༨༽ རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན།
རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན་མཆོག་ནི། གཉན་ལོ་དང་དུས་མཉམ་པས་དུས་རབས་བཅུ་གཅིག་པའི་དུས་སྟོད་དུ་བྱོན་པ་ཞིག་ཡིན་འདུག །ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་ལས[1]། སྤྱིར་ཡང་སྔོན་དུས་ཀྱི་ལོ་ཙཱ་བ་རྣམས་ལ། རྣམ་ཐར་ཁྲིགས་ཆགས་མ་ཆེན་མོའི་རིགས་ཁུངས་དང་ལྡན་པ་ཆེར་མི་སྣང་བས།
ལོ་རྒྱུས་ཀྱི་ངོ་བོ་འདི་ཙམ་ཡང་རྒྱས་པ་ཡིན་པར་མངོན་ནོ། །ཕྱིས་ཀྱི་ཁ་སྐད་འཁྱམ་པོ་ལ། རྭ་ལོ་དང་གཉན་ལོ་ནང་རྒྱས་བྱུང་ཞེས་ཀུན་ལ་གྲགས་པ་ནི་མི་བདེན་ཏེ། ནག་པོའི་རྒྱུད་ནག་ཚོས་བསྒྱུར་བ་ལ་གཉན་གྱིས་བཅོས། དེ་ལ་རྭ་ལོས་བཅོས་པས་ཀྱང་མཚོན། གཉན་ལོ་དང་སྔགས་པ་ནང་རྒྱས་བྱུང་བ་དེ་ནི། བླ་མ་རྡོ་ལོ་ཙཱ་བ་ཡིན་ཞེས་སྐྱོ་བའི་ཡིག་རྙིང་ཁུངས་མ་རྣམས་ལས་བཤད། དེ་ཡང་གཉན་ལོ་རྡོ་ལོ་གཉིས་སྡུད་ཁོངས་ལ་རྩོད་པ་བྱུང་བས། གཉན་ལོ་ན་རེ། ནངས་པར་ཁྱོད་ཀྱི་མགོ་ལ་ཕུར་པ་རྩངས་སེ་བ་གཅིག་བྱ་ཡི། ཞེས་ལན་བསྐུར་བས། རྡོ་ལོ་ན་རེ། ཁྱོད་དག་ངན་སྔགས་འདྲས་སྦོས་པ་ཡིན་ཏེ་འོང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་སུ་ཡིས་བདོ། ཁྱོད་རང་ཟོབས་ཤིག་ཟེར། རྡོ་ལོས། བརྡུང་སྟངས་བྱེད་ཀྱིན་ཡི་དམ་ཆོས་སྐྱོང་བསྐུལ་བས། གཉན་ལོའི་ཐུགས་ཀར་ལྷོག་འབུར་ཆེན་པོ་བྱུང་སྟེ། ཅང་མ་ལོན་པར་གྲོངས་ཟེར་བར་འདུག རྡོ་ལོ་ཙཱ་བ་དེ་ཕྱིས་དེང་སང་གྲགས་ཆུང་ཡང་ཁ་ཆེ་ལཀྵྨི་ཾགྱི་སློབ་མ་ཡིན། ཆོས་ཀྱི་རྣམ་གྲངས་མང་པོ་མི་མཁྱེན། རྡོ་རྗེ་འཇིགས་བྱེད་ཁོ་ན་ལ་ཆིག་འདྲིལ་མཛད། ཡི་དམ་གསང་ཡང་མི་གསང༌། གཞན་ལ་འཆད་ཀྱང་མི་འཆད། མཐུ་སྟོབས་ཐོགས་པ་མེད་པ་ཞིག་ཡོད་ཟེར་བ་འདུག །ཅེས་བྱུང་བ་ལྟར་རྡོ་ལོ་ཙཱ་བ་གཉན་ལོ་དར་མ་གྲགས་དང་དུས་མཉམ་དུ་བྱོན་པ་ཞིག་ཡིན་འདུག་པ་ལས་རྣམ་ཐར་ཞིབ་པ་མ་རྙེད་དོ། །འདི་ཉིད་ཀྱི་འགྱུར་ལ་བསྟན་འགྱུར་རྒྱུད་ ༼ཤ༽ པ་ལས། ཆོས་འཁོར་འཇོ་འཇོའི་གཙུག་ལག་ཁང་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱིས་ཡོན་བདག་མཛད་པ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ་བོད་ཀྱི་རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན་གྱིས་ལེགས་པར་བསྒྱུར་ཅིང་ཞུས་ཆེན་མཛད་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏཱ་ར་ནཱ་ཐའི་གསུང་འབུམ། ༼༡༡༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༨ ལོ། ཤོག་ ༤༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༧ ནས་ ༣༤༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།