི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོ་གཞི་སྡེ་ཆོས་རྗེ་དཔལ་ལྡན་ཕུན་ཚོགས་པས་ཆབ་གསེར་གྱི་མེ་ཏོག་དང་། བཀའ་ལུང་ནན་ཆེན་པོས་རྒྱང་རིང་ནས་བསྐུལ་བའི་ངོར། རྡོ་རྗེ་འཆང་ཆེན་པོ་བུདྡྷ་སིདྷའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་བྷ་དནྷ་ག་ག་ན་ཤྲཱི་བྷ་དྲས་ཨེ་ཝཾ་ཆོས་ལྡན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ག་ཆེན་ཀུན་དགའ་དཔལ་ལེགས་སོ། །མངྒ་ལཾ། །ཞེས་གསལ་བས་དཔྱད་དགོས་ལ། དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ།[4] ཞེས་པ་འདི་ཡང་སྒྲུབ་ཐབས་ཀུན་བཏུས། པོད་ ༼ཏ༽ པར་ཤིང་དཔར་དཔེ་རིང་ཐོག་ཤོག་གྲངས་ ༢༥༩ན༡ ནས་ ༢༦༡ན༣ བར་ཤོག་གྲངས་ ༣ བཞུགས་པ་འདི་ཡང་བསྟན་འགྱུར་དུ་མི་བཞུགས་པས་ཞལ་སྐོང་ཞུས་པ་ལགས་སོ།། །།
༣༽ འོད་དཔག་མེད་ཀྱི་སྒྲུབ་ཐབས།
ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ འོད་དཔག་མེད་ཀྱི་སྒྲུབ་ཐབས་པདྨའི་སྡོང་པོ་རྗེས་གནང་དང་བཅས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོའི་མཐའ་ཅན་འདི་ཉིད་ཀྱང་བསྟན་འགྱུར་དུ་མི་བཞུགས་པས། རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༼༣༢༽ སྟག་ཤམ་འོད་མཆོག །ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦བ༣ བར་བཞུགས་པ་ལས་བཏུས་ཤིང་། མཇུག་བྱང་ལས། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ༔ ས་མ་ཡ༔ གུ་ཧྱ༔ ཟབ་རྒྱ༔ བདག་སྟག་ཤམ་པས་མེ་ཕག་ཧོར་ཟླ་གསུམ་པར་བྲིས་སོ། །ཞེས་བྱུང་བ་ལྟར། གཏེར་མ་ལྟར་སྣང་ལ། སྟག་ཤམ་པ་ཚུལ་ཁྲིམས་བཟང་པོས་ (དུས་རབས་13པ།) བྲིས་པར་གསལ་བས་དཔྱད་དགོས་པར་སྣང་ངོ་།། །།
༤༽ བླ་མ་གསང་བར་སྒྲུབ་པ།
བླ་མ་གསང་བར་སྒྲུབ་པ་བཞུགས་སོའི་མཐའ་ཅན་འདི་ཡང་བསྟན་འགྱུར་དུ་མི་བཞུགས་ཀྱང་། གདམས་ངག་མཛོད། བླ་སྒྲུབ། པོད། ༼ཐ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦ན༦ བར་ཤོག་བུ་དྲུག་ཅན་བཞུགས་པ་ལས་བཏུས་ཤིང་། མཛད་བྱང་ལས[5]། རྡོ་རྗེ་འཛིན་ལ་གསལ་བར་བསྟན། །སྡུད་པ་པོ་ལས་བདག་གིས་ཐོས། །ཏེ་ལོ་པ་ཡིས་མི་བརྗེད་བཟུང་། །འཕགས་པ་ལྷ་ཡིས་མངོན་པར་བྱས། །བླ་མ་གསང་བར་སྒྲུབ་པ་ཀླུ་སྒྲུབ་སྙིང་པོས་མཛད་པའོ། །པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་བསྒྱུར་བའོ། །བྱུང་བས་དཔྱད་དགོས་སོ།། །།
༥༽ ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ཅེས་པ་ནི་བསྟན་འགྱུར་གྱི་པར་མ་ཁག་ཏུ་མི་བཞུགས་ཀྱང་། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་གྱི་གསུང་རབ་བྲིས་མ་ཕྱོགས་བསྡུས་པོད་གཉིས་པར་གསལ་[6]ལ། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་གྱི་མན་ངག་གསུང་ངག་རིན་པོ་ཆེའི་བྱོན་ཚུལ་ཁོག་ཕུབ་དང་བཅས་པ་རྒྱས་པར་བཤད་པ་ལེགས་བཤད་འདུས་པའི་རྒྱ་མཚོ་ལས། དེའི་ཟིན་བྲིས། ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ལ་རྗེ་བཙུན་ཆེན་པོས་གསལ་བྱེད་མཛད་པ་ཞེས་གསལ་བ་ལྟར། དེའི་འགྲེལ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་བཀྲ་ཤིས་བིལ་པའི་ལྗོན་[7]པའང་བཞུགས་པའི་མཆོད་རྟེན་དྲུང་ཐོབ་ཀྱི་བསྟན་བཅོས་འདི་ཉིད་སློབ་དཔོན་དཔའ་བོ་རྡོ་རྗེའི་དྲུང་ནས་འབྲོག་མི་ལོ་ཙཱ་བ་དང་། སེ་ཡེ་ཤེས་བརྩོན་འགྲུས་སོགས་ཀྱིས་ཞུས་པར་གྲགས་ཤིང་། བསྟན་འགྱུར་དུ་མི་བཞུགས་པ་ཞལ་སྐོང་ཞུས་པའོ།། །།
༦༽ སེང་ལྡེང་ལྡིང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས།
སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ནི། ས་སྐྱ་བཀའ་འབུམ། པོད་ ༼ཉ༽ གྲགས་རྒྱན་གསུམ་པ། འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༣བ༣ ནས་ ༢༤ན༡ བར་བཞུགས་པ་ལས་བཏུས་ཤིང་། བསྟན་བཅོས་དེ་ཉིད་ཀྱི་མཇུག་བྱང་ལས[8]། འདི་ཁ་ཅིག་ནཱ་གཱ་རྫུ་ནས་མཛད་ཅེས་ཀྱང་གྲགས་སོ། །ཞེས་བྱུང་བས་དཔྱད་པར་འཚལ་ལོ།། །།
༧༽ སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ།
དེ་ཡང་སྒྲོལ་མའི་སྒྲིབ་ཤིང་གི་ཡི་གེ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོའི་མཐའ་ཅན་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཤིང་། སྒྲུབ་ཐབས་ཀུན་བཏུས། པོད། ༼ཀ༽ ཤིང་དཔར་དཔེ་རིང་ཤོག་གྲངས་ ༡༦བ༡ ནས་ ༡༦ན༦ བར་ཤོག་ངོས་གཅིག་ཅན་ཞིག་བཞུགས་པ་ལས་བཏུས་ཤིང་། གཞུང་གི་མཛད་བྱང་ལས[9]། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་བ་རིས་བསྒྱུར་བའོ། །ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་གསལ་བར་བྱུང་ངོ་།། །།
༨༽ གསེར་འགྱུར་ལས་ཚོགས་ལས་ཀླུ་སྒྲུབ་ལུགས།
གསེར་འགྱུར་ལས་ཚོགས་ལས་ཀླུ་སྒྲུབ་ལུགས་ནི། བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༥-༡༦ བར་གསལ་བ་ལས་བཏུས་པའོ།། །།
༩༽ ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་བསྒྱུར་སྣ་ཚོགས།
ཀླུ་སྒྲུབ་ཀྱིས་གདམས་པའི་གསེར་བསྒྱུར་སྣ་ཚོགས་ནི། བཟོ་རིག་ཉེར་མཁོ་བདམས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༢༡༢-༢༡༨ བར་གསལ་བ་ལས་བཏུས་པའོ།། །།
༡༠༽ འཛམ་གླིང་སྤྱི་བསང་།
སྟོད་ཆ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། སྨད་ཆ་འདི་ཆོས་རྗེ་རང་བྱུང་རྡོ་རྗེ་སོག་ཆུ་ལ་ཟམ་པ་འཛུགས་དུས་མཛད་པའི་འཛམ་གླིང་སྤྱི་བསང་། མཁས་གྲུབ་ཀརྨ་ཆགས་མེད་ (1613-1678) ཀྱི་གསུང་ལས[10]། ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་འཛམ་གླིང་སྤྱི་བསང་ཡོངས་སུ་གྲགས་པ་དེ་བཞུགས་སོ། །འདིའི་སྟོད་ཆ་ནི་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་ཡང་ཡིན། ཞེས་བྱུང་བ་ལྟར། སྟོད་ཆ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་ཅིང་། སྨད་ན་རང་བྱུང་རྡོ་རྗེས་སོག་གི་ཆུ་ལ་ལྕགས་ཟམ་བཙུགས་པའི་དུས་སུ་མཛད་པ་ཞིག་གོ། །།
༡༡༽ ཉི་མ་ཟླ་བ་ཁྲུས་གསོལ།
དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཉི་མ་ཟླ་བ་ཁྲུས་གསོལ་བཞུགས་སོའི་མཐའ་ཅན་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཀྱང་། བླ་མ་དང་འཇམ་དཔལ་ཞི་ཁྲོ་དབྱེར་མེད་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གཏེར་མཛོད། པོད། ༼༡༽ དབུ་ཅན་བྲིས་མ། དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༤ན༣ བར་ཤོག་བུ་བཞི་ཅན་བཞུགས་པ་ལས་བཏུས་ཤིང་། བསྟན་བཅོས་ཀྱི་དབུར། མགོན་པོ་ཀླུ་སྒྲུབ་པའི་རྒྱུད་ལས[11]། ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ཁྲུས་འདི་ནི་ས་མ་ཡ་རྒྱ༔རྒྱ༔རྒྱ༔ཟབ་ཨྠིི། ཞེས་ཀླུ་སྒྲུབ་ཀྱི་མཛད་པར་གསལ་ཡང་གཏེར་མ་འདྲ་བས་དཔྱད་དགོས་སོ།། །།
༡༢༽ ཨ་ཙ་རའི་ཆར་ཆོག
ཨ་ཙ་རའི་ཆར་ཆོག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་པའི་བསྟན་བཅོས་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཀྱང་། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་དང་པོ། པོད། ༼༤༨༽ པ་ ༼ཚི༽ ཤོག་གྲངས་ ༡ན༡ ནས་ ༢བ༨ བར་བྲིས་མ་མཚོན་ཅན་ཤོག་བུ་གཉིས་བཞུགས་པ་ལས་བཏུས་ཤིང་། བསྟན་བཅོས་འདི་ཉིད་ཀྱི་མཚན་བྱང་དང་། མཛད་བྱང་ལས་[12]ཀྱང་། ཨ་ཙ་ར་སྔོན་པོའི་ཆར་ཆོག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །བྱུང་ངོ་།། །།
༡༣༽ ཀླུའི་གདོན་ཁྲོལ།
སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུའི་གདོན་ཁྲོལ་བཞུགས་སོའི་མཐའ་ཅན་ནི། གཞང་དེ་ཉིད་ཀྱི་མཛད་བྱང་ལས[13]། །ཞེས་པ་འདི་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུ་ཡི་གདོན་གྲོལ་རྫོགས་སོ། །བླ་མ་རྡོ་རྗེ་གདན་པ་ནས་བརྒྱུད་པའི་བྱིན་རླབས་ཤིན་ཏུ་ཆེའོ། །ཞེས་ཀླུ་སྒྲུབ་ཀྱིས་མཛད་པར་གསལ་ལ། གཞུང་འདི་ཉིད་བསྟན་འགྱུར་དུ་མི་གསལ་ཞིང་། དབུ་ཅན་བྲིས་མ་དཔེ་ཐུང་ཤོག་གྲངས་ ༥ ཅན་ཞིག་ལག་སོན་བྱུང་བ་ལྟར་ཞལ་སྐོང་ཞུས་པའོ།། །།
༡༤༽ གཉེན་པོ་ཀླུ་མདོས།
དེ་ཡང་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པའི་གཉེན་པོ་ཀླུ་མདོས་བཞུགས་སོ། །མཐའ་ཅན་འདི་ཀྱང་བསྟན་འགྱུར་དུ་མི་བཞུགས་མོད། སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་སོགས། པོད། ༼༡༽ སོག་ཡུལ། དབུ་ཅན་བྲིས་མ། ཤོག་གྲངས་ ༡ན༡ ནས་ ༣མ༢ བར་དཔེ་ཐུང་ཤོག་བུ་གསུམ་ཅན་བཞུགས་པ་ལས་བཏུས་ཤིང་། བསྟན་བཅོས་འདི་མཆོད་བརྗོད་ལས། འཕགས་པ་དྲེགས་པ་འདུལ་བྱེད་ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་བྱུང་བས་འདི་ཡང་དཔྱད་དགོས་པ་ཞིག་གོ། །།
༡༥༽ གཙང་མ་ཀླུ་འབུམ།
དེ་ཡང་སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་ཞེས་བྱ་བ་བཞུགས་སོའི་མཐའ་ཅན་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཀྱང་། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གཙང་མ་ཀླུ་འབུམ་སོགས། པོད། ༼༡༽ སོག་ཡུལ་རྒྱལ་ཡོངས་དཔེ་མཛོད། དཔེ་ཐུང་དབུ་ཅན་བྲིས་མ། ཤོག་གྲངས་ ༡ན༡ ནས་ ༢༡ན༥ བར་ཤོག་བུ་ ༢༢ ཅན་བཞུགས་པ་ལས་བཏུས་ཤིང་། མཇུག་བྱང་ལས[14]། ལྷོ་བྲག་ཁོང་ཐིང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་འགྲོ་བ་སེམས་ཅན་ལ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། ཀླུ་དང་གཉན་དང་ས་བདག་དར་བར་གཟིགས་ནས། བྲག་དམར་སེངྒེའི་རྫོང་ལ་ཚངས་པ་ཀླུ་གཉན་གནས་ནས། ཀླུ་རྒྱལ་སོགས་མ་མེ་དང་གྲོས་བྱས་ནས་གཏོང་བའོ། །གཙང་མ་ཀླུ་འབུམ་འདི་ལྷོ་བྲག་གི་ལྷ་གོར་སྟོན་པར་གཏད། །དེ་ནས་གཙང་གི་ཁྲོ་ཚང་སྟོན་པ་ལ་གཏད། །དེས་བསྟོད་ལུངས་ཀྱི་ཐེ་སྟོན་པ་ལ་གཏད། །གཙང་མ་ཀླུ་འབུམ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །ཞེས་བྱུང་བས་དཔྱད་དགོས་སོ།། །།
༡༦༽ གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ།
གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ་བཞུགས་སོའི་མཐའ་ཅན་ནི། གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་གྲངས་ ༡ན༡ ནས་ ༦བ༣ བར་བཞུགས་པ་ལས་བཏུས་ཤིང་། འདི་ན་ནང་གསེས་ཆོས་ཅན། ཀ༽ གཙང་མ་ཀླུ་འབུམ་དཀར་པོ་དང་། ཁ༽ གཙང་མ་ཀླུ་འབུམ་ནག་པོ། ག༽ གཙང་མ་ཀླུ་འབུམ་ཁྲ་བོ་བཅས་གསུམ་བཞུགས་ལ། མཇུག་བྱང་ལས[15]། ཕོ་བྲང་ཁྲི་སྟེང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་དུས་སྙིགས་མའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཀླུ་དང་ས་བདག་གི་ཟ་ཁ་དར་བར་གཟིགས་ནས་བྲག་དམར་སེངྒེ་རྫོང་གི་ཕོ་བྲང་དུ་ཀླུ་རྒྱལ་སོགས་མ་མེད་དང་གྲོས་བྱས་ནས་སྦྱར། ཕྱིས་སྙི་ལམ་སྒང་དུ་འཕགས་པ་ཀླུ་སྒྲུབ་ཨཱརྱའི་ཆ་བྱད་བྱས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་དངོས་སུ་གདམས་པའོ། །གཙང་མ་ཀླུ་འབུམ་ཁྲ་བོ་ཞེས་བྱ་བའི་གཟུངས་ལེ་ཚན་གསུམ་པ་རྫོགས་སོ། །ཞེས་གཅིག་མཚུངས་ལྟ་བུ་བྱུང་ངོ་།། །།
༡༧༽ གཡུའི་ཐང་མ་སྐས་དགུ།
དེ་ཡང་བསྟན་བཅོས་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་མོད། འོན་ཀྱང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼ཀཿ་ཐོག༽ པོད། ༨༠ རྒྱུད་དོན། ༼ཝུ༽ དབུ་ཅན་དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༡༤ན༥ བར་ཤོག་གྲངས་ ༡༤ ཅན་བཞུགས་པ་ལས་བཏུས་ཤིང་། གཞུང་འདིའི་དབུར།[16] དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གང་ཡིན་པ་ཉིད་ལ་ཕྱག་འཚལ་ལོ། །རྒྱུ་འབྲས་ལུང་གི་རྗེས་ཞུགས་རིགས་པ་ཡིས། །གང་ཟག་བློ་དམན་རྣམས་ཀྱི་དོན་ཕྱིར་དུ། །རིན་ཆེན་ལྟ་བུ་དགོངས་མཛེས་ཀུན་ཁྱབ་དོན། །ཐེག་དགུའི་རིམ་པ་སྐས་གདང་ལྟ་བུ་འདི། །ཀུན་བཟང་དགོངས་དོན་རྡོ་རྗེ་སེམས་ལ་བསྟན། །ན་ག་རྫུ་ན་བདག་བློ་མུན་པར་ཤར། །ཞེས་དང་། མཇུག་བྱང་ལས་[17]ཀྱང་། གཡུའི་ཐང་མ་སྐས་དགུ་རྫོགས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །བི་མ་ལས་འཕན་ཡུལ་དུ་ཛྙཱ་ན་ལ་གཏད། ཅེས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་ཚུལ་གསལ་བར་བྱུང་ཡང་། བསྟན་བཅོས་འདི་ཉིད་ཀྱི་ནང་དུ་རྫོགས་ཆེན་གྱི་ཆོས་སྐད་དང་། སྟོན་མུན་གྱི་སྐོར་དང་། ལྷག་པར་སློབ་དཔོན་ཐོགས་མེད་སྐུ་མཆེད་དང་། དཔལ་ལྡན་ཆོས་སྐྱོང་ཞབས་ཀྱི་འདོད་ཚུལ་གསལ་བར་མ་ཟད། ཡང་སྒོས་གྲུབ་མཐའ་བཞིའི་འདོད་ཚུལ་ཞིབ་པར་བྱུང་བ་སོགས་ལས་བོད་མ་འདྲ་ཡང་མཛད་བྱང་ལྟར་འདིར་ཁ་སྐོང་ཞུས་པས་མ་འོངས་པར་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།། །།
༡༨༽ སྨོན་ལམ་ཉི་ཤུ་པ།
དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཉི་ཤུ་པ་ནི། སྤྱིར་བསྟན་འགྱུར་དུ་བཞུགས་པའི་དབུ་མ་རིན་ཆེན་ཕྲེང་བའམ། ཡོངས་གྲགས་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེ་བའི་ཕྲེང་བར་གསལ་ཞིང་། དེ་ལས་སྨོན་ལམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་དང་། ཕན་ཡོན་ཚིགས་བཅད་གཉིས། བསྔོ་བ་ཚིགས་བཅད་གཅིག་བཅས་ཟུར་དུ་བཏོན་པ་ཞིག་ཡིན་ལ། འདི་ཉིད་ཐོག་མར་སུས་ཟུར་འདོན་གནང་མིན་སོགས་ཀྱི་དཔྱད་གཞི་མ་རྙེད་ཀྱང་། ཀུན་དགའ་བཟང་པོས་ (1382-1456) མཛད་པའི་བསྟན་འགྱུར་དཀར་ཆག་ཐུབ་བསྟན་རྒྱས་པའི་ཉི་འོད་ལས[18]། གཏམ་བྱ་རིན་ཆེན་ཕྲེང་བ་ལས་བཏུས་པའི་སྨོན་ལམ་ཉི་ཤུ་པ། བྱང་ཆུབ་འབྱུང་བའི་སྨོན་ལམ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་གསལ་བར་བྱུང་བ་འདི་ཉིད་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༩ ལོར་པར་སྐྲུན་གནང་བའི་འཕྲུལ་པར་དཔེ་རིང་ཤོག་གྲངས་ ༤བ༡ ནས་ ༦ན༤ བར་བཞུགས་པ་ལས་བཏུས་པའོ།། །།
༡༩༽ བདེ་བ་ཆེན་པོའི་སྨོན་ལམ།
བདེ་བ་ཆེན་པོའི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོའི་མཐའ་ཅན་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཤིང་། བདེ་སྨོན་ཕྱོགས་བསྒྲིགས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༧ ལོར་པར་སྐྲུན་བྱས་པའི་ཤོག་གྲངས་ ༡༤༧ ནས་ ༡༥༡ བར་བཞུགས་པ་ལས་བཏུས་ཤིང་། བདེ་སྨོན་འདི་ཉིད་ཀྱི་དཔེ་རྙིང་བྲིས་མ་དང་། ཤིང་དཔར་སོགས་མང་དུ་སྣང་ལ། མཇུག་བྱང་ལས། ཅེས་པའི་སྨོན་ལམ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་བྱུང་ངོ་།། །།
༢༠༽ སྨོན་ལམ་ཐེམ་སྐས་མའམ་རྒྱུ་འབྲས་སྨོན་ལམ།
སྨོན་ལམ་ཐེམ་སྐས་མ་འདི་ཉིད་ཡོངས་གྲགས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་ནའང་། གསུང་འདི་ཉིད་བསྟན་འགྱུར་དུ་མི་གསལ་ཞིང་། སྨོན་ལམ་འདི་ཉིད་བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་[19]ཀྱི་ཤོག་གྲངས་ ༧༢༠ ནས་ ༧༢༢ བར་གསལ་བ་ལས་བཏུས་པ་གཞི་རྩར་འཛིན་ཅིང་། དེའི་ཐོག་ཀཾ་ཚང་ཆོས་སྤྱོད་རབ་གསལ་གྱི་སྨོན་ལམ་ཐོར་བུའི་དཔེ་གཟུགས་ཤོག་གྲངས་ ༢༠ མདུན་ཤོག་ཡིག་ཕྲེང་དང་པོ་ནས་ ༢༡ རྒྱབ་ངོས་ཡིག་ཕྲེང་ ༦ པ་བར་གསལ་བ་དང་དཔེ་བསྡུར་ཞུས་ཏེ་དག་སྡེབ་མི་འདྲ་བ་རྣམས་བསྡུར་མཆན་དུ་བཀོད་ཡོད་ལ། བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་ཀྱི་མཚན་བྱང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་བཞུགས། ཞེས་དང་། ཀཾ་ཚང་སྨོན་ལམ་ཐོར་བུའི་མཚན་བྱང་དུ་སློབ་དཔོན་འཕགས་མཆོག་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱུ་འབྲས་སྨོན་ལམ་བཞུགས་སོ། །ཞེས་ཕལ་ཆེར་འདྲ་མཚུངས་སུ་འཁོད་མོད། ནམ་རྒྱུན་ཡོངས་གྲགས་སྨོན་ལམ་ཐེམ་སྐས་ཞེས་བརྗོད་དོ།།
འདིར་དཔྱད་དགོས་པ་ཞིག་ལ། ཀླུ་སྒྲུབ་སྙིང་པོའི་མཁྱེན་པ་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་རྣམས་གཅིག་མཚུངས་སུ་སྣང་བས། མཇུག་གི་སྨོན་ལམ་རྣམས་དུས་ཕྱིས་ཁ་སྣོན་མཛད་པ་ཞིག་ཡིན་ན་ལས། དེ་མིན་ཀླུ་སྒྲུབ་རང་ཉིད་ཀྱིས་རང་ཉིད་ལ་བསྟོད་ཕྱག་མཛད་མི་སྲིད་པས། རྒྱུ་འབྲས་སྨོན་ལམ་འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་པ་ཡོངས་གྲགས་ཡིན་པས་དཔྱད་དགོས་པར་སྣང་ལ། རྒྱུ་འབྲས་སྨོན་ལམ་འདི་བསྟན་འགྱུར་དུ་འཁོད་པ་མི་སྣང་བས་སྐབས་འདིར་ཞལ་སྐོང་ཞུས་པ་ནི་ཕྱོགས་སྒྲིག་པའི་གསལ་བཤད་ཙམ་མོ།། །།
༢༡༽ འོད་དཔག་མེད་ཀྱི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ།
དེ་ཡང་འོད་དཔག་མེད་ཀྱི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ནི། འོད་དཔག་མེད་ཀྱི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མེད་བྲིས་མ། ཤོག་གྲངས་ ༡ ནས་ ༥ བར་བཞུགས་པ་ལས་བཏུས་ཤིང་། མཛད་བྱང་ལས[20]། ཅེས་པའི་སྨོན་ལམ་འདི་ཉིད་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་བྱུང་ངོ་།། །།
༢༢༽ བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་སྤྱི་དོན།
དེ་ཡང་སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཕན་ཡོན་གྱི་བསྟན་བཅོས་དངོས་མ་རྙེད་པའི་དཀར་ཆག་གི་ཁོངས་སུ་བཀོད་ཟིན་ལ། འདིར་བསྟན་བཅོས་དེའི་སྤྱི་དོན་ཇི་ལྟ་བུ་ཡོད་པ་ནི། ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་གསུང་འབུམ། པོད། ༼༤༽ བྲིས་མ། ཤོག་གྲངས་ ༡༠༣༨ ནས་ ༡༠༤༡ བར་བཞུགས་པ་ལས་བཏུས་ཏེ་ཞལ་སྐོང་གི་ཚུལ་དུ་བཀོད་པའོ།།
མདོར་ན། མགོན་པོ་ཀླུ་སྒྲུབ་ཀྱི་མཛད་བྱང་གསལ་བའི་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༥༣ དང་། ལེགས་སྦྱར་དང་རྒྱའི་སྐད་ནས་གསར་དུ་བསྒྱུར་བའི་བསྟན་བཅོས་གྲངས་ ༢། ལེགས་སྦྱར་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༩ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༢༣ བཅས་ཡོད། དེ་མིན་བསྟན་བཅོས་སྣ་ཚོགས་ཀྱི་མ་ཡིག་རྙེད་སོན་མ་བྱུང་བའི་གྲངས་ ༦༠ དང་། གཞན་ཡང་དེ་དག་ཏུ་མ་ཚུད་པའི་གསོ་རིག་གི་བསྟན་བཅོས་མ་རྙེད་པའི་གྲངས་ ༣༡ ཡོད། འོན་ཀྱང་བསྟན་འགྱུར་དུ་མ་འཁོད་པའི་གསོ་རིག་གི་བསྟན་བཅོས་རིགས་རྙེད་སོན་བྱུང་བ་གྲངས་ ༡༣ དང་། བསྟན་བཅོས་སྣ་ཚོགས་ཀྱི་མ་ཡིག་རྙེད་སོན་བྱུང་བ་གྲངས་ ༢༥ བཅས་དང་། དེ་མིན་རོ་སྒྲུང་རྒྱས་འབྲིང་བསྡུས་ཀྱི་རིགས་ ༥ བཅས་བསྟན་བཅོས་གྲངས་ ༣༢༡ ལྗགས་རྩོམ་མཛད་པ་ལས། ལེགས་སྦྱར་དང་རྒྱའི་སྐད་ནས་བོད་སྐད་དུ་མ་བསྒྱུར་བའི་བསྟན་བཅོས་ ༣༢ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༩༡ ཡོད་པ་ལས་དེ་འཕྲོས་བསྟན་བཅོས་གྲངས་ ༡༩༨ ཡོད་པ་རྣམས་ད་ལན་གསུང་འབུམ་གྱི་ཁྲོད་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཉག་བླ་པདྨ་བདུད་འདུལ་གྱི་གཏེར་ཆོས་སྐོར། ༼༣༽ དབང་ཆེན། ཤིང་པར། ཤོག་གྲངས་ ༡ ནས་ ༣ན༢ བར།
[2] སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ དཔེ་རིང་། ཤོག་གྲངས་ ༢༠༩བ༡ ནས་ ༢༧༢ན༥ བར།
[3] སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ དཔེ་རིང་། ཤོག་གྲངས་ ༡༧ན༤
[4] སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༥༩ ནས་ ༢༦༣ བར།
[5] གདམས་ངག་མཛོད། བླ་སྒྲུབ། པོད། ༼ཐ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦ན༦
[6] གསུང་ངག་རིན་པོ་ཆེའི་ཆོས་སྐོར་གྱི་གསུང་རབ་བྲིས་མ་ཕྱོགས་བསྡུས། ༼ཁ༽ དཔེ་རིང་། ཤོག་ ༡-༤ བར།
[7] ལམ་འབྲས་སློབ་བཤད། པོད། ༼༢༠༽ སྡེ་དགེ་པར་མ་བསྐྱར་པར། ཤོག་གྲངས་ ༡༨༩-༢༡༢
[8] ས་སྐྱ་བཀའ་འབུམ། ༼ཉ༽ གྲགས་རྒྱན་གསུམ་པ། འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༤ན༡
[9] སྒྲུབ་ཐབས་ཀུན་བཏུས། པོད། ༼ཀ༽ ཤིང་དཔར། དཔེ་རིང་ཤོག་གྲངས་ ༡༦ན༦
[10] མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ། ༼ཅ༽ བྲིས་མ། ཤོག་གྲངས་ ༡
[11] དངོས་གྲུབ་གཏེར་མཛོད། པོད། ༼༡༽ དབུ་ཅན་བྲིས་མ། དཔེ་ཐུང་། ཤོག་གྲངས་ ༤ན༣
[12] བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་དང་པོ། པོད། ༼༤༨༽ པ་ ༼ཚི༽ ཤོག་ ༢བ༨
[13] སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླའི་གདོན་ཁྲོལ། དབུ་ཅན་བྲིས་མ། དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༥བ༦ བར།
[14] གཙང་མ་ཀླུ་འབུམ། པོད། ༼༡༽ སོག་ཡུལ་རྒྱལ་ཡོངས་དཔེ་མཛོད། དཔེ་ཐུང་དབུ་ཅན་བྲིས་མ། ཤོག་ ༢༡ན༥
[15] གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་ ༡༣ན༣
[16] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼ཀཿ་ཐོག༽ པོད། ༨༠ རྒྱུད་དོན། ༼ཝུ༽ དབུ་ཅན་དཔེ་ཐུང་། ཤོག་ ༡ན༡
[17] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼ཀཿ་ཐོག༽ པོད། ༨༠ རྒྱུད་དོན། ༼ཝུ༽ དབུ་ཅན་དཔེ་ཐུང་། ཤོག་ ༡༤ན༥
[18] ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼༤།༽ ཤིང་དཔར། ཤོག་གྲངས་ ༢༨༧ན༣
[19] བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༧༢༠
[20] འོད་དཔག་མེད་ཀྱི་སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དབུ་མེད་བྲིས་མ། ཤོག་གྲངས་ ༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༣ ནས་ ༣༣༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།