༢༽ ལོ་ཙཱ་བ་གླང་དཔལ་གྱི་སེང་གེ།
ལོ་ཙཱ་བ་གླང་དཔལ་གྱི་སེངྒེ་མཆོག་ནི། མཚན་གཞན་ལ་ཤུད་བུ་དཔལ་གྱི་སེངྒེ་དང་། རླངས་དཔལ་གྱི་སེངྒེ་། མངའ་བདག་ཁྲི་འབྲིང་ཐོག་བཙན། ཤུད་བུ་ཁྲི་འབྲིང་ཁོང་བཙན། ཤུད་པུ་ཁོང་ལེབ་སོགས་ཀྱང་ཞུ་སྲོལ་ཡོད་ཅིང་། འདི་ཉིད་གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ། ལོ་པཎ་བཀའི་ཐང་ཡིག་གི་ལེའུ་སོ་གསུམ་པའི་ནང་དུ་སྨོས་པའི་ལོ་ཙཱ་བའི་གྲས་ཤིག་ཀྱང་ཡིན།
ཕྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ད་ལྟའི་ལྷོ་ཁ་གྲ་ནང་རྫོངས་སུ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་ལྗང་མོ་ཁྲི་བཙུན་གྱི་སྲས་སུ་སྐུ་འཁྲུངས་ཤིང༌། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་ཡིན་མཛད་ཅིང་། སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་ཞུ་བའི་ཕོ་ཉ་ཡང་མཛད་པར་མ་ཟད། མཁན་ཆེན་ཞི་བ་འཚོའི་སྤྱན་སྔར་རབ་ཏུ་བྱུང་ཞིང་། མཁན་སློབ་རྣམ་གཉིས་ལས་ནང་དོན་རིག་པའི་གཞུང་ལ་སྦྱངས་པ་མཛད་ཅིང་། ལྷག་པར་སློབ་དཔོན་པདྨ་འབྱུང་གནས་ལས་ལོ་ཙཱ་ལ་མཁས་པར་སྦྱངས། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་བཀའ་ཆོས་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང༌། བོད་ཤིང་ཡོས་ལོ་སྟེ་ཕྱི་ལོ་ ༧༧༥ ལོའི་མན་དུ་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་དང་། མཆོད་རྟེན་དཀར་པོ་བཞེངས་པར་མཛད། མཐར་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་སྐུ་གཤེགས་པ་བཅས་སོ།།
གཞན་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[1]།
ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ཟློག།།
ཅེས་གསུངས་པ་ལྟར། ཤུད་བུ་[2]དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་། བོན་དང་སྒྲུང་དང་ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་གྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁང་བཙན་ཡང་ཟེར། སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སྦྱངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རྡོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་གྲུབ་པ་ཐོབ། གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང༌། བྲག་ལ་བཏབ་པས་བྲག་རལ་བ་ལ་སོགས་བྱུང༌། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ཀྱང་ཡོད།
ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་ཆད་པས་རྗེ་དང་ཏྲི་ལེར་མཉམ། །ཞང་པོ་རྨུ་ནས་ཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །མཆོད་རྟེན་དཀར་པོ་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། །ཞེས་གསུངས་ཤིང༌། མར་ཁུ་ཝ་ལས་དྲངས་པས་རྗེ་ལས་ལྷག་པར་བྱུང༌། །ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སྟོན་གྱི་ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་པདྨའི་གླིང་སོགས་ཡིན་པར་སྣང༌། འདིའི་གདུང་རབས་ཞིབ་པར་ལྷོ་བྲག་ཤུད་བུ་བ་གསང་བདག་ལས་ཀྱི་རྡོ་རྗེའི་རྣམ་ཐར་དུ་གསལ། སྤྱིར་བསྟན་པ་ལ་བྱ་བ་བྱས་པའི་དགེ་བཤེས་མང་དུ་བྱུང་བར་སྣང༌། སྔ་མ་རྣམས་མ་གཤིན་ལས་གྲུབ་པ་བརྙེས་པའི་སྔགས་འཆང་ནུས་པ་ཅན་ཤ་སྟག་བྱོན། སྤྲུལ་པའི་རྣམ་རོལ་གཏེར་སྟོན་མི་འགྱུར་རྡོ་རྗེ་ཡོངས་གྲགས་དང་གཞན་ཡང་ཅི་རིགས་བྱོན་པར་མངོན།
ཁོང་གི་འགྱུར་ལ། བསྟན་འགྱུར་ལས། རྒྱུད་ ༼ཛི༽ པོད་དུ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་རྫོགས་པའི་རྒྱན་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་བཞུགས་ཤིང་། ཆོས་ཚན་འདིའི་འགྱུར་བྱང་དུ་ལོ་ཙཱ་བ་གླང་དཔལ་གྱི་སེང་གེ་ཞེས་འཁོད་ཡོད།[3] གཞན་ཡང་། བཀའ་ཐང་སྡེ་ལྔ་ལས[4]། གླང་ཆེན་དཔལ་གྱི་སེངྒེ་ཕྱི་མ་ལ། །འཇིག་རྟེན་མཆོད་བསྟོད་རྒྱུད་དང་སྒྲུབ་ཐབས་གསུངས། །ཞེས་གླང་དཔལ་གྱི་སེངྒེར་སྔ་ཕྱི་གཉིས་བྱུང་བར་གསུངས་པས་དཔྱད་དགོས་པར་སྣང་ངོ་།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༠༡
[2] ཤུད་བུ་ཞེས་པ་ནི་ཡུལ་གྱི་མིང་སྟེ། རྒྱལ་པོ་བཀའི་ཐང་ཡིག་ལས། ཁྲ་ཡི་གདོང་ཅན་འཛམ་གླིང་ཤར་ཕྱོགས་ཀྱི། །ཤུད་བུའི་ཡུལ་ཁམས་མངར་བསྡུས་བྲན་དུ་བཀོལ། །ཞེས་བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༠ ཐོག་གསལ་ལོ།།
[3] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༥༣
[4] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༠ ནས་ ༣༤༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།