༢༽ ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར།
ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་མཆོག་ནི། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ (1042-1136) དང་དུས་མཉམ་ཡིན་པས་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཙམ་ལ་བྱོན་པའི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང༌། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང༌།
རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར་བར་མཛད། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། རྡོ་རྗེ་ཕག་མོ་མདོར་བསྡུས་པའི་བསྟོད་པ་དང་། དཔལ་གསང་བ་འདུས་པ་རྟོགས་སླ་ཞིང་མདོར་བསྡུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། འདུས་པའི་དབང་བསྐུར་བ་མདོར་བསྡུས་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། གཞུང་ཚད་ནི་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པ། དཔལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་བསྒྱུར། ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་བཅས་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣ ནས་ ༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།