༡༦༽ མངའ་བདག་མཻ་ཏྲི་པ་ཆེན་པོ།
དེ་ཡང་མངའ་བདག་མཻ་ཏྲི་པ་སྟེ། གསང་མཚན་ལ་གཉིས་མེད་རྡོ་རྗེའམ་ཨ་ཝ་དྷུ་ཏི་པ་ཞེས་ཞུ་ཞིང་། སློབ་དཔོན་འདིའི་རྣམ་ཐར་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[1]། མཻ་ཏྲི་པས་སྔ་རྒོལ་བྱས། ཤ་བ་རིས་ཕྱི་རྒོལ་བྱས། ལྟ་བ་རབ་ཏུ་མི་གནས་པ། སྒོམ་པ་ཡིད་ལ་མི་བྱེད་པ་ལ་སོགས་པའི་དམ་བཅའ་མཛད་དེ་རིགས་པ་བཀོད།
ལུང་གིས་རྒྱབ་སྐྱོར་བསྟན་པས། ཁོས་མ་ཐུབ་ནས་མཻ་ཏྲི་པ་ཆེན་པོ་རྒྱལ་བས་རྒྱལ་བ་ཞེས་གྲགས། ཁོ་འཁོར་བཅས་རབ་ཏུ་བྱུང༌། དེ་ནས་སློབ་དཔོན་ཤཱནྟི་པས་དེ་ལ་སྐྱོན་བྲིས་ཏེ་རྡོ་རྗེ་གདན་གྱི་དུས་མཆོད་ཀྱི་ཚེ་སྒོའི་ཡ་ལྕིབས་ལ་སྦྱར་རོ། །དེ་མཻ་ཏྲི་པས་མ་གཟིགས། དེ་ཉིན་མི་རྣམས་ན་རེ། ཤཱནྟི་པ་ལ་མཻ་ཏྲི་པས་རྩོད་མ་ནུས་ཟེར། སང་མཻ་ཏྲི་པས་ཤཱནྟི་པ་ལ་ཁ་སང་ཡི་གེ་ངས་མ་མཐོང་བ་ཡིན། དེ་རིང་ཅིས་ཀྱང་འབྱོན་པར་ཞུ་བྱས་པས་ཤཱནྟི་པ་མ་བྱོན། བང་ཆེན་ལན་བཅུ་གསུམ་གྱི་བར་བསྟུད་དེ་བཏང་བས་ཀྱང་མ་བྱོན་པར་བྲོས། དེ་ཕན་དུས་མཆོད་ཀྱི་བདག་པོ་ཁོང་གི་མཛད་པ་ལ། དེ་ནས་རྒྱལ་པོས་མཻ་ཏྲི་པ་ལ་ཕུལ་བས་མཚན་མངའ་བདག་ཅེས་ཏེ། ཐམས་ཅད་དུ་མངའ་བདག་རྒྱལ་བ་མཻ་ཏྲི་པ་ཞེས་གྲགས་སོ། །དེ་དུས་དགེ་འདུན་གྱི་སྡེ་ཨོ་ཏནྟ་པུ་རི། ཤྲཱི་ནཱ་ལེནྡྲ། རྡོ་རྗེ་གདན། བི་ཀྲ་མ་ལ་ཤཱི་ལ་བཞི་མཆོག་ཡིན། ཕྱི་མའི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར་བཞུགས། འཆད་ཉན་མཛད། བསྟན་བཅོས་དུ་མ་སྦྱར། ཞེས་མངའ་བདག་མཻ་ཏྲི་པའི་སྐབས་[2]སུ་གཙུག་ལག་ཁང་བཞི་པོ་དེ་དག་མཆོག་ཡིན་པར་གསུངས་སོ།།
ལྷག་པར་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱམས་པའི་སྒྲ་དབྱངས་ལས[3]།
ན་ལེནྡ་རུ་བསྟན་ལ་རབ་ཏུ་བྱུང༌། །
རྩོད་དུས་ཀུན་མཁྱེན་རིན་འབྱུང་ཞི་བ་སོགས། །
མཁས་གྲུབ་མང་བསྟེན་རྩོད་བྲལ་པཎ་ཆེན་དུ། །
གྲགས་པའི་བ་དན་བསྒྲེངས་ལ་གསོལ་བ་འདེབས། །
རྣམ་གནོན་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས། །
བཤད་སྒྲུབ་སྤེལ་མར་མཛད་ཚེ་རྒྱལ་བའི་ཡུམ། །
རྡོ་རྗེ་རྣལ་འབྱོར་མ་ཡིས་ཞལ་གཟིགས་ཤིང༌། །
ལུང་བསྟན་བྱིན་གྱིས་བརླབས་ལ་གསོལ་བ་འདེབས། །
ཞེས་མངའ་བདག་མཻ་ཏྲི་པ་ཆེན་པོ་མཆོག་ནཱ་ལེནྡྲར་རབ་ཏུ་བྱུང་བར་གསུངས། གཞན་ཡང་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལས[4]། མངའ་བདག་མཻ་ཏྲི་པ་ཡང་ཤ་བཱ་རི་པའི་སློབ་མ་མཚན་ནི་བྱམས་པ་སྦས་པའོ། །དེ་ཡང་བྲམ་ཟེ་མུ་སྟེགས་ཀྱི་པཎྜི་ཏ་ཡིན། ནཱ་རོ་པ་དང་མཇལ་ནས་དབང་དང་གདམས་པ་གནང་། ནཱ་ལནྡར་རབ་ཏུ་བྱུང་། ཤཱནྟི་པ་སོགས་བླ་མ་མང་པོ་བསྟེན། བི་ཀྲ་མ་ལ་ཤཱི་ལར་བཤད་སྒྲུབ་སྤེལ་མ་མཛད། རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། དགེ་ཚུལ་ཞིག་གིས་སློབ་དཔོན་བུད་མེད་དང་ལྷན་ཅིག་ཆང་བཞེས་པ་མཐོང་བས་སློབ་དཔོན་གྱིས་འོ་མ་དང་དགེ་ཚུལ་དེས་ཆང་སྐྱུགས་པའི་སྦྱོར་བ་མཛད། ཡང་ལན་ཅིག་ལ་དགེ་བསྐོས་ཀྱིས་མཐོང་བ་ལ་ཆང་འོ་མ་དང་བུད་མེད་མི་སྣང་བར་བྱས། ཡང་ལན་ཅིག་འཇབས་ནས་འོང་བས་སྔགས་ཀྱིས་བསྒྱུར་ལོངས་མ་བྱུང་བས། དགེ་འདུན་གྱིས་གནས་དབྱུང་བྱས་ཆུ་བོ་གངྒཱ་ལ་ལྤགས་གདན་བཏིང་ནས་བཞུད། དེ་དུས་དགེ་བསྐོས་ནི་ཨ་ཏི་ཤ་ཡིན།
དེ་ནས་དཔལ་གྱི་རི་ལ་ཤ་ཝ་རི་ཚོལ་དུ་རྒྱལ་བུས་ཀ་ར་དང་ལྷན་ཅིག་ཏུ་ཕེབས་ནས་མཇལ། ཤ་ཝ་རིའི་དབུའི་རལ་པ་ནས་སྲོ་ཤིག་བྱུང་བ་རྣམས་ཡུམ་གཉིས་ཀྱིས་གསོལ་བར་མཻ་ཏྲི་པ་ཅུང་ཟད་ཐུགས་མ་དད། རྒྱལ་བུས་ཞབས་ལ་ཕྱག་བྱས་པས་དེ་ཉིད་དུ་འཇའ་ལུས་སུ་སོང་བས་དད་པ་འཁྲུངས། ཡང་བཙུན་མོ་གཉིས་ཀྱིས་རི་དྭགས་བཤོར་བ་ལ་ཡང་མ་དད་པ་ཅུང་ཟད་སྐྱེས་པ་བྱུང༌། དབང་བསྐུར་གདམས་པ་གནང་བས་གནས་ལུགས་གཟིགས་པའི་ཡེ་ཤེས་བརྙེས་ཀྱང་མ་དད་པ་གཉིས་པོ་དེའི་རྟེན་འབྱུང་གི་སྐུ་ལུས་གནས་མ་འགྱུར། སླར་ཡུལ་དབུས་སུ་བྱོན་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། རྗེ་མར་པ་ལོ་ཙཱ་རྗེས་སུ་བཟུང་བ་ཡིན་ཅིང༌། འདི་དང་ཤཱནྟི་པ་རྩོད་པ་བྱས་ཟེར་བ་ནི་མཻ་ཏྲི་པའི་ལྟ་བ་ཐལ་འགྱུར་པ་ཡིན་རྒྱུའི་བསྟོད་ར་གཏོང་འདོད་པའི་རྫུན་བཤད་ཡིན་པ་ནི་ཇོ་ནང་རྗེ་བཙུན་གྱིས། བུདྡྷ་གུཔྟ་ལ་དྲིས་པའི་ལོས་རྒྱུས་ཀྱིས་ཀྱང་ཤེས་ཤིང་འདིར་ནི་ཞར་བྱུང་དུ་སྨྲས་པའོ། །ཞེས་བྱུང་བ་ལྟར། མངའ་བདག་མཻ་ཏྲི་པ་ཆེན་པོ་མཆོག་ཀྱང་ནཱ་ལེནྡྲར་རབ་ཏུ་བྱུང་བའི་པཎ་གྲུབ་སྙན་གྲགས་ཅན་ཞིག་ཡིན་ལ། དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་པའི་ནང་བྱོན་པ་ཡིན་ནོ།།

ལེགས་བཤད་ཀྱི་བསྟན་བཅོས་ལ་ཆ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། ༡༽ རྒྱུད་ཉ་པ་ལ། ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་འགྱུར་བྱང་མེད་པ་འདི་དང༌། འོག་གི་ནགས་རིན་གྱིས་བསྒྱུར་བ་འདི་གཉིས་འགྱུར་ཆད་མི་འདྲ་བ་མ་གཏོགས་ཐ་དད་མེད་ཀྱང་སྔ་མ་རྣམས་ཀྱིས་ཀྱང་གཉིས་ཀ་བྲིས་འདུག་པས་སོ། །༢༽ ཀྱེ་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ། ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ལེགས་པར་བསྒྱུར་བ། འདིའི་གཞུང་ཚད་ནི་རྒྱ་དཔེ་ལ་ཚིགས་སུ་བཅད་པ་བདུན་ཅུ་ལྷག་པའི་སུམ་བརྒྱ་ཞེས་སོ། །༣༽ རྒྱུད་ཏ་པ་ལ། བདག་མེད་མའི་སྒྲུབ་ཐབས་རབ་ཏུ་གསལ་བ། དཔལ་པཎྜི་ཏ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ། སླད་ཀྱིས་དགེ་སློང་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། ༤༽ རྒྱུད་ཞ་པ་ལ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། གྲུབ་པའི་སློབ་དཔོན་བླ་མ་བྷ་རེནྡྲ་རུ་ཙིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ༥༽ དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། བལ་པོ་ཨཱ་ཙཱརྱ་ཛྙཱ་ན་བཛྲའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞང་ཞུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༦༽ དཔལ་འཁོར་ལོ་སྡོམ་པའི་རབ་གནས། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ༧༽ རྒྱུད་འ་པ་ལ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པ། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་གཙང་ཉང་རོ་ཅུང་པའི་གཙུག་ལག་ཁང་ཆེན་པོ་འོམ་ཕུག་གནས་རྙིང་དུ་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ། ༨༽ རྡོ་རྗེ་རྣལ་འབྱོར་མའི་བདེ་བ་མཆོག་གི་སྡོམ་པ་ལ་འཇུག་པ་ངེས་པ་དོན་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཨ་ཝ་དྷཱུ་ཏཱི་པ་དཔལ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་བ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༩༽ རྒྱུད་ཚི་པ་ལ། ནོར་བུ་གླིང་དུ་སྐུ་འཁྲུངས་པའི་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི་སྔགས་དོན་རྣམ་པར་གཟིགས་པ་དང༌། དེའི་རྗེས་སུ་འབྲངས་པའི་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་གཉིས་ཀྱི་དོན་བསྡུས་པ་མཚན་གྱི་སྒྲོན་མེ་ཞེས་བྱ་བ། པྲ་ཛྙཱ་གུ་རུས་མཛད་པ། ༡༠༽ འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་བ་པྲ་ཛྙཱ་ཤྲཱི་ཛྙཱན་ཀཱིརྟིའི་རང་འགྱུར། ༡༡༽ འཇམ་དཔལ་ཡེ་ཤེས་སེམས་དཔའ་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་བ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༢༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་བ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ། ༡༣༽ རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ། དཔལ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་འབྱོར་བ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༤༽ རྨི་ལམ་བརྟག་པ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༥༽ སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བར་བྱེད་པའི་མར་མེ་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༦༽ འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༧༽ ཐིག་ལེ་གྲུབ་པ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༡༨༽ ཐིག་ལེ་གཅིག་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པས་མཛད་པ། རྣལ་འབྱོར་བསོད་སྙོམས་པ་ཆེན་པོ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར་དུ་མཛད་པ། ༡༩༽ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྙིང་པོ་གྲུབ་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་བ་བསོད་སྙོམས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ༢༠༽ སློབ་དཔོན་ཆེན་པོ་མཻ་ཏྲི་པའི་གདམས་ངག་ཉེ་བར་བསྡུས་པ། ༢༡༽ ཐ་དད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་པ་སེལ་བ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་མཚུར་སྟོན་ཡེ་ཤེས་འབྱུང་གནས་ཀྱི་འགྱུར། ༢༢༽ སྔགས་ཀྱི་ལྟ་བ་སྟོན་པ་དབུ་མ་དྲུག་པ། སློབ་དཔོན་མཁས་པ་མཻ་ཏྲིས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། ནག་ཚོའི་འགྱུར། ༢༣༽ ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ། དཔལ་ལྡན་ངེས་པར་སྦྱངས་པ་གཉིས་སུ་མེད་པས་མཛད་པ་དང༌། བླ་མ་བཛྲ་པཱ་ཎི་དང༌། མཚུར་གྱི་འགྱུར། ༢༤༽ རྒྱུད་ཝི་པ་ལ། སྔགས་ཀྱི་སྤྱོད་པ་སྟོན་པ་ལྷན་སྐྱེས་དྲུག་པ། བླ་མ་མཻ་ཏྲི་པས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། མཚུར་གྱི་འགྱུར། ༢༥༽ ལྟ་བ་དཔེས་སྟོན་པ་རྨི་ལམ་ངེས་པར་བསྟན་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༢༦༽ སྤྱོད་པ་དཔེས་སྟོན་པ་སྒྱུ་མ་ངེས་པར་བསྟན་པ་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༢༧༽ ལྟ་བའི་དོན་གཏན་ལ་འབེབས་པའི་རབ་ཏུ་མི་གནས་པ་གསལ་བར་སྟོན་པ་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ༢༨༽ སྤྱོད་པ་གཏན་ལ་འབེབས་པ་དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ། སློབ་དཔོན་གཉིསསུ་མེད་པའི་རྡོ་རྗེས་མཛད་པ། བླ་མ་ཕྱག་ན་དང་མཚུར་གྱི་འགྱུར་ལ། ཕྱིས་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་པ། ༢༩༽ ཐབས་ཤེས་དབྱེར་མེད་དུ་སྟོན་པ་ཟུང་དུ་འཇུག་པ་རབ་ཏུ་གསལ་བར་སྟོན་པཞེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱིས་མཛད་པ། བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། ༣༠༽ སྣང་སྟོང་དབྱེར་མེད་དུ་སྟོན་པ་དགའ་གཅུགས་ལྔ་པ། སློབ་དཔོན་མཻ་ཏྲི་པས་མཛད་པ། བླ་མ་ཕྱག་ནའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་རྨ་བན་གྱི་འགྱུར། ༣༡༽ འཁོར་འདས་དབྱེར་མེད་དུ་སྟོན་པ་མི་ཕྱེད་པ་ལྔ་པ། སློབ་དཔོན་མཻ་ཏྲི་པས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། རྨ་བན་ཆོས་འབར་གྱི་འགྱུར། ༣༢༽ བདེན་གཉིས་ཐ་མི་དད་དུ་སྟོན་པའི་བདེ་བ་ཆེན་པོ་གསལ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། རྨ་བན་ཆོས་འབར་གྱི་འགྱུར། ༣༣༽ ཐེག་པ་ཐུན་མོང་གི་ལྟ་བ་སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༣༤༽ གང་ཟག་གསུམ་གྱི་རྟོགས་ཐབས་སྟོན་པ་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། ༣༥༽ ལྷའི་རྣལ་འབྱོར་གཏན་ལ་འབེབས་པ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ༣༦༽ དབང་གི་དགོས་པ་མདོར་བསྡུས་པ། སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་མཚུར་སྟོན་གྱི་འགྱུར། ༣༧༽ དབང་གི་བྱ་བ་མདོར་བསྡུས་པ། དཔལ་གཉིས་མེད་རྡོ་རྗེས་མཛད་པ། ལོ་ཙཱ་བ་མཚུར་སྟོན་གྱི་འགྱུར། ༣༨༽ རང་བཞིན་ལྔ་པ། དཔལ་གཉིས་མེད་རྡོ་རྗེས་མཛད་པ། ལོ་ཙཱ་བ་མཚུར་སྟོན་གྱི་འགྱུར། ༣༩༽ ཐབས་དང་ཤེས་རབ་རྩེ་བ་ལྔ་པ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། འདི་ཨཱ་མ་ནས་ཀྱི་སྐོར་དུ་མི་བགྲང་བར་སྣང༌། ༤༠༽ དོ་ཧ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་ཨ་ཝ་དྷཱུ་ཏཱི་པས་མཛད་པ་རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནའི་རང་འགྱུར། ༤༡༽ གང་ཟག་གསུམ་གྱི་སྒོམ་ཐབས་སྟོན་པ་ཐེག་པ་ཆེན་པོ་ཉི་ཤུ་པ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཝཱ་ཀ་ར་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ༤༢༽ ཡིད་ལ་མི་བྱེད་པའི་སྒྲ་ལ་རྩོད་པ་སྤོང་བ་ཡིད་ལ་མི་བྱེད་པ་སྟོན་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་གཉན་ཆུང་གི་འགྱུར། ༤༣༽ མཐའ་བྲལ་རྟོགས་པའི་ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་པ། ཨ་ཝ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། ལོ་ཙཱ་བ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། ༤༤༽ ཤེས་པ་སྤྲོ་བསྡུ་མེད་པར་འཇོག་པའི་མན་ངག་གསང་བ་དམ་པ་འདི་གཞན་རྣམ་གྲངས་སུ་མི་བགྲང་བར་སྣང༌། ༤༥༽ དབང་གི་ཁྱད་པར་གཏན་ལ་འབེབས་པ་དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ། སློབ་དཔོན་རྒྱལ་བ་མཻ་ཏྲི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲི་ཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆོས་སྣ་ཉི་ཤུ་རྩ་གཉིས་པོ་དེ་མངའ་བདག་མཻ་ཏྲི་དང༌། མཚན་གྱི་རྣམ་གྲངས་གཉིས་མེད་རྡོ་རྗེ་ཞེས་ཀྱང་བྱ། ཨ་ཝ་དྷཱུ་ཏཱི་པ་ཞེས་ཀྱང་བྱ་བས་མཛད་པའོ། །༤༦༽ རྒྱུད་ཞི་པ་ལ། ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ༤༧༽ ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་པ། དཔལ་ཨ་ཝ་དྷཱུ་ཏཱིའི་ཞབས་ཀྱིས་མཛད་པ། ༤༨༽ མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ༤༩༽ རྒྱུད་ཟི་པ་ལ། རྡོ་རྗེ་བཞིའི་གླུ་ཞེས་བྱ་བ། ཨ་ཝ་དྷཱུ་ཏཱི་གཉིས་མེད་རྡོ་རྗེས་མཛད་པ། ༥༠༽ བླ་མ་མཻ་ཏྲི་པའི་གླུ། ༥༡༽ རྒྱུད་པུ་པ་ལ། ཁྲོ་བོའི་རྒྱལ་པོ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་བལ་པོའི་མན་ངག །རྒྱ་གར་གྱི་བླ་མ་མེ་ཏྲི་པས་མཛད་པ། པཎྜི་ཏ་བལ་པོ་དེ་བ་པུ་བྱ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་བལ་ཡུལ་དུ་བསྒྱུར་བ་དང་། ༥༢༽ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་བླ་མ་མཻ་ཏྲི་པས་མཛད་པ། པཎྜི་ཏ་བལ་པོ་དེ་བ་པུ་བྱ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་བལ་ཡུལ་དུ་བསྒྱུར་བ་གཉིས་དང་། བཅས་བསྟན་བཅོས་རྣམ་གྲངས་ ༥༢ ལྷག་བཞུགས་ཤིང་། གཞན་ཡང་། རྡོ་རྗེ་སྙིང་པོའི་འགྲེལ་པ། ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལེའུ་དྲུག་པ་མན་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ། འདི་སྔོན་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ལས་མ་འགྱུར་བས། སླད་ཀྱིས་བལ་ཡུལ་གྱི་གྲོང་ཁྱེར་རོལ་པ་ཞེས་བྱ་བ་ནས་འབྲོ་དགེ་སློང་ལོ་ཙཱ་བ་ཤེས་རབ་གྲགས་པས་པཎྜི་ཏ་མེ་ཏྲི་ཞབས་ལས་རྙེད་ནས་བོད་ཡུལ་དུ་དཔེ་སྤྱན་དྲངས་ཏེ་བསྒྱུར་བ་སོགས་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༢༢༣
[2] སློབ་དཔོན་མཻ་ཏྲི་པ་ནི། མཁས་པ་ཤནྟི་པ་དང་བརྩད་པར་བཤད་པ་ལྟར་ན། དུས་རབས་ ༡༠ པའི་མཇུག་ཡན་ཆད་ཅིག་ཏུ་བྱོན་སྙམ། མཚན་ལ་གཉིས་མེད་རྡོ་རྗེ་དང་། ཨ་ཝ་དྷཱུ་ཏཱི་པ་ཞེས་ཀྱང་གསོལ། སློབ་དཔོན་ཁོང་ལ་བརྩམས་ཆོས་ནི་དེ་ཁོ་ན་ཉིད་བཅུ་པ་སོགས་བསྟན་བཅོས་དུ་མ་བཞུགས་སོ།།
[3] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༥ན༢
[4] ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༨༤༨
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༠ ནས་ ༤༢༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།