༄༅། །སྟོན་པ་ཐུགས་རྗེ་ཅན་གྱིས་བཙུན་མོ་དྲུག་ཁྲི་བདེན་པ་ལ་བཀོད་ཚུལ་དང་སྐུ་སྲས་དགྲ་གཅན་འཛིན་གྱི་མ་ཡུམ་གྲགས་འཛིན་མ་སྟོན་པ་ལ་ཆགས་ཚུལ་སོགས་ཀྱི་ལོ་རྒྱུས།
༼འདུལ་བ་ལུང་གཞི་ལས་བཏུས།[1]༽
གང་གི་ཉི་མ་ལ་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ་གྲགས་འཛིན་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་དེའི་ཚེ་བཙུན་མོ་ཡང་དཀའ་བ་སྤྱད་པ་ལ་ཞུགས་པས་གྲགས་འཛིན་མ་མངལ་ཞུམ་པར་གྱུར་ཏོ། །
གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དཀའ་བ་སྤྱད་པ་དོན་མེད་པར་ཐུགས་སུ་ཆུད་ནས་ཅི་བདེར་དབུགས་འབྱིན་པ་དང་། ཅི་བདེར་དབུགས་རྔུབ་པ་དང་། འབྲས་ཆན་དང་ཟན་དྲོན་གྱི་ཞལ་ཟས་མང་པོ་གསོལ་ཞིང་། མར་དང་ཏིལ་མར་གྱིས་སྐུ་བྱུགས་ནས་ཆུ་འཇམ་པོས་སྐུ་འཁྲུ་བར་མཛད་པ་དེའི་ཚེ་བཙུན་མོ་ཡང་ཅི་བདེར་དབུགས་འབྱིན་པ་དང་། ཅི་བདེར་དབུགས་རྔུབ་པ་དང་། འབྲས་ཆན་དང་ཟན་དྲོན་གྱི་ཁ་ཟས་མང་པོ་ཟ་ཞིང་། མར་དང་ཏིལ་མར་གྱིས་ལུས་བྱུགས་ནས་ཆུ་འཇམ་པོས་ལུས་འཁྲུ་བར་བྱེད་པ་དེའི་ཚེ་མངལ་དེ་ཡང་སླར་རྒྱས་པར་གྱུར་ཏོ། །
དེའི་མངལ་གྱི་མཚན་མ་སྐྱེས་པར་གྱུར་པ་དང་། ཤཱཀྱ་རྣམས་ཀྱིས་ཅོ་དྲི་བ་དང་བཅས་པར་སྨྲས་པ། བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཀྱི་ནགས་སུ་བཞུད་ནས་ཁྱོད་ཀྱིས་བྱི་ཕྱིན་ཏོ། །དེས་སྨྲས་པ། ཁོ་མོའི་སྡིག་པ་ཞི་བས་བྱི་མ་ཕྱིན་ཏོ། །ཇི་མངོན་ཁྱོད་ཡིད་ཆེས་པར་བྱའོ། །ཇི་ཙམ་ཞིག་ན་དེ་ཁྱེའུ་ཞིག་བཙས་ཏེ། དེ་ཉི་མ་གང་ལ་བཙས་པའི་ཉི་མ་དེ་ཉིད་ལ་ཟླ་བ་སྒྲ་གཅན་གྱིས་ཟིན་ཏོ། །དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །དེའི་ཉེ་དུ་རྣམས་ཀྱིས་སྨྲས་པ། འདི་བཙས་པ་ན་ཟླ་བ་སྒྲ་གཅན་གྱིས་ཟིན་པས་དེ་བས་ན་ཁྱེའུའི་མིང་ནི་སྒྲ་གཅན་ཟིན་དུ་གདགས་སོ་ཞེས་བཏགས་སོ། །གཞོན་ནུ་བཙས་པ་ན་ཤཱཀྱ་རྣམས་ཡང་དང་ཡང་དུ་གླེང་བ་ཁོ་ནར་བྱེད་ནས། དེས་བདེན་པ་གསོལ་བ་བྱས་ཏེ། སྒྲ་གཅན་ཟིན་བཟང་པོ་བྱང་ཆུབ་སེམས་དཔའི་པང་ཚད་ཀྱི་རྡོ་ལ་ཞོན་ནས་རོལ་པ་རྫིང་གི་ནང་དུ་བཅུག་སྟེ། གལ་ཏེ་འདི་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ན་འཕྱོ་བར་གྱུར་ཅིག་ཅེས་དེ་བཅུག་པ་དང་། དེ་ཕ་རོལ་དུ་བྱུང་ངོ་། །དེས་ཕ་རོལ་ནས་ཚུ་རོལ་དུ་འོང་བར་གྱུར་ཅིག་ཅེས་སྨྲས་པ་དང་། དེ་ཕ་རོལ་ནས་ཚུ་རོལ་དུ་འོངས་ནས་དེ་རྣམས་ངོ་མཚར་སྐྱེས་པར་གྱུར་ཏོ། །
གྲགས་འཛིན་མས་སྨྲས་པ། ཤེས་ལྡན་དག་ཇི་ལྟར་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ཞིང་ཁོ་མོས་བྱི་མ་ཕྱིན་པར་ཡང་ཡིད་ཆེས་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལོ་བཅུ་གཉིས་འདས་པ་ན་སེར་སྐྱའི་གཞིར་བྱོན་ནས་ཉི་མ་གཅིག་ནི་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ། ཉི་མ་གཅིག་ནི་བཙུན་མོའི་ནང་དུ་གསོལ་བ་དེའི་ཚེ་གྲགས་འཛིན་མ་འདི་སྙམ་དུ་སེམས་ཏེ། གང་གིས་ན་བཅོམ་ལྡན་འདས་བདག་གིས་དབང་དུ་འགྱུར་བའི་ཐབས་ལེགས་པ་ཅི་ཞིག་ཡོད་སྙམ་མོ། །སེར་སྐྱའི་གཞི་ན་ཀུན་ཏུ་རྒྱུ་མོ་དབང་དུ་བྱ་བ་ལ་སོགས་པ་ལས་རྣམས་ལ་ཤིན་ཏུ་མཁས་པ་ཞིག་ཡོད་དེ། གྲགས་འཛིན་མས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ནས་ཆེ་ཞེ་ཀཱར་ཥཱ་པ་ཎ་འདི་རྣམས་ལས་དབང་དུ་བྱ་བ་བྱོས་ལ་སྐུར་ཅིག །དེས་དབང་དུ་བྱ་བའི་ལ་དུ་ཞིག་གྲགས་འཛིན་མ་ལ་བསྐུར་བ་དང་། གྲགས་འཛིན་མས་སྒྲ་གཅན་ཟིན་གྱི་ལག་ཏུ་བྱིན་ནས་སྨྲས་པ། བུ་ཁྱོད་ཀྱི་ཡབ་གང་ཡིན་པ་དེ་ལ་ཕུལ་ཅིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལྟ་བུ་མི་མཁྱེན་པ་དང་། མི་གཟིགས་པ་དང་། ཐུགས་སུ་མི་ཆུད་པ་དང་། རྣམ་པར་མི་རིག་པ་ཅི་ཡང་མི་མངའ་བས་བཅོམ་ལྡན་འདས་ཀྱིས་དགོངས་པ། གྲགས་འཛིན་མ་ལ་མི་སྙན་པ་གྲག་གིས་དེ་སྤང་བར་བྱའོ་སྙམ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལྔ་བརྒྱ་སྤྲུལ་པ་དང་། སྒྲ་གཅན་ཟིན་གྱིས་སངས་རྒྱས་ཐམས་ཅད་ལ་བརྟགས་ནས་བཅོམ་ལྡན་འདས་རྒན་པའི་ངང་ལ་བཞུགས་པ་ལ་ཕུལ་ལོ། །
བཅོམ་ལྡན་འདས་ཀྱིས་བཞེས་ནས་སླར་ཡང་དེ་ལ་བྱིན་ཏེ་སྒྲ་གཅན་ཟིན་གྱིས་ཟོས་སོ། །བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་ནས་གཤེགས་པ་དང་། བཅོམ་ལྡན་འདས་ཀྱི་རྗེས་བཞིན་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་འབྲངས་ནས་སླར་བཟློག་ཀྱང་ངུས་ཏེ་སླར་ལྡོག་ཏུ་མ་བཏུབ་བོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། སེམས་ཅན་འདི་ནི་སྲིད་པ་ཐ་མ་པ་ཡིན་པས་འདིས་ཁྱིམ་གྱི་གནས་པས་གནས་མི་ཕོད་དོ་སྙམ་མོ། །སྒྲ་གཅན་ཟིན་གྱིས་བཅོམ་ལྡན་འདས་ཀྱི་ཞལ་འཚོས་པ་དང་། རྒྱལ་པོ་ཟས་གཙང་བཙུན་མོའི་བུད་མེད་དང་ཤཱཀྱ་རྣམས་དང་བཅས་པ་ངོ་མཚར་སྐྱེས་ནས། གྲགས་འཛིན་མ་ལ་ལྷག་པར་མངོན་པར་དགའ་བར་གྱུར་ཏོ། །དེ་ནས་གྲགས་འཛིན་མའི་མི་སྙན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏོ། །
བཅོམ་ལྡན་འདས་ཀྱིས་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་རབ་ཏུ་དབྱུང་བར་བརྩམས་པ། རྒྱལ་པོ་ཟས་གཙང་གིས་ཐོས་ནས་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་རབ་ཏུ་འབྱིན་པར་མཛད་པར་ངེས་པར་ལྟ་ན། དེང་གི་གདུགས་གཅིག་ལ་མཆིས་སུ་གསོལ་ཅིག་དང་། འདི་ལ་དེའི་བར་དུ་བདག་གིས་མཆོད་པ་བགྱིའོ། །རྒྱལ་པོ་ཟས་གཙང་གིས་སྒྲ་གཅན་ཟིན་གྱི་སྐྱེ་བོའི་དུས་སྟོན་ཆེན་པོ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་གཞོན་ནུ་སྒྲ་གཅན་ཟིན་རབ་ཏུ་བྱུང་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལས་མཉན་ནས་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་རབ་ཏུ་བྱུང་ངོ་། །
དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་སྐྱེ་བོའི་ཚོགས་ཆེན་པོའི་དབུས་སུ་བཅོམ་ལྡན་འདས་ལ་དུས་ཞལ་འཚོས་པར་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་མེ་ཏོག་གི་ཕྲེང་བས་ངོ་ཤེས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཁྱེའུ་ཞིག་བཙས་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་བདག་ཅག་གིས་བུ་ལོན་དེད་པ་དང་ནོར་འཕྲོག་པ་སྐྱེས་ཀྱིས་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་འཇུག་ཏུ་འགྲོའོ། །
དེས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །དེ་ཟོང་ཐོགས་ཏེ་རྒྱ་མཚོ་ཆེན་པོར་ཞུགས་པ་ལས་དེ་ཉིད་དུ་ཤིའོ། །དེ་ནས་དེའི་ཆུང་མས་མྱ་ངན་བསང་བ་བྱས་ནས་ལག་ལས་ཀྱི་མཐུ་དང་གཉེན་གྱི་མཐུས་བསྣུན་བསྐྱངས་ཏེ་བསྐྱེད་དོ། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཐ་ག་པ་རང་གི་བཟོ་ལ་མཁས་པ་ཞིག་གནས་ཏེ། དེ་རང་གི་བཟོས་ཐམས་ཅད་གྲུབ་པར་འགྱུར་རོ། །དེས་དེའི་རང་གི་བཟོས་འབྱོར་པ་འགྲུབ་པ་མཐོང་ནས་སྨྲས་པ། ཐ་གའི་ལས་ནི་མཆོག་ཡིན་གྱི། རྒྱ་མཚོར་འཇུག་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེར་སོང་ན་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །དེས་ཐ་ག་པ་དེ་ལ་སྨྲས་པ། མིང་པོ་དཔོན་པོ་འདི་ཡང་ཐ་ག་པའི་ལས་སློབས་ཤིག །དེས་སྨྲས་པ། རུང་གིས་དེ་བཞིན་དུ་བྱའོ་ཞེས་དེས་དེ་ལ་བསླབ་པར་བརྩམས་པ་ན་དེ་སྒྲིན་པོ་གཡེར་བག་ཅན་ཞིག་པས་དེས་དུས་ཐུང་ངུ་ཞིག་གིས་ཐ་ག་པའི་ལས་རྣམས་ལོབས་སོ། །ཐ་ག་པ་དེ་ནི་བཟང་པོས་འཁྲུ་བ་དང་། བཟང་པོ་གྱོན་པ་དང་། ཁ་ཟས་བཟང་པོ་ཟ་ནས་ཁྱེའུ་དེས་སྨྲས་པ། ཞང་པོ་ཁྱོད་ཀྱང་ལས་འདི་ཁོ་ན་བྱེད་ལ་བདག་ཅག་ཀྱང་འདི་ཁོ་ན་བྱེད་པ་ལས་ཅིའི་ཕྱིར་ཁྱོད་ནི་བཟང་པོས་འཁྲུ། བཟང་པོ་གྱོན། ཟས་བཟང་པོ་ལ་ཡོངས་སུ་ལོངས་སྤྱོད་ལ། བདག་ནི་མི་འགྲུབ། དེས་སྨྲས་པ། ཚ་བོ་བདག་ནི་ལས་གཉིས་བྱེད་དེ། ཉིན་པར་ནི་ཐ་ག་པའི་ལས་སོ། །ནུབ་མོ་ནི་རྐུན་པོ་བྱེད་དོ། །
དེས་སྨྲས་པ། ཞང་པོ་གལ་ཏེ་དེ་ལྟ་ན་བདག་ཀྱང་རྐུན་པོ་བགྱིའོ། །ཚ་བོ་ཁྱོད་ཀྱིས་རྐུན་པོ་བྱེད་མི་ནུས་སོ། །ཞང་པོ་ནུས་སོ། །དེས་བསམས་པ། རེ་ཞིག་འདི་བགམ་པར་བྱའོ་སྙམ་ནས་དེ་ཁྲིད་དེ་ཚོང་འདུས་སུ་སོང་ནས་དེས་དེར་རི་བོང་ཞིག་ཉོས་ཏེ་དེ་ལ་གཏད་ནས་ཚ་བོ་རེ་ཞིག་སྲེགས་ཤིག་དང་། དེའི་བར་དུ་བདག་ཁྲུས་བྱས་ནས་འོང་ངོ་ཞེས་དེ་ཁྲུས་བྱེད་དུ་སོང་བ་དང་། དེས་དེ་མྱུར་བ་མྱུར་བ་ཞིག་ཏུ་བསྲེགས་ནས་གཟུགས་གཅིག་ཟོས་སོ། །ཐ་ག་པ་དེ་ཁྲུས་བྱས་ནས་འོངས་ཏེ་ཚ་བོ་རི་བོང་བསྲེགས་སམ། ཞང་པོ་བསྲེགས་སོ། །འོ་ན་བལྟའོ། །དེས་དེ་བྱིན་པ་དང་རྐང་ལག་གསུམ་མཐོང་ནས་སྨྲས་པ། ཚ་བོ་རི་བོང་འདིའི་གཟུགས་བཞི་པ་ཤོས་གར་སོང་། དེས་སྨྲས་པ། ཞང་པོ་རི་བོང་ལ་གཟུགས་བཞི་པ་ཡོད་ཀྱང་མེད་ན་གར་འགྲོ། དེས་བསམས་པ། རེ་ཞིག་བདག་ཀྱང་རྐུན་མ་ཡིན་ན། འདི་ནི་རྐུན་ཆེན་ཡིན་ནོ་སྙམ་ནས། དེས་དེ་དང་རི་བོང་གཟུགས་གསུམ་པོ་ཁྱེར་ཏེ་ཆང་འཚོང་གི་ཁྱིམ་ཞིག་ཏུ་ཞུགས་ནས་ཚ་བོ་ཆང་བཏུང་ངམ། བཏུང་ངོ་། །དེ་གཉིས་ཀྱིས་འཐུངས་ནས་ཐ་ག་པས་སྨྲས་པ། ཚ་བོ་ཆང་རིན་ནི་གྱ་གྱུས་དགང་ངོ་། །
དེས་སྨྲས་པ། ཞང་པོ་སུས་འཐུངས་པ་དེ་གྱ་གྱུ་བྱེད་གྲང་། བདག་གིས་ནི་མ་འཐུངས་པས་གྱ་གྱུ་བྱར་ཅི་ཡོད། ཐ་ག་པ་དེས་བསམས་པ། འདི་ནི་རྐུན་ཆེན་ཡིན་པས་ལྷན་ཅིག་རྐུན་མ་བྱ་ནུས་སོ་སྙམ་ནས་དེ་དེ་དང་ལྷན་ཅིག་ཁྱིམ་འབིགས་པའི་རྐུན་མ་ལ་ཞུགས་ཏེ། དེ་གཉིས་ཀྱིས་ཁྱིམ་ཕུག་ནས་ཐ་ག་པ་དེས་བུ་གར་མགོ་བཅུག་པ་དང་དེས་སྨྲས་པ། ཞང་པོ་ཁྱོད་རྐུན་མ་བྱེད་ཀྱང་ཐབས་མི་ཤེས་ཏེ། ཐོག་མར་རྐང་པ་གཞུག་པར་བྱའི་མགོ་ནི་མ་ཡིན་ནོ། །གལ་ཏེ་མགོ་བཅད་པར་གྱུར་ན་ངོ་ཤེས་པས་རིགས་ཐམས་ཅད་བརླག་པར་འགྱུར་གྱིས་རྐང་པ་ཆུག་ཅིག །དེས་རྐང་པ་བཅུག་པ་དང་། ཚོར་ནས་རྐུན་པོ་རྐུན་པོ་ཞེས་ཀུ་ཅོ་བཏོན་ནས་སྐྱེ་བོའི་ཚོགས་ཆེན་པོས་རྐང་པ་གཉིས་ནས་བཟུང་ནས་འཐེན་ཏོ། །དེ་ནི་གཅིག་པུ་ཡིན་པས་སླར་འདྲེན་མ་ནུས་ནས་མགོ་བཅད་དེ་ཁྱེར་ཏེ་སོང་ངོ་། །
བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རྐུན་པོ་གཅིག་པུ་གར་ཞུགས་པ་ལས་ཟིན་ན། དེའི་མགོ་གཅིག་གིས་བཀུམ་ནས་འཚལ་ཏེ་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མགོ་བཅད་དེ་ཁྱེར་ཏེ་སོང་བ་གང་ཡིན་པ་དེ་ནི་རྐུན་ཆེན་ཡིན་ནོ། །དེང་ལ་རོ་མགོ་རྡུམ་དེ་ལམ་པོ་ཆེའི་བཞི་མདོར་ཞོག་སྟེ་ཕྱོགས་དབེན་པར་འཁོད་དང་། དེ་ལས་བཟུང་སྟེ་ཆོ་ངེ་འདེབས་པ་ཡོད་ན་དེ་ནི་རྐུན་པོ་ཡིན་གྱིས་དེ་ཟུངས་ཤིག །དེ་ནས་རྒྱལ་པོའི་མི་དེ་རྣམས་ཀྱིས་རོ་མགོ་རྡུམ་དེ་ལམ་པོ་ཆེའི་བཞི་མདོར་བཞག་ནས་ཕྱོགས་དབེན་པར་བསྡད་དོ། །རྐུན་པོ་ཅིག་ཤོས་དེས་བསམས་པ། བདག་གིས་ཞང་པོའི་མགུལ་ནས་འཇུས་ཏེ་ངུད་མོས་མི་གདབ་པ་ལྟ་མི་སྲིད་དོ་སྙམ་ནས། དེས་བདག་ཉིད་སྨྱོན་པའི་ཆ་བྱད་དུ་ཞུགས་ནས་བུད་མེད་ཀྱི་མགུལ་ནས་ཀྱང་འཇུས། སྐྱེས་པ་དང་། ཤིང་རྟ་དང་། རྟ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ཁྱིའི་མགུལ་ནས་ཀྱང་འཇུ་བར་བརྩམས་ནས་གང་གི་ཚེ་འཇིག་རྟེན་གྱིས་སྨྱོས་པར་ཤེས་པ་དེའི་ཚེ་རོ་མགོ་རྡུམ་པང་དུ་བླངས་ཏེ་ཇི་ཙམ་འདོད་ཀྱི་བར་དུ་ངུས་ནས་སོང་ངོ་། །
རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། སྨྱོན་པ་ཞིག་གིས་རོ་མགོ་རྡུམ་དེ་པང་དུ་བླངས་ཏེ་ཇི་ཙམ་འཚལ་གྱི་བར་དུ་ངུས་ནས་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་མ་ཅིག་ཤོས་ཡིན་ན། དེ་མ་བཟུང་བ་མ་ལེགས་པ་ཞིག་བྱས་ཀྱིས་དེ་ཟུངས་ཤིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོ་ལ་བཀུར་སྟི་མི་བྱ་བ་ལྟ་མི་སྲིད་དོ་སྙམ་ནས་དེས་ཤིང་རྟ་པའི་ཆ་བྱད་དུ་བྱས་ནས་ཤིང་རྟ་ཤིང་སྐམ་གྱིས་བཀང་སྟེ། ཕྱོགས་དེར་འོངས་ནས་དེའི་སྟེང་དུ་ཤིང་རྟ་ཤིང་སྐམ་གྱིས་བཀང་བ་བཞག་སྟེ་གླང་བཀྲོལ་ནས་ཤིང་རྟ་མེས་བཏང་སྟེ་སོང་བ་དང་། མེ་དེས་རོ་མགོ་རྡུམ་དེ་ཡང་ཚིག་གོ །
རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རྐུན་པོ་གཅིག་པོ་དེ་བསྲེགས་ལགས་སོ། །སུས་དེ་དག་གིས་ལྟར་གྱུར་པ་རྣམས་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཤིང་རྟ་པ་གང་ཡིན་པ་དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ཏེ། དེ་མ་བཟུང་བ་མ་ལེགས་པ་ཞིག་བྱས་ཀྱིས་ཟུངས་ཤིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོ་ལ་དུར་ཁྲོད་དུ་མཚུན་གྱི་བྱ་བ་མ་བྱས་པ་ནི་མི་སྲིད་དོ་སྙམ་ནས། དེས་བྲམ་ཟེའི་ཆ་བྱད་དུ་བྱས་ནས་ཁྱིམ་ནས་ཁ་སློང་ཞིང་བརྒྱུས་ཏེ་བསླངས་པ་དེ་ལས་དེའི་ཕངས་ཤ་ལྔ་བྱས་ནས་དུར་ཁྲོད་དུ་བཞག་སྟེ་སོང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་བྲམ་ཟེ་ཞིག་གིས་ཁྱིམ་ནས་སློང་ཞིང་བརྒྱུས་ཏེ་ཕྱོགས་གང་དུ་རོ་མགོ་རྡུམ་བསྲེགས་པ་དེར་དེས་ཕངས་ཤ་ལྔ་བགྱིས་ཏེ་བཞག་སྟེ་མཆིས་ལགས་སོ། །
རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ན། དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་ཞང་པོའི་རུས་པ་རྣམས་གང་གཱར་མི་འདོར་བ་ལྟ་མི་སྲིད་དོ་སྙམ་ནས། དེས་ཐོད་པ་ཅན་གྱི་ཆ་བྱད་དུ་བྱས་ཏེ་ཕྱོགས་དེར་སོང་ནས་དེས་དེར་ལུས་ཐལ་བས་བྱུགས་ཤིང་རུས་པ་དང་ཐལ་བས་ཐོད་པ་བཀང་ནས་གང་གཱར་ཕོ་སྟེ་སོང་ངོ་། །རྒྱལ་པོའི་མི་རྣམས་ཀྱིས་རྒྱལ་པོ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེ་ཉིད་རྐུན་པོ་ཅིག་ཤོས་ཡིན་ན་དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །
མདོར་ན་ཁྱེད་འདུག་ཅིག་དང་། ངས་དེ་གཟུང་ངོ་ཞེས་རྒྱལ་པོས་གང་གཱའི་གྲུའི་ནང་དུ་སྐྱེད་མོས་ཚལ་བྱེད་དུ་བཅུག་སྟེ། འགྲམ་གཉིས་སུ་སྲུང་མའི་མི་དག་བཀོད་ནས་རྒྱལ་པོའི་བུ་མོ་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ་ཞིག་ཆུའི་སྐྱེད་མོས་ཚལ་དེར་བཞག་སྟེ་བསྒོ་བ། གལ་ཏེ་ཁྱོད་ལ་འགའ་ཞིག་གིས་བཟུང་དང་སྐད་ཕྱུངས་ཤིག །སྲུང་མའི་མི་རྣམས་ལ་ཡང་བསྒོ་བ། གང་གི་ཚེ་སྐད་འབྱིན་པ་དེའི་ཚེ་ཁྱེད་ཅག་ཆུའི་སྐྱེད་མོས་ཚལ་དུ་དེངས་ཤིག །དེ་ན་གལ་ཏེ་མི་འགའ་ཞིག་ཡོད་པ་དང་། དེ་བཟུང་ལ་ང་ལ་ཕུལ་ཅིག །རྐུན་པོ་ཅིག་ཤོས་ཀྱིས་བསམས་པ། བདག་གིས་རྒྱལ་པོའི་བུ་མོ་དང་ལྷན་ཅིག་དགའ་མགུར་མ་སྤྱད་དུ་མི་གཏོང་ངོ་སྙམ་ནས་དེ་གང་གཱའི་བབ་ཕྱོགས་ཤིག་ཏུ་འདུག་སྟེ། དེས་དེར་རྫེའུ་སྟོང་པ་ཞིག་ཏུ་ཆུ་བསྐུར་བར་བརྩམས་སོ། །
གཅིག་བསྐུར་བ་དང་སྲུང་མའི་མི་རྣམས་ཀྱིས་རྐུན་པོའོ་སྙམ་ནས་བསྙགས་ཏེ་དེ་དག་གིས་དེ་ལ་ཐལ་མོ་གཅིག་བསྣུན་ནས་བཅག་གོ །གཉིས་པ་ཤོས་བསྐུར་བ་དང་། དེ་ཡང་བཅག་གོ །གསུམ་པ་ཤོས་བསྐུར་བ་དང་། དེ་ཡང་བཅག་ནས་སྲུང་མ་དག་ན་རེ་འདི་དག་ནི་རྫེའུ་སྟོང་པ་ཆུས་ཁྱེར་བ་ཡིན་ནོ་ཞེས་བག་བོར་ཏེ་འདུག་གོ །དེ་ནས་རྐུན་པོ་ཅིག་ཤོས་པོ་དེས་རྫེའུ་ཞིག་གི་ནང་དུ་མགོ་བཅུག་ནས་རྒྱུན་ཕྱོགས་སུ་བརྐྱལ་ཏེ། ཕྱོགས་དེར་ཕྱིན་པ་དང་དེ་ནས་གྲུ་ལ་འཛེགས་ནས་བུ་མོ་ལ་སྨྲས་པ། ཁྱོད་བསད་ད་རེ་སྒྲ་མ་འབྱིན་ཅིག །དེ་སྐྲག་ནས་ཅང་མི་སྨྲ་བར་འདུག་པ་དང་། དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱད་ནས་སོང་ངོ་། །དེས་ངུ་བར་བརྩམས་ཏེ། ཤེས་ལྡན་དག་རྐུན་པོ་ཅིག་ཤོས་ཀྱིས་ཁོ་མོ་ལ་དགའ་མགུར་སྤྱད་ནས་སོང་ངོ་། །
སྲུང་མ་རྣམས་ཀྱིས་སྨྲས་པ། གང་གི་ཚེ་དགའ་མགུར་སྤྱད་པ་དེའི་ཚེ་ཅང་མི་སྨྲ་བར་འདུག་ལ། གང་གི་ཚེ་དགའ་མགུར་སྤྱད་ནས་སོང་བ་དེའི་ཚེ་དུས་ན་ད་གང་དུ་བཙལ་བར་བྱ། སྲུང་མ་རྣམས་ཀྱིས་རྒྱལ་པོ་ལ་ཇི་ལྟར་གྱུར་པ་སྨྲས་སོ། །རྒྱལ་པོས་སྨྲས་པ། དེ་མ་བཟུང་བ་ནི་མ་ལེགས་པ་ཞིག་བྱས་སོ། །བུ་མོ་དེ་རྐུན་པོ་དང་ལྷན་ཅིག་དགའ་མགུར་སྤྱད་པས་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་ཞིག་བཙས་སོ་ཞེས་རྐུན་པོ་ཅིག་ཤོས་ཀྱིས་ཐོས་ནས་དེས་བསམས་པ། བདག་གི་བུ་བཙས་པའི་དགའ་སྟོན་མ་བྱས་པར་མི་བཏང་ངོ་སྙམ་ནས། དེས་ནང་ཀོར་མའི་ཆ་བྱད་དུ་བྱས་ནས་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་སྟེ་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ལྷའི་ཞལ་ནས་ཚོང་རྡལ་དུ་ཕྲོག་རློམ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་རྣམས་ཀྱིས་བསམས་པ། རྒྱལ་པོའི་དཔོན་པོ་བཙས་པས་དེས་ན་བདག་ཅག་ཚོང་རྡལ་དུ་ཕྲོག་རློམ་བྱེད་དུ་བཅུག་གོ་སྙམ་ནས། དེ་རྣམས་ཕྲོག་རློམ་བྱ་བར་བརྩམས་པ་ན་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་བྱུང་ནས་རྒྱལ་པོས་སྨྲས་པ་དེ་ཅི་ཡིན། བློན་པོ་རྣམས་ཀྱིས་རྒྱས་པར་སྨྲས་སོ། །
དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ང་ཡང་དེས་བསླུས་པར་གྱུར་གྱིས། རྒྱལ་སྲིད་དོར་བའམ་དེ་ཆད་པས་གཅད་པ་ཞིག་བྱའོ། །སྙམ་དུ་བསམས་ནས། དེར་འཁོར་གྱི་ཁྱམས་རྩིག་ཏུ་བཅུག་སྟེ། དུས་ཆུང་ངུ་ཞིག་བསྡད་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཡུལ་འཁོར་དུ་དྲིལ་འདི་སྐད་དུ་སྒྲོགས་སུ་ཆུག་ཅིག །ཡུལ་འཁོར་ན་སྐྱེས་པ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་སྙད་མ་འདོགས་པར་འཁོར་གྱི་ཁྱམས་སུ་འདུས་ཤིག །སུ་མ་འདུས་པ་དེ་ནི་ཆད་པས་གཅད་དོ་ཞེས་སྒྲོགས་ཤིག །བློན་པོ་རྣམས་ཀྱིས་དྲིལ་སྒྲོགས་སུ་བཅུག་ནས་ཡུལ་འཁོར་ན་གནས་པའི་སྐྱེས་པ་ཐམས་ཅད་འདུས་པ་དང་། དེ་ནས་རྒྱལ་པོས་ཁྱེའུ་དེ་ལ་མེ་ཏོག་གི་ཕྲེང་བ་ཞིག་བྱིན་ནས་བསྒོ་བ། ཁྱོད་ཀྱི་ཕ་གང་ཡིན་པ་དེ་ལ་བྱིན་ཅིག །སྲུང་མའི་སྐྱེས་པ་རྣམས་ལ་བསྒོ་བ། ཁྱེའུ་འདིས་སུ་ལ་མེ་ཏོག་ཕྲེང་བ་བྱིན་པ་དེ་ཁྱེད་ཅག་གིས་ཟུང་ལ་ང་ལ་ཕུལ་ཅིག །དེ་ནས་ཁྱེའུ་དེ་མེ་ཏོག་གི་ཕྲེང་བ་དེ་ཁྱེར་ནས་སྐྱེ་བོའི་ཚོགས་ལ་རྟོག་ཅིང་རྒྱུ་བ་ན་དེས་རྐུན་པོ་ཅིག་ཤོས་པོ་དེ་མཐོང་ངོ་། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་དེས་དེ་ལ་མེ་ཏོག་ཕྲེང་བ་བྱིན་པ་དང་། རྒྱལ་པོའི་མི་རྣམས་ཀྱིས་རྐུན་པོ་ཅིག་ཤོས་པོ་དེ་བཟུང་ནས་རྒྱལ་པོ་ལ་ཕུལ་ལོ། །
རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་རྣམས་ཀྱིས་སྨྲས་པ། ལྷ་དགུམ་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་སྐྱེས་བུ་འདི་ལྟ་བུའི་དཔའ་བོ་ག་ལ་གསད། འདི་ལ་སྤྱན་རས་ཀྱིས་བཙའ་བར་བྱའོ་ཞེས་དེས་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་དེ་ལ་ཆུང་མར་བྱིན་ཏེ། རྒྱལ་སྲིད་ཕྱེད་ཀྱང་བགོས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྐུན་པོ་ཅིག་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དེའི་བུ་གང་ཡིན་པ་དེ་ནི་སྒྲ་གཅན་ཟིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ང་ལ་འདིས་མེ་ཏོག་གི་ཕྲེང་བས་ངོ་ཤེས་སོ། །ད་ལྟར་ཡང་འདིས་ང་ལ་དུས་ངོ་ཤེས་པར་བྱས་སོ། །
དགེ་སློང་དག་དེ་ལྟ་བས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པས་ལས་ཀྱི་གནས་པ་ལ་གོམས་པར་བྱའོ། །གྲགས་འཛིན་མས་བསམས་པ། གལ་ཏེ་སྒྲ་གཅན་ཟིན་གྱི་ཡབ་ཕོ་བྲང་དུ་གཤེགས་དང་། ཇི་ལྟར་ཡང་སླར་གཤེགས་པར་མི་འགྱུར་བ་དེ་ལྟ་བུར་སྤྱད་པར་བྱའོ་སྙམ་ནས། དེ་ནས་བདག་ཉིད་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཤིན་ཏུ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་དང་། བདུག་པས་བསྒོས་པའི་གོས་རྣམས་ཀྱིས་བཀླུབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་འདུལ་བའི་སྐྱེ་བོ་ལ་གཟིགས་ནས་ཕོ་བྲང་གི་ནང་དུ་ཞུགས་སོ། །དེ་ནས་གྲགས་འཛིན་མ་དང་། རི་དྭགས་སྐྱེས་དང་། ས་འཚོ་མ་ལ་སོགས་ཏེ་བུད་མེད་དྲུག་ཁྲི་གཟུགས་དང་། ལང་ཚོ་དང་། དྲེགས་པའི་རྒྱགས་པས་ཟིན་ཅིང་ཡིད་ལ་གཅགས་པས་གཡེན་སྤྱོ་ཞིང་བསྐྱོད་པ་ན་གསེར་གྱི་འོག་པག་ལྷོད་པར་བཅིངས་པ་མང་པོ་འཁྲོལ་ཞིང་སྒྲ་འབྱིན་ལ། འཛུམ་པའི་གླུ་དབྱངས་སྙན་པ་དང་། མིག་དང་སྨིན་མ་སྐྱོད་ཅིང་ནུ་མ་དང་། ཡན་ལག་རྣམས་གསལ་བར་སྟོན་པ། བུད་མེད་ཀྱི་ཚུལ་གྱིས་སྟེག་ཆོས་རྣམས་བསྟན་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་གདུགས་ཚོད་གསོལ་ན་འདུལ་བའི་སྐྱེ་བོའི་དུས་ལས་ཀྱང་འདས་པར་འགྱུར་ལ། བུད་མེད་འདི་རྣམས་ཀྱང་འདོད་ཆགས་ཀྱིས་གདུངས་པས་བདེན་པའི་སྣོད་དུ་མི་འགྱུར་གྱིས་འདི་ལྟར་སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་མ་ལ་ངས་ཕོ་བྲང་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པས་དད་པར་བྱའོ་སྙམ་དུ་དགོངས་ཏེ། ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ་འཆག་པ་དང་། བཞེངས་པ་དང་། བཞུགས་པ་དང་། མནལ་བ་མཛད་དོ། །
མེའི་ཁམས་ལ་ཡང་སྙོམས་པར་འཇུག་པར་མཛད་དེ། མེའི་ཁམས་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་མཛད་དེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་དག་གོ །གཞན་ཡང་ཆོ་འཕྲུལ་ཟུང་དུ་སྟོན་པར་བྱེད་དེ། སྐུའི་སྨད་ནས་འབར་བར་མཛད་ལ་སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དེ། སྐུའི་སྟོད་ནས་མེ་འབར་བར་མཛད་ལ་སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མངོན་པར་འདུ་མཛད་པ་སླར་བསྡུས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །
དེ་ནས་བུད་མེད་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དག་མཐོང་ནས་དད་པར་གྱུར་ཏེ། ཤིང་རྩ་བ་ནས་བཅད་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔ་ན་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས། གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། ས་འཚོ་མ་དང་། རི་དྭགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །
གྲགས་འཛིན་མ་ནི་ལྷག་པར་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པས་བདེན་པ་མཐོང་བར་མ་བྱས་ཏེ། དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་བཅོམ་ལྡན་འདས་རོའི་སྲེད་པས་དབང་དུ་བྱའོ་སྙམ་དུ་བསམས་ནས། རང་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཆེད་དུ་བཟའ་བ་དང་བཏུང་བ་དག་གཡོས་ནས་བདག་རང་གི་ལག་ནས་བཅོམ་ལྡན་འདས་ལ་འབུལ་བར་བྱའོ་ཞེས་པ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ་བཅོམ་ལྡན་འདས་ལ་གྲགས་འཛིན་མ་ནི་རང་གི་ལག་ནས་བགྱིས་པའི་རོའི་སྲེད་པས་དབང་དུ་བགྱི་བར་འཚལ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ང་སྔོན་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པས་རོ་སོ་སོར་ཉམས་སུ་མྱོང་ཞིང་རོ་སོ་སོའི་ཆགས་པ་ཉམས་སུ་མྱོང་བ་ལས་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་ཏེ། རོ་སོ་སོར་ཉམས་སུ་མྱོང་ཡང་རོ་ལ་སོ་སོར་ཆགས་པར་འགྱུར་བའི་ཉམས་སུ་མྱོང་བ་མེད་ན། ད་ང་ལ་གྲགས་འཛིན་མས་རོའི་སྲེད་པས་ཇི་ལྟར་དབང་དུ་བྱ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་གྲགས་འཛིན་མས་དབང་དུ་བགྱི་བའི་སླད་དུ་ལ་དུས་དབང་དུ་བགྱི་བར་བརྩམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ད་ལྟར་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་ལྟར་འདིས་འདས་པའི་དུས་ན་ཡང་དགའ་བར་འགྱུར་བས་དབང་དུ་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་རྡལ་མེད་པའི་དགོན་པའི་གནས་མེ་ཏོག་དང་། འབྲས་བུ་དང་། ཆུ་དང་། རྩ་བ་ཕུན་སུམ་ཚོགས་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པ་རྩ་བ་དང་། འབྲས་བུ་དང་། ཆུ་ལ་ལོངས་སྤྱོད་པ། པགས་པ་དང་ལོ་མ་གྱོན་པ་ཞིག་གནས་ཏེ། དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པས་དེ་ལ་རི་དྭགས་གདུག་པ་རྣམས་ཀྱང་འདྲིས་པའི་གནས་པས་བསྟི་གནས་ན་གནས་སོ། །
དེ་ཕྱོགས་གཞན་ཞིག་ཏུ་གཅི་བའི་ཕྱིར་སོང་བ་ན་རི་དྭགས་མོ་ཞིག་རྗེས་བཞིན་རྗེས་བཞིན་དུ་འབྲེང་ངོ་། །དེས་ཁུ་བ་དང་བཅས་པར་གཅིས་པ་དེ་རི་དྭགས་མོ་དེས་འཐུངས་ནས་ལྕེས་མོ་མཚན་ལ་བལྡགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་འབྱུང་བའི་དུས་སུ་ཕྱོགས་དེར་འོངས་ནས་ཁྱེའུ་ཞིག་བྱུང་བ་དང་དེས་དྲི་བསྣམས་ན་རིས་མི་མཐུན་པའི་སེམས་ཅན་ཡིན་ཏེ། སྐྲག་ནས་གཅིན་རྟུག་ཤོར་ནས་བོར་ཏེ་སོང་ངོ་། །ཇི་ཙམ་ཞིག་ན་དྲང་སྲོང་དེ་ཕྱོགས་དེར་ཕྱིན་པ་དང་། དེས་ཁྱེའུ་དེ་མཐོང་ནས་འདི་སུའི་བུ་ཡིན་སྙམ་པའི་བསམ་པ་ལ་ཞུགས་པ་ན། བདག་ཉིད་ཀྱི་ཡིན་པར་མཐོང་ནས་དེས་དེ་བསྟི་གནས་སུ་ཁྱེར་ཏེ་བསྣུན་བསྙོད་ནས་བསྐྱེད་དེ། དེ་ཆེན་པོར་གྱུར་པ་དང་མགོ་ལ་རི་དྭགས་ཀྱི་རྭ་སྐྱེས་པར་གྱུར་ཏེ། དེ་ལ་རི་དྭགས་ཀྱི་རྭ་འདྲ་བ་ཡོད་པས་དྲང་སྲོང་རྭ་ཅན་དྲང་སྲོང་རྭ་ཅན་ཞེས་བྱ་བར་གྱུར་ཏོ། །
ཇི་ཙམ་ན་དྲང་སྲོང་དེ་ནད་ཀྱིས་ཐེབས་པར་གྱུར་ནས། དྲང་སྲོང་དེ་དང་མཐུན་པའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་ནད་ཞི་བར་མ་གྱུར་ཏེ། གང་གི་ཚེ་དེ་འཆི་བ་ལ་ཐུག་པའི་ཚོར་བ་སྐྱེས་ནས་རིང་པོ་མི་ཐོགས་པར་འཆི་བར་འགྱུར་བ་དེའི་ཚེ་དེས་བུ་དེ་ལ་སྨྲས་པ། བུ་བསྟི་གནས་འདིར་ཕྱོགས་སྣ་ཚོགས་ན་གནས་པའི་དྲང་སྲོང་རྣམས་དུས་དུས་སུ་འོང་གིས་ཁྱོད་ང་ལ་དགའ་བས་དེ་རྣམས་ལ་ཀུན་ཏུ་སྤྱོད་པའི་ཆོས་ཀྱིས་འོངས་པ་ལེགས་སོ་ཞེས་བརྗོད་པས་ཡང་དག་པར་དགའ་བར་བྱ་ཞིང་། སྟན་ལ་མགྲོན་དུ་བོས་ལ་རྩ་བ་དང་། འབྲས་བུ་ཅི་ནུས་པར་སྟོབས་ཤིག་ཅེས་སྨྲས་ནས།
བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་ཀུན་གྱི་མཐའ་ལྟུང་འགྱུར། །
ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །
ཞེས་བྱ་བ་ཡིན་པས་དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེས་དེ་དྲང་སྲོང་གི་ཆོས་བཞིན་དུ་བསྲེགས་ཏེ། དེ་ཕ་དང་བྲལ་བའི་མྱ་ངན་གྱིས་ནོན་པས་སྐྱོ་བ་སྐྱེས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེས་དུས་གཞན་ཞིག་ན་ཆུའི་དོན་དུ་བུམ་པ་ཁྱེར་ནས་སོང་བ་ན་ལྷས་ཆར་དབབ་པར་བརྩམས་སོ། །དེ་ཆུས་བུམ་པ་བཀང་ནས་ཁྱེར་ཏེ་འོང་བ་འགྲེད་ནས་རྡེག་འཆོས་སོ། །དྲང་སྲོང་རྣམས་ནི་མྱུར་དུ་ཁྲོ་བ་ཡིན་པས་དེས་ཆུ་ཉུང་ཞིག་བླངས་ཏེ་གཏོར་ནས་དམོད་པ་བོར་བ་སྤྱོད་པ་ངན་པ་ཅན་ཁྱོད་ཀྱིས་བུམ་པ་ཆུས་བཀང་བ་ཆག་པར་བྱས་ཀྱིས། དེ་ལྟ་བས་ན་ཁྱོད་ཉི་མ་འདི་ནས་བཟུང་སྟེ་ལོ་བཅུ་གཉིས་སུ་ཆར་མི་འབེབས་པར་གྱུར་ཅིག་ཅེས་བྱས་པས་ལྷ་ཆར་མི་འབེབས་པར་གྱུར་ཏོ། །
བཱ་རཱ་ཎ་སཱིར་མུ་གེ་ཆེན་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀུན་ཏུ་དོང་ངོ་། །རྒྱལ་པོས་ལྟས་མཁན་རྣམས་བཀུག་སྟེ་སྨྲས་པ། ཤེས་ལྡན་དག་སུ་ཞིག་གི་མཐུས་ན་ལྷ་ཆར་མི་འབེབས། དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་ཁྲོས་པས་ལགས་སོ། །ཇི་སྟེ་དྲང་སྲོང་དེ་དཀའ་ཐུབ་དེ་ལ་བསྐྱོད་པར་ནུས་ན་ལྷ་དེ་བཞིན་དུ་ཆར་འབེབས་ཀྱི་གཞན་དུ་ན་ནི་མ་ལགས་སོ། །རྒྱལ་པོ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བཙུན་མོ་དང་། བློན་པོ་དང་། གཞོན་ནུ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཐུགས་མི་དགྱེས། དེས་སྨྲས་པ། དྲང་སྲོང་ཁྲོས་པས་ལྷ་ཆར་མི་འབེབས་ལ་ལྟས་མཁན་རྣམས་ཀྱང་འདི་སྐད་ཅེས་གལ་ཏེ་དྲང་སྲོང་དེ་དཀའ་ཐུབ་དེ་ལས་བསྐྱོད་ན་དེ་བཞིན་དུ་ལྷ་ཆར་འབེབས་ཀྱི། གཞན་དུ་ན་མ་ཡིན་ནོ་ཞེས་ཟེར་ཏེ། དཀའ་ཐུབ་དེ་ལ་སུ་ཞིག་གིས་བསྐྱོད་པར་ནུས་པ་མི་ཤེས་སོ། །རྒྱལ་པོ་དེའི་བུ་མོ་ཞི་ལྡན་མ་ཞེས་བྱ་བ་དེས་སྨྲས་པ། ལྷ་གལ་ཏེ་དེ་ལྟ་ན་ཐུགས་ལས་ཆུང་ངུར་མཛོད་ཅིག་དང་། བདག་གིས་དྲང་སྲོང་དེ་དཀའ་ཐུབ་དེ་ལས་ཇི་ནས་ཀྱང་གཡོས་པར་གྱུར་པ་དེ་ལྟར་བགྱིའོ། །
དེས་སྨྲས་པ། ཐབས་ཅི་ཞིག་གིས་བྱ། དེས་སྨྲས་པ། བདག་དང་བུད་མེད་གཞན་རྣམས་བྲམ་ཟེ་རྣམས་ལ་གསང་ཚིག་འདོན་དུ་སྩོལ་ཅིག །གྲུ་ཟམ་གྱི་བསྟི་གནས་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་བགྱིད་དུ་སྩོལ་ཅིག །དེས་དེ་དང་བུད་མེད་གཞན་དག་ཀྱང་བྲམ་ཟེ་ལ་གསང་ཚིག་སློབ་ཏུ་བཅུག་གོ །གྲུ་ཟམ་གྱི་བསྟི་གནས་ཀྱང་བྱེད་དུ་བཅུག་གོ །དེ་ནས་དེས་དབང་དུ་བྱ་བའི་རྫས་དང་ཆང་གིས་བཀང་བའི་འབྲས་བུ་དེ་དག་དང་། གཞན་ཡང་འབྲས་བུ་རྣམ་པར་བཀྲ་བ་སྣ་ཚོགས་བྱེད་དུ་བཅུག་ནས། དྲང་སྲོང་གི་ཆ་བྱད་དུ་བྱས་ཏེ། དེ་རྩྭ་དང་ཤིང་ཤུན་གྱོན་ནས་བུད་མེད་རྣམས་དང་ལྷན་ཅིག་བྲམ་ཟེ་རྣམས་ལ་གསང་ཚིག་འདོན་ཅིང་དེའི་བསྟི་གནས་སུ་ལྷགས་པ་དང་། དྲང་སྲོང་ལ་སློབ་མ་རྣམས་ཀྱིས་སྨྲས་པ། མཁན་པོ་ཁྱོད་ཀྱི་བསྟི་གནས་སུ་དྲང་སྲོང་མང་དུ་ལྷགས་སོ། །དྲང་སྲོང་རྣམས་ལྷགས་པ་ལེགས་ཀྱིས་ནང་དུ་ཤོག་ཅིག །དེ་རྣམས་ནང་དུ་ཞུགས་པ་དེས་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ།
བརྟགས་པ་མེད་པར་འགྱིང་ཞིང་འགྲོ་བ་དང་། །
བཞིན་ཡང་ཁ་སྤུ་རྣམས་དང་བྲལ་གྱུར་ཅིང་། །
འདི་རྣམས་བྲང་ནི་མཐོ་དམན་གྱུར་པ་སྟེ། །
ཨེ་མ་དྲང་སྲོང་ཆ་བྱད་སྔོན་མ་བྱུང་། །
དེ་དེ་རྣམས་ལ་ཐེ་ཚོམ་གྱི་ཀུན་ནས་དཀྲིས་པའི་བློས་རྩ་བ་དང་འབྲས་བུ་བསྟབས་སོ། །དེ་རྣམས་ཀྱིས་དེ་དག་ཟོས་ནས་དྲང་སྲོང་དེ་ལ་སྨྲས་པ། ཁྱོད་ཀྱི་འབྲས་བུ་འདི་དག་ནི་རྩུབ་པ་ཁ་བ་བསྐ་བ་ཡིན་གྱི། བདག་ཅག་གི་ཆུ་ནང་གི་བསྟི་གནས་དེ་ན་ཡོད་པའི་འབྲས་བུ་རྣམས་ནི་བདུད་རྩི་དང་འདྲ་བ་ཡོད་དེ། འདི་ལྟར་ཁྱོད་བདག་ཅག་གི་བསྟི་གནས་སུ་སྤྱན་འདྲེན་ཏོ། །དེས་ཁས་བླངས་ནས་དེ་དེ་རྣམས་དང་གྲུ་ཟམ་གྱི་སྐྱེད་མོས་ཚལ་དུ་ཞུགས་ནས་དེས་དེ་ལ་དབང་དུ་བྱ་བའི་རྫས་ཆང་གིས་བཀང་བ་དང་ལྡན་པའི་ན་ལི་ཀེ་རའི་འབྲས་བུ་རྣམས་དང་། གཞན་དག་ཀྱང་བྱིན་ནོ། །དེ་ཆང་གིས་མྱོས་པ་དང་དབང་དུ་བྱ་བའི་རྫས་ཀྱི་སྦྱོར་བས་དེ་དེ་དང་ལྷན་ཅིག་མི་ཚངས་པར་སྤྱད་པས་རྫུ་འཕྲུལ་ཡོངས་སུ་ཉམས་སོ། །
ཆར་ལ་མངོན་པར་དགའ་བའི་ལྷས་སྤྲིན་ཀུན་ནས་བསྡུས་པ་དང་དྲང་སྲོང་དེས་བཀག་གོ །ཞི་ལྡན་མས་སྨྲས་པ། ད་དུང་ཁྱོད་ཀྱིས་བདག་ཉིད་སུ་ཡིན་པ་མི་ཤེས་སམ། དེས་དེའི་འདོད་ཆགས་ཀྱི་ཞགས་པས་བཅིངས་ནས་རྒྱལ་པོ་ལ་ཕུལ་ནས་ལྷ་དྲང་སྲོང་དེ་ནི་འདི་ལགས་སོ། །དེ་ནས་ལྷས་ཆར་དབབ་པར་བརྩམས་ནས་ལོ་ལེགས་པར་གྱུར་ཏོ། །རྒྱལ་པོས་ཞི་ལྡན་མ་འཁོར་དང་བཅས་ཏེ་དྲང་སྲོང་དེ་ལ་ཆུང་མར་བྱིན་ནོ། །དེས་ཞི་ལྡན་མ་སྤངས་ནས་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་ལ་ཞུགས་པ་ན། དེ་ལ་ཞི་ལྡན་མ་ཕྲག་དོག་གི་ཀུན་ནས་དཀྲིས་པའི་སྙིང་གིས་དེ་ལ་བཀུར་སྟི་མ་ཡིན་པ་བྱ་བར་བརྩམས་པ་དང་། དེ་ནས་ཕར་ཅིག་ཚུར་ཅིག་རྩོད་པས་མཆིལ་ལྷམ་དང་བཅས་པའི་རྡོག་པས་མགོར་བསྣུན་པ་དང་། དེས་བསམས་པ། སྤྲིན་གྱི་འབྲུག་སྒྲ་ཡང་བདག་གིས་མནགས་པར་མི་བཟོད་ན་ད་ནི་འདོད་ཆགས་ཀྱི་ཞགས་པས་བཅིངས་ན་བུད་མེད་ཙམ་གྱིས་ཀྱང་བརྙས་སམ་སྙམ་ནས་དེས་བརྩོན་འགྲུས་ལ་གནས་པས་སླར་ཡང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཞི་ལྡན་མ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ང་རོའི་སྲེད་པས་དབང་དུ་བྱས་སོ། །ད་ལྟར་ཡང་འདིས་ལ་དུས་དབང་དུ་བྱ་བ་ལ་ཞུགས་སོ། །
གང་གི་ཚེ་བཅོམ་ལྡན་འདས་ཕོ་བྲང་དུ་གདུགས་ཚོད་གསོལ་ནས་ཕྱི་རོལ་དུ་བྱུང་བ་དེའི་ཚེ་གྲགས་འཛིན་མ་ཁྱིམ་ཐབ་ཀྱི་བྱམས་པ་དང་བྲལ་ལོ་སྙམ་སྟེ་རེ་ཐག་ཆད་ནས་ཁང་ཐོག་ཏུ་འཛེགས་ཏེ་བདག་ཉིད་མཆོངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་དེ་བླངས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་སླད་དུ་གྲགས་འཛིན་མ་ཁང་ཐོག་ནས་བདག་ཉིད་མཆོངས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་ངའི་ཕྱིར་བདག་ཉིད་བོར་བ་དེ་ཉོན་ཅིག །
དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཞིག་བྱུང་སྟེ། དེ་དུས་གཞན་ཞིག་ན་རི་དྭགས་ཤོར་ཞིང་རིམ་གྱིས་སོང་སྟེ་རི་སུལ་ཞིག་ཏུ་ཕྱིན་པ་དང་། དེས་དེ་ན་མིའམ་ཅི་ཕོ་དང་། མིའམ་ཅི་མོ་གཉིས་ལས་མིའམ་ཅི་ཕོ་ནི་ཉལ། མིའམ་ཅི་མོ་ནི་མ་ཉལ་བ་ཞིག་མཐོང་ནས་རྒྱལ་པོས་གཞུ་རྣ་དྲུང་དུ་བཀང་བའི་མདས་མིའམ་ཅི་ཕོ་གནད་དུ་བསྣུན་ནས་སྲོག་དང་ཕྲལ་ཏེ། རྒྱལ་པོས་མིའམ་ཅི་མོ་ཆུང་མའི་དོན་དུ་བཟུང་ནས་ཁྲིད་དེ་སོང་བ་ལས་དེས་སྨྲས་པ། ལྷ་རེ་ཞིག་གཞེས་ལ་དེའི་བར་དུ་བདག་གིས་མིའམ་ཅིའི་རོ་ལ་མཆོད་པ་བགྱིད་ན་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། རེ་ཞིག་གང་དུ་འགྲོ་བར་འགྱུར། དེ་ལ་མཆོད་པ་ཇི་ལྟར་བྱེད་པ་བལྟའོ་སྙམ་ནས་དེས་དེ་ལ་གནང་ངོ་། །དེ་ནས་དེས་མིའམ་ཅིའི་རོ་དེ་ལ་ཤིང་གི་ཕུང་པོ་བྱས་ནས་མེ་སྦར་ཏེ་བདག་ཉིད་མཆོངས་སོ། །ལྷས་ཚིགས་སུ་བཅད་པས་སྨྲས་པ།
མིའམ་ཅི་མོ་དགའ་སྤྱད་ཅེས། །དོན་གཞན་དུ་ནི་བསམས་པ་ལས། །
གཞན་དུ་ཡོངས་སུ་བསྒྱུར་བྱས་པས། །སྲོག་ཆགས་གཉིས་ནི་བསད་པར་གྱུར། །
དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་མིའམ་ཅི་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མིའམ་ཅི་མོ་གང་ཡིན་པ་དེ་ནི་གྲགས་འཛིན་མ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ངའི་ཕྱིར་བདག་ཉིད་མེ་ཕུང་དུ་མཆོངས་སོ། །ད་ལྟར་ཡང་འདིས་ངའི་ཕྱིར་ཁང་ཐོག་ནས་བདག་ཉིད་མཆོངས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་གྲགས་འཛིན་མ་གདུལ་བའི་དུས་ལ་བབ་ཀྱིས། མ་ལ་འདི་ངས་འཁོར་བའི་འབྲོག་དགོན་པ་ནས་བསྒྲལ་བར་བྱའོ་སྙམ་དུ་དགོངས་ནས་དེ་ལ་གང་ཐོས་པས་འཕགས་པའི་བདེན་པ་བཞི་ཡང་དག་པར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། གྲགས་འཛིན་མ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཇི་ཙམ་ན་དགྲ་བཅོམ་མར་གྱུར་པ་དང་། དེ་རང་གི་རིགས་རྒྱུད་དང་མཐུན་པར་བྱ་བ་དང་། འཕགས་པའི་ལམ་ཐོབ་པས་དགེ་སློང་མ་རྣམས་ཀྱི་ནང་དུ་དགོས་པ་བྱུང་བ་རྣམས་ལ་ཤིན་ཏུ་འཛེམ་པ་དང་ལྡན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་རྣམས་ལ་འཛེམ་པ་དང་ལྡན་པའི་མཆོག་ནི་འདི་ལྟ་སྟེ་སྒྲ་གཅན་ཟིན་གྱི་མ་གྲགས་འཛིན་མ་འདི་ཡིན་ནོ། །ཞེས་གསུངས་སོ།། །།
[1] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ང༽ དེབ་ཨང་ ༤ པ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༣༡༣ ནས་དང་། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༩༧ ནས་ ༡༡༤ བར་བཞུགས་པ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།