༡༽ པཎྜི་ཏ་དཱ་ན་ཤཱི་ལའི་རྣམ་ཐར།

༡༽ པཎྜི་ཏ་དཱ་ན་ཤཱི་ལ་སྔ་ཕྱི་གཉིས་བྱོན་པ་ནི། བུ་སྟོན་ཆོས་འབྱུང་དུ་གསལ་བར་གསུངས་ཏེ། བོད་དུ་བྱོན་ནས་དམ་པའི་ཆོས་དར་བར་མཛད་པའི་པཎྜི་ཏ་དགུ་བཅུ་གོ་གསུམ་གྱི་མཚན་ཐོ་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལས། དཱ་ན་ཤཱི་ལ་སྔ་མ་ནི་གྲངས་ ༡༧ པ་དང་། དཱ་ན་ཤཱི་ལ་ཕྱི་མ་ནི་གྲངས་ ༧༡ པ་ཡིན། དེས་ན་དཱ་ན་ཤཱི་ལ་སྔ་མ་ནི། ཕྱི་ལོའི་དུས་རབས་བརྒྱད་པར་ཀསྨིར་སྐུ་འཁྲུངས་ཤིང་།

ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་ལ་གདན་དྲངས་པའི་དྲིན་ཅན་ལོ་པཎ་གསུམ་གྱི་ཡ་གྱལ་དེ་ཡིན་ལ། དཱ་ན་ཤཱི་ལ་ཕྱི་མ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ་སྟེ། ཁ་ཆེ་པཎ་ཆེན་དང་ལྷན་དུ་རབ་བྱུང་གསུམ་པའི་ཤིང་བྱི་ལོ་སྟེ་ཕྱི་ལོ་ ༡༢༠༤ ལོར་བོད་དུ་བྱོན་ཅིང་། ས་པཎ་གྱིས་དེ་རྣམས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་རིག་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་པས་ས་པཎ་གྱི་སློབ་དཔོན་དུ་གྱུར།

རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་པཎྜི་ཏ་དཱ་ན་ཤཱི་ལ་ལ་བསྟོད་པ་མཁས་པ་དགའ་བྱེད་ལས[1]།

ལེགས་པར་སྦྱངས་པའི་བློ་གྲོས་ཕུལ་བྱུང་བརྙེས། །

འགྲན་པའི་ཟླ་མེད་གཞན་ཕྱོགས་ཟིལ་གྱིས་མནན། །

འཕགས་པའི་ཡུལ་དུ་མུ་སྟེགས་རྒོལ་བའི་ཚོགས། །

མཐོང་བ་ཙམ་གྱིས་རིང་དུ་འབྱེར་བར་བྱེད། །

སྒྲ་དང་ཚད་མ་སྡེབ་སྦྱོར་སྙན་ངག་སོགས། །

རབ་ཏུ་མཁས་པའི་སྙན་པས་ས་སྟེང་ཁྱབ། །

གངས་རིའི་ཁྲོད་འདིར་མཁས་པ་དུ་མ་ཡིས། །

ཞབས་ཀྱི་པདྨོར་གུས་པས་འདུད་བྱེད་ཅིང་། །

 

མཁས་པའི་གོ་འཕང་མཆོག་གྱུར་ཐོབ་མཛད་པ། །

ལྷག་པའི་ལྷ་ཡི་ནུས་པ་ཕུལ་བྱུང་ཅན། །

མཐོང་བ་ཙམ་གྱིས་མི་མཐུན་ཕྱོགས་ཀུན་ཞི། །

དོན་གཉིས་དབང་འབྱོར་ཁྱོད་ལ་གུས་པས་བསྟོད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། དཱ་ན་ཤཱི་ལ་ཚད་མ་རྒྱན་དང་ཆོས་མཆོག་ལ་མཁས་སོ། །འདི་དང་སངྒྷ་ཤྲཱི་ལ་གཉིས་ལ་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་གྱིས་སྒྲ་དང་ཚད་མ་བསླབས། རྗེ་པཎ་ཆེན་ལས་བསྙེན་རྫོགས་མཛད་དེ་པཎྜི་ཏ་ཆེན་པོར་གྱུར། རྒྱ་གར་ན་དཱ་ན་ཤྲཱི་ལ་སྒྲ་དང་ཚད་མ་མཁས་པར་འདུག་པ་དེ་ངའི་རྩར་ཀོར་གྱིས་འཁོར་བྱུང་ཞེས་གསུངས་སྐད། རྒྱ་གར་བ་ཡི་དམ་གསང་བས་ས་པཎ་གྱིས་འདིའི་ཡི་དམ་གང་ཡིན་མ་མཁྱེན་ནས་དྷ་དུ་ར་དཀར་པོའི་རྫས་དྲངས་བསྙུང་བ་ལ་སྨན་པས་འགྲངས་པར་ཁ་མར་བཏགས་ནས་ད་ཇི་ལྟར་མཛད་ཞུས་པས། འོ་ན་ཡི་དམ་ལ་འཕོ་བ་བྱེད་པ་ཡིན་གསུངས་ནས་ན་བཟའི་གོང་བའི་བར་ནས་གཤེད་དམར་གྱི་སྐུ་ཆུང་ངུ་ཞིག་བཏོན་ནས་དེ་ལ་འཕོ་བར་བཞེད་དེ་སྤྱི་བོ་ནས་འོད་ཁྲ་ཆེམ་བྱུང་བ་དང་ཀུ་རེ་བགྱིས་པ་ཡིན་མི་འཕོ་བ་ཞུ་ཞེས་ཡང་ཡང་ཞུས་པས། མ་འཕོས་ཀྱང་ཤིན་ཏུ་མ་མཉེས་ནས་མཐར་ས་པཎ་རང་གི་ལྕམ་མོ་ཞིག་ལས་རྒྱར་ཕུལ་བས་ཐུགས་སོས་ཏེ་གཤེད་དམར་ཡི་དམ་དུ་གནང་ཞེས་ཐོས་ཤིང༌། ཕྱིས་དཱ་ན་ཤཱི་ལ་སྐུ་འདའ་ཁར་ང་ལྟ་བུའི་མཁས་པ་བོད་མཐའ་འཁོབ་ཏུ་འཆི་དགོས་པ་གསུངས་ནས་འདར་འཆི་བ་མ་བཞེད་པ་ལ། མཁན་པོ་བོ་དྷི་ས་ཏྭ་དང༌། ཇོ་བོ་རྗེ་དང་། དམ་པ་སངས་རྒྱས་ཀྱང་བོད་དུ་འདས་ཞུས་པས། བིཀྵུ་སྡོམ་པ་གཙང་མ་ཡིན། ཨ་ཙརྱ་སེམས་བཟང་པོ་ཡིན། ཛོ་ཀི་མན་ངག་མང་པོ་ཤེས་གསུངས། པཎྜི་ཏ་སྨྲི་ཏི་ཡང་བོད་དུ་འདས་བྱས་པས་དེ་ལྟ་བུའི་མཁས་པ་ཆེན་པོ་ཡིན། འོ་ན་ཁོ་བོའི་འཆི་ས་ལོས་གཏུབ་གསུངས་ནས་གཤེགས་སོ། །ཞེས་གསུངས་པ་ལྟར། དུས་རབས་བརྒྱ་ཕྲག་བཅུ་གཉིས་པའི་སྨད་དང་བཅུ་གསུམ་པའི་སྟོད་ཙམ་མོ། །[3] འདི་པ་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མིན་ནའང་། པཎ་གྲུབ་ཀྱི་གསུང་རང་འགྱུར་མཛད་པ་པོ་ཡིན་པའི་ཆ་ནས་འདིར་རྣམ་ཐར་སྙིང་བསྡུས་ཞར་བྱུང་དུ་ངོ་སྤྲོད་ཞུས་པའོ།།

པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལ་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། དགྱེས་པ་རྡོ་རྗེ་ལས་བྱུང་བ་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པ་དང་། ཀྱཻ་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུ་ལླེའི་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། གཤིན་རྗེ་གཤེད་ཀྱི་འཕྲུལ་འཁོར་གྱི་ཕྲེང་བ་སློབ་དཔོན་བི་རཱུ་པས་མཛད་པ། གཤིན་རྗེ་གཤེད་དམར་པོའི་ཏིང་ངེ་འཛིན་གྱི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། འཕགས་མ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་གྲུབ་ཐོབ་ཆེན་པོ་སྣ་ཚོགས་དམར་པོ་ཞབས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར་[4]སོགས་བཞུགས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རོང་སྟོན་གསུང་འབུམ། ༼ཀ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༧ན༦

[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༢༤

[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༨༦༩

[4] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་པར་ཁང་། ༡༩༨༣ ལོ། ཤོག་གྲངས་ ༤༠༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༨ ནས་ ༡༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *