༡༽ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས།

༡༽ སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[1]། པདྨ་འབྱུང་གནས་ནི། མཁན་སློབ་ཆོས་གསུམ་གྱི་ནང་གསེས་དང་། ཨོ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་ཏེ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ཟ་ཧོར་གྱི་ཡུལ་དུ་བྱོན་ནས་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་ནས་མཚན་ཤཱཀྱ་སེང་གེར་གྲགས།

རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲི་སེངྷ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་རྒྱུད་རྒྱ་མཚོའི་གནས་ལ་གསན་བསམ་གྱི་ཕ་རོལ་ཏུ་ཕྱིན། ཟ་ཧོར་དང་ཨོ་རྒྱན་གྱི་ཡུལ་རྣམས་སུ་གདུལ་བྱ་སྐལ་བཟང་རྣམས་ཆོས་ལ་བཀོད་ཅིང་མཚན་པདྨ་རྒྱལ་པོར་གྲགས། ཞེས་གསལ་བ་ལྟར་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་རྣམ་གསུམ་གྱི་ནང་ཚན་དང་པོ་དེ་ཡིན་ནོ།།

ཨོ་རྒྱན་པདྨས་མཛད་པའི་བཀའ་བསྡུས་ལས[2]། བདུན་པ་བསྟེན་པའི་བླ་མ་བརྒྱད་བསྟེན་པ་ནི༔ གུ་རུ་ཆེན་པོ་ཤྲཱི་སེང་ཧ་བསྟེན༔ རྫོགས་པ་ཆེན་པོའི་ཆོས་རྣམས་རྫོགས་པར་ཞུས༔ རྒྱ་གར་མཁན་པོ་པྲ་བྷ་ཧ་སྟི་བསྟེན༔ རབ་བྱུང་བསྒྲུབས་ནས་དགེ་སློང་ཆ་ལུགས་མཛད༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་བསྟེན༔ ཞི་ཁྲོ་བཀའ་བརྒྱད་ཆོས་རྣམས་རྫོགས་པར་ཞུས༔ རིགས་ལྡན་རྒྱལ་བ་པདྨ་དཀར་པོ་བསྟེན༔ དུས་ཀྱི་འཁོར་ལོའི་ཆོས་རྣམས་རྫོགས་པར་ཞུས༔ ཁ་ཆེའི་ཡུལ་དུ་བི་མ་མི་ཏྲ་བསྟེན༔ བདུད་རྩི་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ སིངྒ་ལ་རུ་འཇམ་དཔལ་བཤེས་གཉེན་བསྟེན༔ འཇམ་དཔལ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ ཟ་ཧོར་ཡུལ་དུ་ཀླུ་སྒྲུབ་སྙིང་པོ་བསྟེན༔ པདྨ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ ནཱ་ལེནྡྲ་རུ་དྷ་ན་སཾ་ཏྲི་བསྟེན༔ མ་མོ་ཞི་ཁྲོའི་ཆོས་རྣམས་རྣམས་རྫོགས་པར་ཞུས༔ བླ་མ་བརྒྱད་བསྟེན་པའི་ལེའུ་བདུན་པའོ༔ ཞེས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་ཀྱིས་ཀླུ་སྒྲུབ་སྙིང་པོ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་དྷ་ན་སཾ་ཏྲིའི་ཞབས་ལ་གཏུགས་ནས་ཞི་ཁྲོའི་ཆོས་སྐོར་གསན་བཞེས་མཛད་པར་གསལ་ལོ།།

གཞན་ཡང་སློབ་དཔོན་ཆེན་པོ་འདི་ནི་རྒྱ་གར་གྱི་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་གི་དྷ་ན་ཀོ་ཤ་མཚོ་ནང་གི་མེ་ཏོག་པདྨ་ལས་བརྫུས་ཏེ་འཁྲུངས། དེ་ཡང་ཇོ་ནང་ཏཱ་ར་ནཱ་ཐ་དང་དེང་གི་མཁས་པ་མི་ཉུང་བ་ཞིག་གི་འདོད་པ་ལྟར་ན། རྒྱ་གར་ཡུལ་དབུས་མ་ག་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ (730-777) ཚེ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལ་ཡིས་སྲིད་བཟུང་ཞིང་དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་དྷར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད་པ་དེར་ཁྱེའུ་ངོ་མཚར་བ་ཞིག་འཁྲུངས། མཚན་ལྟས་ལ་རྒྱལ་སྲིད་མི་བཟུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་མཁས་པ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན་དེ། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་བཏགས་པར་བཤད་དོ།།

སྐུ་ན་ཆུང་ངུ་ནས་རིག་གནས་ཆེ་ཆུང་དང་བརྟག་པ་བརྒྱད་ལ་སོགས་པར་དཀའ་ཚེགས་མེད་པར་མཁས་པར་མཁྱེན། སློབ་དཔོན་དྷ་བུ་ཀྲི་ཏ་སོགས་སློབ་དཔོན་བརྒྱད་བསྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། ཆོས་ཀྱི་མྱུ་གུའི་དགོན་པར་སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པའི་དྲུང་ནས་རབ་ཏུ་བྱུང་ཞིང་། རྒྱུད་སྡེ་བཞིའི་མན་ངག་མང་དུ་གསན། བྷངྒ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ཏེ་འཆི་མེད་རྡོ་རྗེའི་སྐུ་མངོན་དུ་མཛད།

གསང་སྔགས་ཀྱི་སློབ་དཔོན་ཤནྟི་རུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་དྷ་རི་བཅས་ཀྱི་མདུན་ནས་གསང་སྔགས་ཀྱི་ཆོས་མང་དུ་བསླབས། སྒོམ་སྒྲུབ་ཡུན་རིང་མཛད་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨགྵལི་ལ་ཡིས་སྲིད་དབང་བཟུང་སྐབས་བློན་པོ་ངན་པས་དབྱེན་སྦྱོར་བྱས་པ་སོགས་ལ་བརྟེན་ནས་རྒྱལ་པོས་སློབ་དཔོན་བཟུང་སྟེ་མཚོན་གྱིས་བསྣུན་པ་དང་། ཆུ་དང་གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་སོགས་བྱས་ཀྱང་གསོད་མ་ཐུབ་པས་གནས་དབྱུང་བྱས། དེ་ནས་བཟུང་རི་བྲག་དང་དུར་ཁྲོད་སོགས་སུ་ཡོ་ག་སྒོམ་ཞིང་། དྷ་བུ་ཀྲི་ཏ་སོགས་གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ལས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། དེ་ནས་རྒྱལ་པོ་དྷརྨ་པཱ་ལས་སྲིད་དབང་བཟུང་སྐབས་ (790-853) རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། གྲུབ་པ་ཐོབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་། རྒྱུད་སྡེ་བཞིའི་དབང་དང་མན་ངག་མང་པོ་གསན། སློབ་དཔོན་གྱི་བཀའ་ལྟར་རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་རྒྱ་གར་བྱང་ཕྱོགས་ཡུལ་ཏི་ར་ཧུ་ཏི་དང་། བལ་ཡུལ། ཤར་ཕྱོགས་ཀཱ་མ་རཱུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་མུ་སྟེགས་པ་མང་པོ་ཡོད་པའི་ས་གནས་ཕལ་མོ་ཆེར་བྱོན་ནས་རྫུ་འཕྲུལ་གྱི་སྒོ་ནས་མུ་སྟེགས་པ་བཏུལ་ཞིང་། རིག་སྔགས་ཀྱི་སྒོ་ནས་མུ་སྟེགས་པའི་ལྷ་འདྲེ་རྣམས་བཏུལ་ནས་དམ་ལ་འདོགས་པར་མཛད་དོ།།

ཕྱི་ལོ་ ༧༧༥ ཤིང་ཡོས་ལོར་མཁན་ཆེན་ཞི་འཚོས་ལུང་བསྟན་གནང་བ་ལྟར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྦ་གསལ་སྣང་དང་། སེང་མགོ་ལྷ་ལུང་གཉིས་དང་ཞབས་འབྲིང་གསུམ་བཅས་གསེར་ཕྱེ་བྲེ་གང་སོགས་འབུལ་བ་གང་ཙམ་འཁྱེར་ཏེ་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་པར་བསྐྱོད། སློབ་དཔོན་གྱིས་ལམ་བར་མཐུ་རྩལ་དང་ངན་སྔགས་ལ་བསྟེན་ནས་བོན་གྱི་ལྷ་སྲིན་གདུག་པ་ཅན་མང་དུ་བཏུལ། མཁན་ཆེན་ཞི་འཚོ་སླར་ཡང་སློབ་དཔོན་པདྨ་འབྱུང་གནས་དང་ལྷན་དུ་བོད་གངས་ལྗོངས་སུ་ཕེབས། དེ་ནས་མཁན་སློབ་གཉིས་རིམ་བཞིན་བསམ་ཡས་ཧས་པོ་རིར་བྱོན་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསུ་བ་ཞབས་ཏོག་གཟབ་རྒྱས་མཛད་ཅིང་། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ཀྱི་རྨང་གཞི་བཏིང་། ལོ་བཞིའི་རིང་བཞེངས་གྲུབ་ནས་རབ་གནས་སློབ་དཔོན་དང་མཁན་ཆེན་གཉིས་ལྷན་དུ་མཛད་ཅིང་ངོ་མཚར་ཅན་གྱི་ལྟས་བཟང་མང་དུ་བྱུང་ཞིང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ངམ་ཤོད་ཀྱི་བྱེ་ཐང་དང་གྲམ་ཐང་རྣམས་ནགས་ཚལ་དང་སྤང་ཐང་དུ་བསྒྱུར། ཟུང་མཁར་སོགས་ཆུ་དཀོན་པའི་སར་ཆུ་ཐོན་པར་མཛད། ལྷ་སྲས་མུ་ཁྲི་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་ནོར་རྫས་རིན་ཐང་ཆེ་བ་རྣམས་བོད་དུ་དྲངས་པས། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅའི་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། རྒྱལ་པོ་དང་བཙུན་མོ་གཉིས། སད་མི་མི་མདུན་སོགས་གསང་སྔགས་ཀྱི་སྐལ་ལྡན་སློབ་མ་ཉེར་ལྔར་བཀའ་བརྒྱད་ཀྱི་དབང་བསྐུར། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉེར་ལྔ་ཐོག་མར་བྱུང་།

བོད་རྒྱ་ཚིག་མཛོད་ཆེན་མོ་ལས[3]། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྤྱན་དྲངས་ཏེ་བོད་དུ་ཕེབས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། བོད་ཕྲུག་ཤེས་རབ་ཅན་རྣམས་ལ་ལོ་ཙཱ་བསླབས། འཕགས་ཡུལ་ནས་པཎ་ཆེན་བི་མ་ལ་མི་ཏྲ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་གདན་དྲངས། མདོ་སྔགས་ཀྱི་བཀའ་དང་བསྟན་བཅོས་གཙོ་ཆེ་བ་རྣམས་བོད་སྐད་དུ་བསྒྱུར། མངའ་བདག་རྒྱལ་པོ་དང༌། ཡེ་ཤེས་མཚོ་རྒྱལ་སོགས་ལས་ཅན་གྱི་སྐྱེས་བུ་རྣམས་ལ་བཀའ་བརྒྱད་དང་། རྡོ་རྗེ་ཕུར་པ་མན་ངག་ལྟ་ཕྲེང་སོགས་གསང་སྔགས་ཀྱི་ཆོས་ཀྱིས་སྨིན་ཅིང་གྲོལ་བར་མཛད། རྒྱུ་མཚན་ཉིད་ཀྱི་ཐེག་པའི་བཤད་གྲྭ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་གྲྭ་བཙུགས། རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོའི་སྡེ་ཞེས་དགེ་འདུན་གྱི་སྡེ་གཉིས་དར་རྒྱས་སུ་བཏང་བ་སོགས་ཕྱག་རྗེས་འགྲན་ཟླ་དང་བྲལ་བར་མཛད། མཐར་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ནས་སྲིན་པོའི་རྒྱལ་པོ་རཀྵ་ཐོད་ཕྲེང་རྩལ་ཞེས་སུ་གྲགས་སོ། །ཞེས་གསལ་བ་ལྟར་རོ།།

གཞན་ཡང་སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[4]། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྤྱིར་བོད་ཡུལ་དུ་མི་ལོ་ལྔ་བཅུ་རྩ་བཞི་བཞུགས་ཏེ་ལྷ་ཀླུ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ས་གཞི་རི་བྲག་མང་པོ་གནས་ཆེན་དུ་བྱིན་གྱིས་བརླབས། ཆོས་གཏེར་ནོར་གཏེར་བསམ་གྱིས་མི་ཁྱབ་པ་སྦས། གསང་སྔགས་ལའང་ལོ་ཙཱ་བ་སད་མི་མི་དྲུག་བྱ་བ་བྱུང་སྟེ། གནུབས་ནམ་མཁའི་སྙིང་པོ་དང་། འབྲེ་རྒྱལ་བའི་བློ་གྲོས། རུ་གོང་བིརྱ་རྩ། གྲུ་གུ་ཨུ་པེ་ཤ །རླངས་དཔལ་གྱི་སེངྒེ་། ཅེ་ཀུ་ཀུ་ར་ཙ་ལ་སོགས་པས་ལོ་ཙཱ་བྱས་ནས། གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུངས་པ་རྣམས་བསྒྱུར། གཞན་ཡང་གཉགས་དང་། སོ་ཟུར་གནུབས་གསུམ་དང་། འཁོན་རྡོ་རྗེ་རིན་པོ་ཆེ་ལ་སོགས་པ་དཀྱིལ་འཁོར་གཙོ་བོ་བརྒྱད་དུ་གྲགས་པའི་སློབ་མ་གྲུབ་པ་བརྙེས་པ་མང་དུ་སྤེལ། གསང་སྔགས་ཀྱི་བསྟན་པ་དར་བར་མཛད་ནས་ལྷོ་ནུབ་རྔ་ཡབ་གླིང་ལ་གཤེགས་ཏེ། ལྷ་སྲས་མུ་ནེ་བཙན་པོས་ཐོག་དྲངས་བོད་ཀྱི་བློན་འབངས་མང་པོས། མང་ཡུལ་གུང་ཐང་གི་ལ་ཁར་སྐྱེལ་མ་བྱས་ལ་ཐོག་ཏུ་བོད་རྒྱལ་བློན་བན་སྐྱ་སྤྱི་མང་ལ་ཕན་པའི་ཞལ་གདམས་ཟབ་མོ་པདྨ་བཀའ་ཆེམས་སུ་གྲགས་པ་དེ་གསུངས་ནས་ཉི་མའི་ཟེར་ལ་ཆིབས་ཏེ་ཟངས་མདོག་དཔལ་རིའི་གཞལ་ཡས་ཁང་དུ་བྱོན། ད་ལྟ་སྲིན་པོའི་ཁ་གནོན་མཛད་ཅིང་འཆི་མེད་ཚེའི་རིག་འཛིན་བརྙེས་སོ། །ཞེས་གསུངས་པ་ལྟར་རོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༢༠༠༨ ལོ། ཤོག་གྲངས་ ༡༦༡༡

[2]  ཆོས་སྤྱོད་ཕྱོགས་བསྒྲིགས་ལམ་བཟང་གསལ་བའི་སྒྲོན་མེ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༢༨༦

[3]  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༢༠༠༨ ལོ། ཤོག་གྲངས་ ༡༦༡༡

[4]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༩ ནས་ ༣༢༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *