༄༅། །རྩ་ཡིག་ཉི་ཟེར་སྒྲོན་མེ་བཞུགས་སོ།།

༄༅། །རྩ་ཡིག་ཉི་ཟེར་སྒྲོན་མེ་བཞུགས་སོ།།

 

ཨོཾ་སྭ་སྟི། སྨིན་པར་མཛད་ཅིང་ཕན་པར་དགོངས་པ་ཡི། །སངས་རྒྱས་སྨན་པའི་རྒྱལ་པོར་ཕྱག་འཚལ་ལོ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །རྩ་དཔྱད་དམ་པ་ཉི་མ་སྒྲོན་མེ་འདི། །ཀླུ་སྒྲུབ་ལ་སོགས་ནང་པའི་བསྟན་བཅོས་དང་། །ཙ་ར་ཀ་སོགས་ཕྱི་པའི་གསོ་རིག་རྣམས། །སྐར་འཚོར་འཐོབ་ནས་གནས་པ་ལ། །བློ་དམན་རྣམས་ཀྱིས་གོ་བར་མི་འགྱུར་བས། རིན་ཆེན་དཔུང་བརྒྱན་ལྟ་བུ་བཀོད་ནས་ཀྱང་། །ཉི་མའི་སྒྲོན་མེ་ལྟ་བུ་གསལ་བར་བྲི།།

ལེའུ་དང་པོ། ལུས་ཀྱི་གནས་ལུགས་བསྟན་པ།

 

དེ་ལ་སྟེན་[རྟེན]དུ་བསྟན་པ་ནི། །དང་པོ་བར་དང་ཐ་མའི་དུས། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །དེ་ནས་སྐྱེ་གནས་བརྒྱུད་པའི་ལམ། །ས་བོན་གཉིས་འབྲེལ་དྲན་པ་ཉམས། །དེ་ནས་ཆུ་ཚོད་རྫོགས་པ་ནི། །མི་ལུས་འདོམས་གང་གྲུ་བཞི་ལ། །མཐོ་དགུ་མཛུབ་བཅུ་གཉིས། །སོར་ནི་བརྒྱ་དང་རྩ་བརྒྱད་ཡོད། །ནད་ནི་བཞི་བརྒྱ་རྩ་བཞི་ཡོད། །རུས་དུམ་སུམ་བརྒྱ་དྲུག་ཅུ་ཡོད། །ཀླད་པ་ཁྱོར་གང་ཁག་[ཞག]ནི་བྲེ་ཕྱེད་ཡོད། །ཆུ་སོར་ཕུལ་དགུ་ཤ་སྤར་ལྔ་བརྒྱ་ཡོད། །ཁྲག་ནི་བྲེ་གང་ཕུལ་དོར་གནས། །དེ་ལྟར་ཚད་ནི་རྫོགས་པ་ལ། །མངལ་དུ་འཇུག་པའི་ཚེ། །རྣམ་པར་ཤེས་པ་ཚ་མ་ལུ་ཞུགས་པའི་དུས། །ཕ་མའི་ཁུ་འཁྲིག་[ཁྲག]ཕོག་པའི་ཚོད་བར། །བདུན་དྲག་པ་མེད། །དེ་ནས་ཞག་བདུན་རེ་[སོ]པ་དང་། །རླུང་མཁྲིས་བད་ཀན་རིམ་པར་ཆགས། །རླུང་དང་མཁྲིས་པ་བད་ཀན་གསུམ། །སྟོད་སྨད་བར་དང་གསུམ་དུ་གནས། །རླུང་ནི་བྲ་བའི་བླུད་བུ་གང་། །མཁྲིས་པ་ངང་པའི་སྒོ་ངེ་[ང]གང་། །བད་ཀན་ལ་བརྒྱད་དེ་ཕུལ་གང་། །དེ་གསུམ་འཕེལ་འགྲིབ་མ་བྱུང་དུས། །དང་པོ་ལུས་པོ་གནས་པར་བྱེད། །བར་དུ་ལུས་པོ་གསོ་བར་བྱེད། །ཐ་མ་འཕེལ་འགྲིབ་བྱུང་ནས་འཇིག །དེ་ནས་མི་ལུས་རིན་ཆེན་ཡིན། །དེ་ལ་རྩ་ཆེན་གཉིས་ཡོད་དེ། །སྲོག་རྩ་དུང་གི་གཞུང་རྩ་གཉིས། །སྲོག་རྩ་རྩ་ཡི་རྒྱལ་པོ་ཡིན། །དེ་ལ་རྩ་ཆེན་བཞི་རུ་གྱེས། །གཅིག་ནི་ཀླད་པའི་ཧཾ་ལ་ཟུག །གྲུབ་པ་ཐོབ་པའི་ས་བོན་བྱེད། །གཅིག་ནི་སྙིང་ཀའི་ཧཱུྃ་ལ་ཟུག །ཐམས་ཅད་ཆགས་པའི་རྟེན་བྱེད། །གཅིག་ནི་ལྟེ་བའི་ཨ་ལ་ཟུག །སྲིད་པ་ཆགས་པའི་བྱ་བ་ཡིན། །གཅིག་ནི་གསང་བའི་གནས་དང་འབྲེལ། །ས་བོན་རྒྱུ་བའི་ལམ་དུ་བྱེད། །གཞན་རྩ་རྩ་ཡི་རྒྱལ་པོ་ཡིན། །རྩ་ནི་ཉིས་ཁྲི་ཆིག་སྟོང་གིས། །ཕུང་པོ་ཤ་ཁྲག་སོ་བསྐྱེད་བྱེད། །ལུས་ཟུངས་བདུན་ནི་རིམ་གྱིས་འགྱུར། །གནས་པ་རྩ་ཡི་རྒྱལ་པོ་ཡིན། །བསྟེན་[བརྟེན]པ་རྩ་ཡི་ཁྲོག་[སྲོག]པ་ཡིན། །རྒྱུ་མ་རྩ་ཡི་ལོ་མ་ཡིན། །དེ་ལ་བལྟ་རྩ་གཉིས་སུ་གྱེས། །དྲུག་གནས་དང་ནི་དོན་སྣོད་རྩ། །གཡས་གཡོན་ཟུག་སྟེ་ཤེས་པར་བྱ། །ལག་པ་ཡར་ཟུར་དོན་སྣོད་རྩ། །མར་ཟུར་བླ་གནས་རྩ་རྒྱུ་བསྟན། །སྟེན་[རྟེན]གྱི་ལེའུ་དེ་དང་པོ་འོ།།  །།

 

ལེའུ་གཉིས་པ། སྤྱོད་ལམ་བསྟན་པ།

 

རྩ་བལྟ་སྤྱོད་ལམ་འདི་ལྟ་སྟེ། །ནང་པར་བལྟ་བའི་ནུབ་མོ་ལ། །འགྲང་བར་མི་བྱ་ལྟོགས་མི་བྱ། །འཁྱགས་པར་མི་བྱ་གཏམ་མི་སྨྲ། །སྦྱོར་བར་མི་བྱ་ཆང་མི་འཐུང་། །དྲག་ཤུལ་མི་བྱ་ལུས་མེ་དུག་[དུགས]མི་བྱ། །སེམས་ལས་མི་བྱ་གཉིད་མི་ཆག །ནང་གི་དབུགས་དྲག་ཕྱིར་མ་ཤོར། །ཕྱི་ཡི་རླུང་ཤུག་[ཤུགས]ཡར་མ་གཞུག །རི་བོའི་གསེར་ཞུ་[ཞྭ]གྱོན་པའི་དུས། །རྩ་ཡི་ཁྲག་ཐམས་ཅད་མ་འདྲེས་པར། །ནད་ལ་ཡིད་གཏད་སེམས་ལས་བསྒྱུར། །སྨན་པའི་རྩ་དཔྱད་ཡིད་ལ་བཞག །བྱ་བ་གཞན་ལ་སེམས་མི་གཡེངས། །དབུག་[དབུགས]ཐུང་དྲག་ལས་སྤང་ནས་ནི། །ངལ་ལ་སོགས་དྲི་སྣོར་བྱ། །ནད་པའི་ལུས་དང་སྤྱོད་ལམ་བསྟན། །དེ་ཡི་ནད་དང་ཟུག་རྔུ་སྲོག །སྤྱོད་ལམ་ལེའུ་གཉིས་པའོ།།  །།

 

ལེའུ་གསུམ་པ། རྩའི་བལྟ་ཚུལ་བསྟན་པ།

 

དེ་ནས་ངལ་གསོ་ཟླ་བ་དམ་པ་བྱས་ལ། །དེ་ལྟར་བྱས་པའི་ནད་པ་ལ་སོགས་པའི། །རང་ཤུག་[ཤུགས]ཀྱིས་ནད་བཟློ་བ་དང་། །སྤྱོད་ལམ་རྒྱལ་བ་(ཆོས་ཟེར་བ་ལ་སོགས་གར་ཡོད་པའི་མྱོང་པའི་བརྟག་པ་ཡིན། དེ་ལྟར་ཡིན་པའི་འཕྲད་མ་ཐག་ཏུ་ལག་པ་ལ་འཇུ་ན་ནད་ངོས་ཟིན། དེ་ནས་ཡང་གཞུང་ནས་བཤད་པ་ལ། གསུམ་མ་བདུན་གསུམ་མ་བརྟག་ཟེར་བ་ཡོད་པ་འདི་ལྟར་ཡིན།) རྩ་བལྟ་དང་བཅས་འདི་ལྟ་སྟེ། །ལོག་འགྲོག་[ལག་མཁྲིག]གཉེར་མ་དང་པོ་ནས། །གྲེ་སོས་ཚོན་གང་འཇལ། །རུས་པ་འབུར་པོའི་འོག་ཏུ་མནན། །ནད་པའི་ལག་པ་གཡོན་པ་ནས། །སྨན་པའི་ལག་པ་གཡས་པས་བལྟ། །མཛུབ་མོ་གོང་[གུང]མོ་སྲིན་ལག་གསུམ། །རིང་ཐུང་མཐོ་དམན་མེད་པར་བྱ། །མཛུབ་མོ་ཡར་ཟུར་སྙིང་རྩ་སྟེ། །མར་ཟུང་སྒྱུ་[རྒྱུ]མའི་རྩ་རུ་ཤེས། །གོང་[གུང]མོ་ཡར་ཟུར་མཆེར་པ་སྟེ། །མར་ཟུར་ཕོ་བའི་རྩ་རུ་ཤེས། །སྲིན་ལག་ཡར་ཟུར་མཁལ་མ་གཡོན། །མར་ཟུར་བསམ་སེའི་རྩ་རུ་ཤེས། །(བསམ་སེ་ནི་སྨན་པ་ཁ་ཅིག་གིས་བུ་སྣོད་ཡིན་བུད་མེད་ཀྱི་ཁུག་པ་ཡོད། །སྐྱེས་པ་སྐྱེས་ནས་ཡོད་ཟེར། །བྱང་ཁོག་སྤྱི་ལ་ཟེར་དེ། དོན་ལ་སུ་ལའང་ཡོད། དོན་དུ་ཀླུ་སྒྲུབ་ཀྱིས་བཞེད།) ནད་པའི་ལག་པ་གཡས་པ་ནས། །སྨན་པའི་ལག་པ་གཡོན་པས་བལྟ། །མཛུབ་མོ་ཡར་ཟུང་གློ་བ་སྟེ། །མར་ཟུར་ལོང་དུ་ཤེས་པར་བྱ། །གོང་[གུང]མོས་ཡར་ཟུར་མཆིན་རྩ་སྟེ། །མར་ཟུར་མཁྲིས་པའི་རྩ་རུ་ཤེས། །སྲིན་ལག་ཡར་ཟུར་མཁལ་མ་གཡས། །མར་ཟུར་ལྒང་པའི་རྩ་རུ་ཤེས། །སྐྱེས་པ་དང་ནི་བུད་མེད་ཀྱི། །ཚོན་རྩ་གཉིས་པོ་གཡས་གཡོན་ལྡོག །དོན་སྣོད་གཞན་རྣམས་ཕོ་མོ་མཐུན། །མི་ལ་རྩ་རྒྱུད་གསུམ་ཡོད་དེ། །ཕོ་རྩ་དང་ནི་མོ་རྩ་དང་། །བྱང་ཆུབ་སེམས་ཀྱི་རྩ་དང་གསུམ། །ཕོ་རྩ་སྦོམ་ལ་དྲག་པ་སྟེ། །མོ་རྩ་ཕྲ་ལ་མྱུར་བར་རྒྱུ། །བྱང་ཆུབ་སེམས་རྩ་རིང་ལ་མཉེན། །ཕོ་ལ་མོ་རྩ་ཆགས་ན་ཚེ་ཐུང་འགྱུར། །མོ་ལ་ཕོ་རྩ་ཆགས་ན་སྲིད་འཕེལ་འགྱུར། །གཉིས་ཀ་བྱང་ཆུབ་སེམས་དཔའི་རྩ་བྱུང་ན། །ཁོས་ནོར་ཞག་[བཞག]ཏེ་དགུ་[དགེ]ལ་བརྩོན། །འོར་བ་སྤང་བ་ཤེས་པར་བྱ། །ས་བཅད་ཀྱི་ལེའུ་སྟེ་གསུམ་པའོ།།  །།

 

ལེའུ་བཞི་པ། རྒྱུན་རྩ་བསྟན་པ།

 

སྐྱེས་པ་དང་ནི་བུད་མེད་ཕོ། །རྩ་གཉིས་འཚོགས་ན་བུ་མང་སྐྱེ། །ཕོ་རྩ་མོ་རྩ་ཆགས་ན་ཕོ་མོ་སྤེལ་མ་སྐྱེས། །བྱང་ཆུབ་སེམས་རྩ་གཉིས་ཆགས་ན་རབ་[རབས]ཆད་དོ། །སྦྲུམ་མའི་རྩ་གཡས་སྦོམ་ཞིང་འདྲིལ་ན་བུ་སྐྱེས། །གཡོན་པའི་རྩ་སྦོམ་ན་བུ་མོ་སྐྱེད། །བུད་མེད་ཀྱི་མཁལ་རྩ་དྲག་ན་སྦྲུམ་མའི་རྩ་ཡིན། །རྒྱུན་རྩ་ནི་འདི་ལྟ་སྟེ། །ཚོན་དང་ཀན་དང་ཆག་དང་གསུམ། །བག་[པགས]ནོན་ཤ་ནོན་རུས་ནོན་གསུམ། །ཚོན་གྱིས་པགས་ལ་ནོན་ཙམ་བྱ། །ཀན་གྱིས་ཤ་ལ་ཐུག་པར་མནན། །ཆག་གིས་རུས་ལ་ནོན་པར་བྱས། །སྨན་པའི་དབུགས་ལ་ནད་པའི་རྩ། །ནང་དུ་རྒྱུ་བ་ཐེངས་གཉིས་འཕར། །ཕྱི་རུ་རྒྱུ་བ་ཐེངས་གཉིས་འཕར།་།བར་དུ་གཅིག་སྟེ་ལྔ་འཕར་ན། །ཐ་མལ་ནད་མེད་རྩ་རུ་ཤེས། །གཞན་ཡང་ནད་མེད་རྩ་བསྟན་པ། །དལ་དྲག་མེད་ཅིང་སྙོམས་པར་འཕར། །བྱིང་རྒྱས་མེད་ཅིང་སྙོམས་པར་འཕར། །དེ་ལས་བཟློག་[ལྡོག]ན་ནད་ཅན་ཏེ། །གཅིག་ཙམ་འཕར་ན་གྲང་བ་སྟེ། །གཉིས་གསུམ་འཕར་ན་གྲང་བ་སྟེ། །གཅིག་འཕར་ནས་ནི་འཕར་མ་ནུས། །གྲང་བ་ལ་ནི་འདས་ཞེས་བྱ། །དྲུག་ཙམ་འཕར་ན་ཚ་བ་སྟེ། །བདུན་བརྒྱད་འཕར་ན་རབ་ཏུ་ཚ། །དགུ་བཅུ་ལ་སོགས་གྲངས་ལ་རྟེན[བརྟག]། །ཚ་བ་ལས་ནི་འདས་ཞེས་བྱ། །(རྩ་སོ་སོར་མི་ཐུབ་ན་ཚད་པའི་ལས་འདས་པའི་རྩ་ཡིན། ཚད་པ་དོན་འདུས་ཞེས་ཀྱང་བྱ། །ཁྲག་རླུང་བད་ཡར་བལ་གྱིས་བྱུང་[དབྱུང]སྟེ། དོན་སྣོད་རྩ་སྡོམ་པ་དེ་ལ་སྐད་དོད།) རང་[རིང]ཐུང་བྱེད་ན་ནད་ཡོད་རྩ། །ཕྲ་སྦོམ་བྱེད་ན་ནད་ཡོད་རྩ། །བྱིང་རྒྱས་བྱེད་ན་ནད་ཡོད་རྩ། །ཆེ་ཆུང་བྱེད་ན་ནད་ཡོད་རྩ། །དྲག་དལ་བྱེད་ན་ནད་ཡོད་རྩ། །དེ་ནི་ནད་ཅན་ནད་མེད་བསྟན། །ནད་པའི་རྩ་ནི་འདི་ལྟ་སྟེ། །རྒན་པ་བྱིས་པ་དར་མའི་རྩ། །རྒན་རྩ་རིང་ཞིང་དལ་བ་བཟང་། །སྐྱེས་པ་དར་མའི་རྩ་ནི་སྦོམ་ལ་རིང་བ་བཟང་། །བུད་མེད་དར་མའི་རྩ་ནི་ཕྲ་ལ་མཉེན་ན་བཟང་། །བྱིས་པའི་རྩ་ནི་དྲག་ལ་ཐུང་ན་བཟང་། །(རྒན་པ་བྱིས་པའི་རྩ་བྱུང་ན་ངན། །དར་མ་ལ་རྒན་པོའི་རྩ་བྱུང་ན་ངན། །བྱིས་པ་ལ་གཉིས་ཀ་བྱུང་ན་ངན་)དྲག་དལ་མེད་ཅིང་བྱིང་རྒྱས་མེད། །གང་སྟོང་མེད་ཅིང་སྟོད་སྨད་མེད། །གྲིམས་ལྷོད་མེད་ཅིང་སྙོམས་པར་འཕར། །ཐ་མལ་ནད་མེད་རྩ་ལྔ་ཡིན། །རིང་བྱིང་དྲག་ཏུ་འཕར་བ་དང་། །ཐུང་བུད་དྲག་ཏུ་འཕར་བ་དང་། །ཐོམ་ཤིང་དྲག་རྒྱུ་འཕར་བ་དང་། །ཕྲ་ཞིང་དྲག་ཏུ་འཕར་བ་དང་། །རྒྱས་ཤིང་དྲག་ཏུ་འཕར་བ་ནི། །ཚ་བའི་ནད་ཀྱི་རྩ་ལྔ་ཡིན། །སྟོང་ཞིང་དལ་བར་འཕར་བ་དང་། །བྱིང་ཞིང་དལ་བར་འཕར་བ་དང་། །ཐུང་ཞིང་དལ་བར་འཕར་བ་དང་། །ཕྲ་ཞིང་དལ་བར་འཕར་བ་དང་། །ཞན་ཞིང་དལ་བར་འཕར་བ་དང་། །གྲང་བའི་ནད་ཀྱི་རྩ་ལྔ་ཡིན། །རིང་ཞིང་དལ་བར་འཕར་བ་དང་། །ཐུང་ཞིང་སྟོང་བར་འཕར་བ་དང་། །རྒྱས་ཤིང་སྟོང་བར་འཕར་བ་དང་། །བྱིང་ཞིང་སྟོང་བར་འཕར་བ་དང་། །ཕྲ་ཞིང་སྟོང་བར་འཕར་བ་ནི། །རླུང་གི་ནད་ཀྱི་རྩ་ལྔ་ཡིན། །རྒྱས་དང་སྦོམ་དང་དྲག་པ་དང་། །བྱིང་དང་ཕྲ་ཞིང་འཕར་བ་ལྔ། །དེ་ཡང་ཚ་བའི་ནད་ཀྱི་རྩ་ལྔ་ཡིན། །ཁ་ནི་འཕར་རྩ་སྟོང་འགྱུར། །མ་སྨིན་ཚ་བའི་རྩ་རྒྱུའོ། །(རྩ་ལག་པའི་ནང་སྦོམ་ལ་དྲག་པར་འཕར། མནན་དྲག་ན་སྟོང་། དེའི་དུས་མ་སྨིན་པ་ནི་ན་བའི་མི་བཏང་། །རུས་པའི་སྟེང་ན་ཕྲ། འགྲིལ་འགྲིལ་བྱེད་པའོ། །སྔ་མའི་མཁྲང་བར་འོང་གཏར་རན་པ་ཡིན། །སྨིན་པའི་རྩ་ནི་དམ་པ་དང་། །གྲིམས་ཤིང་རྩ་སྨད་རྒྱུ་བ་དང་། །གཏིང་ན་ནུབ་པར་འཕར་བ་དང་།) རྒྱུན་གྱི་རྩའི་ལེའུ་སྟེ་བཞི་པའོ།།  །།

 

ལེའུ་ལྔ་པ། རྩ་ཡི་པྲ་ཁྲིད་བསྟན་པ།

 

ད་ནི་རྩ་ཡི་པྲ་ཁྲིད་བསྟན། །དོན་སྣོད་གང་ཡང་རུང་བ་ལ། །འབུར་ཞིང་འདྲིལ་ན་ཁྲག་གི་རྩ། །མཁྲང་ཞིང་དྲིལ་[འདྲིལ]ན་མཁྲིས་པའི་རྩ། །ཆེ་ཞིང་སྦོམ་ལ་དྲག་ཏུ་འཕར། །སོར་མོའི་ཡར་ཟུར་མར་ཟུར་འཕར། །བད་ཀན་སྨུག་པོ་འཕར་བའི་རྩ། །བྱིང་རྒུད་བད་ཀན་སྐྱ་བོའི་རྩ། །སྟོང་ཞིང་རྒྱས་པ་རླུང་དུ་འདོག[འདོད]། །ཞན་ཅིང་ཞར་བ་སྐྲན་གྱི་རྩ། །ཚ་ལ་སྤུན་པ་རྣག་གི་རྩ། །མཁྲང་ཞིང་སྔ་བ་མ་ཞུ་རྩ། །འདར་ལ་རྒྱུ་དཀའ་ཆུ་སེར་རྩ། །ཁྲ་ལ་དལ་བ་དམུ་ཆུའི་རྩ། །ཐུང་ཞིང་འཇམ་ལ་ལེབ་པ་དང་། །མཁྲང་ཞིང་འཁྲིག་པ་སྲིན་བུའི་རྩ། །འདྲིལ་ལ་མགྱོགས་པ་ལྡོག་[ལྷོག]པའི་རྩ། །ཐུང་ཞིང་བུལ་བ་གབ་པའི་རྩ། །འདར་ཞིང་འཁྲུགས་པ་འགྲམ་[འགྲམས]འཁྲུགས་རྩ། །གྲངས་སུ་བསྔོར་མི་བཏུབ་བ་དང་། །ཚ་གྲང་ངེས་པ་མེད་པ་དང་། །མི་བདེ་བཞིན་དུ་འཕར་བ་དང་། །སྔ་དྲོ་ཕྱི་དྲོ་འགྱུར་བ་གཞན། །དུག་གི་རྩ་རྒྱུ་ཤེས་པར་བྱ། །ཚོན་གྱི་རྩ་གཉིས་དྲག་གྱུར་ན། །གློ་སྙིང་སྟོད་ན་ཚ་བ་ཡོད། །ཀན་གྱི་རྩ་གཉིས་དྲག་གྱུར་ན། །ཕོ་མཆིན་བར་ན་ཚ་བ་ཡོད། །ཆག་གི་རྩ་གཉིས་དྲག་གྱུར་ན། མཁལ་སྐེད་སྨད་ན་ཚ་བ་ཡོད། །དེ་གསུམ་ཞག་ནི་སྟོང་ངམ་ཞར། །གྲང་བ་རླུང་ངམ་སྐྲན་གྱི་རྩ། །ཡིན་པར་གོང་མ་དག་གིས་ཤེས། །དེ་ལྟར་སོ་སོར་ནད་ངོས་བཟུང་། །སྐྱུགས་ཀྱི་རྩ་ནི་རྩ་སྟོད་ཞན། །འཁྲུ་བའི་རྩ་ནི་རྩ་སྨད་ཞན། །ཁྲག་རྩ་རྐྱལ་བྱེད་ཕྱི་རྐྱལ་བྱེད་ནང་ན་འབུར། །རླུང་རྩ་རྐྱལ་བྱེད་ཕྱི་རྐྱལ་མནན་ན་སྟོང་། །ཁྲག་རྩ་བྱིང་བྱེད་ཁ་ཞན་འོག་ཏུ་མཁྲང་། །རུས་ལ་ཐུག་པར་མནན་ན་རྟ་རྔ་འགྲིལ་བ་འདྲ། །བད་ཀན་བྱང་[བྱིང]བྱེད་སྟོང་བྱེད་འོག་ཏུ་སྟོང་། །རུས་ལ་ཐུག་པར་མནན་ན་ཅུང་ཟད་ཡོད། །སྟོང་རྩ་རྒྱུག་བྱེད་སྟོང་རྒྱུག་འོག་ཏུ་སྟོང་། །རྒྱས་རྩ་རྒྱུག་བྱེད་ཁ་རྒྱུག་གཏིང་ན་མཁྲངས[མཁྲང་]། །འདི་དྲུག་ནོར་ལ་རེ་བ་དྲུག །མ་ནོར་བསྟན་པ་ཤིན་ཏུ་གཅེས། །པྲ་ཁྲིད་ཀྱི་ལེའུ་སྟེ་ལྔ་པའོ།།  །།

 

ལེའུ་དྲུག་པ། རྩའི་འཐེང་སྡོད་བསྟན་པ།

 

སྡོད་དང་འཐེན་དང་འཐང་[འཐེང]དང་གསུམ། །འདྲ་བ་འདྲ་སྟེ་ནོར་ར་རེ། །སྡོད་ལ་རྣམ་པ་མང་ཡོད་ཀྱང་། །འདྲེ་སྡོད་ན་སྡོད་འཆི་སྡོད་གསུམ། །ལྤགས་[པགས]ལ་སྡོད་ན་འདྲེ་སྡོད་ཡིན། །ཤ་ལ་སྡོད་ན་ན་སྡོད་ཡིན། །རུས་ལ་སྡོད་ན་འཆི་སྡོད་ཡིན། །གྲངས་ལ་ངེས་མེད་སྡོད་པ་ན། །ན་སྡོད་ཡིན་པར་ཤེས་པར་བྱ། །གྲངས་ནི་གཅིག་གམ་གཉིས་ལ་སོགས། །ངེས་ཅན་སྡོད་ན་འཆི་སྡོད་ཡིན། །གློ་སྙིང་སྡོད་ན་ནད་སྡོད་ཡིན། །ཕོ་བ་མཆིན་པ་མཆེར་པ་དང་། །མཁྲིས་པའི་རྩ་ལ་སྡོད་བྱུང་ན། །ནད་སྡོད་འདྲེ་སྡོད་གཉིས་གསུམ་ཡིན། །མཁལ་རྩ་སྡོད་ན་འཆི་སྡོད་ཡིན། །བསམ་སེ་ལྒང་རྩ་སྡོད་གྱུར་ན། །རྡོའམ་གྲང་བའི་ནད་དུ་ཤེས། །འདྲེ་སྡོད་འདྲེ་བོ་བཟུང་ལ་བརྟག །ན་སྡོད་ན་ངོས་བཟུང་ལ་བཅོས། །འཆི་སྡོད་གྲངས་ཀྱིས་འཆི་དུས་བཏབ། །འཕར་སྡོད་འཕར་ན་གཉིས་ན་འཆི། །གཉིས་འཕར་སྡོད་ན་གསུམ་ན་འཆི། །གསུམ་འཕར་སྡོད་ན་ལྔ་ན་འཆི། །ལྔ་འཕར་སྡོད་ན་བཅུ་ན་འཆི། །བཅུ་འཕར་སྡོད་ན་ཉི་ཤུ་ཐུབ། །ཉི་ཤུ་འཕར་སྡོད་ཉི་ཤུ་ཐུབ། །ཉི་ཤུ་འཕར་སྡོད་ལོ་གཅིག་ཐུབ། །གཞན་ཡང་སྡོད་པའི་རྒྱུ་དྲུག་བཤད། །ནད་པ་ཡུན་རིང་རླུང་སྐྱེས་སྡོད། །ཡུན་རིང་འཁྲུ་སྐྱུག་བྱས་ན་སྡོད། །མཚམས་ཕོག་འཕར་རྩ་ཐོབ་ན་སྡོད། །རྩ་ཆུ་གཉིས་ཀ་འགག་ན་སྡོད། །སྡོད་རྣམས་ནད་སྡོད་ཡིན་ཀྱང་སྲིད། །རྟག་ཏུ་གདོན་གྱིས་ཐེབ་[ཐེབས]ན་སྡོད། །དེ་ནི་སྡོད་པའི་རྒྱུ་དྲུག་ཡིན། །གཞན་ཡང་ནད་ཀྱི་སྡོད་པ་ནི། །ལྡོག་[ལྷོག]པའི་ནད་ལ་འཁྱིག་ཅིང་སྡོད། །དུག་གི་ནད་ལ་སྡོད་པ་འབྱུང་། །སྔང་[སྔངས]ཤིང་སྡོད་ན་མགྲོན་པོ་འོང་། །གང་ནས་འོང་བའི་ས་ཕྱོགས་བསྟན། །སྙིང་དང་རྒྱུ་མ་ལྷོ་ནས་འོང་། གློ་བ་ལོང་ཀ་ནུབ་ནས་འོང་། ལྒང་པ་མཁལ་མ་བྱང་ནས་འོང་། །མཆིན་པ་མཁྲིས་པ་ཤར་ནས་འོང་། །ཕོ་བ་མཚེར་པ་མཚམས་བཞིར་ཤེས། །འཐེན་དང་འཐེང་པ་འདི་ལྟ་སྟེ། །སྙོམས་པར་འཕར་ལ་གྲངས་མ་ངེས། །སྡོད་དམ་སྙོམ་ན་འཐེན་པ་ཡིན། །ཆེ་ཆུང་བྱེད་ཅིང་སྤ་བ་ཤར། །མཐོང་པའི་རྩ་རུ་ཤེས་པར་བྱ། །འཐང་[འཐེང]སྡོད་བསྟན་པའི་ལེའུ་དྲུག་པའོ།།  །།

 

ལེའུ་བདུན་པ། བླ་གནས་བསྟན་པ།

 

མི་ལ་ཚེ་རྩ་གསུམ་ཡོད་དེ། །གཅིག་ནི་མགོ་ལུས་ཁྱབ་པར་རྒྱུག །གཅིག་ནི་དབུགས་དང་འགྲོགས་ཏེ་རྒྱུ། །ལག་ངར་ཆུང་[ཆུ]བའི་ལྷག་ན་གནས། །དོན་སྣོད་རྣམས་ཀྱི་ནད་ངོས་བཟུང་། །དབྱིབས་ནི་ལ་ཕུག་ལྟ་བུ་འདོད། །གཅིག་ནི་བླ་དང་འདྲ་སྟེ་འཁྱམས། །ལག་ངར་ཆུ་བའི་འོག་ན་གནས། །བླ་རྩ་འཁམས་པོ་ཞེས་སུ་བཤད། །ནུ་མའི་འོག་ན་མི་གྱུར་ན། །བན་བོན་ལ་ནི་བསྲུང་ངམ་གནོད། །ཐུགས་དམ་བསྐང་ཞིང་བཤགས་པ་བྱ། །མལ་དུ་མར་ལ་བྱུང་ན་བཟང་། །མ་བྱུང་བསྲུང་མ་བདུད་དུ་བབས། །ཀློག་འདོན་རིམ་གྲོ་རྒྱ་ཚོར་བྱ། །སྐྱེ་བོ་ཡིན་ན་གྱད་ཁ་གདོན། །ཟོར་དང་སྲུང་ཟློག་བྱ་བ་ཡིན། །མར་ལ་འཆུག་ན་གཤེད་ཀ་གདོན། །སྦོམ་ཞིང་ཐུར་འཆུག་ཕོ་གདོན་ཡིན། །ཕྲ་ཞིང་ཐུང་འཆུག་མོ་གདོན་ཡིན། །འཁྱིག་ཅིང་གདོན་ནས་མྱ་ངན་འོང་། །བུད་མེད་གཡས་པ་བུ་སྨད་ལ། །གཡོན་པ་འཁྱིག་སྡོད་ཕོ་མིང་ལ། །གཡས་གདོན་སྤྲུག་ཅིང་སྡོད་གྱུར་ན། །བུ་དང་གཟའ་[བཟའ]དཔོན་འཆི་བའི་རྩ། །རྐྱལ་ཞིང་སྡོད་ན་གོད་ཁ་འོང་། །སྐྱེས་པའི་གཡས་པ་འཁྱིག་ཅིང་སྡོད། །ཕ་སྤུན་དང་ནི་མི་[མ]སྤུན་འཆི། །གཡོན་པ་འཁྱིག་ཅིང་སྡོད་གྱུར་ན། །བུ་དང་ཆུང་མ་འཆི་བའི་རྩ། །འབྲུག་[འབྲུབ]ཅིང་སྡོད་ན་འདྲེ་ངོ་ཡིན། །འཐང་[འཐེང]ཞིང་སྡོད་ན་བྲན་དང་འོག་སྲ་འཆི། །བླ་རྩ་སྡོད་ན་འཆི་བར་འགྱུར། །འདི་ལ་ངེས་པ་མི་འདུག་སྟེ། །གྲང་བའི་ནད་ལ་སྔ་དྲོ་བྲོས། །ཀླུ་དང་ས་བདག་གདོན་ན་བྲོས། །ཁམས་བཞི་ནད་ཅན་སོས་པ་ལ། །བླ་གནས་མེད་པ་ཕལ་ཆེར་འོང་། །བླ་གནས་མེད་པ་ངན་གྱུར་ན། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། །འབྱུང་པོའི་ཚོགས་ལ་གཏོར་མ་བཏང་། །དེ་ནི་ངེས་པར་འགྱུར་བ་ཡིན། །བླ་གནས་ཀྱི་ལེའུ་སྟེ་བདུན་པའོ།།  །།

 

ལེའུ་བརྒྱད་པ། གདོན་རྩ་བསྟན་པ།

 

གདོན་འདྲེ་བྱུང་ན་དྲག་དལ་བྱེད། །གང་ལ་བྱུང་བའི་འདྲེ་ངོས་བཟུང་། །མ་ནོར་འདི་ལྟར་ཤེས་པར་བྱ། །སྙིང་རྩ་མི་སྙོམས་དྲག་དལ་བྱེད། །ལྷ་གདོན་རྒྱལ་པོ་གནོད་པ་ཡིན། །ཡང་ན་རང་གི་ལྷ་སྲུང་གནོད། །གློ་བ་མི་སྙོམ་དྲག་དལ་བྱེད། །ཀླུ་བཙན་དང་ནི་བྲག་བཙན་གདོན། །བདུད་དང་རྨ་འདྲེ་གནོད་པ་ཡིན། །མཆིན་རྩ་མི་སྙོམས་དྲག་དལ་བྱེད། །ས་བདག་དང་ནི་དྲེ་མོ་གནོད། །མཚེར་རྩ་མི་སྙོམས་དྲག་དལ་བྱེད། །དྲི་བོ་དང་ནི་ས་བདག་གདོན། །མཁལ་གཡོན་དྲག་དལ་མོ་གདོན་ཏེ། །མ་མོ་དང་ནི་མཚོ་སྨན་དང་། །བྲག་སྲིན་བསྡོང་སྟེ་གནོད་པ་ཡིན། །མཁལ་མ་གཡས་པ་དྲག་དལ་བྱེད། །མོ་གདོན་བདུད་དང་དམ་སྲི་དང་། །ཀླུ་དང་གཉན་དང་ས་བདག་གདོན། །འདྲེ་རྩ་ཐམས་ཅད་འདི་ལྟ་སྟེ། །ཆེ་ཆུང་དྲག་དལ་བྱེད་པ་དང་། །རེས་དྲག་རེས་ཞན་བྱེད་པ་དང་། །ཆུ་སྣ་ལྟ་དང་མི་དྲག་འདྲ། །རེས་མཐོ་རེས་དམའ་བྱེད་པ་དང་། །ངོ་མི་རྟག་པ་གདོན་གྱི་རྩ། །གང་ལ་བྱུང་བའི་ནད་གདོན་པ། །གོང་དུ་བསྟན་པས་ཤེས་པར་བྱ། །གདོན་རྩའི་ལེའུ་སྟེ་བརྒྱད་པའོ།།  །།

 

ལེའུ་དགུ་པ། དུས་བཞི་ཁམས་ལྔའི་བརྩི་ཚུལ་བསྟན་པ།

 

དུས་བཞིའི་རྩ་ནི་འདི་ལྟ་སྟེ། །དབྱར་ཟླ་གསུམ་དང་སྟོན་ཟླ་གསུམ། །ཐ་ཆུང་བཞི་ལ་ཟླ་བགོས་བྱ། །དེ་དུས་ཚོད་ལྔ་རུ་ཕྱེ། །དབྱར་ཟླ་ར་བ་འབྲིང་པོ་གཉིས། །ཐུང་ཞག་དང་ནི་བཅུ་གཉིས་བསྟན། ཞག་ནི་བདུན་ཅུ་དོན་གཉིས་སོ། །དེ་ནི་དབྱར་ཟླ་གསུམ་ཡིན་ནོ། །སྙིང་དང་རྒྱུ་མའི་རྩ་དར་ཏེ། །ཆེ་ཞིང་རིང་ལ་ཡང་བར་འཕར། །སྟོན་གསུམ་བདུན་ཅུ་རྩ་གཉིས་ཞག །གློ་ལོང་ལྕགས་ཀྱི་རྩ་དར་ཏེ། །བྱ་སྤུ་རླུང་གིས་གཏོར་འདྲ་དང་། །དྲག་ཅིང་ཐུང་བར་འཕར་བའོ། །དགུན་དུས་བདུན་ཅུ་རྩ་གཉིས་ཞག །མཁལ་ལྒང་ཆུ་ཡི་རྩ་དར་ཏེ། །འཕར་ལ་འཇམ་སྟེ་རྒྱུན་རིང་ལ། །དཔྱིད་དུས་བདུན་ཅུ་རྩ་གཉིས་ཞག །མཆིན་མཁྲིས་ཤིང་གི་རྩ་དར་ཏེ། །པི་ཝང་རྒྱུན་ལྟར་ཕྲ་ལ་དྲང་། །སྟོན་དགུན་དཔྱིད་གསུམ་ཟླ་བ་དགུ། །ཞག་གྲངས་གོང་གི་འདྲེས་པ་ཡིན། །ཐ་ཆུང་བཞི་ཡི་ཟླ་མཐའ་[ཐ]ལ། །ཞག་ནི་བཅོ་བརྒྱད་རེ་རེ་བཅད། །བཅོ་བརྒྱད་བུ་དང་བཤུས་པ་ལ། །ཞག་ནི་བདུན་ཅུ་རྩ་གཉིས་ཡོ། །ཕོ་བ་མཚེར་པའི་རྩ་དར་ཏེ། །ཡུལ་ཆེན་ཆུ་ཡིས་བཀང་བ་ལྟར། །དལ་ལ་འཇམ་པ་རྒྱུ་བ་ཡིན། །དེ་ལྟར་དུས་བཞི་མ་ལོག་པར། །ནང་དུ་རྒྱུ་བ་ཐངས་[ཐེངས]གཉིས་འཕར། །ཕྱི་རུ་རྒྱུ་པ་ཐེངས་གཉིས་འཕར། །བར་དུ་གཅིག་སྟེ་ལྔ་རུ་འཕར། །དུས་བཞི་མ་ལོག་རྒྱུན་རྩ་ཚང་། ནད་མེད་རྩ་རྒྱུན་ཤེས་པར་བྱ། །དུས་བཞི་ལོག་སྟེ་མཐོ། །དབྱར་གསུམ་སྙིང་རྩ་དར་དུས་སུ། །མཁལ་རྩ་བྱུང་ན་ལོག་ཅེས་བྱ། །སྟོན་གསུམ་གློ་རྩ་དར་དུས་སུ། །མཆིན་རྩ་བྱུང་ན་ལོག་ཅེས་བྱ། །དགུན་གསུམ་མཁལ་རྩ་བྱུང་དུས་སུ། །མཆེར་རྩ་བྱུང་ན་ལོག་ཅེས་བྱ། །ཐ་ཆུང་མཚེར་རྩ་དར་དུས་སུ། །དཔྱིད་གསུམ་མཆིན་རྩ་དར་དུས་སུ། །གློ་རྩ་བྱུང་ན་ལོག་ཅེས་བྱ། །དུས་བཞི་ཟླ་བ་འདི་ལྟར་རོ། །དབྱར་ཟླ་ར་བ་མ་ནོར་ན། །ལག་སོར་ཐལ་ནས་ནམས་[ནམ]ལང་། །དབྱར་ཟླ་འབྲིང་པོ་མ་ནོར་ན། །ཁུ་བྱུག་སྔོན་མོའི་གསུམ་སྙན་སྒྲོགས། །མེ་ཏོག་འུག་[ཨུག]ཆོས་དར་ལོ་སྐྱེས། །སྟོན་ཟླ་ར་བ་མ་ནོར་ན། །སྐར་མ་སྒྲོག་དང་ཁྲུམ་སྟོད་གཉིས། །ཐལ་ནས་ནམས་[ནམ]ལངས་པ་ཡིན། །སྟོན་ཟླ་འབྲིང་བ་མ་ནོར་ན། །སྨིན་དྲུག་ཐལ་ནས་གནམ་[ནམ]ལངས་པ། །དགུན་ཟླ་ར་བ་མ་ནོར་ན། །ཤྭ་བ་རོག་པའི་མདུར་རྒྱུ་བྱེད། །མེ་ཏོག་སྤང་རྒྱན་གཡུ་ལོ་སྐྱེ། །དཔྱིད་ཟླ་ར་བ་མ་ནོར་ན། །སྐར་མ་ཝ་དྭང་སྟ་ཐོར་ལྔ། །ཐལ་ནས་ནམས་[ནམ]ལངས་པ་ཡིན། །དཔྱིད་ཟླ་འབྲིང་པོ་མ་ནོར་ན། །ལྕོག་ཆུང་གྲོ་མོའི་འགྱུར་སྐད་འདོན། །ལ་མེ་ཏོག་སིལ་མ་ཆགས། །དེ་ནི་དུས་བཞིའི་ཟླ་གཉིས་སོ། །

འབྱུང་པ་་་་ཅོད་འདྲལ་ནི། །སྙིང་དང་རྒྱུ་མ་ནམ་མཁའི་ཁམས། །མཆིན་པ་མཁྲིས་པ་ཤིང་གི་ཁམས། །གློ་བ་ལོང་ཀ་ལྕགས་ཀྱི་ཁམས། །ཕོ་བ་མཚེར་པ་ས་ཡི་ཁམས། །མཁལ་མ་ལྒང་པ་ཆུ་ཡི་ཁམས། །དབྱར་གསུམ་སྙིང་ཀ་དར་དུས་སུ། །མཆིན་རྩ་བྱུང་ན་མ་ཡིན་ཏེ། །མཚེར་རྩ་བུ་མེད་རྩ་གྲོགས་སོ། །མཁལ་རྩ་བྱུང་ན་དགྲ་ངོ་ཡིན། །སྟོན་གསུམ་གློ་རྩ་དར་དུས་སུ། །མཚེར་རྩ་བྱུང་ན་མ་ཡིན་ཏེ། །མཁལ་མ་བྱུང་ན་མཆིན་རྩ་གྲོགས། །སྙིང་རྩ་བྱུང་ན་དགྲ་ངོ་ཡིན། །དགུན་གསུམ་མཁལ་རྩ་དར་དུས་སུ། །གློ་རྩ་བྱུང་ན་མ་ཡིན་ཏེ། །མཆིན་རྩ་བུ་ལ་སྙིང་རྩ་གྲོགས། །མཚེར་རྩ་བྱུང་ན་དགྲ་ངོ་ཡིན། །དཔྱིད་གསུམ་མཆིན་རྩ་དར་དུས་སུ། །མཁལ་རྩ་བྱུང་ན་མ་ཡིན་ཏེ། །སྙིང་རྩ་བུ་ལ་མཆེར་རྩ་གྲོགས། །གློ་རྩ་བྱུང་ན་དགྲ་ངོ་ཡིན། །ཐ་ཆུང་མཚེར་རྩ་དར་དུས་སུ། །སྙིང་རྩ་བྱུང་ན་མ་ཡིན་ཏེ། །གློ་རྩ་བུ་ལ་མཁལ་རྩ་གྲོགས། །མཆིན་རྩ་བྱུང་ན་དགྲ་ངོ་ཡིན། །དེ་ནི་འབྱུང་བ་མ་བུའི་རྩིས། །དེ་ལ་བཟང་ངན་བརྟག་པ་ནི། །མ་རྩ་བྱུང་ན་བཟང་བར་བཤད། །བུ་རྩ་བྱུང་ན་བསོད་ནམས་ཆེ། །གྲོགས་རྩ་བྱུང་ན་གྲོགས་དང་འཕྲད། །དགྲ་རྩ་བྱུང་ན་དུས་བཞི་སོགས། །ནའམ་འཆིའམ་ཤེས་པར་བྱ། །དུས་བཞི་དར་དུས་མྱ་ངན་རྩ། །གང་ལ་བྱུང་ན་བསྟན་པར་བྱ། །སྨུག་[རྨུགས]ཤིང་འཐིབ་ན་མྱ་ངན་འོང་། །མ་རྩ་སྨུག་[རྨུགས]ཤིང་འཐིབ་ན་མ་སྲུའི་ཕྱོགས། །བུ་རྩ་སྨུག་[རྨུགས]ཤིང་འཐིབ་ན་བུ་མ་འོང་། །གྲོགས་རྩ་སྨུག་[རྨུགས]ཤིང་འཐིབ་ན་ནོར་ལ་འོང་། །དགྲ་རྩ་སྨུག་[རྨུགས]ཤིང་འཐིབ་ན། །རང་རྩ་སྨུག་[རྨུགས]ཤིང་འཐིབ་ན། །དེ་ནི་དུས་བཞིའི་རྩ་ལ་སྦྱར། །འབྲུབ་ཅིང་བརྒྱལ་ན་བྲེལ་དངངས་འོང་། །གང་ལ་བྱུང་བ་བསྟན་པ་ནི། །མ་རྩ་བུ་རྩ་གྲོགས་རྩ་དང་། །དགྲ་རྩ་རང་རྩ་གོང་དང་འདྲ། །དེ་ནི་མྱ་ངན་བྲེལ་དངངས་རྩ། །འབྲུབ་ཅིང་བརྒྱལ་ན་བྲེལ་དངངས་འོང་། །ཤིན་ཏུ་ཞིབ་པར་བསྟན་པར་བྱ། །མ་རྟོགས་སྨྲ་བ་མི་བྱའོ། །སྨྲས་ན་གཞན་ནི་འཕྱ་བ་ཡིན། །དུས་བཞིའི་ལེའུ་སྟེ་དགུ་པའོ།།  །།

 

ལེའུ་བཅུ་པ། འཆི་རྩ་བསྟན་པ།

 

མྱ་ངན་སྐྱོན་གྱི་རྩ་བསྟན་པ། །འཕྱར་བ་གྱང་ལ་གབ་འདྲ་དང་། །མར་མེ་འཆི་ཁ་འདྲ་བ་དང་། །འདར་ཞིང་འཕར་ཆད་འཕར་བ་དང་། །ཟངས་ནང་ཆུ་ཚན་ཁོལ་འདྲ་དང་། །སྟེང་ཕྱོགས་ཀྱི་རྩ་མཐོང་བ་དང་། །འོག་ཏུ་ཆུའི་རྩ་དམ་པ་དང་། །དེས་བཞི་ཁྲི་འདྲ་བ་བྱུང་བ་སྟེ། །སྡིག་སྒྲིབ་དང་རྦ་རླབས་བྱེད་པ་དང་། །གཏིང་ན་རིག་རིག་བྱེད་པ་དང་། །བྱ་སྤུ་རླུང་གིས་གཏོར་འདྲ་དང་། །མེ་ལྕེ་གནམ་དུ་སོང་འདྲ་ལྟ་བུ་དང་། །སྐྱེ་[སྐྱེར]ཚེར་འདྲ་བ་རྣམ་པ་བདུན། །མྱ་ངན་ཡེ་འདྲོགས་རྩ་བདུན་ཡིན། །རང་དང་བུ་དང་ཕ་ཁུ་དང་། །ནོར་དང་མ་སྲུ་བ་སྟེང་སྐྱོན། །གང་ལ་འོང་བ་བསྟན་པ་ནི། །སྙིང་དང་སྒྱུ་[རྒྱུ]མ་རང་དང་བུ། །མཆིན་པ་མཁྲིས་པ་ཕ་ཁུ་ཡིན། །གློ་བ་ལོང་ཀ་ནོར་དང་གྲོགས། །ཕོ་བ་མཚེར་པ་མ་ཕྱི་ཡིན། །ལྒང་པ་མཁལ་མ་བུ་སྟེང་གཉེན། །མྱ་ངན་ཡེ་འདྲོགས་འོང་བ་ནི། །འཆི་རྩ་ཆེན་པོ་བཅུ་ཡོད་དེ། །ཁང་རྡུལ་ཐིགས་ཟགས་འདྲ་བ་དང་། །སྦྲུལ་ནག་ལྕགས་ཀྱིས་བྲབ་འདྲ་དང་། །མཆིལ་བ་རྒུན་འཐུ་ལྟ་བུ་དང་། །ཕྱེ་མ་རླུང་གིས་རྩུབ་འདྲ་དང་། །དར་ལྕེ་རླུང་གིས་བསྐྱོད་འདྲ་དང་། །བྱི་བ་གཉེན་ལ་བབས་འདྲ་དང་། །རྡབ་མདེལ་བརྒྱབ་པ་འདྲ་བ་དང་། །ནོར་བུ་བརྒྱུས་པ་འདྲ་བ་དང་། །ཝ་ནི་ཕྱེ་མ་ཁུག་འདྲ་དང་། །རྣམ་པ་བཅུ་པོ་གང་བྱུང་ཡང་། །མི་ཚེ་འཆི་བའི་རྩ་ཡིན་ནོ། །མྱ་ངན་འཆི་རྩའི་ལེའུ་སྟེ་བཅུ་པའོ།།  །།

 

ལེའུ་བཅུ་གཅིག་པ། དོན་ལྔའི་འཆི་རྩ་བསྟན་པ།

 

དོན་སྙིང་ལྔ་ཡི་འཆི་རྩ་ནི། །སྙིང་རྩ་མ་ཚང་རྔམ་པ་ཆེ། །འབྲུ་ཚུགས་བལྟ་ན་འཆི་བའི་རྩ། །གློ་རྩ་མ་ཚང་ཁ་གདང་ཞིང་། །མཆེར་རྩ་མ་ཚང་རྐང་པ་སྐྲངས། །མ་ཚོར་དྲི་མ་སླ་ལ་འཇམ། །ཁ་གདོང་སྔོ་ན་འཆི་བའི་རྩ། །མཁལ་རྩ་མ་ཚང་ལུས་པོ་ནག །མིག་སེར་རྐང་བོལ་སྐྲངས་པ་དང་། །ངོ་ནག་རྒྱུ་མ་འཆི་བའོ། །དེ་ནི་དོན་སྙིང་འཆི་རྩ་ཡིན། །སྟག་དང་མཚན་མ་མི་ལྟ་ན། །ཡི་དྭགས་གནོད་པ་རྩི་མེད་དང་། །རང་བཞིན་མེད་པའི་སོ་སོའི་ནད། །འཆི་དུས་མི་གདབ་མན་ངག་ཡིན། །སྐྱེས་པའི་མཁལ་རྩ་གཡོན་པ་དང་། །བུད་མེད་མཁལ་རྩ་གཡས་པ་དང་། །ནད་ཆེ་ནད་མེད་རྩ་བྱུང་ན། །འཆི་བའི་རྩ་རུ་ཤེས་པར་བྱ། །འཆི་རྩའི་ལེའུ་སྟེ་བཅུ་གཅིག་པའོ།།  །།

 

ལེའུ་བཅུ་གཉིས་པ། ངོ་མཚར་རྩ་བསྟན་པ།

 

ཡོན་ཏན་སྐྱོན་གྱི་རྩ་དྲུག་དང་། །ངོ་མཚར་ཅན་གྱི་རྩ་བརྒྱད་དོ། །དམུ་ཆུ་ཁོང་བར་ལྷུང་པ་དང་། །བྱང་ཁོག་སྟོད་ཀྱི་རྣག་རུལ་དང་། །མཁྲིས་པ་ཤ་སེར་མིག་སེར་དང་། །ཤ་དུག་གྲེ་བར་འབྲེལ་བ་དང་། །བད་ཀན་སྨུག་པོ་མཆིན་པ་རྒྱས། །ནད་པ་ཡུན་རིང་ཟུངས་ཟད་དང་། །འདི་དྲུག་ནད་མེད་རྩ་བྱུང་ན། །འཆི་བའི་རྩ་རུ་ཤེས་པར་བྱ། །དུག་གསུམ་པོ་ལ་ནད་གསུམ་ཡོད། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །འཐར་[ཐུར]མའི་སྒོ་ནས་ལུས་ཀྱི་ནད། །ཤེས་པ་ཤིན་ཏུ་ངོ་མཚར་ཆེ། །མཁྲིས་པའི་ཚ་བ་བསྐྱེད་པ་ཡིན། །དབང་པོའི་སྒོ་ནས་འགྲིགས་པ་སྟེ། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །གཏི་མུག་བད་ཀན་བསྐྱེད་པ་སྟེ། །དབང་པོའི་སྒོ་ནས་འགྲིབ་ཅིང་འཐིབ། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །འདོད་ཆགས་གྲང་བ་རླུང་གིས་བསྐྱེད། །རྩ་ནི་གང་ཕྲོད་[འཕྲོད]འགྱུར་བ་སྟེ། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །སྟོང་བ་གསོ་ཞིང་རྒྱས་པ་གསོད། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །ཕྲག་དོག་ཆུ་སེར་ཆུ་ཡིས་བསྐྱེད། །དབང་པོའི་སྒོ་ནས་འགྲིབ་པ་དེ། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །འཚོ་འཆི་གཉིས་ཀྱི་བྱེ་བྲག་རྣམས། །མ་ནོར་སྐྱེ་བྲེ་[བྲི]རྒྱལ་བ་ནི། །རྩ་ཡི་ཤེས་པ་ངོ་མཚར་ཆེ། །ཡོན་ཏན་སྐྱོན་གྱི་རྩ་དྲུག་དང་། །ངོ་མཚར་ཅན་གྱི་རྩ་བརྒྱད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།  །།

 

ལེའུ་བཅུ་གསུམ་པ། རྩ་ཡི་མཐུན་རྩིས་བསྟན་པ།

 

ད་ནི་རྩ་ཡི་མཐུན་རྩིས་ལ། །རྒྱས་པ་དང་ནི་སྟོང་བ་མཐུན། །བྱིངས་[བྱིང]བ་དང་ཞར་བ་མཐུན། །དལ་བ་དང་ནི་སྤྱོད་གཡུངཔ་མཐུན། །མཁྲངས་[མཁྲང]བ་དང་ནི་རྒྱས་པ་མཐུན། །གྲིམས་པ་དང་དྲེགས་[དྲག]པ་མཐུན། །མཐུད་མཐུན་རྩི་ལེའུ་སྟེ་བཅུ་གསུམ་པའོ།།  །།

 

ལེའུ་བཅུ་བཞི་པ། ཕྱི་དོན་སྣོད་ཀྱི་འབྲེལ་འབྱོར་བསྟན་པ།

 

ད་ནི་ཕྱི་ནང་འབྱོར་འབྲེལ་བཤད། །དེ་ལ་ནང་གི་འབྱོར་བ་ནི། །སྙིང་དང་རྒྱུ་མ་འབྱོར་བ་ནི། །གློ་བ་ལོང་ལ་འབྱོར་བ་ཡིན། །མཆིན་པ་མཁྲིས་པ་འབྱོར་བ་ཡིན། །མཚེར་པ་དང་ནི་ཕོ་བ་འབྱོར། །མཁལ་མ་གཡས་དང་ལྒང་པ་འབྱོར། །མཁལ་མ་གཡོན་དང་བསམ་སེ་འབྱོར། །དེ་ནི་ནང་གི་འབྱོར་དྲུག་ཡིན། །ད་ནི་ཕྱི་ཡི་འབྲེལ་བ་ནི། །སྙིང་གི་རྩ་དང་ལྕེ་རུ་འབྲེལ། །གློ་བ་དང་ནི་སྣ་རུ་འབྲེལ། །མཆིན་པ་དང་ནི་མིག་ཏུ་འབྲེལ། །མཚེར་པ་དང་ནི་མཆུ་རུ་འབྲེལ། །མཁལ་མ་གཡོན་དང་རྣ་བ་འབྲེལ། །མཁལ་མ་གཡས་དང་རྣ་བ་འབྲེལ། །དེ་ནི་ཕྱི་ཡི་འབྲེལ་བ་ཡིན། །ད་ནི་དོན་ལྔ་སྣོད་དྲུག་བཤད། །ཕོ་བ་ཟས་ཀྱི་སྣོད་དུ་ཡིན། །རྒྱུ་མ་སྙིང་གི་སྣོད་ཡིན་ཏེ། །ལོང་ཀ་བཤང་ལྕེའི་སྣོད་ཡིན་ཏེ། །མཁྲིས་པ་རྩ་ཡི་སྣོད་དུ་ཡིན། །ལྒང་པ་ཆུ་ཡི་སྣོད་ཡིན་ནོ། །བསམ་སེ་བྱང་སེམས་དཀར་དམར་སྣོད། །ད་ནི་དོན་ལྔའི་གཞི་མ་བཤད། །སྙིང་ནི་སེམས་ཀྱི་གཞི་རུ་བཤད། །གློ་བ་དབུགས་ཀྱི་གཞི་རུ་བཤད། །མཆིན་པ་དྲོད་ཀྱི་གཞི་ཡིན་ནོ། །མཚེར་པ་ཁྲག་གི་གཞི་རུ་བཤད། །མཁལ་མ་ཆུ་ཡི་གཞི་ཡིན་ནོ། །དེ་ནི་དོན་གྱི་གཞི་ཡིན་ནོ། །དོན་སྣོད་འབྱོར་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།  །།

 

ལེའུ་བཅོ་ལྔ་པ། དབང་པོ་སྒོ་ལ་བརྟག་པ།

 

ད་ནི་དབང་པོའི་སྒོ་ལ་བསྟན། །དབང་པོའི་དངས་མ་མིག་ཡིན་ནོ། །སེར་ན་མཁྲིས་པ་དམར་ན་ཁྲག །སྐྱ་ན་བད་ཀན་དཀར་ན་རླུང་། །ད་ནི་ལྕེ་ལ་བརྟག་པ་ནི། །ནག་ན་སོར་དང་རྩུབ་པ་དང་། །ཁམ་ལ་མཁལ་མ་ཆེ་བ་དང་། །སྦོམ་ལ་ཐུང་བ་ཚ་བ་ཡིན། །གཤེར་དང་སྐྱ་དང་དམར་བ་དང་། །རང་[རེངས]ལ་མཉེན་པ་གྲང་བ་ཡིན། །ཁ་ན་ལྡོག་ལ་ལ་ཞ་བ་དང་། །གློ་བུང་ལུད་དང་འབྲུམ་ཕྲན་འོང་། །དྲི་མི་ཞིམ་པ་ཚ་བ་ཡིན། །བསྔལ་[མངལ]དང་སྐོམ་དད་ཆུང་བ་དང་། །རློན་དང་གཤེར་དང་གྲང་བ་ཡིན། །མཆུ་ནི་ཐུང་ངམ་ནག་པ་དང་། །འབྲུམ་བུ་འོང་དང་དྲེག་པ་ཆགས། །ཤིན་ཏུ་གྱོང་པ་ཚ་བའི་མཆུ་[ཆུ]། །དམར་ལ་མནན་ལ་བསྲུབ་པ་དང་། །ཤིན་ཏུ་རློན་པ་གྲང་བ་ཡིན། །ཆུ་བ་དམར་སེར་རླངས་པ་ཆེ། །ནག་ལ་དྲི་ཆེ་ཚ་བ་ཆེ། །སྔོ་དང་སྐྱ་དང་དམར་བ་དང་། །ལྦུ་བ་དང་རླངས་པ་ཆུང་། །སྲི་དང་སྡོམ་དང་གྲང་བའི་ཆུ། །དྲི་མ་ཁྲག་སྲིན་འདྲ་བ་དང་། །བག་ཟན་འདྲ་བ་ཚད་པའི་ནད། །སྐྱ་དང་སྔོ་དང་དཀར་བ་དང་། །གྲང་བའི་ནད་ཀྱི་དྲི་མ་ཡིན། །ལུད་པ་ཁྲག་ཏུ་འོང་བ་དང་། །རྟག་ཏུ་འོང་དང་དུད་ཁུ་འོང་། །སེར་པོ་འོང་བ་ཚ་བའི་ནད་ཡིན། །ལྦུ་བ་སོབ་པ་སྐྱ་བ་དང་། །སྣ་རིང་རླུང་[རླངས]ཆུང་གྲང་བ་ཡིན། །དབུགས་ནི་ཐུང་བ་ཚ་བ་ཡིན། །དབུགས་རྩིས་སྔགས་ཀྱིས་མི་སླེབས་པ། །ཤིན་ཏུ་རྒོད་པ་ཚ་བ་ཡིན། །གྲང་བ་རླན་དང་འདར་བ་དང་། །ཤིན་ཏུ་རིང་བ་གྲང་བ་ཡིན། །ཤ་མདོག་དམར་བ་ཁྲག་གི་ནད། །སེར་ན་མཁྲིས་པ་དཀར་ན་རླུང་། །སྨུག་ལ་སྐྱ་བ་བད་ཀན་ཡིན། །དྲེགས་[དྲེག]པ་ཆགས་ན་མ་ཞུ་བ། །དབང་པོ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།  །།

 

ལེའུ་བཅུ་དྲུག་པ། རླུང་ནད་བསྟན་པ།

 

རླུང་དང་མཁྲིས་པ་བད་ཀན་གསུམ། །མ་ནོར་བརྟག་པ་འདི་ལྟ་སྟེ། །རླུང་གི་ནད་ལ་འདི་ལྟར་རོ། །རོ་བཅུད་ཟོས་ན་ཟུག་པར་གནས། །གཉིད་ཆགས་[ཆག]གསུམ་དྲག་པོ་དང་། །མྱ་ངན་སེམས་ལས་བྱས་པ་དང་། །འཁྲུ་སྐྱུག་དྲག་པོའི་རྗེས་ལ་ན། །གྲང་དུ་ཆུང་ཞིང་མིག་ན། །ཚིགས་རྣམས་ཕྱེ་སྙམ་གཞུང་རྒྱུད་ན། །མགོ་བོ་འཐོམ་ཞིང་མིག་དང་ཕན། །མིག་རྩ་རྒོད་ཅིང་ལག་པའི་བྱ་བྱེད་མང་། །ཐོ་རང་[རངས]གཉིད་དང་བྲང་ལ་འཐོར་བུ་འབྱུང་། །ལྕེ་མཆུ་འདར་ཞིང་བྲེལ་གཏམ། །ལྕེ་ཡང་སྐྱ་རྩུབ་སྔོ་སེར་འདུག་པ་དང་། །དམར་ཞིང་གཉེར་མ་ཆུང་བ་དང་། །ཤེས་པ་སྔོ་[ཟི]ཞིང་འགྲོ་སྙིང་འདོད། །སྙིང་ལ་དྲོན་མོ་འདོད་པ་དང་། །གླེན་པ་སྐྱ་སྐྱལ་བྱེད་པ་དང་། །ལུད་པ་སེར་སེར་འགོག་མི་ཉན། །ཤེས་པ་འཕྱོ་ཞིང་ཤུ་ཡིས་འདེབས། །རྩ་ནི་སྟོང་ཞིང་རྒྱས་པ་དང་། །རྒྱུག་ཅིང་སྟོང་དང་དལ་ཞིང་སྟོང་། །འབྱིང་[བྱིང]དང་རྩ་སྟོད་དལ་བ་དང་། །རྩ་སྨད་སྟོང་དང་གཤེར་ཆུ་འཁྱག །ཁྲག་ནད་རྩུབ་པ་དང་ནག་ལ། །ལྦུ་བ་དམར་པོ་འོང་། །གཏོར་བའི་རྗེས་ལ་ཤེས་པ་རྫོགས། །གཟེར་ཟུག་ཤིན་ཏུ་ཆེ་བ་འོང་། །ཆུ་ནི་འོ་མ་ལྟ་བུ་དཀར། །རང་དབང་མེད་པར་རྒྱུག་དང་སྡམ། །ཀུ་ཡ་སྤུ་གྲིས་ཁྱབ་ནས་འོང་། །འཁྲུ་བ་ལྦུ་འདྲ་སྒྲ་ཅན་འབྱུང་། །ཡང་ཞིང་རྩུབ་ལ་བཅུད་རྩུབ་དང་། །གྲང་མོའི་ཟས་རྣམས་ཟོས་ན་ན། །ལྕེ་ནི་སྦུབ་ལ་ཚད་མོ་དང་། །མངར་སྐྱུར་ལན་ཚྭ་འཕྲོད་པ་རླུང་གི་ནད། །རླུང་ནད་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།།  །།

 

ལེའུ་བདུན་པ། མཁྲིས་ནད་བསྟན་པ།

 

མཁྲིས་པའི་ནད་ནི་འདི་ལྟར་རོ། །རྣོ་ཞིང་དྲོད་ཆེ་རྟ་བོང་ཤ །ཁོང་ཁྲོ་དྲག་ཤུལ་བྱས་པ་དང་། །དྲོད་ཆེ་ཟོས་ན་ཉིན་གཉིད་བྱས། །འདི་འདྲའི་རྐྱེན་གྱིས་རྫོང་བར་བྱེད། །མཆོང་པ་རྒྱུག་པ་རྟས་བརྡབ་དང་། །སྟོབས་དང་དྲག་ཤུལ་བྱས་རྗེས་ལ། །མིག་རྩ་དམར་ནག་རྣ་འོག་རྔུལ། །ཚ་ཞིང་དྲོད་ཆེན་ཤ་རྩ་སེར། །སྐྲ་འདབ་[འདབས]དྲོ་ལ་ལུས་པོ་ཟ། །རབ་རབ་དང་མཆིན་ཁྲི་སྦྲེལ་ཞིང་ན། །དྲོ་སའི་དུས་སུ་ལྷག་པར་ན། །མགོ་བོ་གཟེར་ཞིང་ལྕི་བ་དང་། །གང་ནར་ཕུར་བ་བཙུགས་པ་འདྲ། །ལྕེ་མཆུ་སེར་ལ་ཁ་སྐོམ་ཞིང་། །སྣ་བུག་སྐེམ་ཞིང་ཤུ་བ་འབྱུང་། །དེ་བཞིན་ལྕེ་མཆུ་ཐོར་བ་གང་། །མིག་རྩ་སེར་ལ་ལ་ཁུ་འོང་། །ཁ་སྣའི་དབུགས་ནི་ཐུང་བའོ། །རྩ་ནི་རིང་དུ་ཐུང་ཡང་རྒྱུ། །སྲ་བ་རྒྱུ་དང་དྲག་པར་རྒྱུ། །གོང་ལྟར་འཕར་ཡང་འདྲིལ་བ་མཁྲིས་པའི་རྩ། །ཁྲག་ནི་འབྲུ་མར་ཞུན་མ་འདྲ། །མ་སྨིན་ལྕགས་ཀྱི་འཇའ་ཚོན་འདྲ། །དྲི་ཆེན་མནམ་ཞིང་སེར་པོར་འཁྲུ། །དྲི་ཆུང་སེར་ཞིང་སྐྱེར་ཁུ་དང་། །ཆུ་རྩའི་ཁུ་འདྲ་མར་ནག་འདྲ། །དེ་ནི་མཁྲིས་པའི་ནད་དུ་འདོད། །མཁྲིས་ནད་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།  །།

 

ལེའུ་བཅོ་བརྒྱད་པ། བད་ཀན་གྱི་ནད་བསྟན་པ།

 

བད་ཀན་ངོས་བཟུང་བསྟན་པ་ནི། །མར་ཁུ་མ་ཞུ་གྲོ་མ་དང་། །རྭ་ཡི་ཤ་དང་གྲོ་ཡི་ཡོས། །རླུང་དངོས་ལ་སོགས་མ་སྨིན་ཟས། །རླན་ཅིང་ཡུལ་དང་དཔྱིད་དུས་སུ། །དལ་བར་བསྡད་ན་བད་ཀན་སྐྱེ། །སྔ་དྲོ་དང་ཁ་མི་བདེ་ལུས་པོ་ལྗི[ལྕི]། །དལ་དང་གྲང་བའི་རྗེས་ལ་ནི། །ཕྲལ་ཞིང་བཅའ་པའི་དུས་སུ་བདེ། །ལྕེ་ནི་དཀར་ཞིང་རིང་ལ་རློན། །ལུས་ཀྱི་ཁ་སྟོག་[མདོག]སྔོ་བར་འོང་། །ཡང་ན་སྐམ་ཞིང་ཚིལ་གྱིས་གཡོག་པ་འདྲ། །དེ་བཞིན་མཆུ་ཡན་རིང་ལ་སྐྱོན། །གདོང་ལ་དྲོན་མོ་འདོད་ཅིང་དངོས་པོ་ཆེ། །ཐོ་རང་[རངས]ལུ་ཞིང་གྲང་བ་འཛེར། །རྗེས་ལ་མིག་ཕུག་ཚང་དུ་སྐྲངས། །རྩ་ནི་འཇམ་ཞིང་ཐུང་ལ་བྱིང་། །ཞན་ཅིང་ཞར་ལ་འོར་བ་བུལ། །ཁྲག་ནི་ལེབ་རྒན་[ལེ་བརྒན]འདྲ་བ་དང་། །ཆུ་མདོག་དཀར་ལ་སྔོ་འབུར། །ཡང་ན་མཚོ་ཆུ་འདྲ་བ་འབྱུང་། །སྦོམ་ཞིང་རྒྱུ་བའི་ཟས་རྣམས་དང་། །བསིལ་གྲང་བརླན་པའི་གནས་མི་འཕྲོད། །ཁ་ཟས་ཡང་ཞིང་འཕྲོད་པ་བད་ཀན་ནད། །གྲང་བའི་ནད་རྣམས་འདི་ལ་སྐྱེས། །ཁྲག་དང་མཁྲིས་པ་ཚ་བ་འདུས། །རླུང་དང་བད་ཀན་གྲང་བ་འདུས། །དེ་ལྟར་ཤེས་ན་བཅོས་མི་དགོས། །བད་ཀན་གྱི་ནད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་ཡིག་ཉི་ཟེར་སྒྲོན་མེ་རྫོགས་སོ།།  །།མངྒ་ལཾ།།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༨ ནས་ ༤༤༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *