༤༽ ལོ་ཙཱ་བ་འཕགས་པ་ཤེས་རབ།

༤༽ ལོ་ཙཱ་བ་འཕགས་པ་ཤེས་རབ།

 

བོད་ཀྱི་ལོ་ཙཱ་བ་འཕགས་པ་ཤེས་རབ་མཆོག་ནི། (ཟངས་དཀར་འཕགས་པ་ཤེས་རབ།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་མངའ་རིས་ཟངས་དཀར་དུ་སྐུ་འཁྲུངས། མར་པ་ཆོས་ཀྱི་བློ་གྲོས་ (1012-1097) དང་དུས་མཉམ་ཡིན། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་བཅས་ལ་བྱང་བར་མཛད་ཅིང་རབ་བྱུང་དང་། དགེ་ཚུལ།

དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད། དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ནས་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་ལེགས་སྦྱར་གྱི་སྐད་དང་བཅས་པར་ཕུལ་དུ་བྱུང་བ་སློབ་གཉེར་མཛད་ཅིང་། རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་གནང་། དེ་ནས་བོད་ཡུལ་དབུས་སུ་ཕེབས་ཤིང་། ལྷ་སའི་གྲོང་ཁྱེར་ནང་དུ་ཡོད་པའི་སྤྲང་པོ་ཚོར་སྤྲང་ཚང་ཟེར་བའི་ཁང་པ་ཟུར་དུ་བརྩིགས་པ་དང་། ལྷ་སའི་གཙུག་ལག་ཁང་། བསམ་ཡས་གཙུག་ལག་ཁང༌། མཐའ་འདུལ་གྱི་གཙུག་ལག་ཁང་སོགས་བཅོ་ལྔ་ཙམ་ལ་ཞིག་གསོས་ཕུལ་ཕྱིན་མཛད། (ལོ་རྒྱུས་རྒྱས་པ་ལྷོ་རོང་ཆོས་འབྱུང་ནང་གསལ།) རྗེ་འདིའི་སློབ་མ་གྲགས་ཆེ་བ་ནི་སྣུར་ཉི་མ་དང༌། སྦལ་ཏི་སེམས་དཔའ་ཆེན་པོ་སོགས་མང་དུ་བྱོན། སྒྱུར་རྩོམ་ནི་བཀའ་འགྱུར་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལེའུ་བཅུ་གསུམ་པ་སོགས་དང༌། བསྟན་འགྱུར་ལས། དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་དང་། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་བདེ་མཆོག་བསྡུས་པ། ལྷག་པར་ཞི་བ་ལྷས་མཛད་པའི་འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པའམ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དོན་གསལ་ཞེས་བྱ་བ་སོགས་ཆོས་ཚན་ཧ་ཅང་མང་པོ་བཞུགས་སོ།།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༨ ནས་ ༩༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *