༄༅། །ཀླུ་སྒྲུབ་ཀྱིས་མཛད་པ་ཕྱུགས་སོགས་ཀྱི་ནད་ཞི་བའི་ཆོ་ག་བཞུགས་སོ།།[1]
༄༅། །མགོན་པོ་ཀླུ་སྒྲུབ་པའི་མཛད་པ་ལས། མི་ཕྱུགས་ཀྱི་ནད་ཞི་བར་འདོད་ན། དང་པོར་ཕྱུགས་རྣམས་ཀྱི་དབུས་ན་ཉེར་སྤྱོད་གཞི་བདག་གཏོར་མ་འོ་མ་ཇ་ཕུད་བཤམས། ལུག་སོགས་ལ་ནད་འབྱུང་ན་ཉི་མ་ལ་སྟོན་ཁྲུས། རྔ་མོང་སོགས་ལ་ནད་འབྱུང་ན་བཅོ་ལྔའི་ཟླ་བ་ལ་ཁྲུས་འབུལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། བགེགས་གཏོར་བཏང་། ཤེས་རབ་སྙིང་པོ། གཞི་བདག་ལ་གཏོར་མ་འབུལ།
ཁྲུས་འབུལ་ཚུལ་ནི། དང་པོར་ས་གཞི་བྱིན་རླབས་ནི། ཐམས་ཅད་དུ་ནི་ས་གཞི་དག །ཅེས་པ་ནས། གནས་གྱུར་ཅིག །མ་ལུས་སེམས་ཅན། ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་པའི་བར་སྤྱན་འདྲེན་ཁྲུས་མཆོག་སྤྱི་ལྟར་བྱ། སྐུ་ཁྲུས་གསོལ་བར་བགྱིའོ། །x ཇི་ལྟར་བལྟམས་པ་x དེ་དག་སྐུ་ལ་x རྒྱལ་བའི་སྐུ་ལ་x རྒྱལ་བའི་གསུང་ལ་x རྒྱལ་བའི་ཐུགས་ལ་x སངས་རྒྱས་ཐམས་ཅད་x སྒྲུབ་པ་པོ་ལ་x ཐབས་མཁས་ཐུགས་རྗེ་x འཇམ་དབྱངས་ཕྱག་ན་x མཁའ་ལ་སྤྱོད་པའི་x སྔོན་ཚེ་བཅོམ་ལྡན་x ཉི་མ་ཟླ་བ་ལ་སོགས་པའི། །བརྒྱུད་པའི་གཟའ་བརྒྱད་ཆེན་པོ་སོགས། །སྨིན་དྲུག་བྲ་ཉེ་ལ་སོགས་པའི། །རྒྱུ་སྐར་ཉེར་བརྒྱད་སྐུ་ཁྲུས་གསོལ། །དེ་དག་x གཟའ་སྐར་ལོ་ཟླ་ཞག་དུས་སུ། །རྒྱུ་ཞིང་གནས་པའི་ལྷ་རྣམས་དང་། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ཆོས་བརྒྱད་རིགས་ཀྱི་སྐུ་ལ་x ས་ཡི་ལྷ་མོ་བསྟན་མ་སོགས། །སྟོང་གསུམ་གཞི་བདག་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདི་ཉིད་ཀྱི། །ཡུལ་ལྷ་གཞི་བདག་སྐུ་ཁྲུས་གསོལ། །དེ་དག་x གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱི། །ས་འོག་གནས་པའི་མུན་པ་རབ་གསལ་འཛིན། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་སྐུ་ཁྲུས་གསོལ། །དེ་དག་x ཁྱད་པར་ལུག་ཁྱུའི་གོད་ཁ་དང་། །མགོ་ནད་མིག་ནད་རྒད་ནད་དང་། །སྟོད་ནད་སྐེད་ནད་སྨད་ནད་དང་། །གྲེ་ནད་རྒྱུ་ནད་སྐུ་ཁྲུས་གསོལ། །དེ་དག་x འགགས་པ་ལྷོག་པ་འབྲས་ནད་དང་། །གློ་ཚད་གློ་ནག་གློ་སྐམ་དང་། །རྒང་འཐིལ་མིག་ནད་སྐུ་x དེ་དག་x རློན་སྐམ་གཡན་པ་རྙང་ནད་དང་། །འབྲུམ་པ་ཤུ་ཐོར་ཆེན་དང་ལྔ། །ཁ་རོགས་རིམས་ནད་ཡམས་ནད་དང་། །ལུག་མོ་མ་སྦྲུམ་སྐུ་ཁྲུས་གསོལ། །དེ་དག་x ཁྱད་པར་འབྲུམ་ཆེན་དཀར་ནག་དང་། །འགག་ལྷོག་x མི་ཕྱུགས་ནད་ཡམས་x ཉེར་ཞི་ཟློག་པའི་སྐུ་ཁྲུས་གསོལ། །དེ་དག་x ཁྱེད་སྐུ་རང་བཞིན་x དེ་དག་x དེ་བཞིན་གཤེགས་དང་x དེ་དག་x འདི་ནི་ཁྲུས་མཆོག་x དེ་དག་x འདི་ནི་སྦྱིན་པའི་x སོགས་ཕྱིན་དྲུག་རྒྱས་པར་ཚར་གསུམ་འབུལ། སྟོང་གསུམ་ཀུན་ཏུ་x ཞེས་སོགས་མཎྜལ་འདོད་གསོལ་སོགས་ཚར། གོང་དུ་བཤམས་པའི་འོ་མ་དང་དཔལ་སོགས་ཕྱོགས་སུ་འཐོར། དེའི་ཕྱོགས་སུ་ཕྱུགས་འཇལ་ལྟའོ། །ཇ་ཕུད་སོགས་ཕྱོགས་སུ་འཐོར། སྨན་ཕྱོགས་སུ་སྨན་འཐོར། ཕྱྭའི་ཕྱོགས་ནས་ཕྱུགས་རྣམས་བསྡུས་སུ་འགུགས་ཏེ་བདུད་རྩི་འཐོར། ཡང་མི་ཕྱུགས་རྣམས་ཀྱི་ནད་ཞག་དགུའི་ནང་མ་ཞི་ན་བདུད་ཕྱོགས་སུ་ལྷ་མོའི་བཟློག་བསྒྱུར་འཕེན་ན་བཟང་། གནོད་པའི་ཕྱོགས་སུ་གང་ཕྱུགས་གོད་ཁ་འབྱུང་གི་སྦུ་སོགས་འཐོར། འདྲེ་ལྔའི་ཕྱོགས་སུ་ཀླུད་གཏོང་། ལུས་ཕྱོགས་སུ་ཁྲུས་ལྷག་འཐོར། གལ་ཏེ་ལྷ་མོའི་བཟློག་བསྒྱུར་བྱེད་ན་ཡུལ་ཁམས་འཕོ་བར་བྱའོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཁྲུས་ཆོག་འདི་ནི་ས་མ་ཡ་རྒྱཿརྒྱཿ ཟབ་རྒྱཿ ཨྠིྀཿ མཇུག་ཏུ་ཡུལ་ལྷ་གཞི་བདག་ལ་བསངས་བཏང་བའོ། །སྣང་བརྒྱད་བཀྲ་ཤིས་བརྩེགས་པ་འདོན། གལ་ཏེ་འདུག་ཡུལ་ནས་འཕོ་བསྐྱལ་ན་ཕྱྭ་གཡང་གི་ཕྱོགས་སུ་བསྐྱལ་ན་བཟང་བའོ། །བཀྲ་ཤིས་པར་གྱུར་ཅིག། །།[2]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ནང་སྒྲུབ་རིགས་འཛིན་འདུས་པ་སོགས། ༼༡༽ ཤོག་གྲངས་ ༡༣༧ ནས་ ༡༤༤ བར་བཞུགས་པའི་དཔེ་ཐུང་དབུ་ཅན་བྲིས་མ་ཤོག་བུ་བཞི་ཅན་ལས་བཏུས་པའོ།།
[2] བསངས་ཀྱི་ཆོ་ག་དངོས་གྲུབ་གྱི་གཟི་འོད་འབར་བ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་སོགས། ༼༡༽ ཤོག་གྲངས་ ༦༣ ནས་ ༦༨ བར་བཞུགས་པའི་མཆན་བྱང་མེད་པ། ཀླུ་སྒྲུབ་ཀྱིས་མཛད་པའི་མི་ཕྱུགས་ཀྱི་ནད་ཞི་བ། ཞེས་པ་དབུ་ཅན་བྲིས་མ་ཤོག་བུ་གསུམ་ཅན་དང་གཅིག་གོ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།