༣༽ ཇོ་བོ་འཁྲུངས་ནས་ལོ་ ༡༠༠༠ འཁོར་བའི་དུས་དྲན་གྱི་གསུང་འཕྲིན།
༼ཕྱི་ལོ་ ༡༩༨༣༽ ལོ་འདིར་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྐུ་འཁྲུངས་ནས་མི་ལོ་སྟོང་ཕྲག་གཅིག་འཁོར་བའི་དུས་ཚིགས་ཁྱད་པར་ཅན་འཁེལ་བར་བརྟེན། ཇོ་བོ་རྗེ་གང་དུ་འཁྲུངས་པའི་ས་གནས་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་སངས་རྒྱས་ཆོས་ཚོགས་ནས། ༡༩༨༣ ཟླ་ ༡ ཚེས་ ༢༩ ནས་ཉིན་གསུམ་རིང་ཇོ་བོ་རྗེའི་རྗེས་དྲན་མཛད་སྒོ་གནང་གི་ཡོད་པ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད།
མཉམ་མེད་ཇོ་བོ་རྗེ་ནི་རྒྱ་གར་བ་ཙམ་དུ་མ་ཟད། ལྷག་པར་བོད་གངས་ཅན་པ་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ཡིན་པས་ན། རང་ཅག་བོད་རིགས་རྣམས་ནས་དུས་ཚིགས་འདིར་བཀའ་དྲིན་རྗེས་དྲན་ངེས་པར་ཞུ་འོས་པ་ཡིན། དེ་ཡང་གངས་ཅན་བོད་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ། རྒྱལ་བསྟན་གསར་གཏོད་རིམ་རྒྱས་སུ་སོང་བའི་སྐབས་རྒྱ་གར་གྱི་སློབ་དཔོན་དཔལ་ལྡན་ཞི་བ་འཚོ་དང་། པདྨ་སམ་བྷ་ཝས་མདོ་སྔགས་ཀྱི་བསྟན་པའི་སྲོལ་རྨད་དུ་བྱུང་བ་བཙུགས་པ་ཕྱིས་གླང་དར་དུས་ནུབ་སྟེ། བོད་ནང་དགེ་འདུན་གྱི་སྡེ་རྩ་མེད་དུ་གྱུར་ནས་མི་ལོ་ ༧༠ ལྷག་ཙམ་སོང་བའི་རྗེས་སྟོད་མངའ་རིས་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། སྨད་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་ཐུགས་རྗེ་ལས་དགེ་འདུན་གྱི་སྡེ་འཕེལ་རྒྱས་སུ་བྱུང་ན་ཡང་། ཆོས་སྤྱོད་ཉམས་ལེན་སྐོར་མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་ཟླར་བཟུང་བ་དང་། རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་ཚངས་སྤྱོད་ལ་གནོད་ཚབས་ཆེ་བ་བྱུང་སྟེ་བསྟན་པ་ཉམས་དམས་པ་ལྷ་བླ་མ་ཁུ་དབོན་གྱི་ཐུགས་ཀྱིས་མ་བཟོད་པར། རྒྱ་བརྩོན་སེང་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་རྒྱ་གར་དུ་ཇོ་བོ་རྗེ་སྤྱན་འདྲེན་པར་འབད་པ་ཆེན་པོས་རིམ་པ་བཞིན་བཏང་བས། བྱང་ཆུབ་འོད་ཀྱི་སྐུ་དུས་ལ་སྤྱན་དྲངས་ཏེ། མངའ་རིས་ཁུལ་དུ་ལོ་གསུམ་དང་། ཡེར་པ་དང་མཉེས་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔ་བཞུགས་ཏེ། ༸རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མགོན་པོ་བྱམས་པ་ནས་ཐོགས་མེད་སྐུ་མཆེད་ལ་བརྒྱུད་པ་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ནས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བརྒྱུད་པ་ཟབ་མོའི་ལམ་གྱི་རིམ་པ་བཅས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་སྟན་ཐོག་གཅིག་ལ་ཉམས་སུ་ལེན་པའི་ཚང་ལ་མ་ནོར་བའི་གདམས་ངག་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་བཙུགས། ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རིན་པོ་ཆེ་དྲི་མ་དང་བྲལ་བ་དར་ཞིང་རྒྱས་པར་མཛད་དེ། སྲས་ཀྱི་ཐུ་བོ་འབྲོམ་རྒྱལ་བའི་འབྱུང་གནས་ནས་རིམ་བརྒྱུད་ཇོ་བོ་བཀའ་གདམས་པ་ཞེས་ཕྱི་འདུལ་བ་དང་། ནང་བྱང་སེམས། གསང་བ་སྔགས་ཀྱི་ཉམས་ལེན་གཅིག་གྲོགས་སུ་གཅིག་འགྲོ་བའི་སྲོལ་རྒྱུན་བཟང་པོའི་དྲིན་ལས། དུས་ད་ལྟའི་ཆར་མདོ་སྔགས་ལམ་གྱི་རིམ་པ་ཆ་ཚང་བ་ལ་ཐོས་བསམ་ཉམས་ལེན་ཅི་བདེར་བྱེད་དུ་ཡོད་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མཆོད་ཅིང་གསོལ་བ་འདེབས་པ་དང་། གཙོ་ཆེ་ཤོས་ཇོ་བོ་རྗེ་རང་ཉིད་ཀྱིས་ཉམས་བཞེས་དང་། གཞན་ལ་ཡང་འདོམས་པར་མཛད་པའི་དོན་གནད་གཙོ་བོ་གཞན་ཕན་ལྷག་བསམ་བཟང་པོར་ཉམས་ལེན་ཅི་ཐུབ་བྱེད་པའི་སྒོ་ནས་ཇོ་བོའི་བཀའ་དྲིན་གསབ་ཅིང་། ཐུགས་བཞེད་སྐོང་བའི་ཐབས་ལ་འབད་དགོས་པ་ཡིན་ནོ། །ཏཱ་ལའི་བླ་མས། ༡༩༨༣ ཟླ་ ༡ ཚེས་ ༡༡ ལ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༣༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།