༤༽ གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ།

༤༽ གོ་རུབ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ།

 

གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་མཆོག་ནི།[1] (འདི་ལ་འགྱུར་བྱང་དུ་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་དང་ཆོས་ཀྱི་ཤེས་རབ་སོགས་ཀྱང་ཞུ་སྲོལ་ཡོད།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་གྲགས་ཅན་ཞིག་སྟེ། འདི་ཉིད་ཀྱིས་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་སོགས་དང་མཉམ་དུ་གཞུང་མང་ཙམ་བོད་དུ་བསྒྱུར་བ་དང༌། ཁོང་གི་འགྱུར་ལ། བཀའ་འགྱུར་ལས།

རྒྱུད་ ༼བ༽ པོད་དུ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས། པོད་ ༼ཛ༽ པར། འབྱུང་པོ་འདུལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། རྒྱུད་ ༼ཏ༽ པོད་དུ། གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་མཧཱ་མ་ཏི་སྟེ་བློ་གྲོས་ཆེན་པོའི་ཞལ་སྔ་ནས་མཛད་པ། ལྷག་པར་རྒྱུད་ ༼ཝ༽ པོད་དུ། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུའི་ཞབས་ཀྱིས་མཛད་པ་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱུད་ ༼ཞ༽ པོད་དུ། སྤྱོད་པའི་གླུ་དང་། སྤྲིང་ཡིག ༼ངེ༽ པོད་དུ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། སེམས་རིན་པོ་ཆེ་རྣམ་པར་སྦྱོང་བའི་རིམ་པ་ཞེས་བྱ་བ་སྤྲིང་ཡིག་སློབ་དཔོན་དགྲ་ལས་རྒྱལ་བ་གསང་བས་མཛད་པ། བླ་མ་ལ་སྤྲིང་བ་དགེ་སློང་དགོན་པ་བས་མཛད་པ། སློབ་མ་ལ་སྤྲིང་བའི་འགྲེལ་པ་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། སྣ་ཚོགས་ ༼ངོ༽ པོད་དུ། ཚིགས་སུ་བཅད་པ་བརྒྱ་པ་ཞེས་བྱ་བ་སློབ་དཔོན་མཆོག་སྲེད་ཀྱིས་མཛད་པ་སོགས་ཆོས་ཚན་ཉི་ཤུ་ལྷག་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༣༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༣ ནས་ ༢༧༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *