༣༽ སྐུ་བལྟམས་པའི་མཛད་པ།

༣༽ སྐུ་བལྟམས་པའི་མཛད་པ།

 

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།

ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །

ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། །

ཞེས་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[2]།

ལུམྦིའི་ཚལ་དུ་ཡུམ་གྱི་རྩིབས་ལོགས་ལས། །

ལེགས་བལྟམས་ཚངས་དབང་ཀླུ་རྒྱལ་སོགས་ཀྱིས་མཆོད། །

ཕྱོགས་དྲུག་གཤེགས་ནས་སེང་གེའི་སྒྲ་བསྒྲགས་ཤིང་། །

སྟོང་གསུམ་འོད་བརྒྱས་བཀང་ལ་ཕྱག་འཚལ་ལོ། །

ཞེས་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པ་དང་ཕྱོགས་དྲུག་ཏུ་གོམ་པ་བདུན་རེ་སྤོས་པས་དེ་ལས་པདྨ་རེ་འཁྲུངས་པར་གསུངས་ལ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[3]།

དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམས་ཚེ། །

ངོ་མཚར་ལྟས་བཟང་ལྷ་ཀླུས་སྲི་ཞུ་མཛད། །

སྐྱེ་མཐར་ཞལ་འཆེས་ལུས་ཅན་བདེ་སྐྱིད་མཐུས། །

དོན་ཀུན་གྲུབ་མཚན་གསོལ་ལ་ཕྱག་འཚལ་ལོ། །

ཞེས་དབོ་ཟླའི་ཚེས་བཅུ་དང་། གཞན་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་དུས་ཆེན་ངོས་འཛིན་ལས[4]།

མཆུ་ཟླ་ཞེས་གྲགས་ཧོར་ཟླ་དང་པོ་ཡི། །

དཀར་པོའི་ཕྱོགས་ཀྱི་ཚེས་པ་བཅོ་ལྔ་ལ། །

ཐུབ་དབང་བལྟམས་པའི་དུས་ཆེན་ཡིན་པར་གསུངས། །

ཞེས་མཆུ་ཟླ་སྟེ་ཟླ་དང་པོའི་ཚེས་བཅོ་ལྔར་སྐུ་འཁྲུངས་པར་གསུངས་ཤིང་། ཡོངས་གྲགས་ས་ག་ཟླ་བ་སྟེ་ཟླ་བ་བཞི་པའི་ཡར་ངོའི་ཚེས་བཅོ་ལྔ་ལ་ལུམ་བི་ནིའི་ཚལ་དུ་ཡུམ་གྱི་མཆན་ཁུང་གཡས་པའི་རྩིབས་མའི་བར་ནས་ཡུམ་ལ་གནོད་པ་མེད་པར་ངོ་མཚར་བའི་ལྟས་བཟང་སུམ་ཅུ་རྩ་གཉིས་[5]དང་བཅས་སྐུ་འཁྲུངས་པར་གསུངས་པས་བཞེད་པ་མི་མཐུན་མང་དུ་སྣང་ངོ་།།

དེ་བཞིན་སྟོན་པའི་འཁྲུངས་ལོ་ལ་བཞེད་པ་མི་མཐུན་པ་མང་དུ་སྣང་བ་སྟེ།[6] ༡) ཇོ་བོ་ཨ་ཏི་ཤའི་ལུགས་ལ་ཤིང་གླང་ཕྱི་ལོའི་སྔོན་ ༢༢༡༦ ལོར་སྐུ་འཁྲུངས་པར་བཞེད་ལ། ༢) ཆོས་རྗེ་ས་སྐྱ་པའི་ལུགས་ལ་ས་འབྲུག་ཕྱི་ལོའི་སྔོན་ ༢༢༡༣ ལོ་དང་། ༣) ཙན་དན་ཇོ་བོའི་ལུགས་ལ་ཤིང་སྟག་ཕྱི་ལོའི་སྔོན་ ༡༠༢༧། ༤) ཕུག་ལུགས་སུ་ལྕགས་སྤྲེལ་ཕྱི་ལོའི་སྔོན་ ༩༦༡ ལོ། ༥) གཡུང་སྟོན་རྡོ་རྗེ་དཔལ་དང་། མཚུར་ཕུ་དོན་གྲུབ་འོད་ཟེར། སྟག་ཚང་ལོ་ཙཱ་བ་རྣམས་ལྟར་ན། ཤིང་བྱི་ཕྱི་ལོའི་སྔོན་ ༩༥༧ ལོ་དང་། དེ་ཡང་སྔ་མས་ས་གའི་ཉ་དང་ཕྱི་མས་ས་གའི་ཚེས་བརྒྱད་ལ་འཁྲུངས་པར་བཞེད། ༦) བུ་སྟོན་ཐམས་ཅད་མཁྱེན་པ་དང་། མཁས་གྲུབ་རྗེའི་ལུགས་ལ་མེ་རྟ་ཕྱི་ལོའི་སྔོན་ ༩༡༥ ལོ་དང་། ༧) སིངྒ་ལའི་གནས་བརྟན་སྡེ་པའི་ལུགས་ལ་མེ་སྤྲེལ་ཕྱི་ལོའི་སྔོན་ ༦༢༤ ལོར་རྒྱ་གར་གྱི་རྒྱལ་ཕྲན་སེར་སྐྱའི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་ཟས་གཙང་མ་[7]དང་། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ་ལུམྦི་ནིའི་ཚལ་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་འཁྲུངས་པར་གསུངས་པ་བཅས་བཞེད་ལུགས་ཆེན་པོ་བདུན་བྱུང་ཞིང་། འཕགས་པ་གནས་བརྟན་སྡེ་པ་དང་རྒྱལ་སྤྱིར་ཐུན་མོང་དུ་འདོད་པའི་ལོ་ཚིགས་ལྟར་ན་སྟོན་པ་ཐུབ་པའི་དབང་པོ་ཤཱཀྱ་ཐུབ་པའམ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཕྱི་ལོའི་སྔོན་ ༤༦༤ ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐུ་འཁྲུངས།[8] འཁྲུངས་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་བོར་ཏེ། གསུང་གི་ཐོག་མར། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས་ཏེ། གོམ་པ་རེ་ལ་མེ་ཏོག་པདྨ་རེ་བྱུང་བ་སོགས་དེ་ལྟ་བུའི་ངོ་མཚར་བའི་བཀྲ་ཤིས་ཀྱི་ལྟས་དུ་མ་བྱུང་ཞིང་། མཚན་མཁན་དྲང་སྲོང་ཨ་སི་ཏས་སྐུ་ལུས་ཀྱི་ཁྱད་ཆོས་ཁག་ལ་བརྟག་ཞིབ་ཞུས་ཏེ་རྒྱལ་བུ་འདི་ཉིད་ཁྱིམ་དུ་བཞུགས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་གནང༌། རྒྱལ་པོ་ཟས་གཙང་མས་བུ་འདིས་སེམས་ཅན་གྱི་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་གྱུར་བས་མཚན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་གསོལ་ཏོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[2]  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་གྲངས་ ༣༥བ༦ ནས་  ༣༧ན༡

[3]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

[4]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ ནས་ ༤༨ བར།

[5]  ༡༽ མེ་ཏོག་ཐམས་ཅད་ཁ་འབུས་ཤིང་རྒྱས་པ། ༢༽ རྫིང་གི་མེ་ཏོག་ཐམས་ཅད་ཁ་འབུས་ཤིང་རྒྱས་པ། ༣༽ ཤིང་ལྗོན་པའི་མེ་ཏོག་ཁ་འབུས་ཤིང་རྒྱས་པ། ༤༽ ཟས་གཙང་གི་ཁྱིམ་དུ་རིན་པོ་ཆེའི་མྱུ་གུ་ཐོན་པ། ༥༽ གཏེར་ཆེན་པོ་ཉི་ཁྲི་ཁ་འབུས་པ།༦༽ རིན་པོ་ཆེའི་ལྗོན་ཤིང་བརྒྱད་སྐྱེས་པ། ༧༽ སྤོས་ཆུའི་དཔལ་གྱི་ཝ་འབྲུ་མར་དྲི་བསུང་གིས་སྦགས་པ་འཛག་པ། ༨༽ སེངྒེ་དཀར་མོའི་ཕྲུ་གུ་རྣམས་སེར་སྐྱའི་གྲོང་ཁྱེར་ལ་བསྐོར་བ་བྱས་ཏེ་གནས་ཀྱང་གཞན་ལ་འཚེ་བ་དང་བྲལ་བ། ༩༽ གླང་ཆེན་ཕྲུ་གུ་ཐལ་དཀར་ལྔ་བརྒྱ་འོངས་ནས་རྒྱལ་པོའི་རྐང་བ་སྣ་རྩེས་ཉུག ༡༠༽ བཙུན་མོའི་འཁོར་གྱི་ཕང་པ་ནས་ཕང་དག་ཏུ་ལྷའི་བྱིས་པ་རྣམས་འདྲེ་ལྡོག་བྱེད་པ། ༡༡༽ ཀླུ་མོ་མཆོད་རྫས་ཐོགས་པ་ལུས་ཕྱེད་བྱུང་ནས་མཁའ་ལ་རྒྱུ་བ། ༡༢༽ རྨ་བྱའི་མདོངས་ཐོགས་པའི་ལྷ་མོ་ཁྲི་ནམ་མཁར་འཁོད་པ། ༡༣༽ བུམ་པ་གང་བ་ཐོགས་པ་ཁྲི་ཡང་སེར་སྐྱའི་གྲོང་ཁྱེར་ལ་སྐོར་བར་བྱེད་པ། ༡༤༽ ལྷ་མོ་སྤོས་ཆུའི་རིལ་བ་བྷྲིང་ག་ར་ཀླད་ལ་ཐོགས་ནས་འཁོད་པ། ༡༥༽ ལྷ་མོ་ཁྲི་གདུགས་དང་བ་དན་ཐོགས་ནས་འཁོད་པ། ༡༦༽ ལྷ་མོ་བརྒྱ་སྟོང་མང་པོ་དུང་དང་རྔ་སོགས་མགུལ་ནས་དཔྱངས་ཏེ་སྡོད་པ། ༡༧༽ རླུང་མི་ལྡང་བ། ༡༨ ༽ རྡུལ་མི་ལྡང་བ། ༡༩༽ ཆུ་ཐམས་ཅད་མི་འགུལ་མི་རྒྱུ་བ། ༢༠༽ ཉི་ཟླ་སྐར་མ་རྣམས་མི་རྒྱུ་བ། ༢༡༽ སྐར་མ་རྒྱལ་དང་ལྡན་པ། ༢༢༽ རྒྱལ་ཁྱིམ་རིན་པོ་ཆེའི་དྲ་བས་གཡོགས་པ། ༢༣༽ མེ་ཡང་མི་འབར་བ། ༢༤༽ ཁང་བརྩེགས་དང་རྒྱ་ཕིབས་དང་རྟ་བབས་རྣམས་ལ་ནོར་བུ་དང་རིན་པོ་ཆེ་འབར་བ་འཕྱང་བ། ༢༥༽ རས་བཅོས་བུ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛོད་རྣམས་གང་བ། ༢༦༽ འུག་པ་ལ་སོགས་པ་མི་སྙན་པའི་སྐད་ཀྱིས་དབེན་པ། ༢༧༽ སྙན་པའི་སྒྲ་གྲགས་པ། ༢༨ ༽ སྐྱེ་བོ་རྣམས་ཀྱི་ལས་ཀྱི་མཐའ་རྒྱུན་ཆད་པ། ༢༩༽ ཕྱོགས་ཐམས་ཅད་མཉམ་པ། ༣༠༽ ལམ་གྱི་བཞི་མདོ་དང་ཚོང་འདུས་ཀྱི་གཞི་རྣམས་མེ་ཏོག་སིལ་མས་བཀྲམ་པ། ༣༡༽ སྦྲུམ་མ་རྣམས་བདེ་བས་བཙའ་བར་འགྱུར་བ། ༣༢༽ སཱ་ལའི་ནགས་ཚལ་གྱི་ལྷ་རྣམས་ཤིང་ལོའི་གསེབ་ནས་ལུས་ཕྱེད་ཕྱུང་སྟེ་ཕྱག་འཚལ་ཞིང་གནས་སོ།།

[6]  བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༣༨

[7]  གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་སེངྒེ་འགྲམ་ལ་ཟས་གཙང་དང་། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་བཅས་སྲས་བཞི་དང་། གཙང་མ་དང་། དཀར་མོ། བྲེ་བོ་མོ། བདུད་རྩི་མོ་བཅས་སྲས་མོ་བཞི་ཡོད་པ་ལས། སྲས་གཙང་གི་སྲས་སུ་སྐུ་འཁྲུངས་པས་ཟས་གཙང་སྲས་ཞེས་བྱའོ།།

[8]  སྡེ་དགེ་ ༣༢ བཀའ། ཤེར་ཕྱིན། ཀ །སྐྱེས་རབས་ཀྱི་གླེང་གཞི། ཤོག་ ༢༡༨ན༡ བསྟན་རྩིས་གསལ་བའི་ཉིན་བྱེད། ཤོག་ ༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧ ནས་ ༢༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *