༡༡༽ སློབ་དཔོན་ར་ཏ་བཛྲའི་རྣམ་ཐར།

༡༡༽ སློབ་དཔོན་ར་ཏ་བཛྲའི་རྣམ་ཐར།

 

​དེ་ཡང་སློབ་དཔོན་ར་ཏ་བཛྲ་མཆོག་ཡུལ་གང་དུ་སྐུ་འཁྲུངས་པ་དང་། སློབ་དཔོན་གང་དག་བསྟེན་ནས་གདམས་པ་གང་ཞིག་གསན་པ། དངོས་གྲུབ་གང་ཞིག་ཐོབ་པ་བཅས་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1635-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ལས[1]། (ཌོམྦི་ཧེ་རུ་ཀ) དེའི་སློབ་མ་གྲུབ་པ་བརྙེས་པའི་གཙོ་བོ་ནི།

ཌོམྦི་རིགས་ཀྱི་རྣལ་འབྱོར་མ། སློབ་དཔོན་ཨ་ལ་ལ་བཛྲ། ཧེ་མ་ལ་བཛྲ་སྟེ་གསེར་འཆང་རྡོ་རྗེ། ཡུལ་དབུས་ཀྱི་ར་ཏ་བཛྲ་སྟེ་བཞིའོ། །གཞན་ཡང་ནགས་ཁྲོད་པ་དང་། སློབ་དཔོན་གརྦ་རི་པ་དང༌། ཛ་ཡ་ཤྲཱི་དང་། མི་ཐུབ་ཟླ་བ་དང་། སྒྲ་གཅན་འཛིན་རྡོ་རྗེ་ལ་སོགས་པ་ཡང་སློབ་དཔོན་འདིའི་ཞབས་ལ་རེག་པས་དངོས་གྲུབ་ཕྲ་མོ་ཐོབ་པ་ཡིན་ནོ། །དེ་ལ་གྲུབ་ཐོབ་ཆེན་པོ་ཌོམྦི་པས་གཡུང་མོ་རྣལ་འབྱོར་མ་ལ་གདམས། དེས་ར་ཏ་བཛྲ་ལ། དེས་ནག་པོ་སྤྱོད་པ་ལ་གདམས་ཏེ་བརྒྱུད་པའི་ལུགས་གཅིག་གོ །ཞེས་ཌོམྦི་ཧེ་རུ་ཀའི་སློབ་མའི་གཙོ་བཞིའི་ཡ་གྱལ་དང་། གྲུབ་ཆེན་ནག་པོ་སྤྱོད་པའི་གོང་དུ་ཡུལ་དབུས་སུ་སྐུ་འཁྲུངས་པར་གསུངས་སོ།།

གཞན་ཡང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་བཀའ་བབས་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ལས[2]། གསུམ་པ་གཏུམ་མོའི་བརྒྱུད་འདེབས་ནི། རྡོ་རྗེ་བཙུན་མོ་ཙཎྜ་རྒྱལ་བའི་ཡུམ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ཞབས། །ནག་པོ་བི་རུ་པ་དང་བྱ་རྔོན་པ། །ཀུ་ས་ལི་པའི་ཞབས་ལ་གསོལ་བ་འདེབས། །བི་རཱུ་ཌོམྦི་གཡུང་མོ་རྣལ་འབྱོར་མ། །ར་ཏ་བཛྲ་སྤྱོད་འཆང་དབང་པོའི་ཞབས། །སིངྒ་ལི་མ་མི་ཐུབ་ཟླ་བ་དང༌། །སྒྲ་གཅན་འཛིན་པའི་རྡོ་རྗེ་དཱ་ན་ཤྲཱི། །སོ་སོ་རིག་པ་ཀུ་ས་ལི་བྷ་དྲ། །ཨ་སི་ཏ་མཚན་ཡེ་ཤེས་བཤེས་གཉེན་དང༌། །གཏུམ་མོས་རྣམ་སྨིན་ལུས་སྦྱངས་ཞི་བའི་ཞབས། །དགེ་ཚུལ་རྣལ་འབྱོར་མ་དཔལ་རྒྱ་གར་བ། །རྣམ་གསུམ་བཅུད་འདུས་ཀུན་སྙིང་ཧེ་རུ་ཀ །རིན་རྒྱམ་བློ་གྲོས་ངག་དབང་ཀུན་བཟང་མཚན། །ཀུན་རྣམ་ངག་དབང་རྒྱལ་མཚན་དྲི་མ་མེད། །འོད་གསལ་འགྱུར་མེད་དྲིན་ཅན་བླ་མའི་ཞབས། །ཐུགས་རྗེའི་བདག་ཉིད་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་མཐུ་ཡིས་རྩ་བའི་ལམ་འབྱོངས་ཤིང༌། །བྱིན་གྱིས་བརླབ་ཐོབ་རླུང་བཞི་གཏུམ་མོ་བཞི། །ཐིག་ལེ་གསུམ་དང་རྡོ་རྗེའི་བཟླས་པ་གཉིས། །མཐར་ཕྱིན་མཆོག་གི་གཏུམ་མོ་འགྲུབ་གྱུར་ཅིག །ཅེས་གསུངས་པ་ལྟར། སློབ་དཔོན་སྤྱོད་འཆང་དབང་པོའི་སྔོན་དུ་བྱོན་པར་གསུངས་པ་བཅས་ལས་རྣམ་ཐར་ཞིབ་པ་མ་རྙེད་པས་འགོད་ཐབས་བྲལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ​ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ། པོད།​ ༼༡༽ ༢༠༡༡ ལོ། བོད་ཀྱི་དཔེ་མཛོད་ཁང་། ཤོག་གྲངས་ ༥༣

[2] གདམས་ངག་མཛོད། གླེགས་བམ། ༼༡༧༽ ཤིང་དཔར་དཔེ་རིང་། ༡༩༩༩ ལོ། ཤོག་གྲངས་ ༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༤ ནས་ ༣༩༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *