༢༽ མཆོད་པ་བརྗོད་པ།
དེ་ཡང་མཆོད་པར་བརྗོད་པའི་དགོས་པ་ནི། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་ (1364-1432) གྱིས་མཛད་པའི་ཕར་ཕྱིན་རྣམ་བཤད་སྙིང་རྒྱན་ལས[1]། ཐོས་བསམ་སྒོམ་གསུམ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱེད་པའི་ཐོག་མར་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་དགོས་པ་ཤེས་པའི་ཆེད་དུ་བསྟན་བཅོས་མཛད་པ་རྣམས་ཀྱིས་མཆོད་བརྗོད་ཐོག་མར་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་དགོས་པ་ཤེས་པའི་ཆེད་དུ་བསྟན་བཅོས་མཛད་པ་རྣམས་ཀྱིས་མཆོད་བརྗོད་ཐོག་མར་བཀོད་པ་ཤེས་པར་བྱའོ། །
ཞེས་གསུངས་པ་ལྟར། རང་ལ་དངོས་གྲུབ་འབྱུང་བའི་ཆེད་མཆོད་བརྗོད་དམ་ཤིས་པ་བརྗོད་པ་སྟེ། སྟོན་པ་ཉིད་ཀྱིས་མདོ་ལས་ཇི་སྐད་དུ[2]།
རྣམ་དཀར་ལས་རྣམས་གང་བྱེད་པ། །དེ་ཡི་ཐོག་མར་རྒྱལ་བ་མཆོད། །
ཅེས་མཆོད་བརྗོད་ཀྱི་རྣམ་གཞག་བསྟན་པ་ལྟར། སྟོན་པའི་རྗེས་འཇུག་པ་དག་གིས་ཀྱང་སྒོ་གསུམ་གྱི་རྣམ་དཀར་དགེ་བའི་ལས་གང་ཞིག་ལ་འཇུག་པར་བྱེད་ཀྱང་དེའི་ཐོག་མར་རྒྱལ་བ་རྣམས་ལ་མཆོད་པར་བརྗོད་པ་ནི་ནང་པའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ཞིག་ཡིན་པས། བསྟན་བཅོས་ཐོག་མར་རྩོམ་པ་ལ་འཇུག་སྐབས་སྐྱབས་ཡུལ་རྣམས་ལ་མཆོད་པར་བརྗོད་དགོས་པར་གསུངས་པ་སྟེ། ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས[3]། དེ་ལ་མཁས་པ་རྣམས་འཇུག་པའི་སྒོ་གསུམ་སྟེ། རྩོམ་པ་དང་། འཆད་པ་དང་། རྩོད་པ་ལ་འཇུག་པའོ། །དེའང་ཐོག་མར་རྩོམ་པ་ལ་འཇུག་པ་བཤད་འདོད་པས་བསྟན་བཅོས་ཀྱི་ཐོག་མར་མཆོད་པར་བརྗོད་པ་བཤད་དེ།
བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །
བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །
མཆོད་པར་བརྗོད་པ་ལ་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་གསུམ་ལས། དགོས་པ་ལ་གཉིས་ཏེ། རྩོམ་པ་པོ་རང་གི་རྒྱུད་ལ་འབྱུང་བ་དང་། བཤད་ཉན་བྱེད་པ་གཞན་གྱི་རྒྱུད་ལ་འཐོབ་པའོ། །བསྡུས་པའི་དོན་ལ་གང་ལ་གང་གིས་ཇི་ལྟར་བསྟོད་པ་ལ་སོགས་པའོ། །ཚིག་གི་དོན་ནི་སེངྒེའི་ལྟ་སྟངས་ཀྱིས་ངག་དོན་བཙལ་ལ། རུས་སྦལ་གྱི་འགྲོས་ཀྱིས་གཞུང་དོན་བཤད་པ་སྟེ། རྒྱས་པར་རང་རང་གི་གཞུང་རྩོམ་པ་དང་འཆད་པའི་སྐབས་སུ་ཤེས་པར་བྱའོ། །དེ་ལྟ་བུའི་མཆོད་པར་བརྗོད་པ་དེའང་ཕྱོགས་གཅིག་ཏུ་ངེས་སམ་ཞེ་ན།
མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པར་བརྗོད་སོགས་མི་འགལ་ཏེ། །
ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །[4]
མཆོད་བརྗོད་ལ་མཆོད་པའི་མཐའ་ཅན་དང་། དེ་བཞིན་དུ་བསྟོད་པ་དང་། ཕྱག་འཚལ་བ་དང་། ཤིས་པར་བརྗོད་པའི་མཐའ་ཅན་ཡོད་དེ། དང་པོ་ནི་དབུས་མཐའི་འགྲེལ་པར[5]།
བསྟན་བཅོས་འདི་ནི་རབ་མཛད་པ། །བདེ་གཤེགས་ཉིད་སྐྱེས་བདག་སོགས་ལ། །
འཆད་པ་ལ་ཡང་མངོན་མཆོད་ནས། །དོན་རྣམས་དབྱེ་ཕྱིར་འབད་པར་བྱ། །
ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་བསྟོད་པ་དང་། ཕྱག་འཚལ་བ་དང་། ཤིས་པར་བརྗོད་པ་ལ་སོགས་པའང་ཤེས་པར་བྱའོ། །དེ་དག་ཚིག་ཐ་དད་ཀྱང་དོན་མི་འགལ་ཏེ། སྟོན་པའམ་འདོད་པའི་ལྷའི་ཡོན་ཏན་བརྗོད་པར་མཚུངས་པའི་ཕྱིར་རོ། །ཞེས་གསུངས་སོ།།
མཆོད་བརྗོད་ཀྱི་སྡེ་ཚན་འདིར་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་བཅས་གསུམ་ལས་དགོས་པ་ལ་རྒྱ་ཆེན་རོལ་པའི་མདོ་ལས[6]།
བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །
བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །
བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །
མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོའང་ཐོབ། །
ཅེས་དང་། ས་པཎ་མཁས་འཇུག་ལས་[7]ཀྱང་། བསྟན་བཅོས་ཀྱི་ཐོག་མར་མཆོད་བརྗོད་པར་བརྗོད་པ་འདིས་ཅི་བསྟན་ཞེ་ན། བླ་མ་དང་འཇམ་པའི་དབྱངས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེའི་ཡོན་ཏན་ཆ་ཙམ་བརྗོད་ནའང་མཐར་ཐུག་འཚང་རྒྱ་ཞིང་། གནས་སྐབས་བར་ཆད་ཞི་བའི་རྒྱུར་འགྱུར་བར་བསམས་ནས་ངག་དང་པོ་བརྗོད་དོ། །ཞེས་ཡུལ་ཁྱད་པར་ཅན་ལ་མཆོད་པར་བརྗོད་པ་དེས་བསྟན་བཅོས་མཛད་པ་པོ་གང་གི་རྣམ་དཀར་དགེ་བའི་བསོད་ནམས་དཔག་མེད་བསྐྲུན་པ་དང་། དེའི་མཐུན་ལས་བསོད་ནམས་མ་ཡིན་པའི་བར་ཆད་ཞི་བར་བྱེད་ཅིང་། ཕྱི་རབས་པར་བྱ་བ་ཆེན་པོ་གང་ཞིག་ལ་འཇུག་པར་ཐོག་མར་ཡུལ་ཁྱད་པར་ཅན་ལ་ཕྱག་བྱ་དགོས་པར་གདམས་པ་དང་། ཡུལ་ཁྱད་པར་ཅན་ལ་ཕྱག་བྱས་པས་གདུལ་བྱ་རྣམས་ཀྱིས་འདི་ནི་སྐྱེས་བུ་དམ་པར་རྟོགས་དགོས་པ་དང་། དེས་བརྩམས་ཆོས་གཞུང་ལས་གུས་པ་བསྐྱེད་པ་སོགས་ཀྱི་དགོས་པ་དང་ཡང་ལྡན་ཏེ། འཕགས་པ་ཀླུ་སྒྲུབ་ (C.150-250) ཀྱིས་མཛད་པའི་འཕགས་པ་སཱ་ལུ་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་རྒྱ་ཆེར་བཤད་པ་ལས[8]།
བསྟན་བཅོས་རྩོམ་པ་སྟོན་པ་ལ། །ཕྱག་འཚལ་བྱེད་པ་འབྲས་མེད་མིན། །
སྟོན་པ་དང་ནི་བསྟན་བཅོས་ལ། །གུས་བསྐྱེད་རྒྱུ་ཕྱིར་གཞན་དུ་མིན། །
ཞེས་གསུངས། གཉིས་པ་བསྡུས་པའི་དོན་ལ་གང་ལ་གང་གིས་ཇི་ལྟར་བསྟོད་པ་སྟེ། མཆོད་བརྗོད་མཛད་དུས་ཚང་དགོས་པ་ནི། ཡུལ་ཁྱད་པར་ཅན་གང་ཞིག་ལ་བསྟན་བཅོས་རྩོམ་པ་པོ་གང་གིས་ཚུལ་ཇི་ལྟར་བསྟོད་པའམ་མཆོད་པར་བརྗོད་པ་གསུམ་གྱིས་བསྡུས་ཡོད། ཚིག་གི་དོན་ནི་རང་རང་གི་སྐབས་བབ་ཏུ་རྟོགས་དགོས་པ། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་མཁས་འཇུག་ལས་[9]འདི་ལྟར་མཆོད་པར་བརྗོད་ཡོད་དེ།
དོན་བཟང་ཆོས་སྤོབས་ངེས་ཚིག་དྲི་མ་མེད། །
རང་གཞན་དོན་བརྙེས་སྤངས་དང་ངེས་པར་འབྱུང་། །
སྟོན་པའི་ཆོས་སྨྲ་སེང་གེའི་སྒྲ་སྒྲོགས་པའི། །
འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །
ཞེས་ཕྱག་འཚལ་ཞེས་བཤད་པའི་གཞིར་བྱས། གང་གིས་ན། རྩོམ་པ་པོ་ས་པཎ་རང་གི་ཡན་ལག་གི་མཆོག་མགོ་བོས་སོ། །ཡུལ་གང་ལ་ན། རིག་པ་བཞི་ཐོབ་ཅིང་མི་འཇིག་པ་བཞི་བརྙེས་པས་འཁོར་གྱི་ནང་དུ་འཆད་རྩོད་རྩོམ་གསུམ་གྱི་ཆོས་སྨྲ་སེངྒེའི་སྒྲ་སྒྲོགས་པར་བྱེད་པའི་འཇམ་མགོན་བླ་མ་གྲགས་པ་རྒྱལ་མཚན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དེའི་ཞབས་ལའོ། །ལྟ་བུའོ།།
མདོར་ན། རྩོམ་པ་མཐར་ཕྱིན་པའི་འགལ་རྐྱེན་བདུད་དམ་བདུད་རིགས་ཀྱི་ལྷས་བྱས་པའི་བར་དུ་གཅོད་པ་སོགས་སེལ་བར་བྱེད་ཅིང་། མཐུན་རྐྱེན་བསོད་ནམས་ཁྱད་པར་ཅན་སྐྱེས་པར་བྱེད་པའི་མཆོད་བརྗོད་ལ་ཚིག་གི་བྱེད་ལས་ཀྱི་སྣ་ཚོགས་སུ་སྤེལ་ཆོག་ལ། སྐབས་ལ་ལར་བརྩམས་ཆོས་གཅིག་ཏུའང་མཐའ་ཅན་མི་འདྲ་བའི་མཆོད་བརྗོད་དུ་མ་བཀོད་ཡོད་པ་སོགས་རྒྱས་པར་མཁས་པའི་བསྟན་བཅོས་དག་ལས་ཤེས་པར་བྱ་ལ། ནང་པའི་བསྟན་བཅོས་པ་ལ་འཇུག་པའི་ཐོག་མར་སྐྱབས་ཡུལ་ལ་མཆོད་པར་བརྗོད་པར་ནི་ཡན་ལག་དང་པོ་འོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱལ་ཚབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༦
[2] བློ་བཟང་བཤད་སྒྲུབ་རྒྱ་མཚོའི་གསུང་འབུམ། པོད། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཀང་། ༡༩༩༩ ལོ། ཤོག་ ༡༡༤
[3] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༦
[4] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༦
[5] སྡེ་དགེ་བསྟན་འགྱུར། སེམས་ཙམ། པོད་ ༼བི༽ ཤོག་གྲངས་ ༨༩བ༦
[6] བཀའ་འགྱུར་དཔེ་བསྡུར་མ། ཞོལ་བཀའ་འགྱུར་དཀར་ཆག །དེབ་ཨང་ །༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༧
[7] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༢
[8] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ པ། ༢༠༠༨ ལོ། ཤོག་གྲངས་ ༧༨༨
[9] མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧ ནས་ ༤༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།