༢༽ དུས་རབས་གསུམ་པར་བཞེངས་ཟིན་པའི་སྐོར།
༡) རྒྱ་གར་མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ།
དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཡིག་ཆ་ལས། དང་པོ་རྒྱ་གར་མཁས་པའི་གཞུང་གི་ཆ་ནས་ཞུས་ན། རིགས་དང་ཡོན་ཏན་མཆོག་ཏུ་གྱུར་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ (Abhayakaragupta) སྟེ་འཇིགས་མེད་འབྱུང་གནས་སྦས་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་ལོ་རྒྱུས་ལས[1]།
སློབ་དཔོན་ག་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ་ནཱ་ལེནྡྲར་ཕྱིན་ཏེ་རབ་ཏུ་བྱུང་ནས། རིག་པའི་གནས་ལྔ་ལ་མཁས་པའི་མཐར་ཐུག་པར་གྱུར། ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བར་གསུངས། དེ་ཡང་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨཱ་བྷ་ཡཱ་ཀར་གུཔྟ་ལ་གསོལ་བ་འདེབས་པ་ཞི་བའི་སྒྲ་དབྱངས་ལས[2]།
ཛམྦུའི་གླིང་དུ་ཉི་ཟླ་ལྟ་བུར་གྲགས། །རྡོ་རྗེ་གདན་དུ་སངས་རྒྱས་འཕྲིན་ལས་མཛད། །
རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག །འཇིགས་མེད་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་པཎ་གྲུབ་གྲགས་ཅན་ཞིག་གི་གསུང་ལ་ཡིད་ཆེས་བྱེད་ཆོག་པར་སྙམ་ལ། དེ་བཞིན་རྒྱ་གར་ཅམ་པཱ་རྣའི་བླ་མ་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་ (Abhayadatta) གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས་[3]ཀྱང་། སློབ་དཔོན་ཀཧོར་ནས་བྲོས་ཏེ་བསིལ་བ་ཚལ་གྱིས་ཕ་རོལ་ནཱལནྡར་བྱོན་ནས་རབ་ཏུ་བྱུང་སྟེ། རིག་པའི་གནས་ལྔ་ལ་སྦྱངས་པས། མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས་ཏེ། དཔལ་ནཱ་ལཱནྡཱ་པའི་ཆོས་སྐོར་དགེ་འདུན་བརྒྱ་ཕྲག་བཞུགས་པའི་འཚོ་བ་དང༌། གནས་སྤངས་ཏེ་ཡུལ་གཞན་དུ་བྱོན་ནས་གྲོང་ཁྱེར་གཅིག་ཏུ་བསོད་སྙོམས་མཛད། ཅེས་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་རྣམ་གཉིས་ཀྱིས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱིས་སྐུ་དུས་ནས་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཆོས་སྡེ་ཆེན་པོ་ཚུགས་ཟིན་པར་མ་ཟད། དགེ་འདུན་བརྒྱ་ཕྲག་བཞུགས་པར་གསུངས་སོ།།
༢) རྒྱའི་བཙུན་པའི་ལམ་ཡིག་ལས་ཇི་ལྟར་བྱུང་བ།
དེ་ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[4]། དགོན་མིང་ཤྲཱི་ནལནྡཱ་མཧཱ་བི་ཧར་ (Sri Nalanda Mahavihara) ཞེས་དང་། དེ་མ་ཐག་ཏུ་ནལནྡཱ་ཞེས་པ་ནི་ཀླུ་ཞིག་གི་མིང་། གཙུག་ལག་ཁང་གི་འཁྲིས་སུ་ན་ལནྡཱ་ཞེས་པའི་ཀླུ་ཞིག་ཡོད་པ་ཕྱིས་སུ་ཀླུ་མིང་དགོན་པར་བཏགས། ཞེས་གསུངས་པ་ལྟར་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཙམ་ལ་གསར་བཞེངས་གནང་བ་ནི། ཧྥ་ཤཱན་ལམ་ (CE374-462) ཡིག་ལས[5]། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་རྗེ་དཔོན་རྣམས་དང་། མི་གཙོ་བོ་དག་གིས་རབ་ཏུ་བྱུང་བ་རྣམས་ཀྱི་ཆེད་དུ་གཙུག་ལག་ཁང་དག་བརྩིགས་ཤིང་། དེ་དག་ཏུ་འཚོ་བ་སྦྱོར་བའི་ཕྱག་རྫས་ཞིང་ས་དག་དང་། སྐྱེད་མོས་ཚལ་དང་། རྒུན་འབྲུམ་གྱི་ནགས་ཚལ་དང་། དེ་དག་བསྐྱེད་མཁན་གྱི་ཞིང་པ་དག་དང་། བཀོལ་སྤྱོད་ཀྱི་ཕྱུགས་སོགས་ཕུལ་ཡོད། འབུལ་རྒྱུ་འདི་དག་གི་ཐོ་ཡིག་ནི་ལྕགས་ལེབ་མོའི་སྟེང་དུ་བརྐོས་ནས་བཞག་འདུག་སྟེ། ཕྱིས་བྱུང་གི་རྒྱལ་པོ་འདི་དག་གིས་དེ་ལ་ཅུང་ཟད་ཙམ་ཡང་ལག་པ་རེག་ཏུ་མི་འཇུག་གོ །སྲོལ་ཀ་འདི་ཡང་ད་ལྟའི་བར་དུ་རྒྱུན་མ་ཆད་པར་འདུག།
ས་ཆ་འདིར་གནས་པའི་རབ་བྱུང་རྣམས་ལ་སྡོད་སའི་ཁང་པ། ཉལ་སའི་མལ་སྟན། ཟ་རྒྱུ་འཐུང་རྒྱུའི་བཟའ་བཏུང་། གོན་རྒྱུའི་ཆོས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་མ་ཚང་བ་མེད་པར་འདུག་ལ། གཙུག་ལག་ཁང་ཐམས་ཅད་ལ་དེ་བཞིན་དུ་ཡོད་དོ། །རབ་བྱུང་རྣམས་ཀྱིས་ནི་དགེ་བའི་བྱ་བ་དང་ཡོན་ཏན་ལ་སློབ་པ་ལ་ཚེ་ཇི་སྲིད་བར་དུ་བརྩོན་གྱིན་འདུག །དེ་ཡང་གསུང་རབ་ཀློག་པ་དང་བསམ་གཏན་སྒོམ་པ་ལ་གཙོ་ཆེར་འབད་དོ། །ཡུལ་གཞན་ནས་རབ་བྱུང་རྣམས་སླེབས་ཡོང་ན། ཡུལ་གྱི་སྐྱེ་བོ་རྣམས་ཀྱིས་མདུན་ནས་བསུས་ཏེ། དེ་དག་གི་ཆོས་གོས་དང་ལྷུང་བཟེད་རེས་མོས་ཁུར་ནས་གདན་འདྲེན་གྱིས་བླང་ངོ་། །རྐང་པ་བཀྲུ་བའི་ཆུ་དང་། དེ་ལ་བསྐུར་བའི་སྣུམ་དང་། དུས་མ་ཡིན་པར་ནི་བཏུང་བ་འཁྱེར་ཏེ་འོང་ངོ་།།
དེར་རབ་བྱུང་རྣམས་དུས་རེ་ཞིག་ངལ་བ་གསོས་པའི་རྗེས་སུ་དེ་དག་ལ་འབུལ་རྒྱུའི་མཆོད་པའི་གྲངས་དང་སྟོན་མོ་དག་དྲིས་ནས། གནས་ཁང་དུ་ཞུགས་པའི་རྗེས་སུ་ནང་ཁྱིམ་གྱི་སྲོལ་ཀ་བཞིན་དུ་མཁོ་བའི་ཡོ་བྱད་རྣམས་སྟབས་ཅིང་ཅི་བདེར་གནས་སུ་གཞུག་གོ །དགེ་འདུན་རྣམས་རྟག་ཏུ་སྡོད་པའི་གནས་དེར་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་དང་། ཀུན་དགའ་བོ་གསུམ་གྱི་མཆོད་རྟེན་དང་། གཞན་ཡང་ཆོས་མངོན་པ་དང་། འདུལ་བ་དང་། མདོ་སྡེ་གསུམ་གྱི་གནྡྷོ་ལ་རྣམས་ཡོད་དོ། །རྒྱ་བཙུན་རྣམས་ཀྱིས་གནས་དེར་ཟླ་བ་གཅིག་ཏུ་ངལ་གསོས་པའི་རྗེས་སུ་བདེ་བར་གནས་པའི་རྐྱེན་སྒྲུབ་མཁན་གྱི་སྐྱེ་བོ་དག་གིས། ཁོང་ཚོ་ལ་ད་ཆོས་ཀྱི་སྤྱོད་པ་ཉིད་སྒྲུབས་ཤིག་ཅེས་བསྐུལ་བ་ལ། དུས་སྔ་བར་གསོལ་ཚིགས་བཞེས་ནས་དགེ་འདུན་མཐའ་དག་གདན་འཛོམས་པ་མཛད་དེ་གསུང་རབ་དག་བཀླག་གོ །ཚོགས་དེ་གྲོལ་བའི་རྗེས་སུ་ཤཱ་རིའི་བུའི་མཆོད་རྟེན་ལ་དྲི་ཞིམ་པའི་སྤོས་སྣ་ཚོགས་ཀྱིས་བདུག་ཅིང་། མཚན་མོ་རངས་པར་མར་མེ་སྤར་རོ། །དེའི་རྗེས་སུ་སྐྱེ་བོ་གཞན་རྣམས་ལ་མཆོད་པའི་ལས་བྱེད་དུ་གཞུག་གོ །ཤཱ་རིའི་བུ་ཞེས་པ་ནི་སྔོན་གྱི་དུས་སུ་བྲམ་ཟེར་གྱུར་པའི་མི་ཞིག་ཡིན་པ་ལ། སྟོན་པ་ཤཱཀ་ཐུབ་ཀྱི་དྲུང་དུ་འོངས་ནས་རབ་ཏུ་བྱུང་བ་ཡིན་ནོ། །མོའུ་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་ཡང་དེ་ལྟར་ཡིན་ལགས། རབ་བྱུང་མ་རྣམས་ནི་ཤས་ཆེར་ཀུན་དགའ་བོའི་མཆོད་རྟེན་ལ་མཆོད་པ་ཡིན་ཅིང་། དེའི་རྒྱུ་མཚན་ཡང་ཀུན་དགའ་བོས་བུད་མེད་རྣམས་ལ་རབ་ཏུ་བྱུང་བའི་བཀའ་ལུང་གནང་དུ་གསོལ་ཞེས་འཇིག་རྟེན་གྱི་གཙོ་བོ་ལ་ཞུས་པའི་ལོ་རྒྱུས་ཡིན་ནོ།།
གཞན་ཡང་སངས་རྒྱས་ཀྱི་སློབ་མ་རྣམས་ལ་ཚུལ་ཁྲིམས་ཉིད་སྒྲུབ་པར་གྱིས་ཤིག་ཅེས་བཀའ་སློབ་གནང་གིན་ཡོད་པའང་ཡིན་ནོ། །ཆོས་མངོན་པ་དང་། འདུལ་འཛིན་པ་དང་། མདོ་སྡེ་འཛིན་པ་རྣམས་ཀྱིས་ནི་སྡེ་སྣོད་དེ་དང་དེ་ལ་མཆོད་པ་བྱེད་དོ། །དེ་ཡང་ལོ་རེ་བཞིན་ཕྱག་ལེན་འདི་ལྟ་བུར་བྱུང་སྟེ། ཉི་མ་སོ་སོ་ལ་བྱུང་ངོ་། །ཐེག་པ་ཆེན་པོ་ལ་དད་ཅིང་གུས་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མགོན་པོ་འཇམ་དཔལ་དབྱངས། སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བྱེད་དོ། །རབ་བྱུང་རྣམས་ཀྱིས་ལོ་གསར་བྱུང་བ་ན་མཆོད་པའི་དངོས་པོ་དག་ལེན་གྱིན་འདུག །སྔོན་གྱི་སྐྱེ་བོ་དགེ་བ་ཅན་རྣམས་དང་། རྗེས་སུ་འབྲངས་པའི་སྐྱེ་བོ་མང་པོ་དང་། བྲམ་ཟེ་ལ་སོགས་པ་སྐྱེ་བོ་གཞན་དག་གིས་དེ་དག་ལ་གོས་སྣ་ཚོགས་པ་དང་། རབ་བྱུང་ལ་མཁོ་བའི་ཟང་ཟིང་རྣམས་དང་། དགེ་འདུན་ལ་སྦྱིན་པ་སྟབས་པའི་སྤྱི་འབུངས་བཤམས་འདུག །དགེ་འདུན་རྣམས་ཀྱིས་དུས་རྟག་ཏུ་རང་གི་སྦྱིན་པ་སྟོབ་པའི་གནས་དེར་འཁོད་ནས། དགེ་འདུན་གྱིས་བསྒྲུབ་པར་འོས་པའི་ཕྱག་བཞེས་དང་ཆོས་ལུགས་རྣམས་ནི། སངས་རྒྱས་མྱ་ངན་ལས་འདས་པ་ནས་བཟུང་སྟེ་རྒྱུན་བར་མ་ཆད་པར་བསྐྱངས་ཀྱིན་བཞུགས་སོ། །[6]ཞེས་གསལ་བ་ལྟར་དེ་ལྟའི་རབ་ཏུ་བྱུང་བ་རྣམས་ཀྱིས་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་དང་བཅས་པ་སྒྲུབ་ཡུལ་ནི་དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ཡིན་པ་ལས་གཞན་ལ་འཇུག་ཡུལ་གཏན་ནས་མེད་པ་ནི། དེ་མ་ཐག་གི་ཤཱ་རིའི་བུའི་མཆོད་རྟེན་དང་། ཤཱ་རིའི་བུའི་རྣམ་ཐར་སོགས་ལས་ཤེས་ཤིང་། ལྷག་པར་སྡེ་སྣོད་གསུམ་བཞུགས་ཡུལ་གྱི་གནྡྷོ་ལ་ཡོད་ཚུལ་གསལ་ཡོད་པར་མ་ཟད། སྦྱིན་པའི་སྟོབ་པའི་གནས་ཞེས་ནཱ་ལེནྡྲའི་མིང་དོན་དང་བཅས་པ་གསལ་བར་བྱུང་ངོ་།།
དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[7]། གནྡྷོ་ལ་ནི་རྒྱ་གར་གྱི་སྐད་ཡིན་ཅིང་། བོད་སྐད་དུ་བསྒྱུར་ན་དྲི་གཙང་ཁང་ཞེས་ཟེར། དགེ་འདུན་གྱི་སྡེའི་གནས་ཁང་མང་པོ་ཡོད་པའི་དབུས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་དང་མཆོད་རྟེན་བཞུགས་པའི་ལྷ་ཁང་དང་། ཡང་ཕྱི་མཆོད་རྟེན་གྱི་དབྱིབས་ལ་ནང་དུ་ལྷ་ཁང་མང་ཉུང་སྣ་ཚོགས་ཡོད་པ་རྣམས་ཀྱི་སྤྱི་མིང་ལ་གནྡྷོ་ལ་ཟེར། ཞེས་གསུངས་པ་ལྟར་ནཱ་ལེནྡྲར་སྐབས་དེ་ཤེད་ནས་དགེ་འདུན་སྡེའི་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པ་གསལ་བར་གྲུབ་པས། རྒྱའི་བཙུན་པ་ཧྥ་ཤཱན་ (CE374-462) རྒྱ་གར་འཕགས་ཡུལ་དུ་བྱོན་སྐབས་སུའང་སྔར་སྲོལ་བཞིན་ཉམས་མེད་གནས་པར་གསུངས་པ་འདི་དག་ལས་ནཱ་ལེནྡྲའི་གཙུག་ལག་ཁང་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་གསུངས་པའི་བདེན་དཔང་ཞིག་ཏུ་གྱུར་ཡོད།
དེ་བཞིན་ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས་[8]ཀྱང་། གཙུག་ལག་ཁང་ཐོག་མར་ཨར་ལས་འཛུགས་སྐབས་ཀླུ་ལ་གནོད་པ་ཕོག་པས། དགེ་འདུན་ལ་ཁྲག་སྐྱུག་པའི་ནད་མང་ཙམ་བྱུང་ཟེར། ད་ལྟ་ལོ་སྟོང་ལྷག་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་། ཞེས་གསུངས་པ་ལྟར། ཐང་སན་བླ་མ་ཕྱི་ལོ་ ༦༠༣ ནས་ ༦༤༤ བར་རྒྱ་གར་འཕགས་ཡུལ་འགྲིམས་སྐབས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གསར་དུ་བཞེངས་ནས་ལོ་ངོ་ ༡༠༠༠ ལྷག་ཙམ་སོང་བར་གསུངས་པ་བཅས་ལས། ཤྲཱི་ནཱ་ལེནྡྲ་ནི་རྒྱའི་བཙུན་པ་དག་གི་ལམ་ཡིག་ལས་ཀྱང་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཙམ་ལ་བཞེངས་ཟིན་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལོ།།
༣) བོད་ཀྱི་མཁས་པའི་གཞུང་ལས་ཇི་ལྟར་བྱུང་བ།
དེ་ཡང་བོད་ཀྱི་མཁས་པའི་བཞེད་ཚུལ་གྱི་དབང་དུ་བྱས་ཀྱང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[9]། ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲ་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ཆོས་རྒྱལ་མྱ་ངན་མེད་ཡིན་པར་གསུངས་པ་ལས། ཆོས་རྒྱལ་མྱ་ངན་མེད་ཀྱི་སྐོར་གོང་དུ་ས་བཅད་ལོགས་སུ་བཀོད་ཟིན་ཏོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་དང་ཞལ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༥
[2] གདམས་ངག་མཛོད། ཆོས་སྤྱོད། ༼༡༢༽ ༼ན༽ བླ་བརྒྱུད་གསོལ་འདེབས། དཔེ་རིང་། ཤོག་ ༦བ༣
[3] བསྟན་འགྱུར། སྣར་ཐང་དཔར་མ། རྒྱུད། ༼ལུ༽ དཔེ་རིང་། ཤོག་གྲངས་ ༡༨བ༡༣
[4] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༡
[5] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༢
[6] སོག་པོ་བློ་བཟང་རྟ་མགྲིན་གྱི་གསུང་འབུམ། པོད། ༼ཀ༽ ཤོག་གྲངས་ ༡༤ན༡ ཐོག་ཆེན་པོ་ཧཱན་གུར་གྱི་བཙུན་པ་ཕཱ་ཧྱིན་གྱིས་འཕགས་པའི་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་ལོང་ལས་ཀྱང་དེ་བཞིན་དུ་བྱུང་ངོ་།།
[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༨༢
[8] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢
[9] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༧
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༢༥ ནས་ ༡༣༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།