༢༨༽ སློབ་དཔོན་ཀ་མ་ལ་རཀྵི་ཏའི་རྣམ་ཐར།

༢༨༽ སློབ་དཔོན་ཀ་མ་ལ་རཀྵི་ཏ།

 

དེ་ཡང་སློབ་དཔོན་ཀ་མ་ལ་རཀྵི་ཏ་ནི། དུས་རབས་བརྒྱ་ཕྲག་བཅུ་པའི་ནང་བྱོན་པའི་རྒྱ་གར་གྱི་ནང་པའི་གནས་ཆེན་བྲི་ཀ་མ་ལ་ཤཱི་ལའི་མཁན་ཐོག་བཅུ་གཉིས་པ་ཡིན། དེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལས། ཟངས་གླིང་ནཱ་ག་པཱུ་རིའི་རྣལ་འབྱོར་པ་ཀ་མ་ལ་རཀྵི་ཏས་ཏ་རུ་པ་རིའི་དུར་ཁྲོད་ཀྱི་ཚལ་དུ་མཛད་པ་ཞེས་བྱུང་བ་ལྟར། འཁྲུངས་ཡུལ་ནི་ཟངས་གླིང་ནཱ་ག་པཱུ་རི་ཡིན་པ་བསྟན་བཅོས་ཀྱི་མཛད་བྱང་ལས་བྱུང་ཞིང་།

སློབ་དཔོན་འདིའི་རྣམ་ཐར་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེའི་རྗེས་ཀ་མ་ལ་རཀྵི་ཏ་བྱོན་ཏེ། སློབ་དཔོན་དེ་ནི་རྟེན་དགེ་སློང༌། མདོ་སྔགས་ཐམས་ཅད་ལ་མཁས་ཤིང༌། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་རྣམས་ལ་མཁས། མ་ག་དྷཱའི་ལྷོ་ཕྱོགས་ཨཾ་དག་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་མཛད་པར། སྐབས་ཤིག་ཏུ་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཡང་སྟོང་ཉིད་བསྒོམས་པས་ཞི། དེ་ནས་གཤིན་རྗེ་གཤེད་ཞལ་གཟིགས་ཏེ་ཅི་འདོད་གསུངས་པ་ལ། ཁྱོད་ཉིད་དུ་མཛོད་ཅིག་བྱས་པས་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་སྟེ། དེ་ཕྱིན་ཆད་ནས་ལས་ཚོགས་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་པ། གྲུབ་པ་ཆེ་བ་རྣམས་ཀྱང་འགྲུབ་རུང་དུ་ཡོད་པ་ཞིག་བྱུང་ལ། གཤིན་རྗེ་གཤེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་དེ་ཉིད་ནུབ་རེ་བཞིན་ཞལ་གཟིགས་ནས་ཆོས་གསན་པ་ཡིན་པར་གྲགས། ལན་ཅིག་བི་ཀྲ་མའི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པར་བཞེད་ནས། སྔགས་ཀྱི་སློབ་མ་མང་པོ་ཡོད་པའང་ཁྲིད། རྣལ་འབྱོར་མ་འགའ་ཞིག་གིས་དམ་རྫས་ཐོགས་ཏེ་འོངས། དེར་ནུབ་ཕྱོགས་ཀརྞའི་ཡུལ་གྱི་ཏུ་རུཥྐའི་རྒྱལ་པོའི་བློན་པོ་ཏུ་རུཥྐ་ལྔ་བརྒྱ་ཙམ་དང་བཅས་པ་མ་ག་དྷཱ་ལ་ཆོམ་པོར་འོངས་པ་དང་ལམ་དུ་འཕྲད། དེ་དག་གིས་དམ་རྫས་རྣམས་འཕྲོག །སློབ་དཔོན་འཁོར་བཅས་ལ་འཚེ་བར་བརྩམས་པ་ན། སློབ་དཔོན་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ་བྱོན། དེ་མ་ཐག་རླུང་ཆེན་པོ་མི་བཟད་པ་བྱུང༌། རླུང་གི་གསེབ་ནས་མི་ནག་པོ་རལ་གྲི་ཐོགས་པ་འགའ་རེ་བྱུང་ནས་ཏུ་རུཥྐ་རྣམས་ལ་བརྡེག་པའི་སྣང་བ་བྱུང༌། བློན་པོ་རང་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི །གཞན་རྣམས་ལའང་ནད་འགོ་བ་སྣ་ཚོགས་བྱུང་སྟེ་ཡུལ་དུ་མི་གཅིག་ལས་མ་སླེབས་པས་མུ་སྟེགས་དང་ཏུ་རུཥྐ་ཐམས་ཅད་ཤིན་ཏུ་འཇིགས་པ་ཞིག་བྱུང༌། གཞན་ཡང་མངོན་སྤྱོད་ཀྱི་ལས་ཤིན་ཏུ་མང་བ་ཞིག་མཛད། མངོན་སྤྱོད་མ་མཛད་ན་འཇའ་ལུས་སུ་གཤེགས་རྒྱུ་ཡིན་པ་ལ། རྣལ་འབྱོར་པ་ཆེན་པོ་དེ་ལྟ་བུ་ལའང་མངོན་སྤྱོད་ཀྱིས་ཅུང་ཟད་བསྒྲིབས་པ་ཡིན་པར་གྲགས་སོ།།

སློབ་དཔོན་འདི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང༌། ཁྱུང་པོ་རྣལ་འབྱོར་པ་ལ་སོགས་པའི་ཡང་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་པར་གདའ། སྐུ་ཚེ་སྨད་ལ་ནཱ་ལེནྡྲ་དང་ཉེ་བའི་ནགས་འདབས་ཤིག་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་ཏེ་རྫོགས་རིམ་གཙོ་བོར་བསྒོམས་པ་ཡིན་གསུངས། དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས། དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་ཙམ་རེ་རིམ་པ་བཞིན་གདན་ས་མཛད་དོ། །ཞེས་བྱུང་བ་ལྟར། སློབ་དཔོན་ཀ་མ་ལ་རཀྵི་ཏ་ནི། རྒྱ་གར་གྱི་ནང་པའི་གནས་ཆེན་བྲི་ཀ་མ་ལ་ཤཱི་ལའི་མཁན་ཐོག་བཅུ་གཉིས་པ་དང་། དཔལ་ནཱ་ལེནྡྲ་སོགས་དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་མཁན་པོ་ཡང་གཅིག་ལྕོགས་སུ་མཛད་དོ།།

སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས[2]། ༡༽ རྒྱུད་མི་པ་ལ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས། བཞི་བརྒྱ་པ་ལས་བཏུས་པ་དགེ་སློང་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏ་ཞེས་བྱ་བས་བསྡུས་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༢༽ མཎྜལ་གྱི་ཆོ་ག་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་རཀྵི་ཏས་གཤིན་རྗེ་གཤེད་ཀྱི་རྒྱུད་བཞི་བརྒྱ་པ་ལ་བརྟེན་ནས་མཛད་པ། ལོ་ཙཱ་བ་ཤྲཱི་པྲ་ཛྙཱ་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༣༽ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་རཀྵི་ཏས་མཛད་པ། རྣལ་འབྱོར་བ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་མཛད་པ། ༤༽ གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཀྱི་མཎྜལ་གྱི་ཆོ་ག་ཞེས་བྱ་བ། ཟངས་གླིང་ནཱ་ག་པཱུ་རིའི་རྣལ་འབྱོར་པ་ཀ་མ་ལ་རཀྵི་ཏས་ཏ་རུ་པ་རིའི་དུར་ཁྲོད་ཀྱི་ཚལ་དུ་མཛད་པ་སོགས་བཞུགས། མདོར་ན། མདོ་སྔགས་ཀྱི་གཞུང་སྤྱི་དང་། ཁྱད་པར་དུ་ཤེར་ཕྱིན་དང་། དཔལ་གསང་བ་འདུས་པ། གཤིན་རྗེ་གཤེད་བཅས་ལ་མཁས་པའི་གྲགས་པ་རྒྱས་པ་ཞིག་གོ།

དེ་རྗེས་མཁས་པ་སྒོ་དྲུག་བྱུང་ཞིང་། དེ་ཡང་མཁས་པ་སྒོ་དྲུག་རྣམས་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[3]། རྒྱལ་པོ་མཧཱ་པཱ་ལའི་བུ་ཆེ་བ་སྲེ་ཥྚ་པཱ་ལ་ཡིན་ཅིང༌། དེས་རྒྱལ་སྲིད་བཟུང་ནས་ལོ་གསུམ་སོང་མཚམས་སུ་འདས་ཤིང་། བུ་ཆུང་བ་བྷེ་ཡ་པཱ་ལ་ལོ་བཅུ་བདུན་ལས་མ་ལོན་པས་རྒྱལ་པོའི་ཞང་པོ་བྲམ་ཟེ་ཙ་ན་ཀས་ལོ་ཉི་ཤུ་རྩ་དགུ་[4]བར་སྲིད་དབང་བཟུང་བ་དེའི་རིང་རྒྱ་གར་གྱི་ནང་བསྟན་ཆོས་ལུགས་ཀྱི་གནས་གཞི་ཆེ་གྲས་བི་ཀྲ་མ་ལ་ཤཱི་ལ་ཞེས་པའི་གདན་ས་དེར་རྒྱུན་དུ་མུ་སྟེགས་པ་འོངས་ནས་ནང་པའི་པཎྜི་ཏ་དང་རྩོད་པ་བྱེད་ཀྱི་ཡོད་པས། གལ་ཏེ་རྩོད་པ་ཕམ་ན་ནང་པའི་གནས་གཞི་དང༌། ལྷ་ཁང་སོགས་ཕྲོགས་པར་མ་ཟད། ས་གནས་དེ་དང་གཞན་དག་ལ་ཡོད་པའི་ནང་པ་ཐམས་ཅད་ཆོས་ལུགས་མུ་སྟེགས་པར་བསྒྱུར་དུ་འཇུག་གི་ཡོད་པར་བརྟེན། བི་ཀྲ་མ་ལ་ཤི་ལའི་ལྕགས་རིའི་ཕྱོགས་བཞིར་སྒོ་སྲུང་མཁས་པ་ཆེན་པོ་རེ་དང༌། དབུས་སུ་ཀ་ཆེན་གཉིས་བཅས་སྒོ་སྲུང་དྲུག་རེ་བསྐོ་གཞག་གནང་སྲོལ་བྱུང་བ་ནི། ༡. ཤར་སྒོ་སྲུང་བ་པཎ་ཆེན་རཏྣ་ཨ་ཀ་ར་ཤནྟི་ཞེས་པ་བོད་སྐད་དུ་རིན་ཆེན་འབྱུང་གནས་ཞི་བ་དང་། ༢. ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེར་འབྱུང་སྦས་པ། ༣. ནུབ་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤. བྱང་སྒོ་སྲུང་བ་པཎ་ཆེན་ནཱ་རོ་པ་བཅས་དང༌། ༥. དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ། ༦. དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་བཅས་ཀྱིས་མཛད་པ་ཡིན། པཎྜི་ཏ་དེ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས་གཤམ་གསལ་རང་རང་སོ་སོའི་མཚན་གྱི་སྐབས་སུ་གསལ་བས་དེར་གཟིགས། གཞན་ཡང་མཁས་པ་སྒོ་སྲུང་དྲུག་ཅེས་ཀྱང་བརྗོད་སྲོལ་འདུག །ཅེས་བྱུང་བ་ལྟར་རོ།།

དེ་བཞིན་སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་ཧི་མ་ལ་ཡའི་ཕར་ཚུར་གྱི་ནང་ཚན་ཕར་འགྲོ་མང་ཡང་ཚུར་སླེབས་ཉུང་ཞེས་པ་ལས[5]། སྒོ་དྲུག་པོ་ནི་ལོ་རྒྱུས་ལ་ལར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་ཡིན་པར་གསུངས་ཀྱང་། ཡོངས་གྲགས་སུ་ནི་ནུབ་སྒོ་བ་ཤེས་རབ་འབྱུང་གནས་སོགས་ཕལ་ཆེར་ནཱ་ལེནྡྲའི་ཡིན་པར་བཤད་པས། ནཱ་ལེནྡྲ་ཡིན་ནམ་གསལ་པོ་མ་ཤེས། དེབ་སྔོན་དུ་སྒོ་དྲུག་པོ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་ཡིན་པར་བཤད།

དབུས་ཀྱི་ཀ་ཆེན་གཉིས་དང་ཕྱོགས་བཞིའི་སྒོ་སྲུང་བཞི་བཅས་དྲུག་པོ་ནི། དེ་དུས་རྒྱ་གར་ན་ཧ་ཅང་སྐད་གྲགས་ཆེ་བར་འདུག །ཤར་སྒོ་ན་ཤནྟི་པ་སྟེ། ཁོང་ནི་ཚད་མའི་མཁས་པ་ཆེན་པོ་ཡིན་པས། ཚད་མའི་ཕྱོགས་ནས་ཀུན་གྱིས་ཁུངས་གཏུགས་ས་ལྟ་བུར་ཆགས་ཡོད། ནུབ་སྒོ་བ་ཤེས་རབ་འབྱུང་གནས་ནི། མུ་སྟེགས་པའི་གཞུང་དང་གྲུབ་མཐའི་སྐོར་ལ་མཁས་པ་གཙོ་བོ་ཡིན། བྱང་སྒོ་བ་ནཱ་རོ་པ་ནི། ཐེག་པ་ཆེན་པོ་སྔགས་དང་བཅས་པའི་ཁུངས་གཏུགས་ས་ཡིན་ཅིང་། ལྷོ་སྒོ་བ་ངག་གི་དབང་ཕྱུག་གྲགས་པ་ནི། བརྡ་སྤྲོད་ཀྱི་སྐོར་ཏེ་སྒྲ་རིག་པའི་སྐོར་གྱི་ཁུངས་གཏུགས་ས་ལྟ་བུར་ཆགས་ཡོད། དབུས་ཀྱི་ཀ་ཆེན་གཉིས་ནི། རིན་ཆེན་རྡོ་རྗེ་དང་། ཛྙཱ་ན་ཤྲཱི་མི་ཏྲ་གཉིས་ཡིན་པར་འདུག །དེ་ནི་ཁ་སང་གོང་དུ་གཞན་སེལ་གྱི་གཞུང་ཞིག་བོད་དུ་འགྱུར་ཡོད་མེད་དོགས་པ་བྱེད་ས་དེའི་རྩོམ་པ་པོ་ཡིན་ས་རེད། དེ་གཉིས་ལ་དབུས་ཀྱི་ཀ་ཆེན་ཞེས་འབོད་པ་ཙམ་མ་གཏོགས་ཡོན་ཏན་གྱི་ཆ་ནས་གཞན་རྣམས་ལས་ལྷག་མིན་པར་གསུངས་ཡོད།

གནས་ཚུལ་དེའི་ཐོག་ནས་མཐོང་ཐུབ་པ་ནི། གནའ་བོའི་རྒྱ་གར་དུ་དཔལ་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། རྡོ་རྗེ་གདན་གྱི་གཙུག་ལག་ཁང་སོགས་སུ་དེང་གི་བཤད་སྟངས་ལྟར་ན། རིགས་གཅིག་རྐང་འཛིན་ནམ། ཆེད་ལས་མཁས་པ་གསོ་སྐྱོང་གི་ལམ་སྲོལ་ལྟ་བུ་ཞིག་ཡོད་པར་སྙམ་སྟེ། ཤནྟི་པ་ལ་མཚོན་ན་ཡང་། སྤྱིར་བཏང་རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཀུན་ལ་མཁས་ཀྱང་། དམིགས་བསལ་དུ་ཚད་མར་མཁས་པས་དེའི་ཐད་ཀྱི་ཁུངས་གཏུགས་སར་གྱུར་པ་ལྟ་བུ་རེད།

དེ་བཞིན་དུ་ཤེར་འབྱུང་བློ་གྲོས་མུ་སྟེགས་པའི་གཞུང་གི་ཁུངས་གཏུགས་ས་ཡིན་པ་ལྟ་བུ་སྟེ། མཁས་པ་དེ་དག་ནི་མདོ་སྔགས་རིག་གནས་དང་བཅས་པའི་ཡོན་ཏན་གྱི་རྨང་གཞི་ཡག་པོ་ཡོད་པའི་སྒང་ལ་བྱེ་བྲག་ཏུ་རིག་གནས་འདི་ལ་མཁས་ཞེས་ངོས་འཛིན་རྒྱུ་ཡོད་པས། རིགས་གཅིག་རྐང་འཛིན་གྱི་ཁྱད་ཆོས་ལྟ་བུ་མངོན་གསལ་དོད་པོར་སྣང་། ཡོན་ཏན་ཅན་ཚོའི་ནང་དུ་རང་རང་གང་ལ་མཁས་པའི་ཤེས་བྱའི་སྡེ་ཚན་བྱེ་བྲག་པ་རེ་ཡོད་པ་ནི་ཤེས་རིག་ལེགས་པོར་དར་བའི་རྟགས་ཤིག་ཡིན་པ་རེད།

སྔོན་གྱི་དུས་ང་ཚོ་བོད་དུའང་བྱེ་བྲག་ཏུ་རིག་གནས་གཅིག་ལ་ཆེད་དུ་སྦྱོང་བའི་ལམ་སྲོལ་ཅུང་ཟད་ཡོད་པར་སྣང་ཡང་། བར་སྐབས་ཤིག་ནས་ནི། རིག་པའི་གནས་བཅུ་པོ་ལ་མཁས་ཟེར་རྒྱུ་ཞིག་དོན་དུ་གཉེར་ནས་དོན་ལ་གཅིག་ཀྱང་དཔྱིས་ཕྱིན་པ་ཞིག་མི་ཤེས་པ་མང་པོ་བྱུང་འདུག །དེ་ནི་ང་ཚོའི་སློབ་སྦྱོང་གི་ལམ་སྲོལ་གྱི་ཞན་ཆ་ལྟ་བུར་སྣང་། ཞེས་བྱུང་བ་ལྟར། མཁས་པ་སྒོ་དྲུག་རྣམས་ཀྱི་རྣམ་ཐར་གཤམ་དུ་རིམ་པར་འགོད་པར་འགྱུར་རོ།།

དེ་ལྟའི་མཁས་པ་སྒོ་དྲུག་རྣམས་དུས་ནམ་ཞིག་བྱོན་མིན་ནི། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[6]། རྒྱལ་པོ་མཧཱ་པཱ་ལའི་སྐུ་ཚེའི་སྨད་ཙམ་ནས་མཁས་པ་སྒོ་དྲུག་གི་ཐ་སྙད་ཀྱང་བྱུང་། ནཱ་ལནྡ་དང་། བྲི་ཀྲ་མ་ཤཱི་ལའི་ཤར་སྒོ་སྲུང་བ་སློབ་དཔོན་ཆེན་པོ་ཤནྟི་པ་ནི། མདོ་རྒྱུད་དང་རིག་གནས་མཐའ་དག་ལ་མཁས་ཤིང༌། བྱམས་པ་དང་། འཇམ་དབྱངས། སྒྲོལ་མ། རྗེ་བཙུན་རྣལ་འབྱོར་མས་བྱིན་གྱིས་བརླབས། མདོ་སྔགས་གཉིས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་བརྩམས་པ་ནི་ཤིན་ཏུ་མང་སྟེ། འཕགས་ཡུལ་གྱི་མཁས་གྲུབ་བསྟན་བཅོས་མཛད་མཁན་རྣམས་ཀྱི་ནང་ནས་སློབ་དཔོན་འདིས་མཛད་པ་ལས་མང་བ་མ་མཐོང༌། འཕགས་ཡུལ་ན་མཁས་པའི་དབང་པོར་གྲགས་ཤིང༌། མུ་སྟེགས་ཀྱི་རྩོད་པ་ཤིན་ཏུ་མང་པོ་བཟློག་པས། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཞེས་རྒྱལ་པོ་སོགས་ཀྱིས་བསྔགས། གྲུབ་པ་བརྙེས་ཤིང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱང་འདིས་མཛད་དེ་གྲགས་ཆེའོ། །ཞེས་གསུངས་ལ། མཁས་པ་སྒོ་དྲུག་ལས་ཤནྟི་པ་ཆེན་པོ་ནི། འཕོ་བ་གྲོང་འཇུག་གིས་ལུས་ལན་ལྔ་འཕོས་པའི་རྟིང་མ་ལ་ཐང་ཆེན་པོ་ཞིག་ལ་གཙུག་ལག་ཁང་བྱ་བར་དགོངས་ནས། ནོར་བཙལ་བའི་ཕྱིར་རྒྱ་ནག་ལ་བྱོན་པའི་ལམ་བོད་དུ་བྱས་ནས་བྱོན་དུས་རྗེ་དུས་གསུམ་མཁྱེན་པ་དང༌། ཞང་ཚལ་པ་དང༌། སློབ་དཔོན་སྙེ་མདོ་བ་རྣམས་ལ་ལཉྩ་མཆོག་གྱུར་གྱི་གདམས་པ་གསུངས་པ་སོགས་བཤད་པ་ལྟར་ན། ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་ནང་དུ་འཚོ་བཞུགས་ཡོད་པར་མངོན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༣

[2] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༡༣༠

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༤༢

[4] བོད་ཀྱི་རབ་བྱུང་གོང་གི་དྲུག་ཅུ་སྐོར་དང་པོའི་ས་སྟག་ ༩༧༨ ལོ་ནས་མེ་རྟ་ ༡༠༠༦ ལོ་བར།

[5] ཧི་མ་ལ་ཡའི་ཕར་ཚུར། རྩོམ་པ་པོ་དཔེ་སྐྲུན་ཁང་། ༢༠༠༡༥ ལོ། ཤོག་གྲངས་ ༣༡༧

[6] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༧

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༤ ནས་ ༢༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *