པོད་ཐ་པ།
སྤྱིའི་དེབ་ཕྲེང་གྱ་གཅིག་པ།
མཛད་པ་པོ། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་གསུང་འབུམ།
པོད་ཐ་པ།
ཕྱི་ལོ་ ༢༠༡༦ ལོར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་
གི་མདོ་སྔགས་སློབ་ཐོན་པ་སྐབས་བཅུ་དྲུག་པའི་སློབ་ཐོན་པ་ཐུན་
མོང་ནས་པར་ཐེངས་དང་པོར་དེབ་གྲངས་ ༣༠༠ དཔར།
© Namgyal Tantric College, 2016
All rights reserved
Compiled, edited and published
by Namgyal Monastery
www.namgyalmonastery.org
འབྲེལ་ཡུལ་ཞལ་བྱང༌།
NAMGYAL MONASTERY
P.O. Mcleod Ganj-176219
Dharamsala Distt Kangra (H.P.) INDIA
Off:91+92184-14777/ 92184-15777/221492
E-mail: namgyalmonastery@gmail.com
ཕྱོགས་སྒྲིག་པའི་གསལ་བཤད།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ། མཐའ་ཀླས་སྐྱེ་རྒུའི་བསམ་པའི་གཙོ་འཛིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་གཞི་དང་། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་པཎ་གྲུབ་བཅུ་བདུན་ཞེས་པ་ནི། སྔར་འཕགས་བོད་ཀྱི་བྱུང་རབས་ཁྲོད་རྒྱན་དྲུག་མཆོག་གཉིས་ལས་པཎ་གྲུབ་བཅུ་བདུན་ཞེས་མ་གྲགས་ཀྱང་། མགོན་པོ་གང་ཉིད་ནས་དཔལ་ནཱ་ལེནྡྲའི་རིང་ལུགས་ཀྱི་སྐྱེས་མཆོག་གྲངས་ལས་འདས་པ་བྱོན་པའི་ཁྲོད་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་ཐད་ཕྱག་རྗེས་ཕུལ་དུ་བྱུང་བའི་པཎ་གྲུབ་བཅུ་བདུན་ཞེས་འབུད་དོད་དུ་གསར་གཏོད་མཛད་དེ་ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༡༥ ཉིན་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་པ་དང་། པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་གསར་བཞེངས་ཀྱི་ལྗགས་བཀོད་མཛད་དེ་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འདི་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པར་གསལ་སྟོན་མཛད་པས། བོད་བརྒྱུད་ནང་བསྟན་འདི་ཉིད་སངས་རྒྱས་ཀྱི་ཆོས་ལུགས་མིན་པར་བླ་མའི་ཆོས་ལུགས་ཡིན་པར་སྨྲ་བ་པོ་རྣམས་ཀྱི་སྨྲ་ངན་མཐའ་དག་ཚར་བཅད་ནས་དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་ཏུ་ངོས་འཛིན་ཐུབ་པ་བྱུང་ཡོད།
དེ་བཞིན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཀྱི་འབྱུང་ཁུངས་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ལས་བརྒྱུད་པ་གཅིག་གྱུར་ཡིན་པས། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་སུ་ཕྱེ་ནས་བསྟན་པ་སྤྱི་བཙན་གྱི་གལ་གནད་ལ་གཟིགས་ནས་ཕན་ཚུན་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པའི་བླ་མེད་ཀྱི་ལམ་སྟོན་དང་། རླབས་ཆེན་དགོངས་བཞེད་ལྟར་གསར་གཏོད་དང་། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་མཛད་པར་མ་ཟད། གསོལ་འདེབས་འདི་ཉིད་ཀྱི་བཀའ་ཁྲིད་གསོལ་འདེབས་ཞུ་མིན་ཇི་ལྟར་ཡང་། གལ་གནད་ཆེན་པོར་གཟིགས་ནས་ལན་གྲངས་དུ་མར་བཀའ་ཁྲིད་སྩལ་བ་ལས།
༡༽ ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་སུ་རི་བུ་ཁྱིམ་དབུ་བརྙེས་ནས་མི་ལོ་ ༤༠ འཁོར་བའི་དུས་དྲན་ཐོག་སྩལ་བའི་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་གཅིག་དང་། ༢༽ འདི་ཕྱི་ལོ་ ༢༠༠༣ ཟླ་ ༡༢ ཚེས་ ༣ ལ་སྩལ་བའི་བཀའ་ཁྲིད་ཆ་ཚང་གཅིག །༣༽ དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནང་བའི་ཕྱི་ལོ་ཟླ་ཚེས་མ་རྙེད་པའི་བཀའ་ཁྲིད་གཅིག །༤༽ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༣ ཉིན་ལ་དྭགས་ཟངས་དཀར་དུ་སྩལ་བའི་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་གཅིག །༥༽ ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པའི་རི་གཤམ་ཐང་སྟེང་དུ་སྩལ་བའི་པཎ་གྲུབ་བཅུ་བདུན་གྱི་བཀའ་ཁྲིད། ༦༽ ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་དུས་དབང་ཐེངས་ ༣༣ སྔོན་འགྲོའི་གསུང་ཆོས་སྐབས་སྩལ་བའི་བཀའ་ཁྲིད། ༧༽ ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༠ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྩལ་བའི་བཀའ་ཁྲིད། (འདིར་མཇུག་བྱང་གི་བཀའ་ཁྲིད་མེད།) ༨༽ ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙུན་མའི་འཇང་དགུན་ཆོས་ཐེངས་གཅིག་ཏུ་བཅར་བའི་བཙུན་མ་རྣམས་ལ་སྩལ་བའི་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་བཅས་གོང་གསལ་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་ཁག་བརྒྱད་ཀྱི་ཐོག །༡༽ ཕྱི་ལོ་ ༢༠༠༦ ཟླ་ ༡ ཚེས་ ༨ ཉིན་ཨ་མ་ར་ཝ་ཏིའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་སྐབས་པཎ་གྲུབ་བསྟོད་ཆེན་གྱི་མཇུག་བསྡོམས་དང་། མཛད་བྱང་བཅས་བཀའ་ཁྲིད་སྩལ་བ་གཅིག་དང་། ༢༽ ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་ནང་པ་རྣམས་ལ་སྩལ་བའི་གསུང་ཆོས་སྐབས།
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ཞེས་པ་ནས་མཇུག་བསྡོམས་བར་དང་། མཛད་བྱང་བཅས་ཀྱི་བཀའ་ཁྲིད། པཎ་གྲུབ་བསྟོད་ཆེན་མཛད་པའི་དགོས་དམིགས་བཅས་ཀྱི་ཐོག་སྩལ་བའི་བཀའ་ཁྲིད་ལས་གཞུང་དངོས་གཞི་རྣམས་ལྗགས་ལུང་གནང་བ་གཅིག །༣༽ ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༣།༢༩ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྨིན་སྩོལ་སྐབས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས་དང༌། སྐུ་ཐང་གསར་བཞེངས་ཀྱི་བྱུང་རིམ་སྐོར་བའི་སྩལ་བའི་བཀའ་སློབ། (འདིར་གཞུང་དངོས་དང་མཇུག་བྱང་གི་བཀའ་ཁྲིད་མེད།) ༤༽ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༩ ཉིན་ལ་དྭགས་ཕྱེ་རྒྱུད་སྨད་སྔགས་པ་གྲྭ་ཚང་དུ་རིགས་ལམ་གྱི་གལ་གནད་དང་། ནཱ་ལེནྡྲའི་ཕྱག་ལེན་སྐོར་སྩལ་བའི་བཀའ་སློབ། ༥༽ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣༠ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་གྱི་སྐོར་སྩལ་བའི་བཀའ་སློབ་བཅས་ཁ་སྣོན་དུ་ཕྱོགས་སྒྲིག་ཞུས་ཐོག །༦༽ ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༦ ནས་ ༩ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྐབས་པཎ་གྲུབ་བསྟོད་ཆེན་ལྗགས་རྩོམ་མཛད་པའི་དགོས་དམིགས་སྐོར་སྩལ་བའི་བཀའ་སློབ་བཅས།
གོང་གསལ་བཀའ་ཁྲིད་ཆ་ཚང་གནང་བ་ཁག་བརྒྱད་དང་། མཇུག་བསྡོམས་དང་མཛད་བྱང་བཀའ་ཁྲིད་སྩལ་བ། གསོལ་འདེབས་ལྗགས་རྩོམ་མཛད་པའི་དགོས་དམིགས། སྐུ་ཐང་འབྲི་བཞེངས་སོགས་ཀྱི་སྐོར་བཀའ་ཁྲིད་ཆ་ཤས་སྩལ་བ་ཁག་དྲུག་བཅས་ཁྱོན་བཀའ་ཁྲིད་རྒྱས་བསྡུས་ཁག་ ༡༤ ཡོད་པ་ལས། ལ་དྭགས་ཀླུ་འཁྱིལ་དགོན་དུ་སྩལ་བའི་བཀའ་ཁྲིད་དེ་རྒྱས་ཤོས་ཡིན་པས་དེ་ཉིད་གཞི་རྩར་བཞག་སྟེ། གཞན་རྣམས་རེ་རེ་བཞིན་ཚིགས་བཅད་སོ་སོའི་སྐབས་ཐོག་སོ་སོ་དང་། གོང་འོག་བར་གསུམ་གང་འོས་སུ་ཕྱོགས་བསྒྲིགས་ཁ་སྣོན་ཞུས་པ་དང་། བརྗོད་དོན་དང་འཚམས་པའི་དཀར་ཆག་གསར་བསྒྲིགས། ལྷག་པར་ལུང་ཁུངས་རྣམས་ཞབས་མཆན་གྱི་ཚུལ་དུ་གསལ་བར་ཐབས་འཚོལ་གྱིས་བཀོད་ཡོད།
དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་འདི་ཉིད་འདི་ག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་གཞུང་ཆེན་མདོ་སྔགས་སློབ་ཐོན་པ་སྐབས་བཅུ་དྲུག་པའི་སློབ་ཐོན་པ་ཐུན་མོང་ནས་རྒྱུ་ཡོན་སྦྱར་ཏེ་ཕྱི་ལོ་ ༢༠༡༦ ལོར་པར་ཐེངས་དང་པོར་པར་གྲངས་ ༣༠༠ ཐམ་པ་དཔར་འགྲེམས་གནང་བར་དམིགས་བསལ་ལེགས་སོ་བསྔགས་བརྗོད་གྲངས་མེད་ཞུ་རྒྱུ་བཅས་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༥ དགེ་བར།།
དཀར་ཆག
དང་པོ། སྔོན་འགྲོའི་རིམ་པ།
༡ ༽ ཆོས་འཁོར་རྣམ་གསུམ་དང་། རྒྱལ་བསྟན་དར་འཕེལ།
༢ ༽ ནཱ་ལེནྡྲའི་བཞེད་གཞུང་དང་། བོད་བརྒྱུད་ནང་བསྟན།
༣ ༽ ནཱ་ལེནྡྲའི་རིང་ལུགས་དང་། ཆོས་ལུགས་ཆོས་བརྒྱུད།
༤ ༽ ཐེག་པ་རྣམ་གསུམ་དང་། ཉམས་ལེན་གྱི་གོ་རིམ།
༥ ༽ ཕྱི་ནང་གི་ལྟ་གྲུབ་དང་། གྲུབ་མཐའ་རྣམ་བཞི།
༦ ༽ ནཱ་ལེནྡྲའི་བཞེད་གཞུང་དང་། དོན་དངོས་ཀྱི་དགེ་མཚན།
༧ ༽ རིས་མེད་ལ་སློབ་གཉེར་དང་། དུས་བསྟུན་གྱི་བསམ་གཞིག
༨ ༽ བླ་མའི་ཆོས་ལུགས་དང་། འདུལ་བའི་སྡོམ་རྒྱུན།
༩ ༽ བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་གྱི་སྐོར།
༡༠ ༽ སྔར་མེད་གསར་གཏོད་དང་། སློབ་གཉེར་གྱི་དགེ་མཚན།
༡༡ ༽ ནཱ་ལེནྡྲའི་ཕྱག་ལེན་དང་། རིགས་ལམ་གྱི་གལ་གནད།
༡༢ ༽ དགོས་སོགས་ཆོས་བཞི་དང་། དུས་རབས་ཀྱི་ནང་པ།
༡༣ ༽ ནཱ་ལེནྡྲའི་ཆོས་བརྒྱུད་དང་། པཎ་གྲུབ་བསྟོད་ཆེན།
༡༤ ༽ པཎ་གྲུབ་བཅུ་བདུན་དང་། སྐུ་ཐང་ལྗགས་བཀོད།
གཉིས་པ། པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་དངོས་གཞི།
༡ ༽ མཆོད་པར་བརྗོད་པ།
ཀ༽ ཟབ་མོ་ལྟ་རྒྱུད་ཀྱི་རིམ་པ།
༡ ༽ མགོན་པོ་ཀླུ་སྒྲུབ།
༢ ༽ རྒྱལ་སྲས་འཕགས་པ་ལྷ།
༣ ༽ སློབ་དཔོན་སངས་རྒྱས་བསྐྱངས།
༤ ༽ སློབ་དཔོན་ལེགས་ལྡན་འབྱེད།
༥ ༽ དཔལ་ལྡན་ཟླ་བ་གྲགས་པ།
༧ ༽ མཁན་ཆེན་ཞི་བ་འཚོ།
༨ ༽ སློབ་དཔོན་ཀ་མ་ལ་ཤཱི་ལ།
ཁ༽ རྒྱ་ཆེན་སྤྱོད་རྒྱུད་ཀྱི་རིམ་པ།
༩ ༽ འཕགས་པ་ཐོགས་མེད།
༡༠ ༽ སློབ་དཔོན་དབྱིག་གཉེན།
༡༡ ༽ སློབ་དཔོན་ཕྱོགས་གླང་།
༡༢ ༽ དཔལ་ལྡན་ཆོས་གྲགས།
༡༣ ༽ འཕགས་པ་གྲོལ་སྡེ།
༡༤ ༽ སློབ་དཔོན་སེངྒེ་བཟང་པོ།
༡༥ ༽ སློབ་དཔོན་ཡོན་ཏན་འོད།
༡༦ ༽ སློབ་དཔོན་ཤཱཀྱ་འོད།
༡༧ ༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
གསུམ་པ། མཇུག་གི་རིམ་པ།
ག །༽ པཎ་གྲུབ་སྤྱིའི་གསོལ་འདེབས།
ང ༽ བཀའ་བསྟན་གྱི་བརྗོད་བྱའི་སྙིང་པོ།
༡ ༽ བདེན་གཉིས་ཀྱི་རྣམ་གཞག
༢ ༽ བདེན་བཞིའི་རྣམ་གཞག
༣ ༽ ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ།
༤ ༽ ཐོས་བསམ་སྒོམ་གསུམ་དང་། གསང་སྔགས་ཀྱི་རྣམ་གཞག
༥ ༽ རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ལུགས།
ཅ ༽ མཇུག་གི་བསྔོ་སྨོན།
ཆ ༽ མཛད་བྱང་གི་འགྲེལ་པ།
༡ ༽ སངས་རྒྱས་ཀྱི་ཆོས་ཚུལ་དང་། རྨད་བྱུང་གི་ལེགས་བཤད།
༢ ༽ ཚན་རིག་གི་ཡར་རྒྱས་དང་། ཟླ་བའི་གྲོང་ཁྱེར།
༣ ༽ འཇིག་རྟེན་ཁམས་ལེ་དང་། ཆོས་ཚན་གྱི་གྲུབ་དོན།
༤ ༽ ས་ལམ་གྱི་ཉམས་རྟོགས་དང་། དེང་གི་དུས་སྐབས།
༥ ༽ ཆོས་ཀྱི་ཕན་ཐོགས་དང་། ཆོས་ལུགས་མཐུན་ལམ།
༦ ༽ ནཱ་ལེནྡྲའི་སྲོལ་བཟང་དང་། ཚན་རིག་གི་གལ་གནད།
༧ ༽ སེམས་ཀྱི་རྣམ་གཞག་དང་། ཚན་རིག་པའི་ཤེས་ཚད།
༨ ༽ རྟེན་འབྲེལ་ལྟོས་གྲུབ་དང་། གསར་རྩོམ་གྱི་གལ་གནད།
༩ ༽ གཟུར་གནས་བློ་ལྡན་དང་། ཕྱོགས་ལྷུང་གི་ཉེས་སྐྱོན།
༡༠ ༽ ཡིད་གཉིས་ཐེ་ཚོམ་དང་། ཡིན་མིན་གྱི་བརྟག་དཔྱད།
༡༡ ༽ ཞིབ་ཕྲའི་བརྟག་དཔྱད་དང་། འགྲན་བྲལ་གྱི་ལམ་སྲོལ།
༡༢ ༽ ཤེས་ནས་ཐོབ་པའི་དད་པ་དང་། རྣམ་ཤེས་ཀྱི་འགྲོ་ལུགས།
༡༣ ༽ སྟོང་ཉིད་ཀྱི་ལྟ་བ་དང་། གཞི་ལམ་འབྲས་གསུམ།
༡༤ ༽ གསོལ་འདེབས་ལྗགས་རྩོམ་དང་། བྲིས་སྐུ་གསར་བཞེངས།
༡༥ ༽ ཞུ་སྐུལ་མཛད་པ་པོ་དང་། ལྗགས་རྩོམ་མཛད་ལོ།
༡༦ ༽ མཇུག་བྱང་གི་གལ་གནད་དང་། བཀའ་བསྟན་གྱི་སློབ་དེབ།
པར་བྱང་སྨོན་ཚིག
༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་
དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།
དང་པོ། སྔོན་འགྲོའི་རིམ་པ།
༡༽ ཆོས་འཁོར་རྣམ་གསུམ་དང་། རྒྱལ་བསྟན་དར་འཕེལ།
དེ་རིང་ཆོས་འབྲེལ་བྱ་རྒྱུའི་ཐོག་མར་ནམ་རྒྱུན་གྱི་ཕྱག་སྲོལ་ལྟར། ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་ཞེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་སུ་དར་འཕེལ་བྱུང་བའི་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་ཆོས་ཁུངས་བཙུན་པ་ཞིག་ཡིན། ཁུངས་བཙུན་ལུགས་ཇི་ལྟར་ཡིན་ཞེ་ན། ང་ཚོས་རྒྱུན་དུ་བཤད་སྒྲུབ་གཉིས་དང་། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་བྱ་རྒྱུའི་གཞུང་ལུགས་རྣམས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་བརྩམས་པའི་གཞུང་ལུགས་རྣམས་ཡིན་པས་ཆོས་ཁུངས་བཙུན་པ་ཆགས་ཡོད།
དེ་ལྟ་བུའི་སངས་རྒྱས་པའི་ཆོས་ཚུལ་འདི་ཐོག་མར་རྒྱ་གར་འཕགས་ཡུལ་ནས་བྱུང་ཞིང་། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་བཏིངས་གནང་མཛད་པ་དང་། དེ་ནས་ཤེར་ཕྱིན་གྱི་ཆོས་འཁོར་དེ་དག་གིས་བདེན་བཞི་ལས་འགོག་བདེན་དང་། ལམ་བདེན་གཉིས་རྩལ་དུ་བཏོན་ནས་གསུངས་པར་མ་ཟད། དེའི་ནང་ནས་ཀྱང་འགོག་བདེན་རྩལ་འདོན་གནང་ནས་གསུངས་ཡོད། དེ་རྗེས་མདོ་སྡེ་དགོངས་འགྲེལ་གྱི་ཆོས་སྐད་ལྟར་ན། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་གསུངས་པའི་ཆོས་འཁོར་རིམ་པ་གསུམ་པའི་སྡེ་ཚན་གྱི་ནང་དུ་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་སྟེ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་དུ་མའི་ནང་དུ་སེམས་འོད་གསལ་བའི་རང་བཞིན་དེ་ཉིད་རྩལ་འདོན་གནང་ནས་གསུངས། དེ་ནས་སེམས་འོད་གསལ་བའི་གནས་ལུགས་དཔྱིས་ཕྱིན་པའི་འགྲེལ་བཤད་རྣམས་གསང་སྔགས་ཀྱི་སྐབས་ནས་གསུངས་པ་དང་། དེ་ཡང་གཙོ་བོ་གསང་སྔགས་བླ་མེད་ཀྱི་སྐབས་ནས་གསུངས་ཡོད། དེ་ལྟར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཚུལ་འདི་ཉིད་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་བཤད་ནའང་གོ་རིམ་འདི་ལྟར་དུ་ཡོང་བ་ཞིག་ཆགས་ཡོད།
དེ་ཡང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་ཤིང་། དེར་ཡོངས་གྲགས་སུ་འཁོར་ལོ་དང་པོ་ཞེས་ཞུ་བ་དང་། དེ་ནས་གནས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་རྣམས་གསུངས་པ་སྟེ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་རམ་ཐེག་པ་ཆེན་པོའི་ཆོས་འཁོར་འདི་ཉིད་གདུལ་བྱ་ལས་དག་ལ་གསུངས་པ་ཞིག་ཡིན་པ་ལས། དེ་ནི་ཡོངས་གྲགས་སུ་གསུངས་པ་ཞིག་མིན།
དེང་སྐབས་འཛམ་གླིང་ཐོག་ལོ་རྒྱུས་སྨྲ་བ་ལ་ལས། ཐེག་པ་ཆེན་པོའི་ཤེར་ཕྱིན་གྱི་མདོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་མིན་ཟེར་ལ། སྔར་ངོས་ལ་མི་ཞིག་གིས་བཅོམ་ལྡན་འདས་ཀྱིས་སཾ་སྐྲྀ་ཏའི་སྐད་ཡིག་མཁྱེན་གྱི་མེད་ཅེས་བརྗོད་མཁན་ཞིག་ཀྱང་བྱུང་། སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་རྒྱ་གར་འཕགས་ཡུལ་དུ་ཞལ་བཞུགས་སྐབས་དེར་སཾ་སྐྲྀ་ཏའི་སྐད་ཡིག་ཡོད་པར་མ་ཟད། སྐད་ཡིག་དེ་ཡང་མཁས་པ་དག་གིས་སྤྱོད་པའི་སྐད་ཡིག་ཅིག་ཡིན་སྟབས། བཅོམ་ལྡན་འདས་ཀྱིས་ཐུན་མོང་འཇིག་རྟེན་པའི་སྣང་ངོར་རྒྱ་གར་འཕགས་ཡུལ་དུ་ཡོད་པའི་ཆོས་རིག་ཐམས་ཅད་གསན་བསམ་མཐར་ཕྱིན་པ་གནང་ཡོད་པས། བཅོམ་ལྡན་འདས་ཀྱིས་ལེགས་སྦྱར་གྱི་སྐད་ཡིག་མཁྱེན་གྱི་ཡོད་པ་གོར་མ་ཆག །གལ་ཏེ་སྐབས་དེར་སཾ་སྐྲྀ་ཏའི་སྐད་ཡིག་མེད་ན་ནི་གནས་ཚུལ་ཐ་དད་ཡིན། དེ་ནས་ཡངས་པ་ཅན་ལ་སོགས་པའི་གནས་ངེས་མེད་དུ་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་འཁོར་ལོ་རིམ་པ་གསུམ་གསུངས་ཡོད།
ད་ལྟའི་ཆར་ཤྲི་ལངྐ་དང་། ཐའེ་ལན་ཌི། འབར་མ། ཀམ་པོ་ཊི་ཡ། ཝེ་ཏི་ནམ་བཅས་ཀྱི་རྒྱལ་ཁབ་དུ་མར་གནས་བརྟན་སྡེ་པའི་ཆོས་བརྒྱུད་དར་འཕེལ་བྱུང་ཡོད་པ་དེ་དག་ནི་གཙོ་བོ་པཱ་ལིའི་བརྡ་ལ་བརྟེན་པ་ཞིག་དང་། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ནང་ཆོས་འདི་ཉིད་རྒྱ་ནག་ལ་ནང་ཆོས་དར་ནས་ལོ་བཞི་བརྒྱ་ཙམ་གྱི་རྗེས་སུ་གཞི་ནས་དར་འཕེལ་བྱུང་བ་ཞིག་ཡིན། དེ་ཡང་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་རྗེས་དུས་རབས་བདུན་པའི་ནང་ལ་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཞི་ནས་བོད་ཡིག་སྔར་ཡོད་ཡར་རྒྱས་བཏང་བའམ་གསར་བཟོ་གནང་བ་གང་ཞིག་ཡིན་རུང་། སློབ་དཔོན་ཐོན་མི་བཀའ་དྲིན་ཅན་གྱིས་བོད་ཡིག་ལ་དག་ཐེར་རྨད་དུ་བྱུང་བ་ཞིག་གནང་སྟེ་བོད་ཡིག་འདི་ཉིད་སྤུས་ཚད་ལྡན་པ་ཞིག་བཟོས་པ་གནང་ཞིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་སློབ་དཔོན་ཐོན་མི་སོགས་ཀྱིས་རྒྱ་གར་འཕགས་ཡུལ་གྱི་བཀའ་བསྟན་གསུང་རབ་བོད་ཀྱི་སྐད་ཡིག་ཏུ་སྒྱུར་འགོ་བཙུགས་པ་དང་། ནང་ཆོས་སྲོལ་གཏོད་པ་དང་། དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ནས་རྒྱ་གར་འཕགས་པའི་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་ཞི་འཚོ་རྣམ་གཉིས་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་གདན་འཛོམས་ནས་བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས། རབ་བྱུང་གི་སྡེ་ཐོག་མར་ཚུགས་པ་དང་། བཀའ་བསྟན་གྱི་གཞུང་ལུགས་ཀྱང་མཉམ་དུ་བསྒྱུར་བ། དགོན་སྡེ་དང་སྔགས་གྲྭ་སོགས་ལ་བསླབ་པ་སློབ་གཉེར་འཛུགས་རྒྱུའི་རིགས་རྣམས་སྐབས་དེ་དུས་དར་བ་ཞིག་ཡིན་འདུག །
མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཞིག་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་ཞིག་ཀྱང་ཡིན་པར་མ་ཟད། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་རྗེས་འབྲང་པ་ཡང་ཆགས་ཡོད། གང་ལགས་ཤེ་ན། ཁོང་གིས་རྣམ་རིག་པའི་ལུགས་དེ་དག་ཞལ་གྱིས་བཞེས་པར་མ་ཟད། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱང་ཞལ་གྱིས་བཞེས་ཤིང་། དེའི་སྟེང་དུ་རྣམ་རིག་པས་སེམས་བདེན་གྲུབ་ཏུ་ཁས་བླངས་པ་དེར་དབུ་མའི་ལུང་དང་རིགས་པའི་ཐོག་ནས་སེམས་བདེན་གྲུབ་བཀག་ནས་སེམས་བདེན་མེད་གཏན་ལ་ཕབ་པ་སོགས་ཀྱིས་མཁན་ཆེན་ཞི་བ་འཚོ་དེ་ཉིད་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་རྗེས་འབྲང་ཡིན།
གང་ལྟར་ཁོང་ཉིད་དཔལ་ནཱ་ལེནྡྲའི་མཁས་པ་ཞིག་ཡིན་ལ། དེ་རྗེས་སློབ་དཔོན་པདྨའི་ངང་ཚུལ་ལམ་ཀ་མ་ལ་ཤཱི་ལ་ཡང་དབུ་མ་པའི་མཁས་པ་ཞིག་ཡིན། མཁས་དབང་དེ་དག་ལས་བསྟན་པ་སྔ་དར་སྐབས་སུ་བོད་དུ་སྔར་མེད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་བསྟན་པ་ཡོངས་གྲགས་སུ་ཤུགས་ཆེར་སྤེལ་མཁན་ནི་མཁན་ཆེན་ཞི་བ་འཚོ་ཡིན། དེ་ནས་བསྟན་པ་ཕྱི་དར་སྐབས་ལོ་ཆེན་རིན་ཆེན་བཟང་པོ་དང་། རྒྱ་གར་འཕགས་ཡུལ་ནས་ཕེབས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའམ་དི་པཾ་ཀ་ར་ཤྲི་ཛྙཱ་ན་ཡིན། ཁོང་ནི་སྐུ་ཚེ་སྟོད་དུ་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་ཞིང་། སྐུ་ཚེ་སྨད་དུ་བི་ཀྲ་མ་ལ་ཤཱི་ལར་བཞུགས་གནས་གནང་བ་ཞིག་རེད། དེ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་དར་འཕེལ་བྱུང་ཡོད།
༢༽ ནཱ་ལེནྡྲའི་བཞེད་གཞུང་དང་། བོད་བརྒྱུད་ནང་བསྟན།
བོད་བརྒྱུད་ནང་བསྟན་གྱི་སྔ་འགྱུར་རྙིང་མར་ཆ་བཞག་ན། སློབ་དཔོན་རིན་པོ་ཆེ་དང་མཁན་ཆེན་ཞི་བ་འཚོ་ནས་ཐད་ཀར་བརྒྱུད་པ་ཞིག་དང་། གསར་མའི་ནང་ནས་བཀའ་གདམས་པར་ཆ་བཞག་ན་ཇོ་བོ་རྗེ་དི་པཾ་ཀ་ར་ནས་ཐད་ཀར་བརྒྱུད་པ་ཞིག་ཡིན། དཔལ་ས་སྐྱར་ཆ་མཚོན་ན། གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པ་ཞིག་སྟེ། གྲུབ་ཆེན་བིར་ཝ་པ་ནི་སྔར་དཔལ་ནཱ་ལེནྡྲར་བཞུགས་སྐབས་དཔལ་ལྡན་ཆོས་སྐྱོང་ཞེས་ཞུ་ཞིང་། སེམས་ཙམ་པའི་མཁས་པའི་དབང་པོ་ཞིག་ཡིན། བཀའ་བརྒྱུད་པར་ཆ་བཞག་ནའང་། པཎ་ཆེན་ནཱ་རོ་པ་ལས་བརྒྱུད་ཅིང་། པཎ་ཆེན་ནཱ་རོ་པ་ནི་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་ལས་བྱང་སྒོ་སྲུང་མཁན་གྱི་མཁས་པའི་དབང་པོ་ཞིག་ཆགས་ཡོད། རི་བོ་དགེ་ལྡན་པར་མཚོན་ན། ཐད་ཀར་རྒྱ་གར་འཕགས་ཡུལ་དང་འབྲེལ་བ་བྱུང་མེད་ཀྱང་། བཀའ་གདམས་རྙིང་མ་ནས་བྱུང་ཡོད་སྟབས་ཇོ་བོ་རྗེ་ནས་བརྒྱུད་པ་ཞིག་རེད།
མདོར་ན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་རྒྱལ་བསྟན་ཡོངས་རྫོགས་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིགས་ཆགས་ཡོད་པས། ངོས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་དྲི་མ་མེད་པ་ཡིན་ཞེས་བརྗོད་པ་དེ་དོན་ལ་གནས་ཡོད། དེ་མིན་ང་ཚོ་བོད་ཀྱི་ཆོས་འདི་གསང་སྔགས་ཀྱི་ཆོས་དང་། ཐེག་ཆེན་གྱི་ཆོས་ཡིན་ཞེས་བརྗོད་ན་འཚམ་རེ་འཁྲུག་པ་དང་། ཡང་ན་འགྲེལ་བརྗོད་མང་དུ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།
གཞན་ཡང་ང་ཚོ་ཐེག་པ་ཆེན་པོ་ཡིན་ཞེས་བརྗོད་ན་ཐེག་དམན་ལ་ཁྱད་གསོད་བྱེད་ཀྱི་ཡོད་པ་ལྟ་བུ་ཆགས་པ་དང་། སྐབས་རེ་ཐེག་ཆེན་གྱི་སྡེ་སྣོད་ཅེས་བརྗོད་མི་བདེ་བ་ལྟ་བུ་ཆགས་སྐབས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བརྗོད་དགོས་པ་ཡོང་གི་ཡོད། ཐེག་ཆེན་ཞེས་པའི་མིང་ཚིག་འདི་མདོ་སྡེ་རྒྱན་སོགས་སུ་གསལ་བ་ལྟར། རྒྱ་གར་འཕགས་པའི་ཡུལ་དུ་གཏན་ལ་ཕབ་པའི་ཚིག་གཅིག་ཆགས་ཡོད། འོན་ཀྱང་ཚིག་འདི་བརྗོད་སྐབས་ནང་འཁྲུག་རྒྱག་རྒྱུའི་ཉེན་ཁ་ཞིག་ཡོང་གྲབས་བྱེད་ཀྱི་ཡོད། དེ་ལས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཚེ། ཤྲཱི་ནཱ་ལེནྡྲ་ནི་ཡོངས་གྲགས་སུ་སྐབས་དེར་རྒྱ་གར་ནང་མུ་སྟེགས་པས་ཀྱང་བརྩི་བཀུར་བྱེད་ཡུལ་ཞིག་ཆགས་ཡོད།
གཉིས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་ཞེས་བརྗོད་ན་དད་པ་ལྟ་བུ་བྱེད་ཡུལ་ཞིག་ནས་མར་ཡོང་བ་ཞིག་མིན་པར། རྒྱ་གར་ནང་སངས་རྒྱས་ཀྱི་ཆོས་ལ་མཁས་གྲུབ་གཉིས་ལྡན་གྱི་མཁས་པ་འཕེལ་ས་ཞིག་ནས་བརྒྱུད་པ་ཞིག་ཡིན་སྟབས། མཁས་གྲུབ་གཉིས་ལྡན་ཡིན་པ་ཞིག་གོ་ཐུབ་ཀྱི་ཡོད། དེ་ལྟ་བུའི་དགོས་པ་དང་རྒྱུ་མཚན་གྱི་ཐོག་ནས་ངོས་ཀྱིས་རྟག་ཏུ་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་ཆོས་བརྒྱུད་ཡིན་ཞེས་བརྗོད་ཀྱི་ཡོད་ལ། ནང་ཚགས་ཀྱིས་ཞུས་ན་ང་ཚོའི་ཆོས་འདི་ལས་སླ་པོ་མིན་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་གཅིག་ལས་གཅིག་ལྷག་པ་གཅིག་རྗེས་གཉིས་མཐུད་ནས་མར་བརྒྱུད་པའི་ཆོས་བརྒྱུད་ཅིག་ཡིན་ཞེས་བརྗོད་ཀྱི་ཡོད།
སྔར་ལོ་གཅིག་ངོས་རང་ཨ་རིར་ཆོས་འབྲེལ་བྱེད་སྐབས། ཆོས་ཚོགས་ཀྱི་ཚོགས་འདུ་ཞིག་འཚོགས་ཤིང་། དེའི་སྦྱིན་བདག་གི་གྲས་ཨ་ལྕག་གཅིག་གིས་ངོས་ལ་འདི་ལྟར་བརྗོད་ཀྱི་འདུག །བོད་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲར་ཐུག་པ་རེད་ཅེས་བརྗོད་ན་འགའ་ཞིག་གིས་མི་བདེ་བར་བརྩི་བཞིན་འདུག །བཀའ་བརྒྱུད་དང་རྙིང་མ་སོགས་འགའ་ཞིག་དཔལ་ནཱ་ལེནྡྲར་ཐུག་མེད་ཅེས་བརྗོད་ཀྱི་འདུག་ཀྱང་། ངོས་ནས་ཁོང་ལ་གང་ཡང་བརྗོད་མེད། དེ་ནི་མ་ཤེས་པའི་སྐད་ཆ་རང་རེད། གོང་དུ་བརྗོད་མ་ཐག་པ་ལྟར་རྙིང་མའི་ཆོས་སྐོར་ལ་ཆ་མཚོན་ན། བོད་གངས་ཅན་གྱི་ལྗོངས་ལ་རྙིང་མའི་གཙོ་བོ་སློབ་དཔོན་རིན་པོ་ཆེ་ཆགས་ཡོད། སྤྱིར་བཏང་ནས་བརྗོད་ན་འཕགས་ཡུལ་གྱི་རིག་འཛིན་རྣམ་བརྒྱད་སློབ་དཔོན་རིན་པོ་ཆེ་དགེ་རྒན་ཡིན་ཅིང་། རིག་འཛིན་རྣམ་བརྒྱད་ཀྱི་ནང་དུ་གསུང་གི་རིག་འཛིན་མགོན་པོ་ཀླུ་སྒྲུབ་ཡོད་ལ། པདྨ་གསུང་གི་ལྷ་ཚོགས་ཀྱི་ཁུངས་གཏུག་ས་ཡང་མགོན་པོ་ཀླུ་སྒྲུབ་ཆགས་ཡོང་གི་ཡོད། དེ་དང་དེ་མཚུངས་ཡིན། མདོར་ན་རྫོགས་པ་ཆེན་པོའི་མཁྲེགས་ཆོད་ཀྱི་ལམ་ཉམས་ལེན་བྱེད་སྐབས། ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ་བཅས་དེ་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པར་བརྟེན། ཀ་དག་གི་དོན་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སྟོང་ཉིད་ཀྱི་ལྟ་བ་ཤེས་དགོས་པ་ཡིན།
དེ་བཞིན་ཕྱག་རྒྱ་ཆེན་པོར་ཆ་མཚོན་ནའང་། གཞི་ཡི་ཕྱག་ཆེན་དང་། ལམ་གྱི་ཕྱག་ཆེན་གསུང་སྐབས་གནས་ཚུལ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ཤེས་ན་ཧ་ཅང་ཁག་པོ་ཡིན། དེས་ན་རྫོགས་ཆེན་གྱི་རྩ་བ་སློབ་དཔོན་རིན་པོ་ཆེར་ཐུག་པ་དང་། སློབ་དཔོན་རིན་པོ་ཆེ་ནི་བོད་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་ལྷག་པར་ཆེ་བ་ཞིག་ཡིན། སློབ་དཔོན་རིན་པོ་ཆེས་ཐད་ཀར་གསུངས་པ་དང་། དེ་མིན་མ་འོངས་པའི་གདུལ་བྱར་དགོངས་ནས་གཏེར་དུ་སྦས་པ་རྣམས་ཀྱང་། པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ཤེས་ན་དེ་དག་གི་ཟབ་ཁྱད་ཐོན་ཐུབ་པ་ཞིག་དང་། པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་མ་ཤེས་ན་དེ་དག་གི་ཟབ་ཁྱད་ཀྱང་ཤེས་རྒྱུ་ཤིན་ཏུ་དཀའ་བར་མ་ཟད། ལམ་གོལ་སར་འགྲོ་ཉེན་ཧ་ཅང་ཆེན་པོ་ཡོད།
བཀའ་བརྒྱུད་ལ་མཚོན་ནའང་། མར་མི་དྭགས་གསུམ་ལས་གཙོ་བོ་རྗེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། མར་པའི་བླ་མ་ནཱ་རོ་པ་ཡིན་ལ། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆགས་ཡོད། དེ་ལྟར་ཐད་ཀར་དཔལ་ནཱ་ལེནྡྲའི་མཁས་པ་མིན་ནའང་། བླ་མ་གོང་མ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་གསུངས་པའི་གསུང་ལ་སློབ་གཉེར་གནང་སྟེ་ཐོན་པ་ཤ་སྟག་ཆགས་ཡོད་པ་ལས་ཟུར་དུ་གང་ཡང་མེད། དེས་ན་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཐོག་ཏུ་ཕྱིན་ན། ས་དགེ་བཀའ་རྙིང་ཞེས་དབྱེ་བ་འབྱེད་རྒྱུ་དེ་ཙམ་ལྷག་མེད། དེ་དག་གཞི་རྩར་བཞག་པའི་སྟེང་ནས་ཐོན་པའི་གཙོ་བོ་གསང་སྔགས་ཀྱི་གདམས་པ་མི་འདྲ་བ་ཡོད་པའི་ཐོག་ནས་སྔ་འགྱུར་རྙིང་མ་དང་། རྙིང་མ་ལ་ཆ་མཚོན་ནའང་། རྙིང་མ་བཀའ་མ་དང་། རྙིང་མ་གཏེར་མ། ཟབ་མོ་དག་སྣང་བཅས་དབྱེ་བ་མང་དུ་ཕྱེ་རྒྱུ་ཡོད། གཏེར་མ་ལ་ཆ་བཞག་ཀྱང་། གཏེར་སྟོན་བརྒྱ་རྩ་སོགས་ཧ་ཅང་མང་པོ་ཡོང་གི་ཡོད།
དེ་བཞིན་བཀའ་བརྒྱུད་ལ་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མང་པོ་ཞིག་ཀྱང་ཡོད། དཔལ་ས་སྐྱ་པར་ཆ་མཚོན་ནའང་། ས་ངོར་ཚ་གསུམ་ཞེས་མང་པོ་ཞིག་ཡོང་བ་དང་། དཔལ་ས་སྐྱ་པའི་ལམ་འབྲས་ནི་གྲུབ་ཆེན་བིར་ཝ་པ་ནས་བརྒྱུད་པའི་གདམས་ངག་ཅིག་དང་། དེ་ཡང་ལམ་འབྲས་རྡོ་རྗེའི་ཚིག་རྐང་ཞེས་བིར་ཝ་པ་ནས་བརྒྱུད་པ་ཞིག་ཡིན། གྲུབ་ཆེན་བིར་ཝ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་རེད་འདུག །ཁོང་ནཱ་ལེནྡྲར་བཞུགས་སྐབས་གནས་བརྟན་ཆོས་སྐྱོང་ངམ་ལེགས་སྦྱར་གྱི་མཚན་དུ་དྷརྨཱ་པ་ལ་ཞུ་ཞིང་། ངོས་ནས་དོ་སྣང་བྱུང་བར། ཁོང་གིས་བརྩམས་པའི་གཞུང་ནི། རྒྱ་ཡི་མཁན་པོ་ཝེན་ཚེགས་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་ཆེན་ནང་དུ་གནས་བརྟན་ཆོས་སྐྱོང་ཞེས་ལུང་ཧ་ཅང་མང་པོ་དྲངས་གནང་འདུག །མདོར་ན་ཁོང་ཉིད་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཆགས་ཡོད། ཕྱིས་སུ་ནཱ་རོ་པ་ལྟར་དུ་སྤྱོད་པ་ལ་གཤེགས་པས་གྲུབ་ཆེན་བིར་ཝ་པ་ཞེས་ཞུ་གི་ཡོད། དེས་ན་དཔལ་ས་སྐྱ་པར་ཆ་མཚོན་ན། ལམ་འབྲས་ཀྱི་ཁུངས་གཏུག་ས་དཔལ་ནཱ་ལེནྡྲ་ཆགས་ཡོད།
རི་བོ་དགེ་ལུགས་པར་ཆ་མཚོན་ནའང་། དབེན་ས་སྙན་བརྒྱུད་དང་། སྲད་བརྒྱུད། དབུས་ཀྱི་གཞུང་བ་པ་བཅས་སྲད་དབེན་གཞུང་གསུམ་སོགས་མང་དུ་ཐོན་གྱི་ཡོད། དེ་དག་ནི་དམིགས་བསལ་སྒོས་ཆོས་རེ་ཡོད་པའི་ཐོག་ནས་གསུངས་ཡོད། འོན་ཀྱང་དེ་དག་གི་རྩ་བ་ཁུངས་གཏུག་ས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཐོག་ལ་ཐུག་ཡོང་གི་ཡོད། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག །དེས་ན་ངོས་ནས་འདི་སྐོར་ཞུ་འདོད་བྱུང་།
དེ་མིན་བོད་ཀྱི་དེ་སྔའི་ལོ་རྒྱུས་ཐོག་ཡོད་ལ། དེང་སྐབས་ཀྱང་ཡོང་གི་འདུག །ང་ཚོ་བཀའ་བརྒྱུད་ཡིན་ཞེས་དང་། བཀའ་བརྒྱུད་པའི་ནང་ནས་ཀྱང་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན། ང་ཚོ་འབྲུག་པ་བཀའ་བརྒྱུད་ཡིན་ཞེས་འབྲུག་པ་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་འབྲི་གུང་པ་རྣམས་ཡོང་མི་ཆོག་པ་ལྟ་བུ་དང་། འབྲི་གུང་བཀའ་བརྒྱུད་པའི་ཆོས་ཚོགས་ཡིན་ན་དེའི་ནང་ཀམ་ཚང་བཀའ་བརྒྱུད་པ་ཡོང་མི་ཆོག་པ་ལྟ་བུ་ཤོད་ཀྱི་འདུག །དེ་དག་ནི་གཏན་ནས་མི་དགོས་པ་ཞིག་ཡིན་པར་མ་ཟད། མ་ཤེས་པས་རྙོག་དྲ་བཟོས་ཡོང་གི་ཡོད། ཤེས་པ་ཞིག་གིས་བལྟས་ན་དེ་ནི་གད་མོ་ཤོར་བའི་གནས་ལས་མ་འདས། དེ་དག་གི་སྐོར་འདིར་ད་ལན་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་གང་འཚམ་ཞིག་ཡོད་སྟབས་འདི་སྐོར་བརྗོད་འདོད་བྱུང་། གོང་དུ་ངོས་ནས་བརྗོད་པ་རྣམས་བདེན་པ་ཡིན་མིན་ཁྱེད་རང་ཚོས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། ཞིང་པ་ཡིན་ན་བརྟག་དཔྱད་བྱེད་སྐབས་ཞིང་ལས་ཉིན་ཤས་བཞག་ནས་དཔེ་ཆ་བཀླགས་ནས་ཞིབ་འཇུག་བྱེད་དགོས།
༣༽ ནཱ་ལེནྡྲའི་རིང་ལུགས་དང་། ཆོས་ལུགས་ཆོས་བརྒྱུད།
ཕྱོགས་གཞན་ཞིག་ནས་ང་ཚོ་བོད་རིགས་ནང་ཚགས་ལ་ང་རྙིང་མ་ཡིན། ང་བཀའ་བརྒྱུད་ཡིན། ང་ས་སྐྱ་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་དེ། དཔེར་ན། དགེ་ལུགས་པ་ཡིན་ན་རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་དུ་བཞག་ནའང་མི་འགྲིགས་པ་ལྟ་བུར་བརྩི་མཁན་དེ་འདྲ་ཡོད། ཡང་རྙིང་མ་པ་ཞིག་གིས་དགེ་ལུགས་པའི་དཔེ་ཆར་གསར་དྲི་ཁ་གི་རེད་ཅེས་ཕར་འཇོག་པ་དང་། དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆར་དེ་ལ་རྙིང་དྲི་ཁ་གི་འདུག་ཅེས་བརྗོད་པ་ལྟ་བུ་ཡོང་གི་ཡོད། མདོར་ན། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་གང་ཞིག་ཡིན་ནའང་། ཚང་མས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད་པས། གཞུང་ལུགས་འདི་དག་ང་ཚོ་སྤྱི་པའི་གཞུང་ལུགས་ཆགས་ཡོད།
དེ་ལྟར་དཔལ་ནཱ་ལེནྡྲའི་གཞུང་ཞེས་བརྗོད་ན། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་། ཧ་ལམ་བོན་དང་བཅས་པ་ཐུན་མོང་གི་གཞུང་ཞིག་ཆགས་ཡོད། དཔེར་ན། བོད་སྤྱི་དང་ལྷག་པར་ཁམས་ཕྱོགས་སུ་དུས་ཕྱིས་ཀྱི་མཁན་པོ་གཞན་དགས་མཛད་པའི་གཞུང་ཆེན་བཅུ་གསུམ་1གྱི་མཆན་འགྲེལ་མཛད་ཡོད། དེ་ལྟར་གཞུང་ཆེན་བཅུ་གསུམ་ཞེས་བརྗོད་ན། ས་དགེ་བཀའ་རྙིང་ཚང་མས་གཟིགས་བཞིན་ཡོད། གཞུང་ལུགས་དེ་དག་གཙོ་ཆེ་བ་དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་གཞུང་ལུགས་ཆགས་ཡོད། དེས་ན་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མ་གཅིག་ཏུ་སྒྲིལ་ཡོང་བ་ཞིག་འདུག །
དེ་མིན་དཔལ་གསང་བ་འདུས་པ་དང་། ཡི་དམ་དགྱེས་པ་རྡོ་རྗེ། སྒྲུབ་པ་བཀའ་བརྒྱད། རྡོ་རྗེ་འཕགས་མོ་སོགས་ནི་རྒྱུད་སྡེ་སོ་སོར་བྱས་ཏེ་མི་འདྲ་བ་རེ་ཡོད། དཔེར་ན། དཔལ་ལྡན་ས་སྐྱ་པ་ཡིན་ན། ས་སྐྱའི་ལམ་འབྲས་ཞེས་གསུང་སྐབས། གཙོ་བོ་ཀྱེ་རྡོར་དང་། རྣལ་འབྱོར་མ་སོགས་ནི་ས་སྐྱ་པ་དང་། གཞན་ཡང་ས་སྐྱ་པ་ནང་གསེས་ལ་ཆ་མཚོན་ནའང་། ས་ངོར་ཚ་གསུམ་ཞེས་མི་འདྲ་བ་རེ་སླེབས་ཡོང་གི་ཡོད། བཀའ་བརྒྱུད་ལ་ཆ་མཚོན་ན། འཁོར་ལོ་སྡོམ་པ་ཡབ་བཀའ་ཡུམ་བཀའ་དང་། ནཱ་རོ་ཆོས་དྲུག་སོགས་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཡོང་བ་དང་། བཀའ་བརྒྱུད་ནང་གསེས་ལ་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མི་འདྲ་བ་རེ་སླེབས་ཡོང་གི་ཡོད།
རྙིང་མ་ལ་ཆ་མཚོན་ན། ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བརྗོད་ན་གཅིག་པ་ཡིན་ནའང་། བཀའ་བསྡུ་རིག་བྱེད་ཀྱི་ཐེག་པ་དང་། དབང་སྒྱུར་ཐབས་ཀྱི་ཐེག་པ་སོགས་ནི་གོ་བ་ཧ་ཅང་ཟབ་པོ་ཡོད། འོན་ཀྱང་གཞུང་སོ་སོའི་ཐོག་ནས་མཧཱ་ཡོ་ག་ཡིན་ཚེ། སྒྲུབ་པ་བཀའ་བརྒྱད་སོ་སོར་གནང་བ་ལྟ་བུ་དང་། ལྷག་པར་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་ལས་ཉེ་བརྒྱུད་གཏེར་མ་ཞེས་བརྗོད་སྐབས། གཏེར་ཆོས་ལའང་བྱང་གཏེར་སོགས་ཉང་གི་ཆོས་འཁོར་དང་། གུ་རུ་ཆོས་དབང་སོགས་གཏེར་སྟོན་སོ་སོས་མཛད་པའི་གཏེར་ཆོས་ལ་ནང་གསེས་ཀྱི་དབྱེ་བ་ཧ་ཅང་མང་པོ་ཞིག་ཡོད། དེ་དག་ཚང་མའི་ཁུངས་ཡར་གཏུགས་ན་སློབ་དཔོན་རིན་པོ་ཆེ་ཡིན་ལ། སློབ་དཔོན་རིན་པོ་ཆེ་ནི་གཏེར་ཆོས་ཀྱི་སྐོར་གཙོ་བོ་ཡིན། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་དང་། དེ་བཞིན་དབུ་མའི་གཞུང་ལུགས་ལ་ཆ་མཚོན་ན། སྔ་འགྱུར་རྙིང་མའི་ལུགས་ལ་ཕལ་ཆེར་མཁན་ཆེན་ཞི་འཚོའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་པ་གཙོ་བོར་གནང་བཞིན་ཡོད། དུས་ཕྱིས་སུ་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་སོགས་ནི་དབུ་མ་ཐལ་འགྱུར་པའི་གཞུང་གཙོ་བོར་གནང་ནས་གསུང་གི་འདུག །
མདོར་ན། རྩ་བའི་གཞུང་ལུགས་རྣམས་ཁུངས་གཏུགས་ན། ས་དགེ་བཀའ་རྙིང་མི་འདྲ་བ་ཐོན་ས་དེ་ཕལ་ཆེར་རྒྱུད་སྡེའི་ནང་ནས་མི་འདྲ་བ་ཐོན་ཡོང་གི་ཡོད་པ་ལས། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་སྐབས། ཚང་མ་གཅིག་གྱུར་ཡིན་སྟབས། འདི་ལའང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་འདུག །བོད་ཀྱི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་པ་ཞིག་དང་། བོད་པ་ནང་ཁུལ་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱང་རྩ་བའི་གཞུང་ལ་གཏུགས་ན་ཚང་མ་གཅིག་གྱུར་གྱི་ཐོག་ཏུ་འགྲོ་བཞིན་ཡོད། དེ་དག་ལ་གནད་འགག་ཆེན་པོ་འདུག་པས། ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་ལོགས་སུ་ཕྱེ་ནས་བརྗོད་དགོས་དོན་འདི་ལྟར་ཡིན།
དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་གཉིས་ཡོད་པ་ལས། དང་པོ་ནུབ་ཕྱོགས་པ་ཁག་གཅིག་གིས་བརྗོད་པའི་བོད་ཀྱི་ཆོས་བརྒྱུད་དེ་དག་རང་བཟོ་བྱས་པའི་བླ་མའི་ཆོས་ལུགས་རེད་ཅེས་ཟེར་བ་ལྟར་མིན་པ་གསལ་སྟོན་བྱ་ཆེད་དང་། གཉིས་པ། བོད་བརྒྱུད་ནང་བསྟན་གྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཁག་ཕན་ཚུན་དབར་ཕྱོགས་རིས་མེད་པར་ཕན་ཚུན་གུས་བརྩི་དང་། ཆོས་བརྒྱུད་ཚང་མ་ཞི་མཐུན་མཉམ་གནས་ཡོང་རྒྱུ་བཅས་ཀྱི་དགོས་པ་དང་དགེ་མཚན་ཆེན་པོ་གཉིས་ཡོད།
དེ་མིན་གོང་ཞུས་ལྟར་བོད་ཀྱི་ཆོས་བརྒྱུད་ཚང་མ་རྒྱ་གར་གྱི་མཁས་པ་རྣམས་ལ་ཁུངས་གཏུགས་པ་ཞིག་ཡིན་པར་མ་ཟད། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པ་ལ་གཏུགས་པ་དང་། རྒྱ་གར་གྱི་གྲུབ་ཆེན་སོ་སོར་གཏུགས་པ་ཤ་སྟག་ཆགས་ཡོད། དེར་བརྟེན་སྐབས་བབ་བོད་གངས་ཅན་ལྗོངས་ལ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་པ་ཞེས་བརྗོད་ན་ཧ་ལམ་ཕྱི་ནང་གི་ཁྱད་པར་རྩོད་པ་ལྟར་དང་། གསར་མ་དགེ་ལུགས་པ་ལྟ་བུས་བལྟས་ན། ཁོ་རྙིང་མ་རེད་ཅེས་ཕར་ཙམ་དེར་འཇོག་པ་དང་། སྔ་འགྱུར་རྙིང་མའི་ཕྱོགས་ནས་ཁོ་དགེ་ལུགས་པ་རེད། ཉམས་ལེན་དེ་ཙམ་ཨེ་ཡོད་ཅེས་བརྗོད་པ་ལྟ་བུ་ཡོང་གི་ཡོད། དེས་ན་ང་རང་ཚོ་ཆོས་ལུགས་ཕན་ཚུན་མཐུན་པོ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།
མཐུན་ལམ་ཞེས་པ་དེ་ཆབ་སྲིད་ཀྱི་དགོས་མཁོའི་ཆ་ནས་མཐུན་ལམ་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཕྱོགས་ནས་བརྗོད་ཀྱང་མཐུན་པོ་བྱེད་དགོས། དེ་ཡང་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཅིག་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁས་པ་ནས་བརྒྱུད་པ་གཅིག་པ་དང་། ཚང་མ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བ་གཅིག་པ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཡིན་པ་གཅིག་པ། ཚེ་གཅིག་ལུས་གཅིག་ལ་སྒོ་གསུམ་གྱིས་ཚོགས་བསགས་ཐུབ་ན་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་གཅིག་གྱུར་ཡིན་པས་མི་མཐུན་པའི་རྒྱུ་མཚན་གང་ཡང་མེད། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། རིས་མེད་ཀྱིས་འདོན་རྒྱུའི་ཆེད་ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་བཅས་འབྲི་རྩོམ་བྱེད་དགོས་པའི་རྒྱུ་མཚན་འདི་ལྟར་རེད། དེ་ལྟར་ང་རང་ཚོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ས་དགེ་བཀའ་རྙིང་ཚང་མ་ནང་པ་གཅིག་གྱུར་ཆགས་ཡོད།
གཡུང་དྲུང་བོན་གྱི་བསྟན་པ་ནི་གནས་ཚུལ་ཐ་དད་རེད། དེང་སྐབས་ཀྱི་བོན་པོ་རྣམས་ནི་ནང་ཆོས་དང་འདྲ་མཚུངས་ལྟ་བུ་མང་པོ་ཞིག་ཆགས་ཡོད་སྟབས་བཤད་ས་དང་དབྱེ་བ་འབྱེད་ས་ལྷག་མེད། འོན་ཀྱང་གནའ་སྔ་མོའི་བོན་གྱི་འབྱུང་ཁུངས་ལ་བརྩིས་ན་གཡུང་དྲུང་བོན་པོ་ནི། བོད་གངས་ཅན་གྱི་ལྗོངས་སུ་ནང་ཆོས་མ་དར་བའི་གོང་རོལ་ནས་ཡོད་ལ། ནང་ཆོས་བོད་ལ་ཐོག་མར་དར་སྐབས་བོན་པོའི་ཕྱོགས་ནས་དགག་པ་དང་མི་འདོད་པ་ཡང་བྱུང་ཡོད། དེར་བརྟེན་གལ་ཏེ་བོན་པོ་ནང་པ་ཡིན་ན་བོད་ལ་ནང་པ་གསར་དུ་དར་མི་དགོས་པར་བོན་ཆོས་ཐོག་མ་ནས་བོད་ལ་ཡོད་མུས་རེད། དེར་བརྟེན་སྔར་གྱི་བྱུང་རབས་ལོ་རྒྱུས་ལ་བལྟས་ན་བོན་པོ་དང་ནང་པ་ཐ་དད་སོ་སོ་རེད། འོན་ཀྱང་བོན་ཆོས་ནས་ལྷ་ཀླུ་གཞི་བདག་གསོལ་མཆོད་བྱ་རྒྱུ་སོགས་བོན་ཆོས་ཐོག་སྔར་ནས་གསོལ་མཆོད་བྱེད་ཀྱི་ཡོད་སྟབས། ད་ལྟའང་དེ་འདྲའི་ཐོག་ནས་གསོལ་ན་ཕན་ཐོགས་ཡོད། དེ་བཞིན་བོན་ཆོས་ནང་ཕྱྭ་གཡང་འགུག་པ་དང་། གཏོ་བཅོས་བྱེད་པ་སོགས་ནི་གནོད་སྐྱོན་གང་ཡང་མེད། དེ་བཞིན་ཀླུ་འབུམ་དཀར་ནག་ཁྲ་གསུམ་ཞེས་པ་དེ་རིགས་བོན་པོའི་གཞུང་ཡིན་འདུག །ནང་པས་ཀྱང་འདི་དག་འདོན་བཞིན་ཡོད།
དེ་བཞིན་ནང་པས་ལྷ་བསང་གཏོང་སྐབས། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་པ་འདི་ཕལ་ཆེར་བོན་པོའི་ལུགས་སྲོལ་ཡིན་པ་ལས། དཔལ་ནཱ་ལེནྡྲའི་ལུགས་སྲོལ་ཕལ་ཆེར་མིན། འོན་ཀྱང་གནད་འགག་གང་ཡང་མི་འདུག །དེར་བརྟེན་ང་ཚོ་ནང་པས་འདི་དག་མུ་མཐུད་ནས་བྱེད་བཞིན་ཡོད། དེ་ལྟར་བསང་གསོལ་བྱེད་པ་འདི་བོད་ཀྱི་ཆོས་ངོ་མ་རེད་ཅེས་བརྗོད་ན་དགད་མོ་ཤོར་བའི་གནས་ཡིན་ལ། དེ་བཞིན་དར་ལྕོག་འཛུགས་སྲོལ་འདི་ཡང་ནཱ་ལེནྡྲའི་ལུགས་སྲོལ་རེད་ཅེས་བརྗོད་ན་ཕལ་ཆེར་དགད་མོ་ཤོར་བའི་གནས་ལས་མ་འདས། དེས་ན་བོན་པོ་ནི་གནས་ཚུལ་ཐ་དད་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དེང་སྐབས་བོན་པོའི་སྨན་རིའི་དགོན་པར་ཆ་མཚོན་ན། དབུ་མ་འཇུག་པ་དང་། ཚད་མའི་གཞུང་ལ་སློབ་གཉེར་གནང་བཞིན་ཡོད་པས་དཔལ་ནཱ་ལེནྡྲའི་གཞུང་ལུགས་རྣམས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་སྤྱི་པའི་གཞུང་ལུགས་ཆགས་ཡོད།
༤༽ ཐེག་པ་རྣམ་གསུམ་དང་། ཉམས་ལེན་གྱི་གོ་རིམ།
དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་བསམ་པའི་དབང་ལས་ཐེག་པ་ཆེ་ཆུང་གི་རྣམ་གཞག་བྱུང་བ་ལྟར། ང་ཚོ་མང་པོས་ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་ཞེས་བརྗོད་པ་དེས་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུར་བརྩི་བཞིན་འདུག་པ་ནི་རྩ་བ་ནས་ནོར་བ་ཞིག་ཡིན། པཱ་ལིའི་གཞུང་རྣམས་བཅོམ་ལྡན་འདས་ཀྱི་བཀའི་རྨང་གཞི་དེ་ཆགས་ཡོད། དེ་གཞི་ལ་བཞག་པའི་ཐོག་ཏུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་ནས་གསུངས་པ་རྣམས་སྣོན་མ་བརྒྱབ་ནས་འགྲོ་དགོས་པ་ཞིག་ཡིན་པ་ལས། ཐ་དད་གཏན་ནས་མིན་པ་དེ་ཤེས་དགོས་པ་ཞིག་ཡིན། ངོས་ཀྱི་ངོ་ཤེས་ཤིག་ཡོད་པ་ཁོང་གི་ལུང་པའི་མིང་འདིར་བརྗོད་མི་དགོས་པའི་ཐོག །ང་ཚོ་ཆོས་ཚོགས་ཀྱི་ཚོགས་འདུའི་སྐབས་ཤིག་ཏུ་ཐའེ་ལན་ཌིའི་ནང་པའི་དབུ་ཁྲིད་ཀྱང་ཚོགས་ཕེབས་གནང་འདུག །གོ་སྒྲིག་གནང་མཁན་དེས་ཁོང་ཐའེ་ལན་ཌིའི་ཐེག་དམན་ཆོས་ཀྱི་དབུ་ཁྲིད་དང་། ཁོང་རང་ཐེག་ཆེན་གྱི་ཆོས་ཀྱི་དབུ་ཁྲིད་ཡིན། ངོས་རང་བཛྲ་ཡ་ནའི་ཆོས་ཀྱི་དབུ་ཁྲིད་རེད་ཅེས་ཚང་མ་ཐ་དད་ཡིན་པ་ལྟ་བུ་ཞིག་བརྩིས་ནས་འགྲེལ་བརྗོད་བྱས་སོང་། སྐབས་དེར་ཁོང་རང་ལ་གང་ཡང་ཞུས་མེད།
འོན་ཀྱང་ཤེས་པ་ཞིག་གིས་བལྟས་ཚེ་ཐོག་མར་པཱ་ལིའི་གཞུང་ནས་གསུངས་པའི་སྐྱ་བོ་དང་རབ་ཏུ་བྱུང་བའི་སོ་ཐར་གྱི་འདུལ་བའི་གཞུང་དེ་དག་དང་ཆབས་ཅིག་བྱང་ཕྱོགས་སོ་བདུན་གྱི་ལམ་ཉམས་ལེན་བྱ་རྒྱུ་དེ་དག་ཀྱང་ཆ་ཚང་ཡོད་པའི་ཐོག་ཏུ་སྟོང་ཉིད་ཀྱི་ལྟ་བ་ལའང་ཕྲ་རགས་མང་དུ་ཕྱེ་སྟེ། གང་ཟག་གི་བདག་མེད་ཙམ་མིན་པར་ཆོས་ཀྱི་བདག་མེད་དང་། ཆོས་ཀྱི་བདག་མེད་ལའང་མི་འདྲ་བ་ཡོད་པ་རྣམས་ཆ་ཚང་ཤེས་པར་བྱས། གཙོ་བོ་ནི་བདག་མེད་ཀྱི་ལྟ་བས་གྲོགས་བྱས་ཏེ་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་། དེ་ནས་ཕྱིན་དྲུག་གི་སྤྱོད་པ་ལ་བསླབས་ཏེ་སྟན་འདི་གའི་སྟེང་ནས་ཉམས་ལེན་དེ་དག་རིམ་པར་བྱེད་སྐབས། པཱ་ལིའི་གཞུང་ནས་གསུངས་པ་རྣམས་མ་རྩར་བཞག་པ་དང་རྨང་གཞིར་བྱས་པའི་ཐོག་ཏུ་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་དང་། སེམས་བསྐྱེད་དང་། ཕྱིན་དྲུག་གི་ཉམས་ལེན་བཅས་གཙོ་འདོན་བྱེད་པ་དེ་དག་གིས་ཐེག་ཆེན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་དང་། དེའི་སྟེང་སྟོང་ཉིད་རྟོགས་པའི་བློ་དམིགས་བསལ་ཞིག་སྐྱེས་པའི་ཆེད་དུ་ལམ་ཉམས་ལེན་བྱ་རྒྱུར་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པས་མཚོན་ཉམས་ལེན་བྱ་རྒྱུ་རྣམས་དེའི་ཐོག་བསྣན་ཏེ་འགྲོ་དགོས་པ་ཞིག་ཡིན་པ་ལས། དེ་དག་ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ་བཅས་རྩ་བ་ནས་ཐ་དད་ཡིན་པ་ལྟར་དུ་ལྟ་བ་ནི་རྩ་བ་ནས་མ་ཤེས་པའི་རྟགས་ཡིན་པ་ལས། དངོས་ཡོད་གནས་ཚུལ་ལ་དེ་ལྟར་མིན། གསང་འདུས་རྩ་རྒྱུད་ལས་གསུངས་པ་ལྟར། ཕྱི་ཡི་ཉན་ཐོས་ཀྱི་ཉམས་ལེན་རྣམས་ཆ་ཚང་ཡོད་པའི་ཐོག་ནང་དུ་གསང་བ་འདུས་པའི་ཉམས་ལེན་རྣམས་ཡོད་པ་བཅས་དཔལ་གསང་བ་འདུས་པའི་ཉམས་ལེན་ཡོང་བ་ལའང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་གཉིས་མེད་ན་གཏན་ནས་ཡོང་ཐབས་མེད། དེས་ན་སྟན་ཐོག་གཅིག་ལ་གང་ཟག་གཅིག་གིས་ཉམས་ལེན་བྱ་རྒྱུ་ཞིག་གསུང་གི་ཡོད། དོན་དངོས་ལྟར་ན་འདི་ལྟར་ཡིན།
དེ་བཞིན་ཐེག་ཆེན་དང་ཐེག་དམན་ཞེས་བརྗོད་པ་དེས་ཀྱང་། མི་བདེ་བ་ཞིག་བཟོས་ཡོང་གི་ཡོད། མ་གཞི་ང་རང་ཚོས། སྒྲ་རྟོག་སེལ་བས་འཇུག་པ་ཞེས་སྒྲ་ཡི་རྗེས་སུ་རྟོག་པ་ཞུགས་པར་བརྟེན་སྒྲས་མི་མཐུན་པ་ཞིག་ཐོན་སྐབས་རྟོག་པས་ཀྱང་མི་འདྲ་བ་ཞིག་བློ་ངོར་འཆར་བ་ལྟ་བུ་ཡོང་གི་ཡོད། དེས་ན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་མིང་ཙམ་ལ་མི་འཇོག་པར། ཐེག་པ་ཆེན་པོ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ནམ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་ནི་ཐེག་ཆེན་པོའི་གཞུང་གི་སློབ་དཔོན་གཙོ་བོ་ཡིན་ཅིང་། སློབ་དཔོན་དེ་དག་གིས་མཛད་པའི་གཞུང་ལ་བལྟས་ན་ཤེས་རྟོགས་ཐུབ་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གང་འདྲ་ཞིག་ཡོད་མེད་སོགས་ནི། ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལུགས་དེ་དག་ལ་བལྟས་ན་ཤེས་ཐུབ་པ་ཡིན།
༥༽ ཕྱི་ནང་གི་ལྟ་གྲུབ་དང་། གྲུབ་མཐའ་རྣམ་བཞི།
ཤེས་རབ་ཀྱི་ཆ་ནས་གསུངས་པའི་གྲུབ་མཐའ་བཞི་ལ་ཆ་མཚོན་ནའང་། མངོན་པ་མཛོད་དང་། འདུལ་བ་སོགས་ཀྱི་སྐབས་སུ་སྤྱིར་བྱེ་བྲག་སྨྲ་བའི་འདོད་པ་རྣམས་ཐོན་ཡོང་གི་ཡོད་ལ། ཚད་མ་རྣམ་འགྲེལ་གྱི་སྐབས་སུ་མདོ་སྡེ་པའི་གྲུབ་མཐར་སློབ་གཉེར་བྱེད་བཞིན་ཡོད་པར་མ་ཟད། ཕར་ཕྱིན་གྱི་གཞུང་ལུགས་ཁག་གི་ཐོག་ཏུ་སླེབས་སྐབས་རྣམ་རིག་པའི་ལྟ་བར་ཡང་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་རྣམ་འགྲེལ་གྱི་ནང་དུའང་རྣམ་རིག་པའི་ལྟ་བ་གསུངས་པ་ལྟར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནས་ཡར་དབུ་མའི་ལྟ་བ་ཡང་སློབ་སྦྱོང་བྱེད་བཞིན་ཡོད་པས། མདོར་ན། བྱེ་མདོ་གཉིས་དང་དབུ་སེམས་གཉིས་བཅས་གྲུབ་མཐའ་བཞི་ཀར་སློབ་སྦྱོང་བྱེད་བཞིན་ཡོད། མཁས་པ་དེ་དག་གི་གཞུང་ནས་གྲུབ་མཐའ་བཞི་ཀའི་ལྟ་གྲུབ་ཀྱི་རྣམ་གཞག་གསུངས་ཡོད། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས2།
གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །
འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །
ཞེས་པ་དེར་བྱེ་བྲག་སྨྲ་བས་གང་ལ་གང་འཚམ་གྱི་འགྲེལ་བཤད་བྱེད་པ་ལས་རྒྱ་ཆེ་གཏིང་ཟབ་ཀྱི་འགྲེལ་བཤད་བྱ་དཀའ་ཞིང་། མཐར་ཐུག་གི་འགྲེལ་པའམ་འགྲེལ་བཤད་དཔྱིས་ཕྱིན་པ་ནི་དབུ་མའི་གཞུང་ནས་གསུངས་པ་དེ་ཡིན། འོན་ཀྱང་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་བཅས་གྲུབ་མཐའ་རྣམ་བཞི་ལས་བྱེ་བྲག་སྨྲ་བ་ནི་སྔོན་འགྲོའི་འཛིན་གྲྭ་ལྟ་བུ་དང་། དེ་རྗེས་མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་རྣམས་དོན་གཅིག །རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་ཏུ་གསུངས་པ་ལྟར་བཏགས་ཡོད་ཀྱི་དོན་ཅུང་ཟད་སླེབས་པ་ལྟ་བུ་ཞིག་ཡོད།
དེ་རྗེས་སེམས་ཙམ་པའི་ལྟ་བ་དང་། མཐར་དབུ་མའི་ལྟ་བ་བཅས་ནི་དམའ་རིམ་འཛིན་གྲྭ་དང་། འབྲིང་རིམ་གྱི་འཛིན་གྲྭ། མཐོ་རིམ་གྱི་འཛིན་གྲྭ། ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་གྲྭ་ལྟ་བུ་ཆགས་ཡོད། དེ་ཡང་གྲུབ་མཐའ་འོག་མ་འོག་མས་རྨང་གཞི་བྱས་ཤིང་། གྲུབ་མཐའ་འོག་མས་གསུངས་པ་རྣམས་ལ་གྲུབ་མཐའ་གོང་མ་གོང་མས་གནོད་པ་བསྟན་པ་རྣམས་ཕན་ཚུན་བསྡུར་སྐབས་བློ་ངོར་གཞི་ནས་གྲུབ་མཐའ་འོག་མའི་རྣམ་གཞག་རྣམས་གྲུབ་མཐའ་གོང་མའི་འབབ་སྟེགས་ལྟ་བུ་རེད་ཅེས་གསུངས་པ་དེ་བདེན་པ་རེད་འདུག །
དེ་བཞིན་ཕྱི་རོལ་མུ་སྟེགས་པའི་གཞུང་ལུགས་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ་ལ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་རྩ་འགྲེལ་ནང་མུ་སྟེགས་པའི་གྲུབ་མཐའི་འདོད་ཚུལ་གསུངས་པ་སོགས་ཧ་ལས་དགོས་པའི་ཡག་པོ་ཞིག་འདུག །དེ་བཞིན་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་མཁན་ཆེན་ཞི་འཚོས་མཛད་པའི་གཞུང་ལུགས་རྣམས་ནས་དཔྱད་པ་ཞིབ་ཏུ་མཛད་དེ་ཕྱི་རོལ་པའི་འདོད་ཚུལ་བཀག་པ་རྣམས་ཧ་ལས་པ་ཞིག་འདུག །
དེས་ན་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བསམ་པའི་སྒོ་ནས་ཐེག་པ་ཆེ་ཆུང་དང་། ཤེས་རབ་ཀྱི་ཆ་ནས་གྲུབ་མཐའ་བཞི་བཅས་གསུངས་པ་དེ་དག་ཆ་ཚང་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ལུགས་ནང་དུ་ཡོད་པ་ཞིག་ཡིན། དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ལ་རྒྱུས་མངའ་ཡོད་པ་ཞིག་བྱས་ན། བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་ཐུབ་པ་ཡིན། དེ་མིན་ཤེས་ལ་མ་ཤེས་མཁན་གྱི་མིས་བཤད་པ་དང་། དེས་བཤད་པ་རྣམས་ཡིག་ཐོག་ཏུ་བཀོད་པ་སོགས་བྱེད་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཅེས་པ་དང་། མུ་སྟེགས་པའི་གསང་སྔགས་དང་འདྲེས་པ་རེད་ཟེར་བ་སོགས་ཡོང་གི་ཡོད།
དེས་ན་དཔེ་ཆ་ལྟ་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། བལྟ་རྒྱུའི་དཔེ་ཆ་དེ་ཡང་རྣམ་ཐར་སོགས་རྩ་ཆེན་པོ་ཡིན་ནའང་། གལ་གནད་ཆེ་ཤོས་མཚན་ཉིད་ཀྱི་གཞུང་ཆེན་རྣམས་ལ་བལྟ་དགོས་པ་ཡིན། ཆོ་ག་འདོན་རྒྱུའི་རིགས་རྣམས་གལ་ཆེན་པོ་ཡིན་ནའང་། གཙོ་གནད་ཆེ་ཤོས་བསྟན་པའི་རྣམ་གཞག་གི་སྒྲོ་འདོགས་གཅོད་པའི་གཞུང་ནི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་རྣམས་ལ་བལྟ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཕྱོགས་གཅིག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དཔལ་ནཱ་ལེནྡྲར་ཡོད་པ་དེ་ནས་བརྒྱུད་པ་ཞིག་ཡིན་པ་ཤེས་སྐབས། སངས་རྒྱས་པའི་ཆོས་ངོ་མ་ཡིན་པ་ཞིག་ཤེས་ཐུབ་པ་ཡིན།
༦༽ ནཱ་ལེནྡྲའི་བཞེད་གཞུང་དང་། དོན་དངོས་ཀྱི་དགེ་མཚན།
བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཤད་གྲྭ་ཁག་ཏུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་མཁན་དེ་དག་གིས་དཔལ་ནཱ་ལེནྡྲའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་དེ་དག་ལ་གཙོ་བོ་ལྟ་བཞིན་ཡོད་ལ། དེ་ཡང་རྩ་བ་བློ་ལ་ཟིན། འགྲེལ་པ་ཡང་རྣམ་དཔྱོད་ཡག་པོ་ཡོད་ན་གང་འཚམ་བློ་འཛིན་བྱེད་མཁན་ཡོང་གི་ཡོད། འགྲེལ་པ་བློ་འཛིན་མ་ཐུབ་ནའང་འགྲེལ་པ་ཡང་ཡང་མཇལ། གང་ལྟར་བསྡུས་གྲྭ་སློབ་པའི་སྐབས་ནས་བཟུང་སྟེ་བློ་རྟགས་དང་། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སྟེ་པོ་ཏི་ལྔ་པོ་འདིའི་རྩ་གཞུང་དེ་དག་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་པས། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་ངོས་ནས་བརྗོད་ཀྱི་ཡོད། འདི་ནི་སྡོམ་ཆེན་པོ་ཞིག་དང་། དེ་ལྟར་ཡིན་པ་ཧ་ཅང་གསལ་པོ་ཆགས་འདུག །
དེ་མིན་ང་ཚོ་བོད་རིགས་རྣམས་ཐེག་ཆེན་པ་ཡིན་ཞེས་བརྗོད་ཀྱང་སྐབས་རེ་གསལ་པོ་མེད་པ་ལྟ་བུ་དང་། གཉིས་ནས་ཐེག་དམན་ལ་ཁྱད་གསོད་བྱེད་པ་ལྟ་བུ་ཆགས་ཡོང་གི་འདུག །ཁྱད་གསོད་བྱས་པ་མིན་ནའང་ཐེག་ཆེན་པ་ཞེས་བརྗོད་སྐབས་ཐེག་དམན་ལ་ཅུང་ཟད་ཟུར་ཟའི་ཐོག་ཏུ་འགྲོ་བ་ལྟ་བུ་ཞིག་གོ་གི་འདུག །གོང་ཞུས་ལྟར་ཐེག་དམན་གྱི་གཞུང་ནས་གསུངས་པ་ཆ་ཚང་ང་ཚོས་ཉམས་ལེན་བྱེད་དགོས་པ་ལས། དེ་དག་དོར་བྱ་ལྟར་ཕར་འཇོག་རྒྱུ་ཞིག་མིན། དེ་ཡང་རང་དོན་ཡིད་བྱེད་ལ་སོགས་པ་འགའ་རེ་མ་གཏོགས་པ། ཞེས་ལམ་རིམ་ཆེན་མོའི་ནང་གསུངས་པ་བཞིན་ཐེག་དམན་གྱི་གཞུང་ནས་གསུངས་པ་དེ་དག་ཀྱང་རྣམ་མཁྱེན་སྒྲུབ་པའི་སྔོན་འགྲོའི་རྨང་གཞི་ལྟ་བུ་ཆགས་ཡོང་བས་ན། ཆ་ཚང་ཉམས་ལེན་བྱེད་དགོས་ཀྱི་ཡོད།
ང་ཚོ་བོད་རིགས་རྣམས་ཐེག་ཆེན་པ་ཡིན་ཞེས་བརྗོད་ཀྱང་ཚིག་དེ་བདེ་པོ་གང་ཡང་མི་འདུག །ཡང་བོད་པའི་ཆོས་དེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཞིག་རེད་ཅེས་ནམ་རྒྱུན་བརྗོད་ཀྱི་ཡོད། ཡིན་ནའང་ཚིག་དེ་ང་ཚོས་གསར་བཟོ་བྱས་པ་ལྟ་བུ་ཆགས་ཀྱི་འདུག །དེ་ལས་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ཡིན་ཞེས་བརྗོད་ན། པཱ་ལིའི་དོན་དེ་དག་འདིའི་ནང་ཚང་གི་ཡོད། ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་མཛད་པའི་པཱ་ལིའི་གཞུང་དེ་དག་སྦྱངས་པའི་ཐོག་ལེགས་སྦྱར་གྱི་གཞུང་དེ་དག་ཀྱང་སྦྱངས་ཡོད་ལ། མདོ་དང་སྔགས་ཀྱང་སྦྱངས་ཡོད་སོགས་བརྗོད་པ་ལས། དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་ཞེས་བརྗོད་ན་ཐེག་པ་ཆེ་ཆུང་ཐམས་ཅད་ཚང་བ་དང༌། དེ་བཞིན་དུ་མདོ་སྔགས་ཐམས་ཅད་ཚང་བ་ཞིག་ཆགས་ཀྱི་འདུག །འདི་སྟབས་བདེ་ཤོས་ཡིན་སྟབས། ངོས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རེད་ཅེས་བརྗོད་ཀྱི་ཡོད། ཕྱི་རྒྱལ་བ་འགའ་ཞིག་གིས་བླ་མའི་རིང་ལུགས་སམ་བླ་མའི་ཆོས་ཞེས་བརྗོད་ཀྱི་འདུག་པ་དེ་ལྟར་མིན། ང་ཚོའི་ཆོས་དེ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རྨ་མེད་པ་ཞིག་ཡིན།
དཔེར་ན། ངོས་རང་ལྟ་བུར་ཆ་བཞག་ན། ནམ་རྒྱུན་སློབ་གཉེར་བྱེད་སྟངས་ལྟར་སློབ་གཉེར་ཕྲན་བུ་བྱས་ཡོད། དེ་ཡང་ཐོག་མར་ཁ་དོག་དཀར་དམར་བལྟ་སྐབས་ནས་བཟུང་སྟེ་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་བཅས་བློ་འཛིན་བྱས་ཡོད་ལ། ཚད་མ་རྣམ་འགྲེལ་ནས་ཕྲན་བུ་བློ་འཛིན་བྱས་ཤིང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ཡང་བློ་འཛིན་ཕྲན་བུ་བྱས་ཡོད། ཚད་མ་ཀུན་བཏུས་རྒྱུས་མངའ་ཆེར་མེད་ཀྱང་། མངོན་པ་མཛོད་དང༌། ཕྱིས་སུ་དབུ་མ་རྩ་བ་ཤེས་རབ་ཤུགས་ཆེ་ཙམ་བལྟས་པར་མ་ཟད། དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་བུདྡྷ་པཱ་ལི་ཏ་དང་། སློབ་དཔོན་ལེགས་ལྡན་གྱི་གཞུང་ལུགས། སྣང་བ་རྣམ་གཉིས་སོགས་མདོར་ན་དཔལ་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་རྣམས་ལ་སྦྱངས་ཡོད་ལ། གཞུང་ལུགས་དེ་དག་ང་ཚོའི་སྲོག་དང༌། ང་ཚོའི་གཞུང་ཆེན་སློབ་ཚན་གྱི་རྩ་བ་ལྟ་བུའམ་སློབ་སྟོན་པའི་རྩ་བ་ལྟ་བུ་ཆགས་ཡོད། དེར་བརྟེན་ནཱ་ལེནྡྲའི་མཁས་པའི་སློབ་མ་ཆགས་ཀྱི་ཡོད་པར་མ་ཟད། ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་དེ་དག་འཛིན་ནས་བསྡད་ཡོད། དེར་བརྟེན་ངོས་ནས་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དང༌། བཞེད་རྒྱུན་རེད་ཅེས་བརྗོད་པ་དེ་དོན་ལ་གནས་པ་ཞིག་ཆགས་ཀྱི་ཡོད་སྙམ།
ད་ལྟར་དཔལ་ནཱ་ལེནྡྲའི་རིང་ལུགས་ནི། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་གསུང་སྲོལ་ཡོད་པ་ལྟར། མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་རིང་ལུགས་ཇི་བཞིན་བོད་གངས་ཅན་གྱི་ལྗོངས་སུའང་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་བསྟན་ཐོག་གཅིག་ལ་དེ་གསུམ་ཀ་ཉམས་ལེན་བྱ་རྒྱུ་ཞིག་སྲོལ་གཏོད་གནང་ཡོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ལ་གཏུགས་ན་མགོན་པོ་ཀླུ་སྒྲུབ་ཕྱི་འདུལ་བ། ཁོང་གི་དབུ་མ་རིན་ཆེན་ཕྲེང་བ་དང་། དེ་བཞིན་བྱང་ཆུབ་སེམས་འགྲེལ། དེ་དག་ནང་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་སྐོར་ལ་མང་དུ་གསུངས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་བཀའ་བབ་ཀྱི་བསྟན་པའི་བྱ་བ་མཛད་རྒྱུ་དེ་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་རྩལ་འདོན་གནང་སྟེ་གསུངས་ཡོད། དེར་བརྟེན་དབུ་མའི་ལྟ་བའི་སྐོར་ལ་ཀླུ་སྒྲུབ་ཀྱིས་གསུང་ལས་ལྷག་པ་ཞིག་མེད། གང་ལྟར་ཕྱི་འདུལ་བ་དང་། ནང་བྱང་སེམས་ཀྱི་ཉམས་བཞེས་ཡོད་པའི་ཐོག་གསང་སྔགས་ཀྱི་གཙོ་བོ་གསང་བ་འདུས་པའི་ཐད་ལ་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ཀའི་སྐོར་ལ་མཛད་ཡོད། ཁོང་གི་སློབ་མ་ཨཱརྱ་དེ་བས་ཐེག་ཆེན་སྐོར་དབུ་མ་བཞི་བརྒྱ་པ་དང་། དེ་བཞིན་གསང་སྔགས་སྐོར་ལའང་གཞུང་ལུགས་ལྗགས་རྩོམ་མཛད་ཡོད།
ཁོང་གི་རྗེས་འབྲང་དཔལ་ལྡན་ཟླ་བ་གྲགས་པ་ཕྱི་འདུལ་བ་དང་། ནང་བྱང་སེམས། དབུ་མ་འཇུག་པ་དང་། དབུ་མ་བཞི་བརྒྱ་པའི་འགྲེལ་པ། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིགས་གསལ། དེའི་ནང་གཟིགས་ན་ཤེས་ངེས་རེད། མདོར་ན་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ནས་བཟུང་སྟེ་མཁན་ཆེན་ཞི་བ་འཚོའི་བར་དུ་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་བྱས་ཏེ་ཕེབས་ཡོད། དེ་ལྟར་འདས་པའི་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚད་ལྡན་གྱི་དབང་དུ་བྱས་ན། གསུམ་ལྡན་རིག་པ་འཛིན་པ་ཞེས་པ་འདི་ལྟར་གནང་བཞིན་ཡོད།
༧༽ རིས་མེད་ལ་སློབ་གཉེར་དང་། དུས་བསྟུན་གྱི་བསམ་གཞིག
དེ་ལྟར་ངོས་ནས་འབྲེལ་བཤད་བྱེད་དགོས་དོན་ནི། སྤྱིའི་འགྲོ་ལུགས་དང་གོ་བ་ཡག་པོ་ཞིག་ཆགས་ན་བསམས་ནས་ཞུས་པ་ཡིན། དེ་དག་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད་འདུག །དེ་མིན་ཕྱོགས་རེའི་མིག་ཅན་ཆགས་ན། བསྟན་པ་ཡོངས་སུ་རྫོགས་པར་གོ་བ་ཆགས་ཐུབ་པ་ཞིག་ཡོང་དཀའ་ཞིང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས3།
བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །
ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །
དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་དེ་ཧ་ཅང་ནུས་པ་ཆེན་པོ་ཞིག་རེད་འདུག །
ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་དེ་དག་ཀྱང་ཕན་ཚུན་འབྲེལ་འདྲིས་མ་བྱས་པར་བསྡད་པ་དེ་ནི་ནོར་འཁྲུལ་ཞིག་རེད། རྫོགས་ཆེན་པས་གསར་མའི་གཞུང་ལུགས་ལ་གཟིགས་དགོས་པ་དང་། གསར་མ་ཉམས་བཞེས་གནང་མཁན་དག་གིས་ཀྱང་རྫོགས་ཆེན་གྱི་གཞུང་ལ་གཟིགས་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་གནས་ཚུལ་ཤེས་པ་ཞིག་དང་། སྤྱིར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་དང་། བྱེ་བྲག་ཏུ་བོད་གངས་ཅན་གྱི་ལྗོངས་སུ་ཁྲིད་ལུགས་ཅུང་ཟད་རེ་མི་འདྲ་བའི་ཐོག་ནས་ས་དགེ་བཀའ་རྙིང་སོགས་མཚན་ཐོགས་ཚུལ་མི་འདྲ་བ་ཡོད་པ་དེ་དག་གི་གཞུང་ལུགས་རྣམས་ཀྱང་ང་ཚོས་ཤེས་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་ཡིན།
དེ་ཡང་ངོས་རང་ཤེས་ཀྱི་ཡོད་ཅེས་བརྗོད་ཀྱི་མེད། མ་ཤེས་པ་ཞིག་ལ་བལྟོས་ན་ཅུང་ཟད་ཤེས་ཀྱི་ཡོད་པ་ལས་དེ་མིན་གང་ཡང་ཤེས་ཀྱི་མེད། ཉམས་ལེན་ཡོང་གི་མི་འདུག་ཀྱང་། གཞུང་ལུགས་དེ་དག་མཇལ་སྐབས་དངོས་གནས་དད་པ་དག་སྣང་དང་། སྤྲོ་བ་འཕེལ་བ། གཅིག་ལ་མ་གསལ་བ་དེ་གཅིག་ཤོས་སུ་གསལ་བ་དང་། བརྗོད་དོན་གཅིག་པ་ཡིན་ནའང་འགྲེལ་བཤད་བསྐྱོན་སྟངས་མི་འདྲ་བའི་ཐོག་ནས་གནད་འགག་གསར་པ་ཤེས་པ་སོགས་ལ་ཕན་ཐོགས་རླབས་ཆེན་ཞིག་ཡོང་གི་འདུག །དེ་ལྟར་བྱུང་ན། བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཞེས་པ་དེ་གོ་བ་འདི་ལྟར་ལ་སྦྱར་ནའང་སྦྱར་རྒྱུ་ཡོད་པ་ཞིག་རེད་འདུག །ངོས་ནས་འདི་ལྟར་བརྗོད་འདོད་བྱུང་ལ། ཁྱེད་རང་ཚོས་ཀྱང་ཉན་འཇོག་བྱེད་ཀྱི་རེད་སྙམ་ནས་བརྗོད་པ་ཡིན།
ང་ཚོས་ཆོས་ལུགས་རིས་མེད་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། དེ་ཡང་སྤྱིར་འཛམ་གླིང་འདིའི་སྟེང་གི་ཡེ་ཤུ་དང་། ཁ་ཆེ། མུ་སྟེགས་པ། འཇིའུའི་སོགས་ཀྱི་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད། དེས་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་གལ་གནད་ཆེ་སྟེ། ཆོས་ལུགས་དེ་དག་གིས་མི་ལ་ཕན་གྱི་ཡོད། མི་ལ་ཕན་ན་འགྲིགས་པ་ཡིན། རང་རང་སོ་སོའི་ཆོས་ལུགས་དེ་ཉིད་བསམ་པ་རྣམ་དག་གིས་བྱེད་མཁན་དེ་རིགས་མི་འདྲ་བ་ཞིག་འདུག །ངོས་ལ་ངོ་ཤེས་ཧ་ཅང་མང་པོ་ཞིག་ཡོད། དེ་ཡང་ཡེ་ཤུའི་ཆོས་པ་དང་། ཁ་ཆེའི་ཆོས་པ། ཧིན་དྷུའི་ཆོས་པ། འཇིའུའི་ཆོས་པ་སོགས་མང་པོ་ཞིག་ཡོད། དངོས་གནས་རང་རང་གི་ཆོས་ལུགས་བསམ་པ་རྣམ་དག་གིས་བྱས་ན་སེམས་རྒྱུད་ལྷོད་དུ་འགྲོ་བ་དང་། བྱམས་བརྩེའི་བསམ་པས་གཞན་ཕན་སྒྲུབ་པ་སོགས་ཆོས་ལུགས་ཚང་མས་བསྒྲུབས་དང་སྒྲུབ་བཞིན་ཡོད། དེས་ན་ང་ཚོས་ཆོས་ལུགས་ཚང་མར་གུས་ཞབས་དང་། མཐུན་ལམ་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད།
ལྷག་པར་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ནང་ཚགས་རྣམས་ནི་དེ་བས་ཀྱང་ཕྱོགས་རིས་སྤངས་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཡིན་པར་མ་ཟད། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་། གཡུང་དྲུང་བོན་དང་བཅས་པ་སྔར་ཐོག་མའི་གནས་སྐབས་སུ་བན་བོན་ཞེས་ཐ་དད་སོ་སོ་ཡིན་ནའང་། དེ་རྗེས་རིམ་བཞིན་གཡུང་དྲུང་བོན་གྱི་མཁས་པ་མང་པོས་ནང་པའི་ལུགས་གཞུང་ལ་སྦྱངས་པ་གནང་ཡོད་ལ། དེང་སྐབས་སྨན་རིའི་གདན་སར་ཆ་མཚོན་ན། གཞུང་ལུགས་ལ་སློབ་གཉེར་དང་། རྟགས་གསལ་གྱི་རྩོད་པ། གཞུང་ལུགས་ཁག་ལ་ཆ་མཚོན་ནའང་། དབུ་མ་འཇུག་པ་སོགས་སངས་རྒྱས་པའི་གཞུང་ལུགས་ལ་སློབ་གཉེར་གནང་མཁན་ཞིག་ཆགས་ཡོད།
དེས་ན་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་འཛིན་མཁན་ཚང་མ་སྟོན་པ་གཅིག་གི་སློབ་མ་དང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་གཅིག་གྱུར་ཆགས་ཡོད། དེས་ན་དགེ་ལུགས་པ་དང་། རྙིང་མ། ས་སྐྱ་པ། དེ་བཞིན་བཀའ་བརྒྱུད་བཅས་དང་། བཀའ་བརྒྱུད་ནང་གསེས་ལའང་འབྲི་གུང་བཀའ་བརྒྱུད་དང་། འབྲུག་པ་བཀའ་བརྒྱུད། ཀམ་ཚང་བཀའ་བརྒྱུད་སོགས་ཀྱི་དབྱེ་བ་འབྱེད་པ་དེ་ཡག་པོ་གཏན་ནས་མེད། ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་གནད་ཤིན་ཏུ་ཆེ་ཞིང་། ཐུགས་མཐུན་ཁྲིམས་གཙང་ཡོང་བ་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གཞུང་ལུགས་ཁག་ལ་བལྟས། བསམ་བློ་བཏང་། དཔྱད་བསྡུར་བྱས། ས་དགེ་བཀའ་རྙིང་གང་གི་བླ་མ་ཚད་ལྡན་སུ་ཞིག་ཡིན་ནའང་། བླ་མ་ཚད་ལྡན་དེའི་དྲུང་ནས་བྱིན་རླབས་དང་བཀའ་ཆོས་ཞུ་བ་སོགས་བྱས་པའི་ཐོག་ནས་དངོས་གནས་ཆོས་ལུགས་མཐུན་ལམ་ཡོང་དགོས་པ་ལས། ང་ཚོས་ཆོས་ལུགས་མཐུན་སྒྲིལ་བྱེད་བཞིན་ཡོད་ཅེས་འདྲ་ཆགས་ཐོག་བསྡད་ཀྱང་སྙིང་པོ་གང་ཡང་མེད།
མཐུན་སྒྲིལ་ཞེས་པ་དེ་སེམས་ཀྱི་གཏིང་ནས་ཡིད་ཆེས་ཡོད་དགོས་ལ། ཡིད་ཆེས་མེད་ན་མཐུན་སྒྲིལ་ག་ལ་འོང་། ཡིད་ཆེས་ཡོང་བ་ལ་ཐོག་མར་ཤེས་དགོས་ཤིང་། ཤེས་པ་ལ་བརྟག་དཔྱད་བྱེད་དགོས་པ་དང་། གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པ་ཡིན། འདི་ལྟར་བྱས་ཏེ་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་འཛིན་མཁན་རྣམས་མཐུན་ལམ་འོ་ཆུ་གཅིག་འདྲེས་དགོས་རྒྱུ་ཧ་ཅང་གལ་འགངས་ཆེ།
དེ་སྔ་བོད་ཀྱི་ལོ་རྒྱུས་ལ་བལྟས་ན་ཤེས་ངེས་ཡིན། དེ་ཡང་སྔར་དགེ་ལུགས་པའི་དགོན་པ་འགའ་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་པའི་དགོན་པར་ཐུབ་ཚོད་བཤད་པ་དང་། ཡང་དུས་སྐབས་ཤིག་ལ་བཀའ་བརྒྱུད་པའི་དགོན་པ་འགའ་ཞིག་གིས་དགེ་ལུགས་པར་ཐུབ་ཚོད་བཤད་དེ་གདན་ས་སེ་འབྲས་དགའ་གསུམ་ཡང་སྨོན་ལམ་འཚོགས་མ་ཐུབ་པ་ལྟ་བུ་བྱུང་ཡོད། དེ་དག་གིས་ཕན་ཐོགས་གང་ཞིག་བྱུང་འདུག་གམ། ཞབས་འདྲེན་ཞུ་བ་དང་། སྡིག་པ་གསོག་པ་ཞིག་ལས་ཕན་ཐོགས་གང་ཡང་བྱུང་མེད།
མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུའི་ནང་དུ་དྲི་བ་དོན་ཚན་ལྔ་ཡོད་པ་ལས། དོན་ཚན་གཅིག་ལ་དེང་གི་དུས་སུ་རྫོགས་པ་ཆེན་པོར་ཆོས་རྣམ་དག་མིན་པར་སྐུར་བ་འདེབས་མཁན་འགའ་ཞིག་འདུག་པས། རྫོགས་ཆེན་དེ་ཆོས་རྣམ་དག་ཡིན་ནམ་མིན་ཞེས་པའི་དྲི་བ་ཞིག་ཡོད། དེའི་ལན་དུ་མཁས་གྲུབ་རིན་པོ་ཆེས། རྫོགས་པ་ཆེན་པོའི་ཆོས་འཁོར་དེ་རྒྱ་གར་ནས་བརྒྱུད་ཅིང་། རྫོགས་རིམ་གྱི་རྟོགས་པ་མཐོན་པོའི་སྐབས་ཀྱི་ཉམས་ལེན་གྱི་གནད་སྟོན་པའི་གཞུང་ཧ་ཅང་ཟབ་པོ་ཞིག་རེད། རྫོགས་ཆེན་གྱི་ཆོས་ལ་སྐུར་བ་བཏབ་ན་ངན་སོང་དུ་ལྟུང་བ་བས་སོ། །ཞེས་གསུངས་འདུག །དེའི་མཇུག་ཏུ་རྫོགས་ཆེན་གྱི་ཆོས་ལ་སྐུར་བ་འདེབས་མཁན་ཡོང་བ་ནི། རྫོགས་ཆེན་ཉམས་ལེན་བྱེད་མཁན་རྣམས་ཀྱི་སྤྱོད་པ་ཡག་པོ་མེད་པའི་དབང་གིས་ཅུང་ཟད་སྐུར་བ་འདེབས་མཁན་ཡོང་གི་ཡོད། ཅེས་གསུངས་འདུག །འོན་ཀྱང་རིགས་པས་བརྡར་ཤ་གཅོད་སྐབས་གནས་ཚུལ་ཐ་དད་ལས། རྩ་བའི་ཆོས་བརྒྱུད་གསང་སྔགས་རྙིང་མ་དེ་ཆོས་རྣམ་དག་ཡིན་པ་དང་། ཆོས་རྒྱ་གར་མ་ཁུངས་ལྡན་ཡིན་པས། ཆོས་དེ་ལ་སྐུར་བ་བཏབ་ན་ངན་སོང་དུ་ལྟུང་གི་རེད་ཅེས་གསུངས་ཡོད།
དབུས་གཙང་དང་། མདོ་སྟོད་སྨད་ཀྱི་ས་ཁུལ་གང་དུ་ཡིན་ནའང་། དངོས་གནས་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཚད་ལྡན་དེ་རིགས་ཀྱིས་ཆོས་ལུགས་རིས་མེད་ཀྱི་ཐོག་ལ་ཐུགས་སྣང་ཤུགས་ཆེ་གནང་བཞིན་ཡོད་ལ། དེང་གི་དུས་སྐབས་སུ་དངོས་གནས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ལ་དད་པ་དང་། དག་སྣང་སྦྱངས་ཏེ་སློབ་སྦྱོང་བྱ་རྒྱུ་ནི་དེ་བས་ཀྱང་ཧ་ཅང་གལ་འགངས་ཆེ་ཞེས་དེ་རིང་ངོས་ནས་ནན་ཏན་དུ་ཞུ་འདོད་བྱུང་། ངོས་རང་ཡོ་རོབ་སོགས་ཕྱི་རྒྱལ་གྱི་ཡུལ་ཁག་ཏུ་བསྐྱོད་སྐབས། ཆོས་ཚོགས་ཆུང་ཆུང་དེ་དག་གིས་ང་ཚོ་བཀའ་བརྒྱུད་པ་ཡིན། ང་ཚོ་རྙིང་མ་ཡིན། ང་ཚོ་དགེ་ལུགས་པ་ཡིན་ཞེས་པ་ལྟ་བུ་བརྗོད་ཀྱི་འདུག །དེ་ལྟར་གཏན་ནས་བརྗོད་རྒྱུ་མེད་ཅེས་བརྗོད་སྐབས། ང་ཚོས་འདི་ལྟར་བརྗོད་པ་འདི་ནི་བོད་པའི་བླ་མས་བསླབས་བྱུང་ཞེས་བརྗོད་ཀྱི་འདུག །འདིར་བླ་མ་སྤྲུལ་སྐུ་གང་འཚམ་ཞིག་འདུག་པས་སློབ་མ་རྣམས་ལ་ལེགས་པ་ཞིག་སློབ་དགོས་པ་ལས། རྨོངས་ཞེན་དང་ཕྱོགས་འཐེན་བྱ་རྒྱུའི་རིགས་གཏན་ནས་བསླབ་རྒྱུ་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཆོས་སྐུའི་དབྱིངས་ནས་གཟིགས་ངེས་ཡིན་པས། ང་ཚོ་ཚང་མས་ཐུགས་མཐུན་ཁྲིམས་གཙང་ཡོང་བ་དང་། དེ་ལྟར་ཡོང་བ་ལ་རིས་སུ་མ་ཆད་པའི་ཆོས་བརྒྱུད་ལ་དད་པ་དང་དག་སྣང་སྦྱངས་དགོས་ལ། དད་པ་དང་དག་སྣང་ཡོང་བ་ལ་རིས་མེད་ཀྱི་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པར་མ་ཟད། དབང་ལུང་ཁྲིད་སོགས་ཞུས་ཏེ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་རེད། ཚང་མས་དེ་ལྟར་གནང་ཤོག་ཨང་།
ངོས་ནས་བརྗོད་རྒྱུའི་སྙིང་པོ་འདི་དག་ནི། བསྟོད་པ་བྱ་རྒྱུའི་པཎ་གྲུབ་དེ་རྣམས་གལ་གནད་ཆེ་ཚུལ་དང་། ལྷག་པར་ང་རང་ཚོ་དུས་རབས་གསར་པའི་ནང་དུ་བསམ་བློ་གསར་པ་གཏོང་དགོས་པའི་གལ་གནད་ཆེ་ཚུལ་གྱི་རྒྱུ་མཚན་རྣམས་བརྗོད་འདོད་བྱུང་ཞིང་། འདི་དག་ནི་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་སྙིང་བསྡུས་ལྟ་བུ་ཞིག་ཀྱང་ཆགས་ཡོད།
གོང་དུ་ཞུས་པའི་གནད་འགག་རྣམས་ཁྱེད་རྣམས་ཀྱིས་ངེས་པར་དུ་ཤེས་པ་ཞིག་བྱེད་དགོས། དཀའ་ལས་བརྒྱབ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ལས། ལས་སླ་པོའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཞིག་མེད། ད་བར་གྱི་འགྲོ་ལུགས་དེ་དག་གིས་འཐུས་སྒོ་ཚང་མིན་སྐྱ་སེར་ཚང་མས་བསམ་བློ་ལེགས་པར་བཏང་། ལྷག་པར་གདན་ས་གྲྭ་ཚང་ཁག་གི་མཁན་པོ་ལས་སྣེ་དང་། དཔེ་ཁྲིད་དགེ་རྒན་དག་གིས་ཀྱང་བསམ་བློ་ལེགས་པར་གཏོང་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། མང་ཚོགས་རྣམས་ནས་ཀྱང་པཎ་གྲུབ་བཅུ་བདུན་གྱི་སྨོན་ལམ་དུས་དུས་སུ་འདོན་པ་དང་། སྨོན་ལམ་འདོན་སྐབས་ངོས་ནས་གོང་ཞུས་ཀྱི་བརྗོད་དོན་རྣམས་བློ་ངོར་ཤར་བ་ཞིག་གི་ཐོག་ནས་སྨོན་ལམ་རྒྱག་རོགས་གནང་ཞེས་ཞུ་རྒྱུ་ཡིན།
༨༽ བླ་མའི་ཆོས་ལུགས་དང་། འདུལ་བའི་སྡོམ་རྒྱུན།
ཡང་གསལ་བཤད་ཞུ་འདོད་པ་ཞིག་ལ། དེ་སྔ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཅེས་རྒྱ་གར་ནང་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ལུགས་དྲི་མ་མེད་པ་དེ་མིན་ཚུལ་གསུང་མཁན་རིགས་གཅིག་ཡོང་གི་ཡོད། དེ་བཞིན་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ནས། བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། གསང་སྔགས་ཀྱི་འགྲོ་ལུགས་ལེགས་པོ་ཤེས་ཀྱི་མེད་ཀྱང་། སྔགས་ཀྱི་སྐོར་དར་སོ་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་གསང་སྔགས་ཀྱི་ཐོག་ནས་སྤྱོད་པ་འཆལ་བ་སོགས་ལས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་རྣམ་དག་མིན་ཞེས་བརྗོད་མཁན་ཡོང་གི་ཡོད། སྐབས་ཤིག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོམ་དུ་འཛམ་གླིང་ཆོས་ལུགས་ལྷན་ཚོགས་འཚོགས་སྐབས་ངོས་རང་ཕྱིན་པ་ཡིན། སྐབས་དེར་འབར་མའི་དགེ་སློང་འདུལ་བ་འཛིན་པ་ཧ་ཅང་ཡག་པོ་གཉིས་ཕེབས་འདུག །ཁོང་གཉིས་ཀྱིས་ངོས་རང་ཐུག་འཕྲད་བྱེད་དགོས་ཞེས་བརྗོད་པ་ལྟར་མཇལ་འཕྲད་བྱུང་། སྐབས་དེར་ཁོང་གཉིས་ཀྱིས་ང་ཚོ་ཧ་ཅང་མི་འདྲ་བ་ཡོད་ཀྱང་། སྤྱིར་སངས་རྒྱས་ཀྱི་རྗེས་སུ་འབྲང་མཁན་གཅིག་པ་རེད་ཅེས་གསུངས་བྱུང་བས། ངོས་རང་ལམ་སེང་འདི་ལྟར་དྲན་བྱུང་། བོད་ལ་སྔགས་ཀྱི་མཐོ་སྤྱོད་ཀྱི་ཉམས་ལེན་ལྟ་བུའི་ཐོག་ཏུ་ཕྱིན་པ་ལས། འདུལ་བའི་ཉམས་ལེན་མེད་པར་དགོངས་འདུག་སྙམ་པ་ཞིག་བྱུང་། ངོས་ནས་མི་མཐུན་ཡོད་པ་དངོས་བདེན་རེད། འོན་ཀྱང་རྩ་བའི་འགྲོ་ལུགས་འདུལ་བའི་བསྟན་པ་གཞི་ལ་བཞག་པའི་ཐོག་ནས་འགྲོ་བཞིན་ཡོད།
ཉན་ཐོས་ཀྱི་རྩ་བའི་སྡེ་པ་འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང༌། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞི་ལས། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བའི་སྡོམ་རྒྱུན་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་བཞིན་བཅོམ་ལྡན་འདས་ནས་ནས་ཤཱ་རིའི་བུ་དང་། དེ་རྗེས་སྲས་སྒྲ་གཅན་འཛིན་དང་། བྲམ་ཟེ་སྒྲ་གཅན་འཛིན། དེ་ནས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་བཅས་དེ་དག་ནས་བརྒྱུད་ནས་མཁན་ཆེན་ཞི་བ་འཚོས་ཞུས་པ་དང་། མཁན་ཆེན་ཞི་བ་འཚོ་རང་ཉིད་བོད་དུ་དུས་རབས་བརྒྱད་པའི་ནང་དངོས་སུ་ཕེབས་ནས་ཁོང་གིས་གནང་བའི་སྡོམ་རྒྱུན་ཡིན། དེས་ན་ང་རང་ཚོའི་འདུལ་བའི་སྡོམ་རྒྱུན་དེ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་དེ་ཡིན།
ཇོ་བོ་རྗེའི་སྡོམ་རྒྱུན་དེ་བཞིན་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་ཡིན་ཅིང་། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་དགེ་སློང་གི་སྡོམ་རྒྱུན་གནང་རོགས་ཞེས་ཞུ་མཁན་འགའ་ཞིག་བྱུང་ཡོད། ཇོ་བོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དང་། ཕལ་ཆེར་སྡེ་པ་གཉིས་བསྡུར་ན་ཕལ་ཆེར་སྡེ་པའི་ཕྱག་ལེན་ཅུང་ཟད་ཡང་བ་ཡོད་ཚུལ་འདུག །དེས་ན་ཇོ་བོ་རྗེས་བོད་ལ་མཁན་ཆེན་ཞི་འཚོས་གནང་བའི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཡོད་མུས་ཡིན་པས། ཇོ་བོ་རྗེས་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་གནང་གི་མིན་ཞེས་གསུངས་ཡོད།
མདོར་ན་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཏེ། པྲ་ཏི་མོཀྵཿའམ་སོ་སོར་ཐར་པའི་མདོ་དེ་ལེགས་སྦྱར་གྱི་ཐོག་ཏུ་ཡོད་ཅིང་། སོ་སོར་ཐར་པའི་མདོའི་ནང་དངོས་བསྟན་ལྟུང་བ་བགྲང་བར་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས། སོར་བཤགས་བཞི་ཞེས་གསུངས་པ་ལྟར་གྱི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཡོད་ཅིང་། པཱ་ལིའི་ཐོག་ཡོད་པའི་སོ་སོར་ཐར་པའི་མདོའི་ནང་དུ་ཡོད་པ་ནི། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་གོ་གཉིས། ཉེས་བྱས་དོན་ལྔ་ཙམ་ཞིག་བཅས་ཉེས་བྱས་རྣམས་གནད་འགག་ཆེ་བ་མེད། ནམ་རྒྱུན་ང་ཚོས་འདོན་བཞིན་པའི་སོ་ཐར་གྱི་མདོ་ལས། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེང་ཀ་ལྟར་མ་ཡིན་པ་དང་། སྦྲུལ་ཕུང་པོ་ལྟར་མ་ཡིན་པ་ལྟར་བགོ་བར་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ལས4།
ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་པ་ནི་རྣམ་པ་གསུམ། །
ཞེས་གསུངས་ཡོད། པཱ་ལིའི་གཞུང་དུ། ཤམ་ཐབས་ལ་རྣམ་པ་གཅིག་དང་། སྟོད་གཡོགས་ལ་རྣམ་གསུམ་ཞེས་པའི་སྐབས་སུ་སྟོད་གཡོགས་ལ་རྣམ་པ་གཅིག་སོགས་ཀྱི་རྒྱས་བསྡུས་ཡོད། དེ་དག་ནི་ཧ་ཅང་ཆུང་རྩག་གི་རིགས་ཡིན་ལ། གནད་འགག་ཆེ་བ་གང་ཡང་མེད། དེ་མིན་ཐོག་མར་སྡོམ་པ་ལེན་པ་དང་། བར་དུ་སྡོམ་པ་སྲུང་བ། མཐར་ཉམས་ན་ཕྱིར་བཅོས་པ་བཅས་ཀྱི་འགྲོ་ལུགས་རྣམས་གཅིག་མཚུངས་ཡིན། ངོས་ནས་འདི་ལྟར་ཁོང་གཉིས་ལ་ཞིབ་ཕྲ་ཞུས་མེད་ཀྱང་། མདོར་ན་འདུལ་བའི་སྡོམ་རྒྱུན་འདི་ལྟར་ཡིན་ལ། དངོས་བཅས་ཀྱི་ལྟུང་བར་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ཚུལ་རྣམས་ཞུས་པར། ཁོང་གཉིས་ནས་དེ་ལྟར་ཡོད་དམ་ཞེས་གསུང་གི་འདུག །དེས་ན་བོད་ལ་འདུལ་བའི་ཕྱག་ལེན་དེ་ཙམ་མེད་པ་ལྟ་བུར་ངོས་འཛིན་གནང་གི་འདུག །མདོར་ན་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་རྣམ་དག་མིན་པ་ལྟ་བུའི་མཐོང་ཚུལ་ཞིག་ཡོང་གི་ཡོད།
༩༽ བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་གྱི་སྐོར།
དེ་རིང་ངོས་ནས་བརྗོད་འདོད་པ་ཞིག་ལ། གོང་དུ་བརྗོད་ཟིན་པ་ལྟར་དེ་སྔ་ང་ཚོ་བོད་དུ་ཡོད་པའི་སྐབས་སུ་རྩ་བའི་གཞུང་ཆེན་རྣམས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་ལྗགས་རྩོམ་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་ཅིང་། དེ་བཞིན་གསང་སྔགས་ཀྱི་ཆོས་འཁོར་རྣམས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཤ་སྟག་ཡིན་ནའང་། ང་ཚོས་ནམ་རྒྱུན་ཐ་སྙད་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་དེ་བེད་སྤྱོད་དེ་ཙམ་བྱེད་སྲོལ་མི་འདུག །ངོས་ནས་རྟག་ཏུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་པའི་རྒྱུ་མཚན་ནི། དངོས་ཡོད་ཀྱི་གནས་ཚུལ་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་སྨོས་མེད་ཀྱང་། ཐ་སྙད་འབོད་ཕྱོགས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་ཀྱི་བླ་མའི་ཆོས་ལུགས་ཞེས་བརྗོད་པའི་སྐད་ཆ་ཤོད་ས་བསྡད་མེད་ལ། དེ་བཞིན་ཨེ་ཤ་ཡའི་ཡུལ་ལུང་སྤྱི་དང་། ལྷག་པར་ཤེར་ཕྱིན་གྱི་ནང་ནས་ཤེས་རབ་སྙིང་པོ་ལྟ་བུར་ཆ་མཚོན་ན། ནང་དོན་ཤེས་མིན་ཇི་ལྟར་ཡང་རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ་སོགས་ཀྱི་ནང་པ་ཚང་མས་འདོན་བཞིན་ཡོད། དེས་ན་དཔལ་ནཱ་ལེནྡྲ་ཞེས་པ་དེ་ཉིད་ཚང་མའི་རྣ་བར་གོ་ཐོས་ཡོད་པ་ཞིག་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་ན་ཚང་མས་གོ་ཐོས་ཡོད་པ་ཞིག་ཀྱང་ཡིན།
དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དངོས་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དེ་ཉིད་མིང་འདོགས་ཚུལ་ཞིག་གི་ཐོག་ནས་བླ་མའི་ཆོས་ལུགས་རེད་ཅེས་པ་ལྟ་བུ་དང་། ང་རང་ཚོའི་ཆོས་པའི་ཁྲོད་ནས་ཀྱང་ང་རྙིང་མ་ཡིན། ང་ས་སྐྱ་པ་ཡིན། ང་བཀའ་བརྒྱུད་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་པར་བརྟེན་གསལ་པོ་མི་ཆགས་པ་ཞིག་ཡོད། དེ་ལ་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་ཞེས་དབྱེ་བ་འབྱེད་རྒྱུ་གལ་གནད་ཆེན་པོ་ཡིན།
ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་མི་འདྲ་བ་སྟེ། བཤད་པའི་ཀ་ཆེན་རྣམ་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་སོགས་ཡོད་པ་དེ་དག་ཕལ་མོ་ཆེ་གསང་སྔགས་ཀྱི་ཐོག་ནས་ཡོང་བཞིན་ཡོད། དེ་ཡང་གསང་སྔགས་ཀྱི་ཆོས་ལ་ང་ཚོས་ཞིབ་འཇུག་ལེགས་པར་བྱས་ཏེ་བསམ་གཞིག་བྱས་ན། ཕལ་ཆེར་གང་ཟག་སྒོས་བཙན་ཆགས་ཡོད། དཔེར་ན། དཔལ་ས་སྐྱ་པའི་ལམ་འབྲས་དེ་ཉིད་རྩ་བ་གྲུབ་ཆེན་བིར་ཝ་པར་ཐུག་ཡོད་ལ། གྲུབ་ཆེན་བིར་ཝ་པ་བདག་མེད་མའི་ཞལ་གཟིགས་སོགས་ཀྱི་ཐོག་ནས་ཀྱཻ་རྡོར་གྱི་ཆོས་བརྒྱུད་བྱུང་བ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བུར་ཆ་མཚོན་ན། ལ་ལི་ཏ་ནས་མར་བརྒྱུད་པ་ཞིག་ཡིན། དེ་ལྟར་ན་དེ་ཡང་གང་ཟག་སྒོས་བཙན་ཆགས་ཡོད།
དེར་བརྟེན་ས་དགེ་བཀའ་རྙིང་དང་། བཀའ་བརྒྱུད་ཀྱི་ནང་གསེས་ལའང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་ནི་གང་ཟག་སྒོས་བཙན་ཆགས་ཡོད། དེ་ཡང་བླ་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ལྟ་བུར་ཆ་མཚོན་ན། དངོས་གནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་ལྟར་བརྒྱུད་པ་དག་ནི་གང་ཟག་སྒོས་བཙན་ཆགས་ཡོད། གང་ཟག་སྒོས་བཙན་ལ་ཆ་བཞག་ན། གང་འཚམ་ནས་མཐའ་ཡས་པ་ཞིག་ཡོང་ངེས་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་སངས་རྒྱས་པའི་ཆོས་སམ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཀུན་ལ་ཚིག་མང་པོའི་འགྲེལ་བརྗོད་བྱེད་མི་དགོས་པར། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་ལམ་སེང་གོ་ཐུབ་པར་བརྟེན། ངོས་ནས་གནད་འགག་ཆེན་པོ་ཞིག་ཏུ་མཐོང་བྱུང་།
དེ་མིན་ང་རང་ཚོ་ཆོས་བརྒྱུད་ནང་གསེས་ལ་ཆ་མཚོན་ནའང་། དཔལ་ས་སྐྱ་པར་གྲགས་ཆེན་བཅོ་བརྒྱད་ཅེས་གཞུང་ལུགས་ཧ་ཅང་མང་པོ་ཞིག་ཡོད་ཅིང་། སྔ་འགྱུར་རྙིང་མར་ཆ་མཚོན་ནའང་། ཕྱིས་སུ་ཀ་དཔལ་རྫོགས་གསུམ་སོགས་ཀྱིས་གཞུང་ལུགས་ཧ་ཅང་མང་པོ་ཞིག་གཟིགས་ཀྱི་ཡོད། སྤྱི་ཡོངས་ནས་གཞུང་ཆེན་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་ཞིག་ཡིན། རི་བོ་དགེ་ལུགས་པར་ནམ་རྒྱུན་ཡོངས་གྲགས་གཞུང་ཆེན་བཀའ་པོད་ལྔ་ཞེས་གཙོ་བོའི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་པ་ལས། དོན་ལ་གཞུང་ཆེན་བཅུ་གསུམ་རྣམས་ཚང་ཡོད། དེས་ན་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས། ཇོ་ནང་ལ་སོགས་པ་ཚང་མས་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་ལ། དེ་དག་ནི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཐུན་མོང་གི་གཞུང་ལུགས་ཤིག་ཆགས་ཡོད།
དངོས་གནས་ང་ཚོ་དོན་གྱི་མཐུན་སྒྲིལ་ཡག་པོ་ཞིག་དགོས་ན། གཞུང་ཆེན་མོ་དེ་དག་ལ་སློབ་གཉེར་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་དམ་བཅའ་མཉམ་དུ་འཚོགས་ཐུབ་པར་མ་ཟད། ཕན་ཚུན་བློ་བསྐྱེད་ཀྱང་འབུལ་ཐུབ་པ་ཞིག་ཡོང་བ་ཡིན། དཔལ་ས་སྐྱ་པར་ཆ་མཚོན་ན། ཀྱེ་རྡོར་གཅིག་པུའི་ཐོག་ཏུ་ཕྱིན་ཚེ། ཀྱེ་རྡོར་སློབ་སྦྱོང་མེད་རིགས་དེ་དག་གིས་སྐད་ཆ་བཤད་རྒྱུ་གང་ཡང་བསྡད་མེད། ལམ་འབྲས་གསུངས་ན་སྣང་གསུམ་ལམ་རིམ་དང་གཅིག་མཚུངས་ཡིན་ནའང་། རྒྱུད་གསུམ་གསུངས་སྐབས་གསང་སྔགས་བླ་མེད་ཀྱི་ཐོག་ཏུ་འགྲོ་བ་ལྟར་རེད། རི་བོ་དགེ་ལུགས་པའང་སྔགས་ཁོ་ནའི་ཐོག་ཏུ་ཕྱིན་ན་གསང་འདུས་གཙོ་བོ་ལྟ་བུ་ཡིན།
མདོ་ཕྱོགས་ནས་གཞུང་ཆེན་བཅུ་གསུམ་གྱི་ཐོག་ཏུ་ཕྱིན་ན་ས་དགེ་བཀའ་རྙིང་ཇོ་ནང་དང་། དུས་ཕྱིས་ཀྱི་དབང་དུ་བྱས་ན་གཡུང་དྲུང་བོན་དང་བཅས་པ་ཚང་མའི་ཐུན་མོང་གི་གཞུང་ཞིག་ཆགས་ཡོད། དེས་ན་ང་ཚོ་བོད་རང་ལ་ཆ་མཚོན་ནའང་། དེ་ནི་བསྟན་པ་སྤྱི་བཙན་ཆགས་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་གཞུང་ལུགས་རྣམས་མཛད་སྐབས་བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་ལྗགས་རྩོམ་མཛད་པ་ཞིག་ཆགས་ཡོད། གྲུབ་ཆེན་སོ་སོར་ཐུན་མོང་མ་ཡིན་པའི་དག་སྣང་བྱུང་བ་དང་། ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་བ་སོགས་ཀྱི་ཐོག་ནས་གསུངས་པ་རྣམས་ནི་རྣལ་འབྱོར་པ་རང་རང་སོ་སོར་ཆེད་དུ་གཉེར་ནས་གསུངས་པ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་པས་སྤྱི་ལ་ཁྱབ་མི་ཐུབ།
རི་བོ་དགེ་ལུགས་པའི་ངོས་ནས་བཤད་ན། འཛམ་གླིང་གི་ཡུལ་གྲུ་རྣམས་ལ་དཔལ་གསང་བ་འདུས་པའི་ཉམས་ལེན་གྱིས་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད་པས། དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་མཛད་པའི་གཞུང་གི་ཐོག་ནས་ཕྱིན་ན། ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཐུབ་པ་ཞིག་ཡིན་པས་དེ་ལ་གནད་འགག་ཅིག་ཡོད། ང་ཚོ་བོད་པ་རྣམས་ཕོ་རོག་དཀར་པོ་བྱས་ཏེ་བསྡད་ན་གནས་ཚུལ་ཐ་དད་ལས། ཕོ་རོག་དཀར་པོ་མིན་པར་ཕོ་རོག་སྤྱི་མཚུངས་ལྟར་ནག་པོ་བྱས་ཏེ་ཕོ་རོག་སྤྱིའི་གྲས་སུ་ང་ཚོ་ཚུད་པ་ཞིག་བྱེད་པར་འདོད་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ།
གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་རྣམས་ཀྱང་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་པ་དེ་དག་གི་བརྗོད་དོན་ཁོང་དུ་ཆུད་པའི་ཐོག་ནས་འགྲོ་དགོས་ལ། གསང་སྔགས་བླ་མེད་ལྟ་བུར་མཚོན་ན། སྐུ་གསུམ་ལམ་འཁྱེར་ལྟ་བུས་མཚོན་བསྟན་པ་སྤྱི་བཙན་གྱི་འགྲོ་སྟངས་ཁོང་དུ་ཆུད་པའི་ཐོག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་བྱས་ན་དངོས་གནས་གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་ཆོས་སུ་འགྲོ་བ་ཞིག་ཡོང་ངེས་ཡིན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་རྣམས་མ་ཤེས་ན། ཆོས་ཆོས་སུ་འགྲོ་མིན་ཐེ་ཚོམ་ཡིན་ལ། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན། གང་ཟག་སྒོས་བཙན་གྱི་དབང་དུ་གསུངས་པ་དེ་དག་དོན་དང་མཐུན་པ་ཞིག་ཡོང་བ་ལ། བསྟན་པ་སྤྱི་བཙན་གྱི་འགྲོ་ལུགས་རྣམས་ཤེས་དགོས་པ་ཡིན།
ལྷག་པར་བསྟན་པ་སྤྱིའི་དབང་དུ་བྱས་ཀྱང་། བསྟན་པ་སྤྱི་བཙན་གྱི་གཞུང་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན། དཔེར་ན། འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ངོས་ནས་ཚན་རིག་པ་དང་། ཤེས་ཡོན་ཅན། མཁས་དབང་མང་པོ་ཞིག་དང་འབྲེལ་བ་བྱས་དང་བྱེད་མུས་ཡིན། དེ་དག་དང་འབྲེལ་བ་བྱེད་སྐབས་གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་ལྷ་སྐུ་ཞལ་གསུམ་ཕྱག་དྲུག་སོགས་ཀྱི་ཐོག་ཏུ་ང་ཚོས་གོ་བསྡུར་བྱེད་ཀྱི་མེད། དེ་དག་གི་སྐོར་ལ་ཇི་ལྟར་བྱས་ཏེ་གོ་བསྡུར་བྱེད་དགོས་སམ། ཡང་ན་གང་ཟག་སྒོས་བཙན་གྱི་ཉམས་ལེན་བྱས་ནས་གནམ་ལ་འཕུར་བ་དང་། ས་ལ་འཛུལ་བ་སོགས་བྱེད་ཐུབ་ན་མི་རྣམས་ཡ་མཚན་སྐྱེ་བ་དང་། དོ་སྣང་སླེབས་པ་ཞིག་ཡོང་ངེས་ཡིན་ནའང་། དེ་ལྟར་མེད་པའི་ཐོག་ཏུ་ཆོ་ག་འདོན་སྟངས་ཀྱི་ཐོག་ལའང་གོ་བསྡུར་བྱ་རྒྱུ་དེ་ཙམ་མེད།
དེས་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་དེ་དག་གི་ཐོག་ནས་འབྲེལ་བ་བྱེད་སྐབས། གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གཞི་ལམ་འབྲས་གསུམ་ལས་གཞི་དངོས་པོའི་གནས་ཚུལ་གྱི་ཐོག་ལ་ང་ཚོས་འགྲེལ་བཤད་རྒྱག་བཞིན་ཡོད་ལ། གཞི་དངོས་པོའི་གནས་ཚུལ་གྱི་དངོས་ཡོད་གནས་ཚུལ་གང་ཞིག་ཡོད་པ་རྣམས་ཕྱོགས་བསྡོམས་བྱས་པའི་ཐོག་ནས་ལམ་བགྲོད་པའི་རིམ་པ་དེ་ཐོན་ཡོང་གི་ཡོད། འབྲས་བུའི་རྣམ་གཞག་ལམ་སེང་ངོ་འཕྲོད་པར་དཀའ་ཡང་། གཞི་ཡི་གནས་ཚུལ་ང་ཚོས་དངོས་སུ་མྱོང་བཞིན་པ་དང་། རིག་རྒྱུ་ཡོད་པ་ཞིག་ངོ་སྤྲོད་བྱས་པའི་ཕྱོགས་བསྡོམས་ཀྱི་སྟེང་ནས་ལམ་བགྲོད་པའི་རིམ་པའི་འགྲེལ་བཤད་ཅིག་རྒྱག་སྐབས། འདི་ནི་ཡ་མཚན་ཞིག་འདུག་སྙམ་པ་ཞིག་ཆོས་ཁས་མི་ལེན་མཁན་དང་། ཆོས་ལ་དད་མོས་མེད་མཁན་ཞིག་ཡིན་ནའང་། དེ་ལྟ་བུའི་འགྲེལ་བཤད་རྒྱག་སྐབས་དེ་དག་ལ་བསམ་བློ་གཏོང་རྒྱུ་འདུག་སྙམ་པ་ཞིག་དྲན་ཐུབ་ཀྱི་འདུག །
མདོར་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་བཀའ་འགྱུར་དང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་དེ་དག་ལ་དོ་སྣང་དང་སློབ་གཉེར་དེ་ཙམ་མི་བྱེད་པར་བོད་ཀྱི་བླ་མ་སོ་སོས་མཛད་པའི་གཞུང་རྐྱང་པའི་ཐོག་ཏུ་ཕྱིན་ན། བཀའ་གདམས་གོང་མ་རྣམས་ཀྱི་གསུང་སྒྲོས་སུ་ཡོད་པ་སྟེ། མན་ངག་བེའུ་བུམ་ལག་མཐིལ་ཙམ་ཞིག་བརྟན་པར་བཙུད། སྦས་པར་བཙུད་ཅེས་དེ་ཙམ་ཞིག་གིས་སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱེད་ཐུབ་པ་ཤིན་ཏུ་དཀའ། དེས་ན་ཁྱེད་རང་ཚོ་གཞུང་ཆེན་ལ་གསན་བསམ་སློབ་གཉེར་བྱེད་མཁན་རྣམས་ནས། མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས5།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །
ཞེས་གསུངས་པ་ལྟར། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ཞེས་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་འཆད་ཉན་གྱི་ཐོག་ནས་བསྟན་པའི་རྣམ་གཞག་ཡོངས་སུ་རྫོགས་པར་ཐོག་མར་གོ་བ་ཆགས་པར་བྱེད་པ་དང་། དེའི་ཐོག་ད་དུང་རིགས་པས་མུ་མཐུད་དཔྱད་དེ་རིགས་པའི་ལམ་ནས་སྒྲོ་འདོགས་དཔྱད་ནས་ངེས་པ་ཐོབ་པ་ཞིག་བྱས། ངེས་པ་ཐོབ་པའི་དོན་དེར་ལམ་ལ་གོམས་འདྲིས་བསྟེན་ནས་རྒྱུད་ལ་རྟོགས་པ་སྐྱེ་བ་ཞིག་དགོས་པ་ཡིན། དེ་ལྟར་ཐོས་དོན་སྒྲུབ་ལ་གཞོལ་བའི་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་ཡིན།
དེས་ན་ཁྱེད་རང་ཚོས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བྱ་རྒྱུའི་རྒྱུ་ཆ་སྒྲུབ་བཞིན་ཡོད་ལ། ད་ལྟ་བར་དུ་ཁྱེད་རང་ཚོས་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་བྱས་ནས་དཀའ་ལས་བརྒྱབ་པ་རྣམས་དགེ་བ་རྫོགས་བྱང་དུ་བསྔོས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། ཡང་སྒོས་འགྲོ་བ་སེམས་ཅན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་ཐོགས་ཡོང་ཐུབ་པའི་ཐོག་ལ་བསམ་བློ་ཡག་པོ་ཞིག་བཏང་། ད་དུང་གཞུང་ཆེན་རྣམས་ལ་མུ་མཐུད་འཆད་ཉན་བྱས་ཏེ་ཕར་ཕྱིན་བལྟས་པའི་མཇུག་ཏུ་དབུ་མ་ལྟ་དགོས་པ་ཡིན། གཞུང་ཆེན་བཀའ་པོད་ལྔ་ལས་དབུ་ཕར་གཉིས་གཙོ་བོ་ཡིན་ཅིང་། དབུ་ཕར་རྣམ་གཉིས་ཀྱི་རིགས་ལམ་དེ་ཚད་མ་རྣམ་འགྲེལ་ཡིན། གཞུང་འདི་གསུམ་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ལ། དེ་དག་གི་ཐོག་ཏུ་རབ་བྱུང་རྣམས་ཀྱིས་དམ་ཆོས་འདུལ་བའི་གཞུང་ལ་སློབ་གཉེར་བྱ་རྒྱུ་གལ་གནད་ཆེ་བ་དང་། དེ་བཞིན་ཕར་ཕྱིན་གྱི་ཡན་ལག་ལྟ་བུར་མཛོད་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ཞིང་། དེ་འབྲེལ་གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་ཐུབ་པ་ཞིག་དང་། རྒྱུས་མངའ་ཡོད་པ་ཞིག་བྱེད་དགོས་པར་མ་ཟད། མཐར་གང་ཐུབ་ཀྱིས་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་ཡང་བྱེད་དགོས་པ་ཡིན།
༡༠༽ སྔར་མེད་གསར་གཏོད་དང་། སློབ་གཉེར་གྱི་དགེ་མཚན།
དེ་ལྟར་སྔར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ལམ་སྲོལ་ཞིག་ཡོད་པ་དེ་ཉིད་སྔར་ལམ་འདེད་པ་ལས། གསར་པ་ཞིག་བྱས་ན་དེ་ནི་སྔར་མེད་གསར་སྤྲོས་རེད་ཅེས་ནམ་རྒྱུན་མཐོང་ཚུལ་ཡོང་གི་འདུག །སྔར་མེད་གསར་སྤྲོས་བྱེད་མི་ཆོག་ན། ཤེས་རབ་སྙིང་པོ་ལས། ཏདྱཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་དེ་སྔར་མེད་གསར་སྤྲོས་ཡིན། སྔར་ལམ་ཁོ་ན་འདེད་ནས་ཕྱིན་ན་གཏི་མུག་བདེན་འཛིན་དང་། རང་གཅེས་འཛིན་དེ་དག་དུས་ད་ལྟ་བར་གོམས་ནས་བསྡད་པ་རེད། དེ་དག་ནི་ང་ཚོའི་སྔར་ལམ་ཡིན་ཅིང་། དེ་གཉིས་ཀྱི་ཐོག་ཏུ་མུ་མཐུད་སྡོད་དགོས་པ་ཞིག་ཆགས་ཡོད།
དེས་ན་ཕྱི་ཡི་དངོས་པོར་ཆ་མཚོན་ནའང་། སྔར་ལམ་ཁོ་ན་འདེད་ནས་ཕྱིན་ཚེ། དཔེར་ན། ལ་དྭགས་པ་རྣམས་ལ་མཚོན་ན། བག་ལེབ་ཟ་བ་དང་། ཆང་འཐུང་སྟེ་གཙང་སྦྲ་དེ་ཙམ་མེད་པའི་ཐོག་བསྡད་པས་མི་འགྲིགས་པར་བརྟེན་ཡར་རྒྱས་སུ་འགྲོ་དགོས་ལ། ཁྱེད་རང་ཚོས་ཡར་རྒྱས་གཏོང་བཞིན་ཡོད། རྒྱ་གར་རྒྱལ་ཡོངས་ལ་ཆ་མཚོན་ནའང་། ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད། ངོས་རང་ཐོག་མར་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཡོང་སྐབས་དང་བསྡུར་ན་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད།
དེ་བཞིན་ང་རང་ཚོ་ཆོས་ཕྱོགས་ལ་མཚོན་ནའང་། ནང་གི་རྟོགས་པའི་ངོས་ནས་ཟླ་སྐྱེད་ཐོན་མ་ཐུབ་ཀྱང་ལོ་སྐྱེད་ཐོན་ཐུབ་པའི་ཉམས་ལེན་བྱེད་དགོས་པ་ཡིན། དེ་ལྟ་བུའི་ཉམས་ལེན་ཡོང་བ་ལ་ལྐུག་པ་ཨུ་ཚུགས་ཀྱི་ཐོག་ནས་རྟོགས་པ་སྐྱེ་བ་ཤིན་ཏུ་དཀའ་བས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་པའི་ཐོག་ནས་བསམ་བློ་ཡང་ཡང་བཏང་ན། དངོས་ནས་སེམས་སུ་ཡིད་ཆེས་གཏིང་ནས་སླེབས་པ་ཞིག་དང་། ཡིད་ཆེས་གཏིང་ནས་སླེབས་པ་དེས་དོན་གཉེར་སླེབས་པ་དང་། དད་པ་དང་། འདུན་པ། རྩོལ་བ་ཞེས་བརྗོད་པ་ལྟར་ཐོག་མར་ཡོན་ཏན་མཐོང་བའི་དད་པ་དགོས་ལ། དེ་ཡང་སྐྱབས་སུ་མཆི་ཞེས་བརྗོད་པ་གཅིག་པུས་འགྲིགས་ཐབས་མེད། དེས་ན་རྒྱུ་མཚན་མཐོང་བའི་སྒོ་ནས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། ཤེས་ནས་དད་པ་ཐོབ་པ་ལ། རྒྱུ་མཚན་གྱི་ཐོག་ཏུ་བསམ་བློ་བཏང་ནས་འགྲོ་དགོས་པ་ཡིན། དེར་བརྟེན་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་གནད་ཆེ།
ཡང་རིགས་རིགས་ལམ་སློབ་གཉེར་དང་། གཞུང་ཆེན་སྦྱོང་བ་སོགས་ནི་དགེ་ལུགས་པས་བྱ་རྒྱུ་ཞིག་ཡིན་པ་ལས། བཀའ་བརྒྱུད་དང་རྙིང་མར་དགོས་དོན་མེད་ཅེས་བརྗོད་པ་ལྟ་བུ་རེ་ཟུང་ཡོང་གི་འདུག །དཔེར་ན། རྒྱ་གར་ལྷོ་ཕྱོགས་སུ་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་བཤད་གྲྭ་ཆེན་པོ་ཞིག་ཡོད་ཅིང་། དེར་མཚན་ཉིད་སློབ་ཁྲིད་གནང་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཞིག་གི་དགོངས་པར་ཅུང་ཟད་མ་བབ་པ་གནང་གི་འདུག་ཀྱང་། ཨུ་ཚུགས་བསྐྱོན་ནས་རིགས་ལམ་གྱི་ཐོག་ནས་རྩོད་པ་རྩོད་རྒྱུའི་སློབ་ཚན་བཙུགས་པ་ཡིན་ཞེས་པད་ནོར་རིན་པོ་ཆེ་ཁོང་ཉིད་ཀྱིས་ངོས་ལ་གསུངས་བྱུང་།
དེས་ན་ང་ཚོས་སྔར་ལམ་ཁོ་ནའི་ཐོག་ནས་ཕྱིན་པ་དང་། བཀའ་གདམས་གོང་མའི་གཞུང་ལ་ཆ་མཚོན་ནའང་། མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད་ཅེས་མོས་གུས་གཙོ་ཆེ་བའི་ཐོག་ནས་འགྲོ་བ་ལས། ཐེ་ཚོམ་དང་བརྟག་དཔྱད་ཀྱི་ཐོག་ནས་ཕྱིན་ན། རྒྱུད་གསུམ་བདུན་ལས6།
རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །
ཞེས་པ་ལྟ་བུའི་གསུང་སྟངས་རེ་ཟུང་ཡོང་བ་ཡིན། བསྟན་པ་སྤྱིའི་དབང་དུ་བྱས་ནས་འགྲོ་སྐབས། རིགས་ལམ་གྱི་ཐོག་ནས་དཔྱད་དེ་སྟོན་པའི་ཆོས་ཚུལ་རྣམས་རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་པ་དང་། དཔྱད་དེ་རྒྱུ་མཚན་འཕེར་བའི་ཐོག་ནས་འཆད་ཐུབ་པ་ཞིག་བྱུང་ན། ཕྱི་ནང་སུ་ལའང་འཇིགས་ཞུམ་མེད་པའི་སྒོ་ནས་སྐད་ཆ་ཤོད་ཐུབ་པ་ཞིག་ཡོང་ངེས་ཡིན། ང་ཡི་བླ་མས་གསུང་གི་འདུག་ཅེས་པ་གཅིག་པུའི་ཐོག་ནས་ཕྱིན་ན་སྒྲོ་འདོགས་བཅད་ནས་གོ་བསྡུར་བྱ་རྒྱུའི་ཐོག་ཏུ་སླེབས་ཚེ། དཔེར་ན། རྣམ་འགྲེལ་གྱི་གཞུང་ལས་གསུངས་པ་ལྟར། ལུང་དྲངས་རྒྱུ་རྣམས་ཀྱང་ཐུན་མོང་གིས་ཁས་ལེན་པའི་ལུང་ཞིག་དགོས་པ་ལས། རང་ཉིད་གཅིག་པུས་ཁས་བླངས་པའི་ལུང་ཞིག་དྲངས་ནས་ཕ་རོལ་པོར་བསྒྲུབ་བྱ་སྒྲུབ་ཐུབ་ཐབས་གཏན་ནས་མེད། དེས་ན་གཙོ་བོ་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་དགོས་པ་ཡིན། དེར་བརྟེན་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན།
ངོས་རང་སྒེར་གྱི་ཐོག་ནས་ཆ་བཞག་ནའང་། རྒྱ་ཆེ་བ་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་བསྡུས་གྲྭ་ནས་བཟུང་སྟེ་རིགས་ལམ་གྱི་འགྲོ་སྟངས་རྣམས་ལ་སློབ་སྦྱོང་བྱས་ཡོད་ལ། དེ་བཞིན་གཞུང་ཆེན་ཁག་ལའང་སློབ་སྦྱོང་བྱས་པ་ཡིན། དེ་ལྟར་སློབ་སྦྱོང་བྱས་པ་དེས་ད་ལྟ་ལམ་སེང་གཞི་དེ་དང་དེའི་མཚན་ཉིད་དང་། དབྱེ་བ། སྒྲ་བཤད་སོགས་འཇོག་རྒྱུ་དཀའ་ཡང་། དེ་དག་ཕྱོགས་བསྡོམས་བྱས་པའི་ནང་དོན་རྣམས་བསམ་བློའི་ཐོག་ནས་གང་ཞིག་འགྲེལ་བཤད་བྱེད་དགོས་བྱུང་ཡང་བརྗོད་ཐུབ་པ་ཞིག་ཡོད། དེ་ཡང་མཁས་པའི་དབང་པོ་སུ་ཞིག་དང་མཉམ་དུ་སྐད་ཆ་བཤད་ཀྱང་ཤོད་ཐུབ་པ་ཞིག་ཡོད།
དཔེར་ན། ནང་ཚགས་ཀྱི་གནས་ཚུལ་ཤིག་ཞུས་ན། ངོས་རང་ཕྱི་རྒྱལ་ཡུལ་ལུང་གང་སར་བསྐྱོད་སྐབས། གསར་འགོད་པ་སྣ་ཚོགས་ཐུག་འཕྲད་ཡོང་གི་ཡོད། ས་གནས་དེ་དང་དེའི་དཔོན་རིགས་སོགས་ཀྱིས་གསར་འགོད་པ་ཐུག་འཕྲད་བྱ་རྒྱུར་ཞེད་སྣང་དང་། བསུན་སྣང་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་། མི་དང་མིའི་དབར་སྐད་ཆ་ཤོད་བཞིན་པར་བརྟེན་ངོས་རང་ལ་བསུན་སྣང་གང་ཡང་མི་ཡོང་བར། གནད་དོན་ཤེས་པ་ཞིག་ཡིན་ན་ཤེས་པ་དེ་དག་བཤད། མ་ཤེས་ན་མི་ཤེས་ཞེས་བརྗོད་ན་ཁྱད་པར་གང་ཡང་མེད། དེ་ལྟ་བུ་མགོ་རྙོག་གང་ཞིག་ཡོད་ཀྱང་། དེ་དང་འབྲེལ་བའི་ལན་བརྗོད་ཐུབ་པ་ཞིག་ཡིན། དེ་ནི་རྒྱུ་མཚན་གཞན་གང་ཡང་མིན་པར། ངོས་རང་མི་གཞན་ལྟར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་གི་འཛིན་གྲྭར་ཉིན་གཅིག་ཀྱང་བསྐྱོད་མྱོང་མེད་ལ། དེང་དུས་ཀྱི་ཤེས་ཡོན་གང་ཡང་ཤེས་ཀྱི་མེད། འོན་ཀྱང་རྩ་བའི་བསམ་བློ་གཏོང་སྟངས་རྣམས་པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་དེ་དག་གིས་རིགས་པའི་སྒོ་ཞིག་ཕྱེ་ཡོད་སྟབས། ཕྱི་ནང་སུ་ལ་སྐད་ཆ་ཤོད་པ་དང་། ལན་འདེབས་བྱེད་དགོས་པ་སོགས་གང་ཞིག་ཡིན་ནའང་བསམ་བློའི་ནང་དེ་ཡིན་ན་འདི་ཡིན། འདི་ཡིན་ན་དེ་ཡིན་དགོས་པ་ལྟ་བུའི་ལམ་སེང་ཟབ་པའི་ཤེས་རབ་ཅིག་སླེབས་ཐུབ་པ་ཡོང་གི་ཡོད།
དེས་ན་ང་རང་ཚོ་མི་གཅིག་མཚུངས་ཡིན་པར་མ་ཟད། ང་ཚོ་འཛམ་གླིང་འདིའི་ཐོག་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ཚང་མ་གཅིག་མཚུངས་ཡིན་ལ། མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་ཡང་གཅིག་མཚུངས་ཡིན། ཉོན་མོངས་དུག་གསུམ་ཡོད་པ་ཡང་གཅིག་མཚུངས་ཡིན། དེས་ན་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཁྱེད་རང་ཚོར་བརྗོད་པ་དེ་དག་ཁྱེད་རང་ཚོས་འབད་བརྩོན་བྱས་ན་གཅིག་མཚུངས་ཡོང་བ་ལས། ༸རྒྱལ་བ་རིན་པོ་ཆེ་མི་འདྲ་ཞེས་དམིགས་བསལ་ཟུར་བཏོན་བྱ་རྒྱུ་གང་ཡང་མེད། ང་ཚོ་ཚང་མ་གཅིག་པ་ཡིན་ཅིང་། སངས་རྒྱས་བཅོམ་ལྡན་འདས་སྐུ་བཞིའི་བདག་ཉིད་ཡིན་ནའང་། མཆོག་གི་སྤྲུལ་སྐུའི་རྣམ་པར་བསྟན་པ་དེ་ཡང་ང་རང་ཚོ་དང་གཅིག་གྱུར་གྱི་རྣམ་པ་བསྟན་ཏེ་གཞི་ནས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་དང་། ཤེས་སྒྲིབ་སྤངས་པའི་བྲལ་བའི་ཡོན་ཏན་མངོན་དུ་མཛད་པའི་རྣམ་ཐར་མཛད་དགོས་དོན་ནི་ང་ཚོར་མིག་དཔེ་སྟོན་པ་གནང་གི་ཡོད། དེས་ན་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཐོག་ནས་མི་གཅིག་གིས་འབད་བརྩོན་བྱས་པའི་འབྲས་བུ་འདི་ལྟར་ཡོང་གི་ཡོད་ན། ང་ཚོས་ཀྱང་ཡོང་མི་ཐུབ་པ་གང་ཞིག་ཡོད་སྙམ་པའི་བསམ་བློ་གཏོང་དགོས་པ་ལས། སྐྱབས་གནས་དང་། བླ་མ་ཞེས་གོང་དུ་འཇོག་པ་དང་། རང་ཉིད་རང་གིས་དམིགས་བསལ་བཏང་སྟེ་འོག་ཏུ་བསྡད་ན་སྙིང་པོ་གང་ཡང་མེད། དེ་ལྟར་ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས་པ་ཡིན།
༡༡༽ ནཱ་ལེནྡྲའི་ཕྱག་ལེན་དང་། རིགས་ལམ་གྱི་གལ་གནད།
ཡང་ལེགས་སྦྱར་གྱི་ཆོས་བརྒྱུད་ཐོག་མར་རྒྱ་གར་ནས་རྒྱ་ནག་ཏུ་དར་བ་དང༌། རྒྱ་ནག་ནས་ཀོ་རི་ཡ་དང༌། ཝི་ཏི་ནམ། ཉི་ཧོང་བཅས་སུ་དར་འཕེལ་བྱུང་བ་དང༌། ཡང་རྒྱ་གར་ནས་པཎ་གྲུབ་ཐད་ཀར་ཉི་ཧོང་སོགས་སུ་ཕེབས་པ་ཡང་བྱུང་ཡོད་འདུག །འོན་ཀྱང་གཙོ་ཆེ་བ་ནི་རྒྱ་ཡིག་ནས་དར་འཕེལ་བྱུང་བ་ཡིན། བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་སྟེ། མཁན་སློབ་ཆོས་གསུམ་ཞེས་སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༌། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་བཅས་ཞལ་འཛོམས་ཏེ། གཞི་རྐང་གསུང་རབ་དགོངས་འགྲེལ་དང་བཅས་པ་སློབ་ཁྲིད་གནང་བ་དང༌། ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ། ལྷག་པར་གལ་གནད་ཆེ་ཤོས་སྡོམ་པ་འབོགས་ཆོག་གནང་རྒྱུས་མཚོན་མཁན་ཆེན་ཞི་བ་འཚོ་དང༌། བི་མ་ལ་མི་ཏྲ་སོགས་ཀྱིས་སློབ་ཁྲིད་གནང་རྒྱུས་མཚོན་བསྟན་པའི་གཞི་མ་འདུལ་ཁྲིམས་ནས་བཟུང་སྟེ་སློབ་ཁྲིད་དར་འཕེལ་གནང་མཁན་ནི་མཁན་ཆེན་ཞི་བ་འཚོ་གཙོ་བོ་ཆགས་ཡོད། དེ་ལྟར་མཁན་ཆེན་ཞི་འཚོས་ཡོངས་སུ་རྫོགས་པའི་བསྟན་པ་སྔར་མེད་གསར་དུ་བཙུགས་སྐབས་ཕྱི་ནང་གི་འགལ་རྐྱེན་སེལ་བ་ལ་སློབ་དཔོན་ཐུགས་རྗེ་ཅན་གྱིས་ཐུགས་འགན་གཙོ་བོར་བཞེས་པ་དང༌། ཆོས་རྒྱལ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས་མཚོན་སློབ་མ་ལས་ཅན་ཉུང་ཤས་ལྟ་བུར་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་གསུངས་པའང་བྱུང་ཡོད།
དེ་ལྟར་བོད་གངས་ཅན་ལྗོངས་ལ་རྒྱ་གར་ནས་ཐད་ཀར་དར་འཕེལ་དང༌། བོད་ནས་ཆེན་པོ་ཧོར་གྱི་ཡུལ་ཁག་ལ་དར་འཕེལ་བྱུང་ཡོད། དེ་དག་ནི་ཐེག་ཆེན་གྱི་ཆོས་བརྒྱུད་གཅིག་མཚུངས་ཆགས་ཡོད། བོད་ལ་ཁྱད་པར་གཅིག་ནི། མཁན་ཆེན་ཞི་བ་འཚོ་རང་ཉིད་དབུ་མ་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་པར་མ་ཟད། ཚད་མའི་གཞུང་ལའང་ཐུགས་སྣང་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་ཁོང་རང་ཉིད་ཚད་མ་པའི་སྐྱེས་བུ་ཆེན་པོ་ཞིག་དང༌། དེ་བཞིན་ལྟ་གྲུབ་སྨྲ་བ་ཞིག་ཀྱང་ཡིན་སྟབས། ཁོང་གིས་བོད་ལ་སློབ་ཁྲིད་གནང་ལུགས་དང༌། ལྟ་གྲུབ་གཏན་ལ་འབེབས་སྐབས་ཚད་མའི་རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་ནས་སློབ་ཁྲིད་གནང་ཡོད།
དེར་བརྟེན་བོད་གངས་ཅན་གྱི་ལྗོངས་ལ་རིམ་བཞིན་ཚད་མའི་གཞུང་ལ་དམིགས་བསལ་གྱི་ཐུགས་སྣང་ཞིག་གནང་འདུག །ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རང་རྩོམ་ཚད་མ་རིགས་གཏེར་མཛད་ནས་བོད་ཀྱི་མཁས་པས་ཚད་མའི་གཞུང་སོགས་བརྩམས་པ་ཡང་བྱུང་ཡོད། དེ་བཞིན་ཕྱྭ་པ་ཆོས་སེང་ཡབ་སྲས་སོགས་ཀྱིས་ཚད་མའི་གཞུང་ལ་ཧ་ཅང་ཐུགས་སྣང་ཆེན་པོ་མཛད་པར་བརྟེན། བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་གཙོ་བོ་ཐེག་ཆེན་གྱི་གཞུང་ནས་དབུ་མའི་ལྟ་གྲུབ་གཏན་ལ་འབེབས་ལུགས་དེ་ཡང་ཚད་མའི་རིགས་ལམ་ལ་བརྟེན་ནས་གཏན་ལ་ཕབ་པ་ནི་གཙོ་བོ་བོད་ཆགས་ཡོད།
དེང་སྐབས་ཕན་ཚུན་གཤིབ་བསྡུར་བྱས་ནས་བལྟས་ན། རྒྱ་གར་མཁས་པས་མཛད་པའི་ཚད་མའི་གཞུང་ཧ་ཅང་མང་པོ་ཞིག་ཡོད་པ་དང༌། དེ་དག་གི་དགོངས་འགྲེལ་མང་པོ་ཞིག་བོད་ཀྱི་མཁས་པས་བརྩམས་པ་བཅས་ནི་བོད་མང་ཤོས་ཆགས་ཡོད། དེའི་ཐོག་ལ་གསང་སྔགས་ཀྱི་ཆོས་རྒྱ་ནག་ལ་ཡོད་ཅིང༌། རྒྱ་ནག་བརྒྱུད་ནས་ཉི་ཧོང་དང༌། ཝི་ཏི་ནམ་སོགས་ལ་དར་འཕེལ་བྱུང་ཡོད་པ་དང༌། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཐེག་ཆེན་གྱི་ཡུལ་གྲུ་ཁག་ཏུ་ཡོད་པ་དང༌། དེའི་ནང་ནས་བོད་གངས་ཅན་གྱི་ལྗོངས་ལ་རྒྱ་ཆེན་པོ་ཞིག་དང༌། གཞུང་མང་དུ་ཡོད་པ་ཞིག་རེད་འདུག །
དེ་ཡང་རིགས་པའི་ལམ་ནས་དཔྱད་པ་བྱ་རྒྱུ་ནི་དཔལ་ནཱ་ལེནྡྲའི་ཕྱག་བཞེས་ཆགས་ཡོད་ཅིང་། དེ་ཡང་མཁན་ཆེན་ཞི་བ་འཚོ་དང་། ཁོང་གི་སྲས་ཀྱི་མཐུ་བོ་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ནས་དཔལ་ནཱ་ལེནྡྲའི་ཕྱག་བཞེས་དེ་དག་བོད་གངས་ཅན་གྱི་ལྗོངས་སུ་སྲོལ་བཟང་བཏོད་པས་ན། དུས་ད་ལྟ་བར་དུ་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པ་དང་། ལྷག་པར་ཚད་མ་རིགས་པའི་ཐོག་ཏུ་སློབ་གཉེར་བྱེད་པ་སོགས་ནི་བོད་ལ་དུས་ད་ལྟ་བར་དུ་ཉམས་མེད་གནས་ཡོད། སྔར་དཔལ་ས་སྐྱར་ཆ་མཚོན་ན། ས་སྐྱ་པཎྜི་ཏ་རང་ཉིད་ཀྱིས་ཀྱང་ཚད་མ་རིགས་གཏེར་མཛད་པ་སོགས་ས་སྐྱར་བཤད་གྲྭ་ཧ་ཅང་སྤུས་དག་ཡོད་ཐོག་ཚད་མའི་ཐོག་ལ་སློབ་གཉེར་ཧ་ཅང་ཡག་པོ་ཡོད་པ་ཆགས་ཡོད། དེ་རྗེས་རིམ་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འབྲང་པ་རི་བོ་དགེ་ལུགས་པ་རྣམས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པའི་མིག་ལྟོས་ཤུགས་ཆེ་ཞིག་བྱུང་བ་ལྟར། དེང་སྐབས་ཀྱི་དངོས་ཡོད་གནས་ཚུལ་ལ་རི་བོ་དགེ་ལུགས་པའི་གདན་ས་རྣམས་གཞུང་ཆེན་གྱི་སློབ་གཉེར་དང་། ལྷག་པར་ཚད་མའི་སློབ་གཉེར་སོགས་ལ་ལེགས་ཤོས་ཆགས་ཡོད། དེ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
བསྡུས་གྲྭར་རིགས་པའི་སྒོ་འབྱེད་ཅེས་བརྗོད་པ་ལྟར། དེས་དཔྱད་པ་བྱེད་པའི་ལམ་ཞིག་གཏོད་ཡོང་གི་ཡོད། མི་ལ་རང་བཞིན་ལྷན་སྐྱེས་ཀྱིས་རྣམ་དཔྱོད་ཡོད་པ་དེས་དཔྱད་པ་བྱ་རྒྱུ་མེད་པར་དད་པ་དང་ཡིད་ཆེས་ཁོ་ནའི་ཐོག་ཏུ་ཕྱིན་ན། མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་དེ་སྟོན་མི་ཐུབ་པ་ཡིན། རིགས་པའི་ལམ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་སློབ་ཁྲིད་བྱེད་སྐབས། མིའི་རྣམ་དཔྱོད་ཀྱི་ནུས་པ་དེ་ཆ་ཚང་བ་བེད་སྤྱོད་བྱས་པ་ཞིག་ཆགས་ཡོད། དེས་ན་ང་རང་ཚོས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་དང་། ལྷག་པར་ཞི་འཚོ་ཡབ་སྲས་སོགས་ཀྱི་ཐོག་ནས་རིགས་པས་དཔྱད་པ་བྱས་ཏེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྣམ་གཞག་ཅིག་གསུངས་སྐབས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་བཅས་དགག་བཞག་སྤོང་གསུམ་གྱི་རྣམ་གཞག་ཐོན་ཡོང་གི་ཡོད། དེ་ནི་ཡིན་མིན་ཐད་ཀར་གསུངས་པ་ཞིག་མིན་པར་དོན་ཞིག་གསུངས་སྐབས་ཐོག་མར་གཞན་ལུགས་དགག་པ་དང་། གཞན་ལུགས་བཀག་ཟིན་རྗེས་རང་ལུགས་འདི་ཡིན་ཞེས་འཇོག་པ་དང་། རང་ལུགས་བཞག་པ་དེར་དགག་པ་ཡོང་གཞིའི་རིགས་རྣམས་ལ་རྩོད་པ་སྤོང་བ་བཅས་དགག་བཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་ཕབ་པའི་དོན་དེ་ནི་དཔྱད་པ་བྱས་ནས་གྲུབ་དོན་ཞིག་གཏན་ལ་ཕབ་པར་བརྟེན། དོན་གང་ཞིག་ཡིན་ནའང་ཐག་ཆོད་པ་དང་། ཁ་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
གདན་ས་སོ་སོའི་ཡིག་ཆར་ཆ་མཚོན་ནའང་། སྤྱི་དོན་རྣམས་ཀྱིས་མཚན་ཉིད་དང་། ངོ་བོ། དབྱེ་བ། སྒྲ་བཤད་སོགས་སྤྱི་ཡོངས་ནས་གསུངས་པ་ཞིག་དང་། མཐའ་དཔྱོད་ནི་སྤྱི་དོན་གྱི་ཐོག་ནས་གསུངས་པ་དེ་དག་ལ་དགག་བཞག་སྤོང་གསུམ་གྱི་ཐོག་ནས་ཟུར་ཕྱིན་པའི་ཞིབ་ཆ་གནང་སྟེ་གསུངས་པ་ཞིག་ཡོང་གི་ཡོད། དེས་ན་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ད་ལྟ་བར་རིགས་ལམ་གྱིས་དཔྱད་པ་བྱ་རྒྱུ་དེ་དག་བཤད་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་པ་ལས། སྤྱི་ཡོངས་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཞིག་ཡོང་གི་མེད་ཀྱང་། བར་སྐབས་ནས་རིགས་ལམ་གྱི་འགྲོས་རྣམས་རྒྱ་བསྐྱེད་དགོས་ཞེས་བརྗོད་པ་ལྟར་སློབ་གྲྭ་ཁག་ནས་ཀྱང་དོན་གཉེར་གྱིས་བསྐྱར་གསོ་བྱེད་བཞིན་ཡོད།
དེ་ཡང་སློབ་གྲྭ་ཁག་གི་སློབ་ཁྲིད་བྱ་རྒྱུའི་གཞུང་ཚན་ནམ་དོན་ཚན་གང་གི་ཐོག་ཏུ་ཡིན་ནའང་ཁྱབ་དང་མ་ཁྱབ་ཀྱི་ཐོག་ནས་དཔྱད་པ་བྱ་རྒྱུ་དེ་དག་བེད་སྤྱོད་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་པ་ལྟར། ཉེ་ཆར་བཞུགས་སྒར་དྷ་རམ་ས་ལར་སློབ་ཕྲུག་རྣམས་ཀྱིས་ཚན་རིག་གི་ཐོག་ཏུ་རྟགས་གསལ་བཏང་བ་དང་། ད་ལྟ་ཚན་རིག་གི་མིང་ཚིག་ཆ་ཚང་བོད་སྐད་ཐོག་མེད་སྟབས། ཚན་རིག་གི་མིང་ཚིག་ (Atom) རྡུལ་ཕྲན་དང་། (Element) ཁམས་རྫས་སོགས་དབྱིན་སྐད་ཀྱི་ཐོག་ནས་བརྗོད་པ་དང་། དེ་ཡིན་ན་འདི་ཡིན་པས་ཁྱབ་མིན་གྱི་འགྲོ་ལུགས་རྣམས་རིགས་ལམ་གྱི་ཁྱབ་མཐའ་བཏང་སྟེ་རྩོད་པ་བྱ་རྒྱུ་འགོ་ཚུགས་ཡོད།
ཚན་རིག་ཚོགས་འདུའི་སྐབས་འགའ་ཞིག་ཏུ་ངོ་ཤེས་ཚན་རིག་པ་དེ་དག་གིས་ཀྱང་རྟགས་གསལ་གཏོང་བའི་ལམ་སྲོལ་འདིས་མཐའ་དཔྱོད་རྒྱུར་ཧ་ལས་པའི་སྤུས་དག་པོ་དང་། ཕན་ཐོགས་དང་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད་འདུག་པས། སློབ་ཚན་གཞན་དང་གཞན་ལའང་རིགས་ལམ་གྱི་འགྲོ་ལུགས་འདི་ཉིད་སྦྱོར་མི་ཐུབ་བམ་ཞེས་སྐད་ཆ་འདྲི་མཁན་བྱུང་ལ། སྔ་ལོ་འབྲས་སྤུངས་སུ་ཚན་རིག་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་ཚན་རིག་པ་སྙན་གྲགས་ཅན་མང་པོ་ཞིག་ཡོད་པ་རྣམས་ཚན་རིག་ཚོགས་འདུའི་སྔ་དགོང་བར་གསེང་གི་དུས་སུ་ཆོས་རར་ལྟ་སྐོར་དུ་འཁྲིད་པར་བརྟེན། ཚན་རིག་པ་དེ་དག་གི་ཡིད་ལ་ཧ་ཅང་འཐད་པོ་བྱུང་སྟེ། དགའ་མོས་ཤུགས་ཆེ་བྱེད་བཞིན་འདུག །
དེ་མིན་དངོས་ཡོད་གནས་ཚུལ་ལ་གདན་ས་ཁག་ཏུ་རང་ཉིད་ཀྱི་འདོད་མོས་དང་བསྟུན་ནས་ཚན་རིག་སློབ་གཉེར་བྱེད་འདོད་ཡོད་པ་རྣམས་རྡོག་སྒྲུག་གིས་མི་གྲངས་ལྔ་བཅུ་ང་གྲངས་ཀྱིས་ཚན་རིག་སློབ་སྦྱོང་བྱས་ནས་ལོ་ངོ་བཅུ་བཅོ་ལྔ་ཙམ་ཕྱིན་ཡོད། གདན་སའི་སློབ་གཉེར་བ་དེ་དག་ལ་ཚན་རིག་སློབ་ཁྲིད་བྱེད་སྐབས་དགེ་རྒན་ཕལ་མོ་ཆེ་ཨ་རི་སོགས་ནས་དང་བླངས་ཐོག་ཡོང་བ་ཤ་སྟག་རེད། ཚན་རིག་གི་དགེ་རྒན་མང་པོ་ཞིག་ངོས་དང་ཐུག་འཕྲད་བྱུང་ཞིང་། དེ་དག་གིས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག །སློབ་ཕྲུག་རྣམས་གདན་སའི་སློབ་གཉེར་བ་ཡིན་སྟབས། སློབ་ཕྲུག་དེ་དག་གིས་དབྱིན་ཇིའི་སྐད་ཡིག་དང་། ཨང་རྩིས་སོགས་མི་ཤེས་ཀྱང་། ཚན་རིག་པ་རྣམས་ཀྱིས་དོན་ཚན་སོ་སོའི་ཐོག་ནས་འགྲེལ་བརྗོད་བྱེད་སྐབས་དཔྱད་པ་བྱ་རྒྱུའི་ནུས་པ་གཞན་དང་མི་འདྲ་བ་ཞིག་འདུག་ཅེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག །སློབ་ཁྲིད་བྱས་རྗེས་དྲི་བ་དྲིས་ལན་བྱེད་སྐབས་སུའང་སློབ་གཉེར་བ་དེ་དག་གིས་གནད་འགག་ཤེས་པ་དང་། མཚན་ཉིད་རིགས་པའི་འགྲོས་ཀྱི་ཐོག་ནས་དཔྱད་པ་བྱེད་སྐབས་ཚན་རིག་དགེ་རྒན་རྣམས་དགའ་མོས་དང་། ཡིད་དབང་ཡོངས་སུ་འཕྲོག་པ་ལྟ་བུ་ཡོང་གི་འདུག །
དེས་ན་ང་ཚོའི་རིགས་ལམ་གྱི་འགྲོ་ལུགས་དེ་ནང་པ་གཅིག་པུ་དང་། ལྷག་པར་བོད་གཅིག་པུའི་དོན་གནད་ཅིག་མིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་ཀྱི་ཞབས་ཞུ་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན་པར་མ་ཟད། རིམ་བཞིན་འཛམ་གླིང་སྤྱིའི་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་ཀྱི་ནང་དུ་མཚན་ཉིད་རིག་པའི་རིགས་ལམ་གྱི་འགྲོ་ལུགས་དེའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཞིག་ངོས་དང་། དགའ་ལྡན་ཁྲི་རིན་པོ་ཆེ་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་ངེད་གཉིས་ཀྱི་མི་ཐོག་འདིར་ཡོང་ཐུབ་མིན་མི་ཤེས་ཀྱང་། མ་འོངས་པར་ལོ་ངོ་སུམ་ཅུ་བཞི་བཅུའི་རྗེས་སུ་ཡོང་སྲིད་ཅིང་། དེ་ལྟ་བུའི་གསར་གཏོད་དེ་སུས་བྱས་སམ་ཞེ་ན། ང་ཚོ་བོད་པས་བྱས་པ་རེད། ད་ལྟ་དེ་ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཡོད།
༡༢༽ དགོས་སོགས་ཆོས་བཞི་དང་། དུས་རབས་ཀྱི་ནང་པ།
ང་ཚོའི་བཀའ་འགྱུར་གྱི་གཞུང་ཕལ་མོ་ཆེ་གསུང་སྐབས། དགོས་སོགས་ཆོས་བཞི་ཞེས་གསུང་གི་ཡོད། གཞུང་དེ་དང་དེ་ལྟ་མཁན་དེ་ཉིད་དབང་རྣོན་ཐེ་ཚོམ་གྱི་ཐོག་ཏུ་གནས་པ་ཞིག་ཡིན། ཐེ་ཚོམ་གྱི་ཐོག་ཏུ་གནས་མཁན་དེ་དག་གིས་དཔེ་ཆ་འདིའི་བརྗོད་བྱ་གང་ཞིག་ཡིན་ནམ། བརྗོད་བྱ་དེ་ཡང་ཤེས་པ་ཙམ་གྱིས་མི་འགྲིགས་པར། བརྗོད་བྱ་དེ་དག་ཤེས་པས་ཕན་ཐོགས་གང་ཞིག་ཡོད་པ། ཕན་ཐོགས་དེ་ཡང་འཕྲལ་དུ་ཕན་ཐོགས་གང་ཞིག་ཡོད་པ་དང༌། ཕུགས་སུ་ཕན་ཐོགས་གང་ཞིག་ཡོད་པ་སོགས་ལ་བསམ་བློ་བཏང་སྟེ། བརྗོད་བྱ་དེ་ཡང་ཡིད་དབང་འཕྲོག་པ་ཞིག་ཡོད་ཀྱང༌། ཕན་ཐོགས་མེད་ན་སྙིང་པོ་གང་ཡང་མེད།
དཔེར་ན། སྙན་རྩོམ་དང་། སྒྲུང་རྩོམ་ལྟ་བུ་སྙན་པོ་ཡོད་ཀྱང་དེ་དག་ནི་ཚིག་ཙམ་ཞིག་ཡིན་པས་སྙིང་པོ་གང་ཡང་མེད། བརྗོད་བྱ་ཡང་དངོས་གནས་སེམས་ཀྱི་ཞི་བདེ་སྒྲུབ་པའི་བརྗོད་བྱ་ཞིག་ཡོད་མེད་དང་། སེམས་ཀྱི་ཞི་བདེ་སྒྲུབ་ལུགས་ཀྱང་ལུང་ཙམ་ལ་སྐྱབས་སུ་མཆི་སྟེ་ཞི་བདེ་སྒྲུབ་པའམ། རིགས་པ་ལ་བརྟེན་ནས་ཞི་བདེ་སྒྲུབ་མིན་སོགས་ལ་བསམ་བློ་རིམ་པར་བཏང་སྟེ་རིགས་པས་སྒྲུབ་པ་དང༌། མཐར་ཐུག་མྱོང་བ་ལ་གཏུགས་ཡོང་གི་ཡོད། དེས་ན་གཞལ་བྱའི་གནས་གསུམ་སོགས་གཏན་ལ་འབེབས་སྐབས་དབང་པོའི་ཤེས་པས་གཏན་ལ་འབེབས་རྒྱུ་མེད་པར། སྒྲ་རྟོག་སེལ་བས་འཇུག་པ་སོགས་ཀྱི་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་ལུགས་རྣམས་གསུང་གི་ཡོད།
དེར་བརྟེན་བརྗོད་བྱ་དེ་ཡང་སྐྱེས་བུ་རྣམས་ལ་ཉེ་བར་མཁོ་བ་དང༌། ཕན་ཐོགས་ཡོད་པ་ཤེས་ན་འཕྲལ་ལ་དགོས་པ་གང་ཞིག་ཡོད་པ་དང༌། འཕྲལ་དུ་སེམས་ལ་ཞི་བདེ་ཡོང་བ་དང༌། མི་ཚེ་སྐྱེལ་བར་ཕན་ཐོགས་ཡོད་པ། མི་ཚེ་ཆགས་སྡང་གི་རུ་འཛིངས་པའི་ཁྲོད་དུ་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་མཐོང་ངེས་ཡིན་ལ། ཕུགས་ཀྱི་ཉིང་དགོས་གང་ཞིག་འདུག་གམ། ཉོན་མོངས་སྤོང་རྒྱུ་དང༌། དེ་ཡང་ཉོན་མོངས་སྤོང་ཐུབ་དང་མི་ཐུབ། དེ་དག་གི་སྐོར་གཞུང་ནས་གསུངས་པའི་ཐོག་ཏུ་བསམ་བློ་ཡང་ཡང་གཏོང་བ་དང༌། རང་ཉིད་ཀྱིས་གོམས་འདྲིས་བསྟེན་པའི་ཐོག་ཏུ་ཕྱིན་ན་ཉམས་མྱོང་ཞིག་སྐྱེ་རྒྱུ་ཡོད། རྩོལ་མེད་ཀྱི་ཉམས་མྱོང་ལམ་སེང་ཐོན་རྒྱུ་མེད་ཀྱང་། རྩོལ་བཅས་ཀྱི་མྱོང་བ་ཞིག་ཐོན་རྒྱུ་ཡོད། དེ་ལྟར་ཐོན་པའི་ལག་རྗེས་སུ་སེམས་པ་སྐྱིད་དུ་འགྲོ་བ་དང་། རྐྱེན་ངན་གྱི་རུ་འཛིངས་ཀྱང་དེ་འདྲ་ཞིག་རེད་བསམ་པ་དྲན་རྒྱུ་ཡོད། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་ཞེས་པ་ལྟ་བུ་དམིགས་ཡུལ་གཞི་རྒྱ་ཆེ་ས་ནས་བཟུང་ན་ངག་ནས་བརྗོད་སྐབས་སེམས་ནང་དངོས་གནས་སྙིང་སྟོབས་སླེབས་པ་ཞིག་ཡོང་རྒྱུ་ཡོད་ལ། རྣམ་རྟོག་གི་རུ་འཛིངས་པའི་ཁྲོད་ནས་སེམས་ཀྱི་ཞི་བདེ་སྲུང་ཐུབ་པ་ཞིག་ཀྱང་ཡོང་རྒྱུ་ཡོད། དེ་ལྟའི་རྩོལ་བཅས་ཀྱི་མྱོང་བ་ཕྲན་བུ་ཞིག་ཡོད་པ་དེས་ཚོད་དཔག་བྱས་ན་རྩོལ་མེད་ཀྱི་མྱོང་བ་རིམ་གྱིས་སྐྱེས་ཏེ། ཏདྱཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་ལྟར་ཡོང་སྲིད་པ་ཞིག་བློ་ལ་འཆར་རྒྱུ་ཡོད། དེས་ན་དངོས་གནས་དྲང་གནས་རྣམ་མཁྱེན་དོན་གཉེར་གྱི་བློ་ཞིག་སླེབས་ཡོང་བ་ཡིན།
དེས་ན་བསྟན་བཅོས་དེ་དང་དེ་ལ་བརྗོད་བྱ་གང་ཞིག་ཡོད་པ་དང༌། བརྗོད་བྱ་དེ་དག་ཤེས་ན་དགོས་པ་གང་ཞིག་ཡོད་པ། ཉིང་དགོས་གང་ཞིག་ཡོད་པ། དེ་དག་ཀྱང་ཕྱི་མ་ཕྱི་མ་སྔ་མ་སྔ་མར་འབྲེལ་བའི་འབྲེལ་བ་ཤེས་ན་དགོས་སོགས་ཤེས་པར་གྱུར་པ་ཡིན། དེ་ལྟར་རྒྱ་གར་མཁས་པའི་གཞུང་རྣམས་ལ་དགོས་སོགས་ཆོས་བཞི་ཐོག་མར་བཤད་པའི་ཐོག་ནས་གཞུང་དངོས་གཞི་གསུང་གི་ཡོད། དེ་དག་ནི་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན། ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་ཞིག་ལ་བརྟེན་ནས་དགོས་སོགས་ཆོས་བཞི་དགོས་པ་ལས། དབང་རྟུལ་ལ་དགོས་སོགས་ཆོས་བཞི་དགོས་དོན། དེ་རྩ་ཆེན་ཞིག་རེད་ཅེས་བརྗོད་ན་དེ་གས་འགྲིགས་པ་དང་། དེ་བཞིན་བླ་མ་འདི་དང་འདིས་གསུང་གི་འདུག་པས་རྩ་ཆེན་ཡིན་ཞེས་བརྗོད་ན་འགྲིགས་པ་ཡིན།
དབང་རྣོན་རྣམས་ཀྱིས་བརྟག་དཔྱད་བྱེད་པར་བརྟེན་གཞུང་བརྩམས་ལུགས་ཀྱང་ཐོག་མར་དགོས་སོགས་ཆོས་བཞི་ཞེས་གསུངས་པ་དང༌། གཞུང་དངོས་གཞི་རྩོམ་སྐབས་གཙོ་བོ་རིགས་པ་ལ་བརྟེན་པ་དང༌། དེའི་ནང་ནས་ཀྱང་དབུ་ཚད་ཀྱི་གཞུང་རྣམས་གཙོ་ཆེ་རིགས་པའི་ལམ་ནས་འགྲོ་བ་དང༌། འདུལ་བའི་གཞུང་རྣམས་ནི་གཙོ་བོ་བཅོམ་ལྡན་འདས་ཀྱི་བཀའ་རང་ལ་བརྟེན་ནས་འགྲོ་དགོས་པ་ཞིག་ཡིན། དེ་མིན་གྱི་གཞུང་རྣམས་གཙོ་བོ་བརྡར་ཤ་དཔྱད་ནས་འགྲོ་དགོས་པ་ཡིན། དོན་བསྡུ་ནི། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས7། ཇི་སྐད་དུ།
དེ་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག །རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ། །
ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི། །བསྟན་པའི་གནད་ལ་ངེས་པ་བརྟན་པོ་ཚོལ། །
ཞེས་གསུངས་པ་དེ་ཡིན། གཞུང་དེ་དག་ལ་སྦྱངས་ན། བོད་ཀྱི་གཞུང་མཛད་པ་མང་པོ་ཞིག་ནང་པ་ཡིན་པ་གཞིར་བཞག་ཐོག་མཛད་ཡོད། ཇོ་བོ་རྗེའི་ལམ་སྒྲོན་ལྟ་བུར་མཚོན་ནའང༌། ནང་པ་གཞིར་བཞག་གིས་སྐབས་བབས་སོ་སོར་མྱོང་བ་ཐོན་ཐབས་ལ་གཙོ་བོར་གསུངས་པ་དེ་ཧ་ཅང་རྩ་ཆེ་ཡིན་ན་ཡང༌། ཆོས་ལུགས་དང་ལྟ་གྲུབ་འདྲ་མིན། བསམ་བློ་འདྲ་མིན་སྣ་ཚོགས་ཡོད་པའི་དབུས་སུ་འདི་གཅིག་པུས་འདང་གི་མེད། དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་དངོས་གནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཀ་བ་འཛུགས་མཁན་དང༌། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་འདིང་མཁན་ལྟ་བུ་ཞིག་ཆགས་ཡོད་པས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །དེས་ན་ཁྱེད་རང་ཚོ་ཚང་མར་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།
༡༣༽ ནཱ་ལེནྡྲའི་ཆོས་བརྒྱུད་དང་། པཎ་གྲུབ་བསྟོད་ཆེན།
རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་ཏག་ཤ་ཤི་ལ་ (Takshashila) དང་། དེ་ནས་དཔལ་ནཱ་ལེནྡྲ། དེ་རྗེས་བི་ཀྲ་མ་ལ་ཤཱི་ལ་8གསུམ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་འཛིན་མཁན་གྱི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཆགས་ཡོད། རྩ་བ་འཛིན་ཚུལ་དེ་ཡང་ལྷ་ཁང་ཆེན་པོ་ཡོད་པའི་དོན་མིན་པར་དེ་དག་ནས་མཁས་པའི་དབང་པོ་མང་པོ་ཞིག་ཐོན་ཡོད་ལ། ངོས་ནས་བརྗོད་པའི་པཎ་གྲུབ་བཅུ་བདུན་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་གྲུབ་ཤ་སྟག་ཆགས་ཡོད།
གཞན་ཡང་འདི་ལ་དམིགས་བསལ་གྱི་ཁྱད་པར་ཞིག་ཡོད། དེ་ཡང་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་པཱ་ལི་དང་ལེགས་སྦྱར་གཉིས་ཀར་གསན་བསམ་སློབ་གཉེར་གནང་ཡོད་ལ། མཁས་པ་རང་རང་གིས་ལེགས་བཤད་ཀྱི་བསྟན་བཅོས་ཕལ་མོ་ཆེ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ལྗགས་རྩོམ་མཛད་ཡོད། དཔལ་ནཱ་ལེནྡྲའི་མཁས་པ་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཆོས་གྲགས། རྒྱལ་སྲས་ཞི་བ་ལྷ་སོགས་ཀྱིས་མཛད་པའི་གཞུང་དེ་དག་ལེགས་སྦྱར་གྱི་འགྲོ་སྟངས་ཧ་ལས་པ་ཞིག་འདུག་ཅེས་བརྗོད་ཀྱི་འདུག །དེར་བརྟེན་ལེགས་སྦྱར་ལ་མཁས་པའི་མུ་སྟེགས་པ་དེ་དག་གིས་ནང་དོན་ནང་པའི་ཡིག་ཆར་བལྟ་གི་མེད་ཀྱང་། ཚིག་སྦྱོར་སོགས་ལ་ཡིད་དབང་འཕྲོག་ནས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གི་ཚིག་སྦྱོར་ལ་གླེང་སློང་དང་། དཔེ་ལྟ་གི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག །
ལྷག་པར་དཔལ་ནཱ་ལེནྡྲའི་ནང་ཚད་མར་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ནང་པའི་སློབ་དཔོན་ཡིན་པ་གང་ཞིག །ནང་པའི་ཚད་མ་རིག་པའི་གཞུང་ལ་བརྟེན་ནས་མུ་སྟེགས་པའི་ཆོས་འབྱུང་གི་རྣམ་གཞག་བཀག་པ་སོགས་མཛད་ཀྱང་། ཚད་མ་རིག་པའི་འགྲོ་སྟངས་ནི་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་བཅས་དཔལ་ནཱ་ལེནྡྲའི་མཁས་པ་འདི་གཉིས་ཀྱིས་ཚད་མའི་རྣམ་གཞག་དགག་བཞག་ཆེན་པོ་མཛད་ནས་གསུངས་སྐབས། མུ་སྟེགས་པའི་ཚད་མའི་རྣམ་གཞག་ཡར་རྒྱས་འགྲོ་རྒྱུར་ཡང་ཕན་ཐོགས་ཧ་ཅང་བྱུང་ཡོད།
སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། སློབ་དཔོན་ཆོས་གྲགས་རྣམ་གཉིས་བྱོན་རྗེས་སུའང་མུ་སྟེགས་པའི་མཁས་པའི་རིགས་ཀྱིས་ཁོང་གཉིས་ཀྱི་རིགས་པའི་འགྲོ་སྟངས་དེ་དག་ལ་སློབ་སྦྱོང་བྱས་ནས་མུ་སྟེགས་པའི་ཚད་མའི་འགྲོ་སྟངས་གསར་པ་བྱུང་ཡོད་ཚུལ་གོ་ཐོས་བྱུང་ལ། དེ་བཞིན་ང་ཚོ་ནང་པ་ལའང་རྩོད་པ་རྒྱག་མཁན་ཕྱི་རོལ་མུ་སྟེགས་པ་ཡིན་སྟབས་གཅིག་བྱས་ན་ནང་པ་ཡར་རྒྱས་འགྲོ་རྒྱུར་འཐུས་ཤོར་ཕྱིན་མེད་དམ་སྙམ། ཕན་ཚུན་འགལ་ཟླ་ཡོད་ན་འགལ་ཟླས་ལུགས་འདྲ་མིན་བཤད་ནས་བཞེད་ལུགས་མཐུན་མིན་རྩོད་དེ་རང་ལུགས་ཇེ་བརྟན་ནས་ཇེ་བརྟན་དུ་འགྲོ་བ་ལྟ་བུ་ཞིག་ཡོང་གི་ཡོད། དེར་བརྟེན་ང་ཚོ་བོད་ལ་ཡོད་པའི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་འདི་དག་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་ཞེས་བརྗོད་ན་རྒྱུ་མཚན་དང་ལྡན་པ་ཞིག་ཆགས་ཡོད།
དེར་བརྟེན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འབྲི་རྩོམ་དང་། བོད་ཀྱི་ཆོས་བརྒྱུད་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་པ་དེར་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི། སྔར་བོད་ཀྱི་ཆོས་དེ་སངས་རྒྱས་པའི་ཆོས་ལུགས་མིན་པར་བླ་མའི་ཆོས་ལུགས་ཡིན་ཚུལ་བརྗོད་ཀྱི་ཡོད། དེ་ནི་ས་དགེ་བཀའ་རྙིང་རྣམས་གཙོ་བོ་གསང་སྔགས་ཀྱི་རྒྱུད་སྡེ་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་ལས། གཞུང་ཆེན་བཅུ་གསུམ་ཞེས་བརྗོད་ན། རྩ་འཇུག་བཞི་གསུམ་དང་། མངོན་རྟོགས་རྒྱན་སོགས་ཚང་མ་ཐུན་མོང་བའི་གཞུང་ལུགས་ཡིན་པས། ལ་ལས་བོད་ཀྱི་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཞེས་བརྗོད་པ་ལྟར་མིན་པར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་པ་མཚོན་ཐུབ་པའམ་གོ་རྟོགས་ཐུབ་པའི་ངོ་སྤྲོད་ཀྱི་ཆེད་དུ་ཡིན།
རྒྱུ་མཚན་གཉིས་པ་ནི། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་རིས་སུ་མ་ཆད་པ་དག་གིས་རང་རང་སོ་སོའི་ཆོས་བརྒྱུད་དེ་ཉིད་ལས། རྩ་བའི་བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་དཔལ་ནཱ་ལེནྡྲ་ནས་བྱུང་བ་དེར་དོ་སྣང་དེ་ཙམ་མེད་པ་ལྟ་བུ་དང་། དེ་ཡང་རྒྱུད་སྡེ་མི་འདྲ་བ་དང་། ཆོ་ག་འདོན་ལུགས་མི་འདྲ་བ་སོགས་ལས་མི་འདྲ་བ་ཤུགས་ཆེ་ཡོད་པ་ལྟ་བུར་མཐོང་བཞིན་ཡོད། ས་དགེ་བཀའ་རྙིང་ཚང་མ་གཅིག་སྒྲིལ་ཡོང་བ་ཞིག་བྱེད་དགོས་ན། གཞུང་ཆེན་དེ་དག་གི་ཐོག་ཏུ་ཕྱིན་ན་ཚང་མ་གཅིག་སྒྲིལ་ཡིན་པས། དགོས་པ་གཅིག་དེ་མཐོང་གི་འདུག །
དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཕྱོགས་གཅིག་ནས་གོང་གསལ་རྒྱུ་མཚན་གཉིས་པོ་དེ་ཡིན་ལ། ཡང་གཞན་ཞིག་ནས་ནང་ལོགས་སུ་ས་དགེ་བཀའ་རྙིང་ཇོ་དང་བཅས་པ་རྩ་བའི་འབྱུང་ཁུངས་གཅིག་ནས་བྱུང་བ་སྟེ། དཔེར་ན། སློབ་དཔོན་རིན་པོ་ཆེར་ཆ་མཚོན་ནའང་། རིག་འཛིན་རྣམ་བརྒྱད་ཀྱི་ཁྲོད་དུ་མགོན་པོ་ཀླུ་སྒྲུབ་ཡོད་པ་ལྟར་ཚང་མ་ནཱ་ལེནྡྲ་ནས་བརྒྱུད་པ་ཤ་སྟག་ཆགས་ཡོད། དེས་ན་མགོན་པོ་ཀླུ་སྒྲུབ་ཅེས་བརྗོད་ན། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། རི་བོ་དགེ་ལྡན་པ། ཇོ་ནང་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཚང་མས་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད།
དེ་ལྟར་ང་ཚོས་རྩ་བའི་ཐོག་ཏུ་ཕྱིན་ན་ང་ཚོ་ཚང་མ་གཅིག་གྱུར་ཆགས་ཡོད། འོན་ཀྱང་ཡན་ལག་ཕྲ་མོའི་ཐོག་ཏུ་ཕྱིན་ན་བཀའ་བརྒྱུད་ལ་ཆ་མཚོན་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང་། དེ་བཞིན་རྙིང་མའི་རྫོགས་ཆེན་ལ་ཆ་མཚོན་ནའང་། དགོན་སྡེ་དང་བླ་མ་སོ་སོར་མི་འདྲ་བ་རེ་དང་། དེ་བཞིན་གཏེར་བཏོན་སོ་སོའི་གཏེར་ཆོས་མང་དུ་ཡོད་པས་ནང་གསེས་མང་པོ་ཞིག་ཆགས་ཀྱི་ཡོད། རི་བོ་དགེ་ལྡན་པར་ཆ་མཚོན་ནའང་། སྲད་རྒྱུད་དང་། དབེན་ས་སྙན་བརྒྱུད། དབུས་ཀྱི་གཞུང་པ་བ་བཅས་སྲད་དབེན་གཞུང་གསུམ་དང་། གཞན་ཡང་གདན་ས་ཆེ་ཁག་དག་ལ་མཚོན་ནའང་ཡིག་ཆ་མི་འདྲ་བ་རེ་ཡོང་བཞིན་ཡོད། ང་ཚོ་ཚང་མ་རྩ་བའི་ཐོག་ཏུ་ཕྱིན་ན་ཚང་མ་གཅིག་གྱུར་ཆགས་ཡོད། དེ་ལྟར་འགྲོ་རྒྱུ་གལ་གནད་ཆེན་པོ་རེད་འདུག །
འཛམ་གླིང་གི་ཤར་ནུབ་དང་། འཛམ་གླིང་ལྷོ་བྱང་ཚང་མ་དཔལ་འབྱོར་དང་། ཁོར་ཡུག་སོགས་ཀྱི་ཐོག་ནས་ང་ཚོ་ཚང་མ་མཉམ་རུབ་དང་། གཅིག་སྒྲིལ་བྱེད་པའི་དུས་སྐབས་ཤིག་ཡིན་པ་ལྟར་ཆོས་པ་རྣམས་ཀྱང་མཐུན་ལམ་མཉམ་རུབ་བྱེད་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད། དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་རྣམས་མཐུན་ལམ་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད།
ཡང་རྒྱུ་མཚན་གཞན་ཞིག་ནི། གཞུང་ཆེན་མོ་འཆད་མཁན་གྱི་དགོན་པ་དེ་དག་གི་འཆད་ཉན་བྱ་རྒྱུ་དང་། ཆུང་ངུའི་སྐབས་ནས་བློ་འཛིན་བྱེད་རྒྱུའི་གཞུང་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་གྲུབ་རྣམས་ཀྱིས་བརྩམས་པ་ཤ་སྟག་རེད། སྐང་གསོ་གཏོང་རྒྱུ་དེ་དག་གནས་ཚུལ་ཐ་དད་ལས། དེ་མིན་གཞུང་ཆེན་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ་སོགས་ཀྱི་གཞུང་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁས་པས་བརྩམས་པའི་གཞུང་ཤ་སྟག་རེད། དེས་ན་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་རྒྱུན་ལ་ཐུག་པར་བརྟེན། དཔལ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་དེ་དག་ལ་གསོལ་འདེབས་ཤིག་འབྲི་ཐུབ་ན་ཡག་པོ་ཡོང་ངེས་སྙམ་ནས་བྲིས་པ་ཡིན།
འདི་དག་གིས་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་དང་གཅིག །གཉིས་ནས་ང་ཚོའི་ཆོས་འདི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པར་བརྟེན། ནཱ་ལེནྡྲའི་མཁས་པ་འདི་དག་གིས་གཞུང་གང་དང་གང་མཛད་པ་དངོས་སུ་གསལ་ཁ་མེད་ཀྱང་། ང་རང་ཚོས་སློབ་སྦྱོང་བྱེད་རྒྱུའི་གཞུང་ལུགས་འདི་དག་གི་མཛད་པ་པོ་གཙོ་བོ་པཎ་གྲུབ་བཅུ་བདུན་གྱི་མཚན་ནས་སྨོས་པའི་གསོལ་འདེབས་དད་གསུམ་གསལ་བྱེད་དང་། དེ་མིན་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་ས་དགེ་བཀའ་རྙིང་དེ་དག་ཚང་མ་བསྟན་པ་སྤྱིའི་དགོངས་པ་དང་། བསྟན་པ་གཅིག་གྱུར་ཡོད་པ་འདི་དག་གི་བསྟན་པ་རྒྱས་པའི་སྨོན་ལམ་བཅས་བྲིས་པ་ཡིན།
འདི་དག་གི་ཐོག་ནས་བསམ་བློ་ཞིག་བཏང་ན། ང་ཚོ་བོད་ཀྱི་ཆོས་འདི་གང་ཞིག་ཡིན་པ་ཤེས་ཐུབ། ད་ཆ་དཔེར་ན། ཕྱི་རྒྱལ་གྱི་དེབ་འགའ་ཞིག་ནང་བོད་ཀྱི་ཆོས་འདི་བླ་མའི་ཆོས་ལུགས་རེད་ཅེས་བཤད་ཡོད། དེ་ནི་ཁོང་ཚོས་དོན་དངོས་མ་ཤེས་པའི་རང་རྟགས་བསྟན་པ་སྟེ། དཔེར་ན། ངོས་ལ་རྒྱ་རིགས་ཤིག་ཐུག་འཕྲད་བྱུང་ཞིང་། ཁོ་པར་རྒྱ་ནག་ཏུ་ཡོད་པའི་རྒྱ་མི་རྒན་ཁོགས་ཤིག་གིས་བོད་ལ་ཡོད་པའི་ཆོས་དེ་ཐེག་དམན་གྱི་ཆོས་ཡིན་པ་དང་། རྒྱ་ནག་ནང་ཡོད་པའི་ཆོས་དེ་ཐེག་ཆེན་རེད་ཅེས་གསུངས་བྱུང་ཟེར། དེ་དག་ནི་མགོ་གཏན་ནས་མ་འཚོས་པའི་སྐད་ཆ་རེད།
དེ་བཞིན་དུ་ཤྲཱི་ལངྐའི་ནང་ཡོད་པ་དེ་དག་གིས་གནའ་སྔ་མོ་ནས་བོད་ལ་ཡོད་པའི་ཆོས་འདི་ཧིན་དྷུའི་ཆོས་དང་འདྲེས་པ་དང་། ཧིན་དྷུའི་སཱདྷུ་དེ་འདྲའི་ཐོག་ནས་སླེབས་པ་ཞིག་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཤུགས་གནོན་ཡོད་པ། ནང་པའི་ཆ་ཡང་ཅུང་ཟད་ཡོད་པ། མདོར་ན་ནང་པའི་ཆོས་གཙང་མ་མིན་པ་ཞིག་ཏུ་བརྩི་བཞིན་ཡོད། དེར་བརྟེན་ང་རང་ཚོའི་ཆོས་འདི་གང་འདྲ་ཞིག་ཡིན་པ་ལེགས་པར་ཤེས་དགོས་པ་ཡིན། བོད་ཀྱི་ཆོས་དེ་གང་ཞིག་ཡིན་མིན་དྲིས་ན། ང་ཚོའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་དང་། དེའི་སྙིང་པོ་བསྡུས་ན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་དེ་ཡིན་ཞེས་ངོས་ནས་ནམ་རྒྱུན་བརྗོད་ཀྱི་ཡོད་པས། འདི་དག་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས།
༡༤༽ པཎ་གྲུབ་བཅུ་བདུན་དང་། སྐུ་ཐང་ལྗགས་བཀོད།
དེར་བརྟེན་ངོས་ནས་བྲིས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་ལུང་བཏོན་པའི་ཐོག་ནས་ངོ་སྤྲོད་བྱེད་དགོས་སྙམ་བྱུང་། དེ་ཡང་སྔར་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་གངས་ཅན་གྱི་ལྗོངས་སུ་རྒྱན་དྲུག་མཆོག་གཉིས་ཞེས་བྲིས་ཐང་ཚན་པ་གཅིག་བཞེངས་པའི་ལམ་སྲོལ་ཡོད་ཅིང་། དེའི་ཐོག་མའི་འབྱུང་ཁུངས་ལྟ་བུ་ནི། རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་ལྗགས་རྩོམ་མཛད་པ་ནས་བྱུང་བ་མིན་ནམ་སྙམ། དེ་ཡང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ནི། དབུ་མའི་རྒྱན་ཀླུ་སྒྲུབ་དང་འཕགས་པ་ལྷ། མངོན་པའི་རྒྱན་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་ཕྱོགས་གླང་དང་ཆོས་གྲགས་བཅས་ནཱ་ལེནྡྲའི་སློབ་དཔོན་ཆེན་པོ་དྲུག་དང་། མཆོག་གཉིས་ཏེ་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་བཅས་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་བཀའ་དྲིན་ཅན་གྱི་པཎ་གྲུབ་དགུ་པོ་རྣམས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཚུད་མེད། འོན་ཀྱང་པཎ་གྲུབ་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་ང་ཚོས་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་ལ། པཎ་གྲུབ་དེ་དག་ང་ཚོའི་སློབ་དཔོན་ནམ་དགེ་རྒན་ཆགས་ཡོད། དེས་ན་གལ་གནད་ཤིན་ཏུ་ཆེ་བའི་དགེ་རྒན་མང་པོ་ཞིག་ཚང་མེད་པར་བརྟེན་པཎ་གྲུབ་བཅུ་བདུན་ཞེས་གསར་བཟོ་ཞུས་པ་ཡིན།
སྤྱིར་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་སོགས་ཀྱི་རྗེས་འབྲང་མཁས་པ་ཧ་ཅང་མང་པོ་བྱོན་ཡོད་ཀྱང་། པཎ་གྲུབ་བཅུ་བདུན་རྣམས་ངོས་ནས་གཙོ་བོ་ཆེ་བར་བརྩིས་ནས་པཎ་གྲུབ་རྣམས་རིམ་པར་བསྒྲིགས་པ་དང་། དེ་དག་ལ་གསོལ་འདེབས་འབྲི་རྩོམ་དང་། བྲིས་ཐང་ཞིག་ཀྱང་གསར་བཞེངས་ཞུ་རྒྱུའི་འགོ་འཛུགས་ཞུས་པ་ཡིན། དེ་དག་ནི་ངོས་ནས་མི་བྱེད་དགུ་བྱེད་བྱས་པ་མིན་པར་དེ་ལ་རྒྱུ་མཚན་ཡོད། ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་ཅུང་ཟད་ཁ་ཕྱེ་ནས་གང་དུའང་བསམ་བློ་བཏང་སྟེ་ཕྱོགས་བསྡོམས་རྒྱག་ཐུབ་པ་ནི་པཎ་གྲུབ་འདི་དག་གི་ཐུགས་རྗེ་དང་བཀའ་དྲིན་ཆགས་ཡོད། པཎ་གྲུབ་འདི་དག་གིས་མཛད་པའི་གཞུང་ལུགས་རྣམས་ལ་བལྟས་ན་ཧ་ལས་པ་ཞིག་དང་། པཎ་གྲུབ་དེ་དག་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཤ་སྟག་ཡིན་པས། དེ་ལྟར་རེད་ཅེས་བརྗོད་ནས་སྐུ་ཐང་ཞིག་འབྲི་བཞེངས་ཞུས་ཏེ་སྐྱབས་སུ་མཆིའོ་ཞེས་བརྗོད་པས་མི་ཕན་པར། མཁས་པའི་དབང་པོ་དེ་དག་གིས་གསུངས་པའི་གསུང་རྣམས་ལ་སློབ་གཉེར་བྱེད་དགོས་པ་ཡིན།
དེ་ཡང་ཐོག་མར་དེ་ལྟར་བསྒྲིགས་དགོས་པའི་རྐྱེན་གཅིག་ནི། ཡོངས་གྲགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པ་མེད་པས་དེ་ཉིད་ངེས་པར་དུ་དགོས་ཀྱི་འདུག་སྙམ་པ་ཞིག་བྱུང་ལ། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་པས། དེ་ཡང་ངེས་པར་དུ་དགོས་པ་ཞིག་ཡིན། དེ་མཚུངས་སློབ་དཔོན་ལེགས་ལྡན་འབྱེད་དང་རྒྱལ་སྲས་ཞི་བ་ལྷ་ཡང་མེད་པས་དེ་དག་ཀྱང་ངེས་པར་དགོས་པ་ཞིག་ཡིན། རྒྱུ་མཚན་གཙོ་བོ་དེ་དག་ཡིན་ལ། དེ་ལྟར་བྱས་ན་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཁ་སྐོང་བྱེད་སྐབས་འཕགས་པ་ཐོགས་མེད་ཀྱི་ཤེར་ཕྱིན་གྱི་འགྲེལ་མཛད་རྣམས་ལ་མཚོན་ནའང་། སྣང་བ་རྣམ་གཉིས་ཞེས་ཉི་སྣང་དང་། རྒྱན་སྣང་གཉིས་པོ་ནི་ཕར་ཕྱིན་སློབ་གཉེར་བྱེད་མཁན་རྣམས་ཀྱི་གཞུང་ལུགས་གཙོ་བོ་གཉིས་ཡིན་ཅིང་། དེ་དག་མཛད་པ་པོ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ནམ་རྒྱུན་ཡོངས་སུ་གྲགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་མེད། དེ་དག་ཀྱང་དགོས་ཀྱི་འདུག་སྙམ་པའི་ཐོག་ནས་པཎ་གྲུབ་བཅུ་བདུན་རྣམས་རིམ་པར་བསྒྲིགས་དོན་དེ་ལྟར་ཡིན།
གཞན་ཡང་ནམ་རྒྱུན་ང་ཚོས་དབུ་མའི་གཞུང་བུདྡྷ་པཱ་ལི་ཏ་དང་། དབུ་མ་ཚིག་གསལ། དེ་དག་གི་ཟུར་རྒྱན་ལྟ་བུར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་བཅས་ལ་གཙོ་བོར་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད་ལ། དེ་དག་ལ་སློབ་གཉེར་བྱས་པ་ཙམ་མིན་པར་བསམ་བློ་གཏོང་རྒྱུའི་གནད་འགག་ཀྱང་མིག་ཁ་ཕྱེ་བ་ལྟར་གྱི་ལམ་སྟོན་མཛད་པ་པོ་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་རྣམས་ཡིན། གཞུང་ལུགས་དེ་དག་ནི་ཧ་ལས་པ་ཞིག་ཡོད།
དེ་བཞིན་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ལ་ཆ་མཚོན་ནའང་། དངོས་གནས་མཁས་པའི་དབང་པོ་ཡིན་ཅིང་། ཚད་མའི་གཞུང་གི་ལེགས་བཤད་རྨད་དུ་བྱུང་བ་འཇོག་པ་གནང་མཁན་ཞིག་ཀྱང་ཆགས་ཡོད། པཎ་གྲུབ་འདི་དག་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེ་ཞིང་། ལྷག་པར་བོད་གངས་ཅན་གྱི་ལྗོངས་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཆེ་ཞིང་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་པཎ་གྲུབ་དགུ་པོ་རྣམས་ཁ་སྣོན་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོང་ངེས་སྙམ་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འབྲི་རྩོམ་བྱས་པ་ཡིན། དེ་དང་ཆབས་ཅིག་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་ཞིག་ཀྱང་བཟོ་སྐྲུན་བྱས་པ་ཡིན། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་པའི་ཆོས་འདི་ནཱ་ལེནྡྲའི་པཎ་གྲུབ་མཁས་དབང་དེ་དག་ལ་ཁུངས་གཏུགས་ནས་བྱུང་བ་ཤེས་དགོས་པ་ཞིག་ཡིན།
དེ་མིན་རང་རང་གི་ཆོས་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་བསམ་གྱིས་མི་ཁྱབ་པ་ཡིན་ནའང་། དེ་དག་ནི་རང་རང་གི་ཆོས་བརྒྱུད་དེ་ཉིད་ལས་དེ་མིན་ཁྱབ་ཆེན་པོ་དེ་ཙམ་མེད། དཔེར་ན། སྔ་འགྱུར་རྙིང་མར་ཆ་མཚོན་ན། སློབ་དཔོན་ཐུགས་རྗེ་ཅན་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན། འོན་ཀྱང་དེ་ནི་རྒྱ་ནག་དང་། རྒྱ་ནག་བརྒྱུད་ནས་ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་སོགས་ལ་འབྲེལ་བ་གང་ཡང་མེད། རྒྱ་གར་ལའང་མགོན་པོ་ཀླུ་སྒྲུབ་ལྟ་བུར་ཡོངས་སུ་གྲགས་པ་ཞིག་མིན་པར་གྲུབ་ཆེན་གྱི་གྲས་ཡིན། གྲུབ་ཆེན་ས་ར་ཧ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་རྣམས་བསམ་གྱིས་མི་ཁྱབ་པ་ཡིན་ནའང་། ཡོངས་གྲགས་སུ་ཁྱབ་ཐུབ་པའི་གྲུབ་ཆེན་མགོན་པོ་ཀླུ་སྒྲུབ་ལྟ་བུ་ཞིག་མིན།
བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་ལ་ཆ་མཚོན་ནའང་། མར་མི་དྭགས་གསུམ་གྱི་མཐར་གཏུགས་ན་གྲུབ་ཆེན་ནཱ་རོ་པ་ལ་གཏུག་གི་ཡོད་ལ། ནཱ་རོ་པ་ནི་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན། འོན་ཀྱང་ནཱ་རོ་ཆོས་དྲུག་གི་ཉམས་ལེན་གཙོ་བོར་གྱུར་པའི་གཞུང་རྣམས་ཀུན་ལ་ཁྱབ་པ་ཞིག་མིན། ས་སྐྱའི་ལམ་འབྲས་ཀྱི་ཁུངས་གཏུག་ས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པ་ཡིན་ཅིང་། ཁོང་ཡང་ཐོག་མར་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་སྐབས་གནས་བརྟན་ཆོས་སྐྱོང་ཞེས་ཞུ་བ་དེ་ཡིན། ཁོང་གིས་དབུ་མ་བཞི་བརྒྱ་པའི་འགྲེལ་པ་རྣམ་རིག་ལུགས་སུ་བཀྲལ་བའི་གཞུང་ཞིག་མཛད་ཡོད་ཀྱང་ཧ་ཅང་ཁྱབ་བརྡལ་ཆེན་པོ་ཞིག་བྱུང་མེད། དེས་ན་པཎ་གྲུབ་བཅུ་བདུན་རྣམས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཀྱི་མཚན་ནི་ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཡོད། དེ་ཡང་ཉི་ཧོང་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ནི་རྒྱ་ནག་བརྒྱུད་ནས་དར་འཕེལ་བྱུང་ཞིང་། དེ་དག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་སྐབས་ཐེག་ཆེན་གྱི་ཡུལ་གྲུ་ཀུན་ལ་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་པ་ཞིག་ཆགས་ཡོད། དེས་ན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བྲིས་ཏེ་པཎ་གྲུབ་དེ་དག་འབུར་དོད་ལྟ་བུ་བཟོ་དགོས་དོན་རྒྱུ་མཚན་གཅིག་འདི་ཡིན།
གཞན་ཡང་གོང་ཞུས་ལྟར་བོད་གངས་ཅན་ལྗོངས་ཀྱི་ཆོས་དེ་ཡང་མི་མང་པོ་ཞིག་གིས་ས་ཁུག་ལུང་ཁུག་ནང་དུ་བོད་པས་བོད་རང་གི་སྔར་ནས་ཡོད་པའི་བོན་ཆོས་དང་མཉམ་བསྲེས་བྱས་ཏེ་བོད་ཀྱི་ཆོས་དེ་ནང་པ་སངས་རྒྱས་པའི་ཆོས་ཁུངས་བཙན་ཞིག་མིན་ཞེས་བརྗོད་མཁན་སྔར་ཡོད་ལ། ད་ལྟའང་དེ་ལྟར་བརྗོད་མཁན་ཡོད་མུས་ཡིན། གཞན་ཡང་ནུབ་ཕྱོགས་པའི་རྩོམ་པ་པོ་འགའ་ཞིག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མ་ཆོས་ལུགས་ཞེས་བརྗོད་དེ་མདོར་ན་སངས་རྒྱས་པའི་ཆོས་མིན་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་དགོས་དོན་ནི། དོན་དངོས་ཐོག་ང་ཚོས་སློབ་གཉེར་བྱེད་བཞིན་པ་རྣམས་ནི་དཔལ་ནཱ་ལེནྡྲའི་མཁས་གྲུབ་དེ་དག་གིས་བརྩམས་པའི་གཞུང་རྣམས་ཡིན་ཅིང་། སྔགས་ཀྱི་གཞུང་ལུགས་རྣམས་ཀྱང་ཡོངས་གྲགས་དཔལ་ནཱ་ལེནྡྲའི་མཁས་གྲུབ་མིན་ནའང་། ཕལ་མོ་ཆེ་ཐོག་མར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་གནང་ཞིང་། ཐར་རྟོགས་པ་མཐོན་པོར་ཕེབས་སྐབས་བརྟུལ་ཞུགས་ཀྱི་སྤྱོད་པར་གཤེགས་པ་ལྟ་བུ་ཞིག་ཡོང་གི་ཡོད་ལ། ཡང་དཔལ་ནཱ་ལེནྡྲའི་སློབ་གཉེར་བ་མིན་ནའང་། བརྩམ་བྱའི་སྔགས་ཀྱི་གཞུང་ལུགས་ཚང་མ་སྟོང་ཉིད་ཀྱི་ལྟ་བ་གསུང་མཁན་ཤ་སྟག་ཡིན།
བོད་ལ་གསང་སྔགས་ཀྱི་ཆོས་སྐོར་དར་ཚུལ་ནས་བརྗོད་ན། བོད་མིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱུང་ཚུལ་ནི། ཐོག་མར་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་རི་གཉན་བཙན་སྐབས་ནང་ཆོས་ཐོག་མར་དབུ་བརྙེས་ཤིང་། དུས་རབས་བདུན་པར་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་ཞེས་རྒྱ་ནག་རྒྱལ་པོའི་སྲས་མོ་གཅིག་དང་། བལ་པོའི་རྒྱལ་པོའི་སྲས་མོ་གཅིག་བཅས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས་ཤིང་། སྐབས་དེར་བཙུན་མོ་སོ་སོའི་རྟེན་སྐལ་དུ་བལ་ཡུལ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནི་བཅས་གདན་འདྲེན་ཞུས་པའི་ཐུབ་དབང་གི་སྐུ་བརྙན་དེ་གཉིས་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་ཀྱི་ནང་རྟེན་གྱི་གཙོ་བོ་ཆགས་ཡོད། དེ་ལྟ་བུའི་ཐོག་ནས་ནང་ཆོས་ལ་ཐུགས་སྣང་བསླེབས་ཏེ་ནང་ཆོས་སྲོལ་གཏོད་པ་དང་། དེ་རྗེས་དུས་རབས་བརྒྱད་པའི་ནང་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ནང་ཆོས་དེ་རྒྱ་གར་ནས་བྱུང་བར་བརྟེན་རྒྱ་གར་རང་ལ་ཐད་ཀར་འབྲེལ་བ་གནང་ཡོད། སྐབས་དེར་རྒྱ་གར་འཕགས་ཡུལ་དུ་ནང་ཆོས་ཀྱི་བསྟི་གནས་ལྟ་བུ་དེ་དཔལ་ནཱ་ལེནྡྲ་ཆགས་ཡོད་སྟབས་དཔལ་ནཱ་ལེནྡྲའི་མཁས་པ་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་ཡོད།
བོད་ནང་དུ་ནང་ཆོས་ངོ་སྤྲོད་དང་། ཐོག་མར་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དེ་མཁན་ཆེན་ཞི་བ་འཚོ་ཡིན་ཅིང་། ཁོང་ནི་ཡོངས་གྲགས་སུ་དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་ལ་མཚོན་ན། རྒྱ་གར་སྐད་ནས་བོད་ཡིག་ཏུ་བསྒྱུར་བ་བཀའ་འགྱུར་པོད་བརྒྱ་ཙམ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་དག་གི་ནང་དུ་མཁན་ཆེན་ཞི་འཚོ་སྐུ་ངོ་མའི་གསུང་དབུ་མའི་སྐོར་ལ་དབུ་མ་རྒྱན་ཞེས་པ་ང་ཚོས་དེང་སྐབས་ཀྱང་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་ཁོང་ཉིད་ཚད་མའི་སྐོར་ལ་ཧ་ཅང་མཁས་པ་ཡིན་སྟབས། ཚད་མའི་དེ་ཁོ་ན་ཉིད་བསྡུས་པའམ་ཚད་ཆེན་ཞེས་སུ་གྲགས་པའི་གཞུང་དེ་ཡང་དེང་གི་ཆར་ང་ཚོས་སློབ་སྦྱོང་བྱེད་རྒྱུའི་གལ་ཆེའི་གྲས་ཤིག་ཆགས་ཡོད།
ཁོང་གི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་ལ། ཁོང་ཡང་བོད་ལ་གདན་ཞུ་གནང་སྟེ་དབུ་མའི་སྐོར་ལ་དབུ་མ་སྣང་བ་ལྗགས་རྩོམ་མཛད་པ་དེ་ཡང་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་གི་དགེ་རྒན་མཁན་ཆེན་ཞི་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་ཆེན་པོད་གཉིས་ཙམ་ཡོད། དེ་ལྟར་བོད་ལ་ནང་ཆོས་ཐོག་མར་དར་སྤེལ་གནང་མཁན་གཙོ་བོ་དེ་མཁན་ཆེན་ཞི་འཚོ་ཡབ་སྲས་རྣམ་གཉིས་ཡིན་ལ། ཁོང་གཉིས་ཀ་དཔལ་ནཱ་ལེནྡྲ་ནས་ཕེབས་པའི་པཎྜི་ཏ་དང་། ལྟ་བ་དབུ་མ་པ་དང་རྟེན་དགེ་སློང་འདུལ་བ་འཛིན་པ། དགེ་སློང་གི་སྡོམ་རྒྱུན་དེ་ཡང་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་དང་། ལྟ་གྲུབ་ཀྱང་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་ཞིག་ཡིན་སྟབས། གཙོ་བོ་མགོན་པོ་ཀླུ་སྒྲུབ་ནས་མར་བརྒྱུད་པ་ཞིག་ཆགས་ཡོད།
ཡང་ཁོང་གིས་དབུ་མ་རྒྱན་གྱི་ནང་དུ་རྣམ་རིག་པའི་ལྟ་བ་དེ་ཡང་ཁོང་གིས་ཞལ་བཞེས་གནང་གི་ཡོད། དེར་བརྟེན་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུའང་འབྲང་མཁན་བཅས་གང་ལྟར་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་དགོངས་པ་བཀྲལ་མཁན་ཞིག་ཡིན་ལ། བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་ནང་ཆོས་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་རྩ་འཛུགས་གནང་མཁན་དེ་མཁན་ཆེན་ཞི་འཚོ་ཡབ་སྲས་རྣམ་གཉིས་དང་། སློབ་དཔོན་རིན་པོ་ཆེ་བཅས་རེད། མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་བསྟན་པ་རྒྱ་ཆེར་སྤེལ་སྐབས་མི་དང་མི་མིན་གྱིས་འགལ་རྐྱེན་མི་མཐུན་པའི་ཕྱོགས་སེལ་རྒྱུའི་ཐུགས་འགན་གཙོ་བོ་སློབ་དཔོན་རིན་པོ་ཆེས་བཞེས་ཡོད། དེས་ན་ང་ཚོས་ནམ་རྒྱུན་མཁན་སློབ་ཆོས་གསུམ་ཞེས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་བོད་ཀྱི་གཙུག་ལག་ཁང་མང་པོའི་ནང་དུ་མཁན་སློབ་ཆོས་གསུམ་གྱི་ལྡེབས་རིས་དང་སྐུ་ཐང་སོགས་ཀྱི་རི་མོ་འབྲི་སྲོལ་དར་ཁྱབ་ཆེན་པོ་ཡོད་ལ། དེ་ལྟར་ཁྲི་སྲོང་སྐབས་ནང་ཆོས་དར་ཞིང་རྒྱས་པར་མཛད་པ་ཡིན།
བོད་ཀྱི་ནང་ཆོས་ཀྱི་འབྱུང་ཁུངས་དེ་དཔལ་ནཱ་ལེནྡྲ་ནས་ཐད་ཀར་བརྒྱུད་པ་ཞིག་དང་། མཁན་ཆེན་ཞི་བ་འཚོ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང་འདུལ་བ་འཛིན་པ་ཞིག་ཡིན་པར་མ་ཟད། ཁོང་གིས་མཛད་པའི་དབུ་མ་རྒྱན་སོགས་སུ་གཙོ་བོ་སྟོང་ཉིད་དང་། བྱང་ཆུབ་སེམས་ཀྱི་སྐོར་གསུངས་ཡོད། དེར་བརྟེན་བྱང་ཆུབ་སེམས་ཀྱི་ཐེག་ཆེན་གྱི་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་དེ་དག་ཉམས་བཞེས་གནང་གི་ཡོད། དེའི་ཐོག་བསྟན་འགྱུར་ནང་དུ་མཁན་ཆེན་ཞི་འཚོས་མཛད་པའི་དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཞིག་ཡོད་པ་དེ་གསང་སྔགས་བླ་མེད་སྐོར་རེད་འདུག །དེར་བརྟེན་ཁོང་གསང་སྔགས་བླ་མེད་སྐོར་ཉམས་བཞེས་གནང་མཁན་གྱི་མཁས་པ་ཞིག་ཀྱང་རེད་འདུག
གཞན་ཡང་རྒྱ་གར་གྱི་སློབ་དཔོན་ཐ་ག་པ་སོགས་ཀྱིས་སྔགས་ཀྱི་འགྲེལ་པ་མཛད་སྐབས་ཚད་མ་རྣམ་འགྲེལ་གྱི་ལུང་དྲངས་པ་ཡོང་གི་ཡོད། དེ་ལྟར་སྔགས་ཀྱི་གཞུང་ཚད་ཐུབ་ཚང་མས་པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་ནས་བྱུང་བ་ཤ་སྟག་ཆགས་ཡོད། དེས་ན་ང་ཚོ་བོད་རིགས་རྣམས་ནས་ང་ཚོའི་ཆོས་འདི་ས་ཁུག་ལུང་ཁུག་ནས་བླ་མ་གྲུབ་ཐོབ་ཅིག་གིས་གསུངས་པ་དེ་གཅིག་པུ་ཡིན་ཞེས་བརྗོད་ན། འཛམ་གླིང་གི་ནང་པའི་ཡུལ་གྲུ་ཀུན་ལ་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད། དེ་ལྟར་མེད་ན་ནང་པའི་ཡུལ་གྲུ་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་ཐབས་མེད། འཛམ་གླིང་འདིའི་ཐོག་ཏུ་གནས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་གཙོ་བོ་གང་ཞིག་ཡིན་ཞེ་ན། དཔལ་ནཱ་ལེནྡྲའི་མཁས་དབང་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱས་ཏེ་ཤེས་པར་བྱས། ཤེས་པའི་ནང་དོན་རང་ཉིད་ཀྱི་རྒྱུད་ཐོག་ཏུ་སྦྱར། ཐོས་བསམ་སྒོམ་གསུམ་བྱས་ཏེ་ངག་ཐོག་ནས་བརྗོད་རྒྱུ་ཡོད་པ་དང་། རང་ཉིད་ཀྱིས་ཉམས་ལེན་བྱས་ཏེ་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་བྱུང་ན། དངོས་གནས་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་བསྟན་པ་ཡོངས་སུ་རྫོགས་པར་ང་ཚོ་བོད་པས་ཞབས་འདེགས་སྒྲུབ་པའི་ནུས་པ་ཡོད་པ་ཞིག་ཡིན། དེས་ན་ང་ཚོར་ནུས་པ་དང་ཆ་རྐྱེན་ཡོད་པ་དེ་དག་ངོས་འཛིན་ཐུབ་པའི་ཐོག་ནས་རང་རང་སོ་སོས་ཆ་རྐྱེན་དེ་དག་སྒྲུབ་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད།
དུས་རབས་ཉི་ཤུ་པ་དང་། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཤར་ནུབ་དང་། ལྷོ་བྱང་ཞེས་དབྱེ་བ་དེ་ཙམ་འབྱེད་རྒྱུ་མེད་པར་འཛམ་གླིང་འདིའི་སྟེང་དུ་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་གཅིག་ལ་གཅིག་རྟེན་དང་། གཅིག་ལ་གཅིག་འདྲེས་ལྟ་བུའི་དུས་སྐབས་འདིར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་གིས་ཀྱང་རང་རང་གི་རྗེས་འབྲང་གདུལ་བྱ་རྣམས་ལ་རླབས་ཆེན་གྱི་ཕན་ཐོགས་བསྒྲུབས་དང་སྒྲུབ་མུས་ཡིན་ལ། མ་འོངས་པར་ཡང་ཆོས་ལུགས་གཙོ་ཆེ་བ་དེ་དག་གིས་རང་རང་གི་ཆོས་རྒྱུད་འཛིན་མཁན་དག་ལ་ཕན་ཐོགས་ངེས་པར་དུ་ཡོད་པ་ཞིག་ཡིན།
དེ་ལྟར་ནང་པ་སངས་རྒྱས་པའི་ཆོས་འདི་ཡང་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གཙོ་ཆེ་བ་གཅིག་ཆགས་ཡོད། འཛམ་གླིང་འདིའི་ཐོག་ཆོས་ལུགས་གཙོ་ཆེ་གཅིག་ཡིན་པའི་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་ནི། འཇིག་རྟེན་ཕལ་པའི་བརྗོད་དོན་ལྟར་ན། སྲབ་མཐུག་འཕེར་བ་ཞིག་ཡོད་ཅིང་། དེང་སྐབས་ཆོས་ལ་ཐེ་ཚོམ་ཟ་མཁན་གྱི་ཚན་རིག་པ་དེ་དག་གིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་ཉན་སྐབས་དེ་ལ་བསམ་བློ་གཏོང་རྒྱུ་འདུག་ཅེས་བརྗོད་ཀྱི་ཡོད་ལ། དངོས་གནས་སངས་རྒྱས་པའི་ཆོས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་པ་དེ་དག་གི་ཐོག་ནས་རང་གིས་བསམ་བློ་གཏོང་བ་དང་། གཞན་ལའང་འགྲེལ་བརྗོད་བྱས་ན་རྣམ་དཔྱོད་ལྡན་པའི་མི་རྣམས་ཡིད་དབང་འཕྲོག་པ་ཞིག་ཡོད། དེ་ལྟ་བུའི་སྤུས་ཚད་དང་ལྡན་པའི་ནང་ཆོས་འདི་ཉིད་རང་ཁྱིམ་ནང་ཡོད་པ་ལྟ་བུ་ཞིག་ཡིན། དེ་དག་རང་ཁྱིམ་གྱི་སྦུག་ཏུ་ཐལ་རྡུལ་དང་། དུ་དྲེག་གི་ཁྲོད་དུ་རང་གར་ལུས་ཚེ་ཤིན་ཏུ་ཕངས་པོ་ཡིན། དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་ངོས་ནས་རྩལ་འདོན་གྱིས་འཆད་དགོས་དོན་འདི་ལྟར་ཡིན།
གཉིས་པ། པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད་དངོས་གཞི།
༡༽ མཆོད་པར་བརྗོད་པ།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
ཞེས་པའི་ཚིག་རྐང་དང་པོ་གཉིས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཕྱག་བྱེད་ཚུལ་ནི། ངོས་ནས་བསམ་བློ་གཏོང་ས་གཙོ་བོ་དེ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས9།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་གསུངས་པ་དེར་བསམ་བློ་བཏང་ནས་བྲིས་ཤིང་། དེ་ནི་གལ་གནད་ཤིན་ཏུ་ཆེ་བས། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་དེ་བཞིན་གོང་གསལ་ཚིག་རྐང་གཉིས་པོར་འགྲེལ་བཤད་མཛད་ཡོད་སྟབས་ཧ་ཅང་རྒྱ་ཆེ་ལ། རིགས་པའི་ལམ་ནས་བདེན་བཞི་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་དེ་དག་ཧ་ཅང་གཏིང་ཟབ་པས་དེ་ལ་བསམ་བློ་བཏང་བ་ཡིན།
དེ་ཡང་འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོའི་གོམས་པ་མཐར་ཐུག་པའི་གནས་སྐབས་ཀྱི་རྒྱལ་བ་གང་དེའི་ཐུགས་རྒྱུད་ལ་ཡོད་པའི་ཐོག་མཐའ་བར་གསུམ་དུ་གལ་འགངས་ཆེ་བའི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་འབའ་ཞིག་གི་མཐུ་ལས་བསྐྲུན་པའི་སྤངས་རྟོགས་མཐར་ཕྱིན་ཅིང༌། སྐྱོབ་པ་མཐར་ཐུག་མངའ་བའི་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ་སྟེ། བླ་མའི་ཡང་བླ་མ། གོང་མའི་ཡང་གོང་མར་གྱུར་པ་ཡིན་ཚུལ་བསྟན་པའི་དོན་ལ་བསམ་བློ་བཏང་སྟེ་ནང་དོན་ཕྱོགས་བསྡོམས་བྱས་པ་དང་ཆབས་ཅིག
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་མཆོད་པར་བརྗོད་པའི་རྐང་པ་ཕྱི་མ་གཉིས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩལ་དུ་བཏོན་ནས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟེན་འབྱུང་ཕྲ་མོའི་དོན་བཤད་པ་སྟེ། དེ་ཡང་རྟེན་འབྱུང་ཕྲ་མོའི་དོན་ནི་སྟོང་པ་ཉིད་ཀྱི་དོན་ཡིན། དེས་ན་ཟབ་མོ་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་དེ་ལྟ་བུའི་སྟོན་པ་དེར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྟོད་པ་མཛད་པའི་ཚེ། གཙོ་བོར་རྟེན་འབྱུང་གི་གཏམ་སེངྒེ་ང་རོར་བསྒྲགས་པ་རྒྱུ་མཚན་དུ་བྱས་ནས་བསྟོད་ཕྱག་མཛད་ཡོད། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པ་ལས10།
གང་གི་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །
རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །
ཞེས་དང༌། དེ་བཞིན་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས་11ཀྱང་།
གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་སྟོན་པ་ཐུབ་པའི་དབང་པོའི་ཡོན་ཏན་གཙོ་བོ་གསུངས་པའི་ཚེ་སྐུ་ལ་མཚན་དཔེས་བརྒྱན་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ལ་ཟབ་ཡངས་ཀྱི་ཡོན་ཏན་མངའ་བ་གཅིག་པུ་མིན་པར། སྟོན་པ་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་སྐབས་གཙོ་བོར་དབུ་མ་པའི་ལུགས་ཀྱི་རྟེན་འབྱུང་ཕྲ་མོའི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱུ་མཚན་དུ་བཀོད་ནས། སྟོན་པ་སྨྲ་བ་ཟླ་མེད་པ་ལ་བསྟོད་ཕྱག་མཛད་པ་ལྟར། རྗེ་བདག་ཉིད་ཆེན་པོས་ཀྱང་རྟེན་འབྲེལ་བསྟོད་པ་ལས12།
གང་ཞིག་གཟིགས་ཤིང་གསུང་བ་ཡིས། །མཁྱེན་དང་སྟོན་པ་བླ་ན་མེད། །
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །
ཅེས་གསུངས་པ་བཞིན། བསྟན་པའི་བདག་པོ་སྟོན་པ་བཀའ་དྲིན་ཅན་ཐུབ་དབང་སྨྲ་བའི་ཉི་མའི་བརྩེ་བའི་ཡོན་ཏན་དང༌། མཁྱེན་པའི་ཡོན་ཏན་གཙོ་བོར་བརྗོད་པའི་ཐོག་ནས་དེའི་ཡོན་ཏན་དྲན་པའི་ངང་ནས་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་བསྟོད་ཕྱག་དེ་བྲིས་པ་ཡིན།
དེ་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་དགོས་བྱུང་ཚེ། ཆོས་ལུགས་རང་རང་གི་སྟོན་པའི་སྐུ་ཡི་རྣམ་པ་མི་འདྲ་བའི་ཐོག་ནས་སྐུ་ཡི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་བརྗོད་རྒྱུ་ཡོད་པར་མ་ཟད། སྤྱི་ཡོངས་ཀྱི་ཆ་ནས་མཁྱེན་པའི་ཡོན་ཏན་ཡང་བརྗོད་རྒྱུ་ཡོད་ངེས་ཡིན། དཔེར་ན། གྷོ་ཌི་དང་། ཨེ་ལ་ཞེས་སོགས་བརྗོད་སྐབས་ཚང་མས་མཁྱེན་བརྩེ་ནུས་པ་མཐར་ཐུག་མངའ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དངོས་གནས་འཛམ་གླིང་འདིའི་ཐོག་མཛད་རྗེས་རླབས་ཆེན་འཇོག་པ་གནང་མཁན་གྱི་སྟོན་པ་དེ་དག་གི་གསུང་ནང་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་མཁན་ནི་སྟོན་པ་བཅོམ་ལྡན་འདས་ཉག་གཅིག་ལས་གཞན་སུ་ཡང་མེད། དེས་ན་སྟོན་པ་བཅོམ་ལྡན་འདས་ནི་དངོས་ནས་སྨྲ་བ་ཟླ་མེད་དང་། སྨྲ་བའི་དབང་ཕྱུག །མུན་པ་སེལ་བར་བྱེད་པའི་སྨྲ་བའི་ཉི་མ་དངོས་ཡིན།
དེས་ན། རྟེན་འབྱུང་གི་གཏམ། ཞེས་པ་ནི། དངོས་ཡོད་གནས་ཚུལ་གང་ཞིག་ཡིན་པ་དེ་ལྟར་གསུང་མཁན་ཞིག་ཡིན་པར་བརྟེན། ངོས་ཀྱི་ངོ་ཤེས་དེང་རབས་ཚན་རིག་པ་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་འདིར་ཧ་ཅང་དགའ་མོས་བྱེད་བཞིན་འདུག །ལྷག་པར་ཚན་རིག་པའི་ནང་ཚན་ནས་ཚད་རྡུལ་དངོས་ཁམས་རིག་པ་ནི། ཕྱི་ཡི་གཟུགས་ཅན་གཞིར་བཞག་ཡིན་པ་ལས། ནང་གི་སེམས་ཁམས་རིག་པའི་སྐོར་ལ་ད་ལྟའི་ཆར་དེ་ཙམ་བརྗོད་ཀྱི་མེད། ཕྱི་ཡི་གཟུགས་ཅན་གྱི་ཆོས་ལ་དབུ་སེམས་ཀྱི་གཞུང་ནས་ཤ་ཆས་སེལ་ནས་གསུངས་པ་སྟེ། གཞི་གྲུབ་ན་ཆ་བཅས་ཡིན་པས་ཁྱབ། ཆ་མེད་ཤེས་བྱ་ལ་མི་སྲིད་ཅེས་གསུངས་པའི་ཐོག་ནས་བསམ་བློ་བཏང་ན་གཅིག་མཚུངས་མཐར་ཐུག་གང་ཡང་རྙེད་རྒྱུ་མེད་པ་ལྟ་བུ་ཆགས་ཀྱི་ཡོད། ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱེད་སྐབས་མཐར་གྲུབ་དོན་དེ་ལྟ་བུའི་ཐོག་ཏུ་བབས་ཀྱི་ཡོད། དེ་ནི་ནང་པ་སངས་རྒྱས་པའི་གཞུང་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་གོང་ནས་གསུངས་ཡོད།
ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། རྒྱ་གར་གྱི་ཚན་རིག་མཁས་དབང་རཱ་ཛ་ར་མ་ན་མཆོག་གིས། ཚད་རྡུལ་དངོས་ཁམས་རིག་པ་ནི་དེང་སྐབས་འཛམ་གླིང་ཐོག་གསར་དུ་རྙེད་པའི་རིག་པ་ཞིག་ཡིན་ནའང་། རྒྱ་གར་ནང་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་ལྟ་བ་དེ་སླེབས་འདུག་ཅེས་གསུང་གི་འདུག །ཁོང་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་མཇལ་མྱོང་འདུག་ཅིང་། དབུ་མ་རྩ་ཤེས་ལས། བརྟེན་ནས་བཏགས་པ་ཞིག་ལས་དོན་གྱི་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པར་གསུངས་པ་དེར་དོ་སྣང་བྱུང་འདུག །མདོར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་ཞིག་ཡོད་ན། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཕན་ཚུན་བརྟེན་ནས་གནས་ཡོད་པ། བདེ་ཐང་ལ་མཚོན་ནའང་ཕྱི་ལུས་ཀྱི་བདེ་ཐང་དང་། ནང་སེམས་ཀྱི་བདེ་ཐང་གཉིས་ཕན་ཚུན་འབྲེལ་བ་ཡོད་པ། དེ་དག་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་བ་ཞིག་མཐོང་ངེས་ཡིན། རྟེན་འབྲེལ་ཞེས་པའི་ལྟ་གྲུབ་དེ་འཁྱེར་ཡོང་ན་གང་ཞིག་མཐོང་ནའང་དེའི་རྒྱུ་དང་རྐྱེན་གང་དང་གང་ཞིག་ཡིན་པ་འཕྲལ་མར་བློ་ངོར་འཆར་ཐུབ་པ་ཞིག་ཡོང་བ་ཡིན།
དེས་ན་ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། སྤྱོད་པ་འཚེ་བ་མེད་པས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཀྱི་ཞི་བདེ། འགྲོ་བ་མིའི་སེམས་ཀྱི་ཞི་བདེ་བཅས་དང་འབྲེལ་བ་ཡོད་ལ། རྟེན་འབྱུང་གི་ལྟ་བས་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་ཞིང་། དོན་དམ་པའི་དངོས་ཐོག་བདེན་འཚོལ་ཡོང་བ་ལ་རྟེན་འབྱུང་གི་ལྟ་གྲུབ་འདི་ཉིད་དགོས་པ་ཡིན། གཞན་གྱིས་བརྗོད་པ་ཞིག་ལ་དེ་ལྟར་ཡིན་པ་རེད་སྙམ་པ་ལྟ་བུ་མིན་པར། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་དེས་ཕན་ཚུན་མང་པོ་ཞིག་ལ་བལྟོས་ནས་གྲུབ་པ་ཞིག་སྟེ། དཔེར་ན། རང་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་ཞིག་ལ་ཆ་མཚོན་ནའང་། རྟེན་འབྱུང་གི་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་བཏང་ན། དགྲ་བོས་རང་ཉིད་ལ་མི་དགའ་ཞིང་གནོད་ཅིང་འཚེ་བ་བྱེད་པ་དེ་སྐྱེས་པའི་ཉིན་ནས་བྱུང་བ་ཞིག་མིན་པར། རིམ་བཞིན་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་རང་ཉིད་ལ་མི་དགའ་བའི་དགྲ་བོར་གྱུར་པ་ཞིག་ཡིན། དེས་ན་རང་ཉིད་ལ་མི་དགའ་བ་ཆགས་པའི་རྒྱུ་རྐྱེན་གྱི་ཁྲོད་དུ་རང་ཉིད་ཀྱི་རྣམ་འགྱུར་ལའང་ཕལ་ཆེར་འབྲེལ་བ་ཡོད་པ་ཡིན། དེ་དག་བསམ་བློར་འཁོར་སྐབས་དགྲ་བོ་དེ་ཉིད་སྐྱེས་ཙམ་ཉིད་ནས་རང་ཉིད་ཀྱི་དགྲ་བོར་སྐྱེས་པ་རེད་སྙམ་པ་ལྟ་བུའི་བློ་དེ་ཉིད་ཞིག་འགྲོ་བ་ཡིན། དེས་ན་ཐོག་མར་རྟེན་འབྱུང་གི་རིག་པ་དང་། དེ་ནས་རྒྱུ་འབྲས་རྟེན་འབྱུང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིག་པ་བཅས་ཀྱི་ཐོག་ནས་བསམ་བློ་བཏང་ན། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
ཉོན་མོངས་ཀྱི་རིགས་རྣམས་དངོས་ཡོད་གནས་ཚུལ་ལས་ལྡོག་ནས་ཚུགས་ཐུབ་རང་དབང་བ་ཞིག་ཏུ་བལྟ་བའི་ཨ་འཐས་ཀྱི་འཛིན་པ་དེ་གཞི་ལ་བཞག་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་ཡི་ཡོད་པ་དེང་སྐབས་ཚན་རིག་པས་ཀྱང་བརྗོད་ཀྱི་ཡོད། དེ་ལྟར་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །དེས་ན་ཉོན་མོངས་མེད་པར་ཤོག་ཅེས་བརྗོད་པ་ལྟ་བུ་མིན་པར་ཉོན་མོངས་ཀྱི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་པ་དང་། ཉོན་མོངས་མངོན་དུ་གྱུར་སྐབས་རྣམ་རྟོག་སྐྱེ་ཚུལ། དེ་ཡང་རྒྱུ་དང་རྐྱེན་གང་དག་གིས་སྐྱེ་བ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས13།
ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པ་ལྟར་གྱི་བསམ་བློ་འཁོར་སྐབས་ཁྱད་པར་ཏན་ཏན་ཡོད་པ་ཡིན། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་དེ་མཆོད་གཤོམ་ནང་དུ་སྒྲིག་རྒྱུ་ལྟ་བུ་ཞིག་མིན། སྟོང་ཉིད་ཀྱི་ལྟ་བ་ཞེས་པ་ནི། ཚེ་ཕྱི་མ་ཁས་མ་བླངས་ཀྱང་ཁྱད་པར་མེད། མི་ཚེ་འདི་ཉིད་ཀྱི་དབང་དུ་བཏང་ནའང་། ཉོན་མོངས་ཤུགས་དྲག་སྐྱེ་སྐབས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེར་ཅུང་ཟད་བསམ་བློར་འཁོར་ན། ཉོན་མོངས་ཀྱི་ངར་ཤུགས་ཏན་ཏན་ཆགས་ངེས་ཡིན། དེ་ནི་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་བརྗོད་ཀྱི་ཡོད། དེ་ཡང་ངོས་ནས་དཔེ་ཆའི་ནང་དུ་གསུངས་འདུག་ཅེས་བརྗོད་པ་གཅིག་པུ་མིན་པར། ཐོག་མར་རིགས་པས་དཔྱད་ཅིང་། རིགས་པས་དཔྱད་པ་དེ་ཉིད་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་སྐབས་ཁ་ཡོད་ལག་ཡོད་ལ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་སྒོམ་མི་དགོས་པར། སྟོང་ཉིད་ཀྱི་ལྟ་བ་བསྒོམས་པ་དེ་གས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོང་གི་འདུག །དེ་ལྟར་བྱས་ན་མི་ལ་རྣམ་དཔྱོད་ཅིག་ཡོད་པ་དེ་ཡོད་གོ་ཆོད་པ་ཡིན། རྣམ་དཔྱོད་འདི་ལྟར་ཡོད་བཞིན་དུ་བེད་སྤྱོད་ལེགས་པར་མ་བྱས་ན་རྣམ་དཔྱོད་ཡོད་ཀྱང་ཡོད་གོ་མ་ཆོད་པ་དང་། མི་ལུས་ཐོབ་པའི་དོན་གོ་མ་ཚང་བ་ཡིན། ལྷག་པར་དུ་དལ་བརྒྱད་འབྱོར་བཅུ་དང་། དེ་རྗེས་ལམ་སྟོན་དགེ་བའི་བཤེས་གཉེན་ཞེས་པ་དེ་དག་རང་ཤུགས་ཀྱི་འབྲེལ་བ་སླེབས་ཡོང་གི་ཡོད།
མདོར་ན། སྤྱོད་པ་འཚེ་བ་མི་བྱེད་པའི་རྩ་བ་ནི། ལྷ་རབ་བྱུང་ན་གཞན་ལ་ཕན་བཏགས་ཤིང་། གཞན་ལ་ཕན་བཏགས་མ་ཐུབ་ཀྱང་། གཞན་ལ་གནོད་པ་མི་བྱེད་པ་དང་ཆབས་ཅིག་ལྟ་བ་རྟེན་འབྱུང་ཞེས་པ་འདི་ཉིད་དེང་སྐབས་དངོས་ཡོད་གནས་ཚུལ་ཤེས་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་ལྟར་རྟེན་འབྱུང་གི་གཏམ་ཞེས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་ཡོད། བྱམས་པ་དང་སྙིང་རྗེ་སྒོམ་པ་དང་། དེ་བཞིན་བཟོད་པ་དང་ཆོག་ཤེས་སྒོམ་པ་དེ་དག་གི་ཐོག་ནས་གཞན་ཕན་སྒྲུབ་པ་བཅས་ནི་ཆོས་ལུགས་གཙོ་ཆེ་ཚང་མར་གཅིག་མཚུངས་སུ་ཡོད་ཀྱང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་ནི། སངས་རྒྱས་པའི་ཆོས་ཁོ་ནར་མ་གཏོགས་གཞན་ལ་མེད་པས། རྟེན་འབྱུང་གི་གཏམ་གྱིས་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་ལ་འདྲེན་པར་མཛད་པའི་ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། ཞེས་སོ།།
ཀ༽ ཟབ་མོ་ལྟ་རྒྱུད་ཀྱི་རིམ་པ།
༡༽ མགོན་པོ་ཀླུ་སྒྲུབ།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
ཞེས་སོགས་ཚིགས་སུ་བཅད་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་བ་སྟེ། སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ནས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོར་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་སོགས་གསུངས་པ་ནས་བཟུང་སྟེ་སྟོན་པས་གནས་དུས་ངེས་མེད་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའམ་བླང་དོར་གྱི་གནད་མང་དུ་བསྟན་ཡོད། དེ་ལྟ་བུའི་གསུང་མང་དུ་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི། ཤེར་ཕྱིན་གྱི་གཞུང་བཟང་འདི་ཉིད་ཡིན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་བདག་མེད་ཀྱི་རྣམ་གཞག་གསུངས་ཡོད།
མདོར་ན་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་ན། སྟོང་ཉིད་ཀྱི་ལྟ་བ་དེ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པའི་ཐབས་ནི་ཤེས་རབ་ཡིན་ལ། རྒྱ་ཆེ་བའི་ཆ་ནས་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས། སྟོང་ཉིད་སོ་སོར་གསུངས་ནའང་མཐར་བདག་མེད་པའི་ལྟ་བར་ཐུག་གི་ཡོད། སྟོང་ཉིད་གཅིག་གི་དབང་དུ་བྱས་ནས་གསུངས་ན། སྟོང་ཉིད་ཀྱི་ལྟ་བ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལ་གསུངས་པས། དེ་ལ་ཡུམ་ཞེས་མཚན་བཏགས་ནས་ཐབས་ཀྱི་ཆ་དེ་ཕ་དང་འདྲ་ལ། ཤེས་རབ་ཀྱི་ཆ་དེ་མ་དང་འདྲ་བ་ཞེས་གསུངས་པ་ལྟར་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་ཉིད་ཀྱིས་ཉན་ཐོས་དང་། རང་རྒྱལ། ཐེག་ཆེན་བཅས་ཀྱི་བྱང་ཆུབ་སྐྲུན་པར་མཛད་མཁན་ཡིན་པས་ན་ཡུམ་ཞེས་དང་། དེ་ལྟར་ཡུམ་བརྗོད་བྱར་བྱེད་མཁན་གྱི་གཞུང་དེ་དག་ལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་ཡོད།
གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མདོ་སྔགས་ཀྱི་བསྟན་པ་གཉིས་ལས། མདོའི་བསྟན་པ་འདི་ཁོ་ནའི་སྟེང་ནས་ས་བཅུ་པའི་བར་དུ་བགྲོད་ཐུབ་ཀྱི་ཡོད་ཀྱང༌། སྔགས་ཀྱི་བསྟན་པ་ནི་མདོ་དང་མ་འབྲེལ་བར་ཨུ་ཚུགས་བརྒྱབ་ནས་ཕྱིན་ནའང་ས་ལམ་བགྲོད་མི་ཐུབ། དེར་བརྟེན་མདོ་སྔགས་ཀྱི་བསྟན་པ་གཉིས་ཡོད་པ་དེ་ལ། མདོའི་ལམ་ཆ་ཚང་ཡོད་པའི་སྟེང་ནས་སྔགས་ལམ་ཁ་སྣོན་བརྒྱབ་སྟེ་ཕྱིན་ན། སྔགས་ཀྱི་ཟབ་ཁྱད་དང་མྱུར་ཁྱད་རྣམས་ཐོན་ཡོང་གི་ཡོད།
མདོ་ལམ་ལ་ཆ་བཞག་ནའང་ཐེག་པ་ཆེ་ཆུང་གཉིས་ཡོད་པས་ཐེག་དམན་མན་ཆད་ནས་གསུངས་པའི་བདེན་བཞི་དང༌། དེ་བཞིན་བྱང་ཕྱོགས་སོ་བདུན་གྱི་ལམ་གསུངས་པ་རྣམས་ཇི་ཙམ་རགས་ཀྱང་དེ་དག་གཞི་ལ་བཞག་པའི་སྟེང་དུ་ཐེག་ཆེན་གྱི་ལམ་རྣམས་ཁ་སྣོན་བརྒྱབ་ནས་འགྲོ་དགོས་པ་ལས། ཐེག་དམན་གྱི་གཞུང་ནས་གསུངས་པ་དེ་དག་ཐེག་ཆེན་ལ་བལྟོས་ཏེ་རགས་པའི་རྒྱུ་མཚན་གྱིས་དོར་བྱའམ་གོལ་ས་ཡིན་པ་ལྟ་བུར་བཞག་ནས་ཐེག་ཆེན་ཞེས་ཟུར་དུ་ཉམས་ལེན་བྱ་རྒྱུ་ཞིག་མེད། དེར་བརྟེན་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་ཐོག་མར་བདེན་བཞིའི་ཆོས་འཁོར་ནས་བཟུང་སྟེ་བསྟན་པ་ཡོངས་སུ་རྫོགས་པ་ཤེས་པར་བྱས་ཏེ། རྒྱས་བསྡུས་ལ་མ་བལྟོས་པའི་ལམ་གྱི་རྐང་གྲངས་ཚང་བ་ཞིག་གི་སྟེང་ནས་ཉམས་ལེན་བྱེད་དགོས་པ་ཆགས་ཡོད།
དེས་ན་སྔགས་ལམ་གྱི་ཟབ་ཁྱད་དེ་དག་མདོ་ལམ་གྱིས་འདོན་དགོས་ལ། མདོ་ལམ་ལ་ཡང་མདོ་སྡེ་མང་དུ་ཡོད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་དེ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ཅིང༌། ཤེར་ཕྱིན་གྱི་མདོ་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང༌། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཉིས་ཡོད་པ་ལས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་བཀའ་མགོན་པོ་ཀླུ་སྒྲུབ་ལ་བབས་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད་ལ། འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་གསལ་བར་མཛད་པ་ཡིན། དེས་ན་འདིར་རྒྱལ་བའི་ལུང་བཞིན་དུ་ཐེག་པ་མཆོག་ཏུ་གྱུར་པ་དབུ་མའི་ལམ་སྲོལ་འབྱེད་པར་མཛད་པ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས་པ་སྟེ།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
ཞེས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོ་རྟེན་འབྱུང་གི་ཚུལ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རིགས་ཚུལ་ཟབ་མོའི་སྒོ་ནས་གསལ་བར་མཛད་ཡོད།
དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་བཅུ་ཕྲག་རིག་གནས་ཀུན་ལ་ནང་བྱན་ཆུད་ཅིང་། དེ་བཞིན་གསོ་བ་རིག་པ་དང་། རྫས་སྦྱོར་སོགས་ཀྱི་གཞུང་ལུགས་ཀྱང་ལྗགས་རྩོམ་མཛད་དེ་མཁས་པའི་དབང་པོ་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་ཞིང་། རྩོད་པའི་ཁྱུ་མཆོག་ཏུ་གྱུར་པ་ཧ་ལས་པ་ཞིག་ཡིན། ཁོང་གིས་མཛད་པའི་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་། ལྷག་པར་དཔལ་གསང་བ་འདུས་པའི་ཆོས་སྐོར། ཡང་སྒོས་དབུ་མ་རྩ་བ་ཤེས་རབ་དང་། རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །དབུ་མ་རིན་ཆེན་ཕྲེང་བ་བཅས་རིགས་ཚོགས་དྲུག་དང་། དེ་དག་ལས་གཙོ་བོ་དབུ་མ་རྩ་བ་ཤེས་རབ་དང་། ཡང་སྒོས་དབུ་མ་རྩ་བ་ཤེས་རབ་ལ་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པ་ལས་རབ་བྱེད་ཉི་ཤུ་པ་དེ་རྩ་བ་ཆགས་ཀྱི་ཡོད།
དེ་ལྟར་དབུ་མ་རིགས་ཚོགས་དྲུག་གིས་མཚོན་པའི་གཞུང་ལུགས་རྣམས་ཀྱིས་མཐའ་གཉིས་སེལ་བའི་རྟེན་འབྱུང་གི་གོ་དོན་དཔྱིས་ཕྱིན་པ་དང་། སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་སོགས་མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་བར་གསུངས་ཤིང་། དེ་ཡང་བསྟན་བྱའི་གཙོ་བོ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་རྣམ་གཞག་རྣམས་རྟེན་འབྱུང་གི་དོན་དུ་བཀྲལ་ནས། སྟོང་པ་ཞེས་བརྗོད་སྐབས། བརྟེན་ནས་བཏགས་པའི་ཡོད་པ་ཡིན་པ་ཞིག་ཚུར་ངེས་པ་འདྲེན་ཐུབ་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཡོད་པ་ཞིག་ཡིན། དེ་ལྟར་བཅོམ་ལྡན་འདས་ཀྱི་དགོངས་པ་དཔྱིས་ཕྱིན་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསལ་བར་མཛད་པའི་བཀའ་དྲིན་རྣམས་དྲན་པའི་སྒོ་ནས་མགོན་པོ་ཀླུ་སྒྲུབ་ལ་ཕྱག་འཚལ་བ་ཡིན། གཞན་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས། མ་དྲོས་པས་ཞུས་པའི་མདོ་ལས14།
གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །
རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །
ཅེས་གསུངས་པ་ལྟར་སྟོང་པའི་དོན་རྐྱེན་ལ་རག་ལས་པ་ལ་གསུངས་ཡོད། སྟོང་པའི་དོན་ནི་ཚད་རྡུལ་དངོས་ཁམས་རིག་པ་ནས་བརྗོད་པ་ལྟར། གང་ཡང་རྙེད་རྒྱུ་མེད་ཅེས་བརྗོད་པ་གཅིག་པུ་མིན་པར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་ལས15།
སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །
རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང༌། །
སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བ། །
དེ་བཞིན་ཁམས་ནི་རེ་རེ་ལའང༌། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །
ཞེས་གསུངས་པ་ལྟར། སྐྱེས་བུའམ་གང་ཟག་ཅེས་པ་དེ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཞིག་ཡིན་ཅིང་། དེ་ཉིད་འཚོལ་སྐབས་ཕུང་པོའི་གསེབ་ནས་གང་ཟག་གི་མཚན་གཞི་ཅུང་ཟད་ཙམ་ཡང་འཇོག་རྒྱུ་མེད་ལ། ཡང་ཕུང་པོ་ལས་དོན་གཞན་དུ་ཡང་གང་ཟག་ངོས་འཛིན་རྒྱུ་མེད། མདོར་ན་གང་ཟག་ཅེས་པ་དེ་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པ་དང་། དེ་བཞིན་ཕུང་པོ་ཡང་ཆ་ཤས་སོ་སོར་ཕྱེ་ཚེ། ཤེས་པ་ཡིན་ན་རྒྱུན་གྱི་ཆ་དང་། གཟུགས་ཅན་ཡིན་ན་ཕྱོགས་ཀྱི་ཆ་ཡོད་སྟབས། འདི་ལྟར་བཏགས་དོན་འཚོལ་སྐབས་གང་ཡང་རྙེད་རྒྱུ་མེད་ཅིང་། རྙེད་རྒྱུ་མེད་པས་སྟོང་ཉིད་ཡིན་པ་མི་བརྗོད་པར། གང་ཞིག་མེད་པ་རེད་དམ་ཞེ་ན། བརྟེན་ནས་གྲུབ་པ་ཞིག་ལས། ལྟོས་མེད་རང་དབང་གིས་གྲུབ་པ་ཞིག་མེད་ཅེས་བརྗོད་པ་དང་། རང་བཞིན་གྱིས་སྟོང་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་པའི་ཚིག་དེ་ཉིད་ཀྱིས་གང་ཡང་མེད་ཅེས་མི་བརྗོད་པར་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རེད་གསུངས། དེས་རང་ངོས་ནས་མ་གྲུབ་པར་རྐྱེན་གྱི་དབང་གིས་བཏགས་པའི་སྒོ་ནས་ཡོད་པ་སྟེ། བཏགས་ཡོད་མིང་རྐྱང་ཙམ་ཞེས་པ་དེའི་ཐོག་ཏུ་སླེབས་ཡོང་གི་ཡོད།
འདི་ལྟར་གསུངས་དགོས་དོན་ནི། སྟོང་ཉིད་ཀྱི་ཁ་གཏད་གཅོག་ཡུལ་གཙོ་བོ་ནི་མ་རིག་པ་ཡིན་ལ། མ་རིག་པས་ཆོས་གང་ཞིག་ཡིན་ནའང་དོན་གྱི་ཡོད་པར་སྣང་བཞིན་ཡོད། དེ་ལྟར་སྣང་བ་ལྟར་དུ་ཞེན་ནས་ཞེན་པ་དེས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེས། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་ཆགས་སྡང་སྐྱེ་བཞིན་ཡོད། དེང་རབས་ཚན་རིག་པས་ཀྱང་འདི་ལྟར་བརྗོད་བཞིན་འདུག །ངོས་ཀྱི་ངོ་ཤེས་ཚན་རིག་པ་སྤོ་བོ་ཨེ་རོན་འབེག་ཞུ་བ་ཞིག་ཡོད། ཁོང་ད་ལྟ་དགུང་ལོ་ ༩༦ ༩༧ ཙམ་ཞིག་ལ་སླེབས་ཡོད། ཁོང་ལོ་བཅུ་ཙམ་གོང་ནས་ཐེངས་གཅིག་ཐུག་འཕྲད་བྱུང་ཞིང་། ཁོང་གིས་གསུང་ཚུལ་དེར་ངོས་རང་ཡིད་དབང་འཕྲོག་པ་ཞིག་བྱུང་། ཉེ་འཆར་ངོས་རང་ཨ་རིར་བསྐྱོད་སྐབས་ཆེད་མངགས་ཁོང་ཐུག་འཕྲད་དུ་ཕྱིན་པ་ཡིན། ཁོང་གིས་གསུངས་པ་ལ། ཞེ་སྡང་སྐྱེ་སྐབས་ཞེ་སྡང་སྐྱེ་སའི་ཡུལ་དེ་ཆེས་མི་སྡུག་པ་ཞིག་ཏུ་སྣང་བཞིན་ཡོད་ལ། མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཞེ་སྡང་སྐྱེ་མཁན་རང་ཉིད་ཀྱིས་རྣམ་རྟོག་གིས་སྒྲོ་བཏགས་པ་ལས་དངོས་ཡོད་གནས་ཚུལ་མིན་ཞེས་བརྗོད་ཀྱི་འདུག །དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས16།
ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པ་གཅིག་མཚུངས་ཆགས་ཡོད། དེ་བཞིན་ཉེ་ཆར་མཇལ་སྐབས་ངོས་ནས་ཁོང་ལ་འདོད་ཆགས་ཐད་ཇི་ལྟར་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར། འདོད་ཆགས་མེད་ན་འགྲོ་བ་མི་གྲུབ་ཐབས་མེད་ཚུལ་སོགས་སྤྱིར་བཏང་ཞིག་གསུང་གི་འདུག །དེ་ལ་ཁྱད་པར་གང་ཡང་མི་འདུག །ངོས་ནས་རྩོད་པ་ལྟ་བུ་གང་ཡང་ཞུས་མེད། མདོར་ན་ཞེ་སྡང་གིས་སེམས་དཀྲུག་གི་ཡོད་པ་ཡོངས་གྲགས་ངོས་འཛིན་བྱེད་པར་བརྟེན། ཞེ་སྡང་སྐྱེ་སྟངས་ལ་དཔྱད་པ་བྱེད་སྐབས་བརྒྱ་ཆ་དགུ་བཅུ་རྣམ་རྟོག་གིས་སྒྲོ་བཏགས་ནས་ཡོང་ཚུལ་གསུངས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་དེར་རྒྱབ་རྟེན་ཧ་ཅང་ཡག་པོ་ཞིག་རག་པ་རེད།
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
ཞེས་པ་ལྟར་དབུ་མའི་ལྟ་བར་མཚོན་ན། དབུ་སེམས་ཀྱི་མཁས་པ་ཚང་མས་ཤེར་ཕྱིན་གྱི་གཞུང་རྩ་བར་བརྩི་བཞིན་ཡོད། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པར་སྒྲུབ་པ་དེ་གསལ་སྟོན་གནང་མཁན་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་གཙོ་བོ་ཡིན་ཏེ། དེ་ཡང་། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་བཞི་པ་ལས17།
རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །
དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །
གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །
དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །
ཞེས་པའི་ཚིགས་སུ་བཅད་པ་འདི་དག་ཁོ་ནར་བསམ་བློ་བཏང་ནའང་། ཤེར་ཕྱིན་གཞུང་གི་དབུ་ཞབས་ཚང་མར་གོ་བ་འདི་འཁྱེར་ནས་བལྟས་ན་གོ་བ་བདེ་བླག་ཏུ་རྙེད་ཐུབ་པ་ཞིག་ཡིན། འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་འབྱུང་གི་རིག་པ་རྩལ་དུ་བཏོན་ནས་བདེན་མེད་སྒྲུབ་ཡོང་གི་ཡོད་པས།
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
ཞེས་བསྟོད་ཕྱག་མཛད་པ་དང་། དེ་ཡང་མདོར་བསྡུས་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ལས18།
ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །
ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །
ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །
ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །
ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་སྟོན་པའི་ཤེར་ཕྱིན་གྱི་གཞུང་རྣམས་མིའི་རྟེན་ཅན་གྱི་མཁས་པའི་ཁྲོད་ནས་བཀའ་བབས་ཀྱི་གཙོ་བོ་གཉིས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཡིན་ཅིང་། དེ་ཡང་ཟབ་མོའི་ལམ་གྱི་རིམ་པ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ལ་བཀའ་བབས་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་འཕགས་པ་ཐོགས་མེད་ལ་བཀའ་བབས་པར་བརྟེན། མིའི་རྟེན་ཅན་གྱི་འགྲེལ་བྱེད་གཞན་ལ་ལྟོས་མི་དགོས་པའི་རྒྱལ་བའི་དགོངས་པ་རང་དབང་དུ་འགྲེལ་མཁན་གྱི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཅེས་གསུངས་ཡོད།
ཡང་བསམ་གཞིག་ཅིག་བྱས་ན། གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཞིག་འབྱེད་ཀྱི་མེད་དམ་སྙམ། རྣམ་རིག་པའི་ལྟ་བ་གཙོ་བོར་གཏན་ལ་འབེབས་མཁན་དེ་འཕགས་པ་ཐོགས་མེད་ཡིན་ཅིང་། དེ་ཡང་རྣམ་རིག་པའི་ལྟ་བ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་ཁོང་ཉིད་ཀྱི་ལས་སྐལ་གཙོ་བོ་ལྟ་བུ་ཞིག་ཆགས་ཡོད། འཕགས་པ་ཐོགས་མེད་རང་ཉིད་ཀྱི་བཞེད་པ་ནི་རྒྱུད་བླ་ཐོགས་འགྲེལ་ནང་གསལ་བ་ལྟར། དབུ་མ་པའི་ལྟ་བ་ཆགས་ཡོད་ཀྱང་འཕགས་པ་ཐོགས་མེད་ཀྱི་བཀའ་བབས་ཀྱི་གཞུང་ལུགས་འཆད་སྤེལ་དང་། གཞུང་ལུགས་རྩོམ་པ་སོགས་ནི་རྣམ་རིག་པའི་ལྟ་བ་གཙོ་བོར་གནང་བ་ཞིག་ཆགས་ཡོད། དེས་ན་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཞེས་བརྗོད་ཀྱང་ཕལ་ཆེར་བརྗོད་ཐུབ་པ་ཞིག་ཡིན། དེ་མིན་རྒྱ་ཆེ་བའི་ལམ་གྱི་རིམ་པར་མཚོན་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མ་གསུངས་པ་མིན་པར་དབུ་མ་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ་སོགས་སུ་གསུངས་ཡོད། དེས་ན་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་གཉིས་ཀར་ཡོད་པ་ཞིག་ཡིན། དེས་ན།
ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །
ཞེས་གསུངས་པ་ལྟར། ཤིན་ཏུ་རྟོགས་དཀའ་བ་དེ་ཡང་ཕྱོགས་གཅིག་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ལམ་སེང་ལས་སླ་པོའི་ཐོག་ནས་ཤེས་ཐུབ་ཐབས་མེད་པར་བསམ་བློ་མང་དུ་གཏོང་བ་དང་། དཔྱད་པ་མང་དུ་བྱེད་དགོས་པ་ཞིག་ཡིན། ལྷག་པར་ཕྱི་ནང་གི་གྲུབ་མཐའ་གཉིས་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལའང་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་ཀྱི་འདོད་ཚུལ་རྣམས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་དཔྱད་ཞིབ་གནང་ན། ཆོས་ཀྱི་བདག་མེད་བཞེད་མཁན་གྱི་དབུ་སེམས་ཀྱི་གྲུབ་མཐའ་གཉིས་དང་། དེའི་ནང་ནས་ཀྱང་དབུ་མ་པ་ལ་ནང་གསེས་ཀྱིས་རང་བཞིན་ཡོད་པར་སྨྲ་བའི་དབུ་མ་པ་གཅིག་དང་། རང་བཞིན་མེད་པར་སྨྲ་བའི་དབུ་མ་པ་གཅིག་བཅས་མི་འདྲ་བ་གཉིས་ཡོད། དེ་དག་གི་གཞུང་ལུགས་རྣམས་ལ་དཔྱད་བསྡུར་བྱས་ཏེ་བསམ་བློ་བཏང་ན། སེམས་ནང་གཞི་ནས་སྒྲོ་འདོགས་ཆོད་པ་ཞིག་ཡོང་རྒྱུ་ཡོད།
དེས་ན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན་པས་ན་ཟབ་པ་དང་། གཉིས་ནས་ཤེར་ཕྱིན་གཞུང་གི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་གཉིས་གསུངས་ཡོད། དེས་ན་རྗེ་བཙུན་བྱམས་པ་མགོན་པོའི་མན་ངག་ལ་བརྟེན་ནས་མངོན་རྟོགས་རྒྱན་གྱི་དོན་བདུན་ཅུ་གསལ་པོ་ཞིག་ཤེས་ཐུབ་པ་ལ། ཤེར་ཕྱིན་གྱི་གཞུང་ཤ་སྟག་མཇལ་ནའང་དོན་བདུན་ཅུ་ལམ་སེང་བློ་ངོར་རྟོགས་པ་ཞིག་ཡོང་དཀའ། དེར་བརྟེན་བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་ལུགས་སོགས་སུ་དངོས་བསྟན་དང་སྦས་དོན་གཉིས་མེད་ཀྱང་། ཤེར་ཕྱིན་གྱི་གཞུང་ལ་དངོས་བསྟན་དང་སྦས་དོན་གྱི་རིམ་པ་གཉིས་གསུངས་ཡོད། དེ་ལྟ་བས་ན།
ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །
ཞེས་གསུངས་པ་ལྟར་ཡིན། ང་རང་ཚོས་བཀའ་འགྱུར་གྱི་གཞུང་ལ་སློབ་གཉེར་བྱེད་པའི་ལྡེ་མིག་ལྟ་བུ་ནི་བསྟན་འགྱུར་ཡིན་ཅིང་། བསྟན་འགྱུར་གྱི་ནང་ནས་ཀྱང་པཎ་གྲུབ་བཅུ་བདུན་ཞེས་པའི་སྡེ་ཚན་ཞིག་ངོས་ནས་གསར་གཏོད་བྱས་ཏེ་དེ་དག་གི་སྐུ་ཐང་འབྲི་བཞེངས་དང་། གསོལ་འདེབས་འབྲི་རྩོམ་བྱས་པ་ཡིན། པཎ་གྲུབ་བཅུ་བདུན་རྣམས་སྤྱིར་དཔལ་ནཱ་ལེནྡྲའི་མཁས་པ་ཤ་སྟག་ཡིན་ལ། བྱེ་བྲག་ཏུ་པཎ་གྲུབ་དེ་དག་གི་གཞུང་ལུགས་རྣམས་ཕལ་ཆེར་ང་ཚོས་ནམ་རྒྱུན་ནས་ཐོས་བསམ་སློབ་གཉེར་བྱས་དང་བྱེད་མུས་ཤ་སྟག་ཆགས་འདུག །
དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པའི་དགོངས་དོན་དཔྱིས་ཕྱིན་པ་ཤེས་པ་ལ་ཚིག་ཉུང་ངུའི་ཐོག་ནས་དོན་གསལ་བར་བཀྲལ་བ་ནི་རྒྱལ་བ་བྱམས་པ་མགོན་པོས་འཕགས་པ་ཐོགས་མེད་ལ་གསུངས་པའི་བྱམས་ཆོས་སྡེ་ལྔ་དང་། དེ་དག་ལས་གཙོ་བོ་ནི་མངོན་རྟོགས་རྒྱན་ཡིན། དེས་ན་བཀའ་བསྟན་རྣམ་གཉིས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན་པས། བཀའ་བསྟན་རྣམ་གཉིས་སློབ་དེབ་ལ་འདུ་ཤེས་བཞག་སྟེ་ལྟ་ཀློག་བྱེད་དགོས། བཀའ་བསྟན་ཡོངས་རྫོགས་ལྟ་ཀློག་བྱེད་ཐུབ་ཐབས་མེད་ཀྱང་། པཎ་གྲུབ་བཅུ་བདུན་ཞེས་བསྒྲིགས་པ་འདི་དག་གི་གསུང་རྣམས་ལྟ་ཀློག་བྱེད་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
༢༽ རྒྱལ་སྲས་འཕགས་པ་ལྷ།
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཞེས་པས་མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་འཕགས་པ་ལྷ་སྟེ་སློབ་དཔོན་ཨཱརྱ་དེ་ཝ་ལ་བསྟོད་ཕྱག་བྱས་ཤིང་། དེ་ཡང་མགོན་པོ་ཀླུ་སྒྲུབ་ལ་སློབ་མ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད་སོགས་མང་དུ་ཡོད་པའི་ནང་ནས་ཐུགས་ཀྱི་སྲས་མཆོག་རྒྱལ་སྲས་འཕགས་པ་ལྷ་ནི་སྲས་གཞན་ཐམས་ཅད་ཀྱིས་གཞུང་ཕྱི་མོའི་དབུ་མ་པ་ཞེས་མགོན་པོ་ཀླུ་སྒྲུབ་དང་འདྲ་བར་གཙུག་ཏུ་བཀུར་བས་ན་སྲས་ཀྱི་ཐུ་བོ་ཞེས་བྱ་ལ། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཅིག་ཀྱང་ཡིན་པ་ཁོང་གིས་མཛད་པའི་དབུ་མ་བཞི་བརྒྱ་པར་གཟིགས་ན་ཤེས་རྟོགས་ཐུབ་པ་ཞིག་ཡིན།
སློབ་དཔོན་འཕགས་པ་ལྷས་མཛད་པའི་གཞུང་ལུགས་ལ་ཆ་མཚོན་ན། སྔགས་ཀྱི་གཞུང་ལ་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་དང་། དབུ་མའི་གཞུང་མི་འདྲ་བ་འགའ་ཞིག་ཡོད་འདུག་པ་ལས། གཙོ་བོ་ནི་དབུ་མ་བཞི་བརྒྱ་པ་ཡིན་ལ། དབུ་མ་བཞི་བརྒྱ་པ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་ཞལ་སྐོང་གི་ཚུལ་དུ་མཛད་པ་ཞིག་ཡིན་པས། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱིས་འཐུས་པ་གནང་ཡོད་པས་དབུ་མ་བཞི་བརྒྱ་པར་མཆོད་བརྗོད་མེད། རྩ་བ་ཤེས་རབ་ནི་རང་ལུགས་བཞག་པ་གཙོ་བོར་གནང་ནས་གསུངས་པ་ཞིག་དང་། དེའི་སྐབས་སོ་སོར་རྩོད་པ་སྤོང་བ་ཡོང་ངེས་ཡིན། གཞན་ལུགས་འགག་པ་གཙོ་འདོན་གནང་སྟེ་གསུངས་པ་ནི་དབུ་མ་བཞི་བརྒྱ་པ་ཆགས་ཡོད། དེས་ན་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་རྣམ་གཉིས་འབྲེལ་ནས་ལྟ་ཀློག་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ།
ནམ་རྒྱུན་གཞུང་ཆེན་བཅུ་གསུམ་གྱི་ནང་དུའང་རྩ་འཇུག་བཞི་གསུམ་ཞེས་དབུ་མ་རྩ་བ་ཤེས་རབ་དང༌། དབུ་མ་འཇུག་པ། དབུ་མ་བཞི་བརྒྱ་པ་བཅས་ནི་གཙོ་བོར་བརྩི་བཞིན་པར་མ་ཟད། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་སྦྲགས་ནས་འཆད་ལུགས་གཅིག་ཡོད་ལ། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ལུགས་གསལ་བར་མཛད་པ་དང་། དེ་ཡང་དགག་བཞག་སྤོང་གསུམ་གནང་བ་ནི་དབུ་མ་འཇུག་པ་རྩ་འགྲེལ་གཉིས་ཡིན། དེ་ལྟར་རྩ་འཇུག་བཞི་གསུམ་གྱི་གཞུང་རྣམས་ལ་ང་ཚོས་སློབ་གཉེར་བྱེད་བཞིན་ཡོད་ལ། དབུ་མ་བཞི་བརྒྱ་པ་དང་། དེའི་འགྲེལ་པ་གཙོ་བོ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་གཉིས་པོ་སྦྱར་ནས་བལྟས་ན་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་འཕགས་པའི་ཡུལ་དུ་ཡོད་པའི་གྲུབ་མཐའ་གཙོ་ཆེ་བ་ཚང་མར་དཔྱད་པ་ཞིབ་ཏུ་གནང་ནས་གསུངས་པ་ལྟ་བུ་ཞིག་ཡོད། དེས་ན།
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཞེས་པ་ལྟར། སློབ་དཔོན་འཕགས་པ་ལྷ་ནི་ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མ་ཟད། ལྷག་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིག་ཚོགས་དྲུག་དང་། གཞན་ཡང་མདོ་ཀུན་ལས་བཏུས་པ། ཡང་སྒོས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་མང་དུ་མཛད་ཡོད་པས། མདོ་སྔགས་གང་གི་སྐབས་སུའང་ཁུངས་གཏུག་ས་ཞིག་ཆགས་ཡོད། དེ་ཡང་གཙོ་བོ་དཔལ་གསང་བ་འདུས་པའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་རིམ་ལྔ་དང་། དེའི་དོན་འགྲེལ་སློབ་དཔོན་འཕགས་པ་ལྷས་མཛད་པ་སྤྱོད་བསྡུས་སྒྲོན་མ་གཉིས་ནི་ཧ་ལས་པའི་ལེགས་བཤད་རྨད་དུ་བྱུང་ཞིང་། བསམ་གྱིས་མི་ཁྱབ་པའི་གཞུང་ལུགས་ཤ་སྟག་ཡིན་ལ། དེ་དག་གི་བཤད་ལུང་གི་རྒྱུན་ཡང་ཡོད་མུས་ཡིན།
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
ཞེས་པ་ནི་ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་གི་ནོར་བུའི་དཔལ་ལྟ་བུ་རྒྱལ་སྲས་འཕགས་པ་ལྷ་ནི། སློབ་དཔོན་འདི་ཉིད་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཡོད་ལ། སློབ་དཔོན་འཕགས་པ་ལྷས་མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མའི་གཞུང་བཟང་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྨད་དུ་བྱུང་བའི་རིམ་ལྔའི་གཞུང་གི་གནད་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པས་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད།
དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་སྔགས་ཀྱི་གཞུང་ལས། གསང་འདུས་ཀྱི་བསྐྱེད་རྫོགས་ཀྱི་ཐད་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་གཞུང་ལུགས་ཡོད་ལ། ཨརྱ་དེ་བའི་མདོ་ཕྱོགས་ཀྱི་གཞུང་གཙོ་བོ་དབུ་མ་བཞི་བརྒྱ་པ་དང་། སྔགས་ཕྱོགས་ལ་སྤྱོད་བསྡུས་སྒྲོན་མེ་བཅས་མདོ་སྔགས་ཀྱི་གཞུང་དེ་དག་ནི་བསམ་གྱིས་མི་ཁྱབ་པའི་གཞུང་བཟང་ཡིན་ཅིང་། གཞུང་ལུགས་དེ་དག་ང་ཚོས་རྒྱུན་དཔེ་ལྟར་དུ་ལྟ་ཀློག་བྱེད་དགོས་པ་ཡིན། དབུ་མ་བཞི་བརྒྱ་པའི་སྨད་ཆར་ལྟ་གྲུབ་སྐོར་གསུང་སྐབས་ཕྱི་རོལ་མུ་སྟེགས་པའི་གྲུ་མཐའ་ཕལ་མོ་ཆེའི་ལྟ་གྲུབ་སྐོར་གསུངས་ཏེ་རིགས་པའི་ཐོག་ནས་བརྡར་ཤ་བཅད་པ་གནང་ཡོད།
༣༽ སློབ་དཔོན་སངས་རྒྱས་བསྐྱངས།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པས་སློབ་དཔོན་སངས་རྒྱས་བསྐྱངས་ལ་བསྟོད་ཕྱག་བྱས་པ་སྟེ། དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་དཔྱིས་ཕྱིན་པ་ཞིག་ཤེས་པ་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གཞུང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་མ་བལྟས་ན་མི་ཤེས་པས། དེས་ན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་རང་ཉིད་ཀྱི་མཚན་ཡོད་པའི་བུདྡྷ་པཱ་ལི་ཏ་ཞེས་གཞུང་ཧ་ཅང་རྒྱས་པོ་མེད་ཀྱང་། མཐའ་དཔྱོད་གཙོ་བོར་མི་གནང་བར་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་གཙོ་བོར་གནང་ནས་གསུངས་པ་དང་། དཀའ་གནད་གསལ་བར་སྟོན་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་དང་། དཀའ་གནད་རྣམས་ཀྱང་གཞུང་གི་ཚིག་སྦྱོར་ཁོ་ནའི་ཐོག་ནས་གསལ་བར་བསྟན་པ། གཞུང་དོན་ཟབ་ལ་རླིང་པོ་ཧ་ལས་པའི་གཞུང་སྤུས་དག་ལ། དོན་བསྡུས་པ། མཐའ་དཔྱོད་གཙོ་བོར་མ་གནང་བར་ཉམས་ལེན་རང་ལ་སྦྱར་ནས་གསུངས་པ་ཞིག་ཡིན། གཞུང་འདི་ལའང་ང་ཚོས་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད།
སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྟེན་འབྱུང་གི་དེ་ཁོ་ན་ཉིད་དམ། བཏགས་ཡོད་མིང་ཙམ་ཞེས་པ་དེ་ཉིད་ཧ་ཅང་ཤུགས་ཆེར་གསུངས་ཡོད། བུདྡྷ་པཱ་ལི་ཏ་ལས19། འདི་ལྟར་ངོ་བོ་ཉིད་ལས་ཡོད་པ་ལ་ནི་ཡང་བརྟེན་ནས་གདགས་པས་ཅི་བྱ་སྟེ། དེའི་ངོ་བོ་ཉིད་གང་ཁོ་ན་ཡིན་པ་དེ་ཁོ་ནས་གདགས་པར་བྱ་བར་འགྱུར་རོ། །གང་གི་ཕྱིར་དེ་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཉེ་བར་ལེན་པས་གང་གདགས་པར་བྱ་བ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ནི་སེམས་ལ་འགུལ་བསྐྱོད་གཏོང་ཐུབ་མཁན་གྱི་ཚིག་ཧ་ཅང་ནུས་པ་ཆེན་པོ་ཡོད་པ་ཞིག་རེད་འདུག །ང་རང་ཚོ་ཕལ་མོ་ཆེས་བརྟེན་ནས་འདོགས་རྒྱུ་ལས་བྱེད་ཐབས་གང་ཡང་མེད། བརྟེན་ནས་འདོགས་དགོས་དོན་ནི་ལྟོས་མེད་རང་དབང་གིས་མ་གྲུབ་པར་བརྟེན། བརྟེན་ནས་མ་བཏགས་ཐབས་མེད་ཆགས་ཡོད། ངོ་བོ་ཉིད་ཀྱིས་གྲུབ་ནས་ཡོད་ན། ཆོས་དེ་དང་དེའི་མཚན་གཞི་འདི་བཞག་ན་འགྲིགས་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་དགོས་སྟབས་བརྟེན་ནས་འདོགས་དགོས་དོན་མེད། བརྟེན་ནས་བཏགས་པར་བརྟེན་ཆོས་འདི་དང་འདི་ཞེས་དོན་ངོ་མར་མཛུབ་མོ་འཛུགས་ས་མེད་པས། གཞན་ལ་བརྟེན་ནས་འདོགས་དགོས་པ་ཞིག་དང་། བཏགས་ཙམ་གྱི་ཐོག་ནས་ཡོད་པ་ཞིག་གསུང་གི་ཡོད། དེ་ནི་ནུས་པ་ཧ་ཅང་ཆེན་པོ་ཞིག་རེད་འདུག །
དེས་ན། འཕགས་པའི་དགོངས་པ་མཐར་ཐུག་རྟེན་འབྱུང་ཕྲ་མོའི་དོན་དེ་ཉིད་བཏགས་ཡོད་མིང་རྐྱང་ཙམ་སྟེ། རྐྱེན་ཉིད་འདི་པ་ཙམ་ཞེས་གསུངས་པ་དེ་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་གཞུང་བུདྡྷ་པཱ་ལི་ཏའི་ནང་ཤིན་ཏུ་གསལ་བས། བཏགས་ཡོད་མིང་རྐྱང་ཙམ་གྱི་སྟེང་ནས་ཐ་སྙད་ཕྲ་མོ་འཇོག་ཚུལ་དང༌། དེའི་སྟེང་ནས་རྟེན་འབྱུང་ཕྲ་མོའི་གོ་བ་སླེབས་ཡོང་གི་ཡོད། དེ་ལྟ་བུའི་རྟེན་འབྱུང་ཕྲ་མོའི་གོ་བ་ལ་བརྟེན་ནས་སྟོང་ཉིད་ཀྱི་སྟེང་དུ་ཏག་ཏག་སླེབས་པ་ཞིག་དང༌། སྟོང་པ་རྟེན་འབྱུང་དུ་ཤར་བ་དང༌། རྟེན་འབྱུང་སྟོང་པར་ཤར་བ་ཞིག་ཡོང་རྒྱུ་ཡོད་སྟབས། དེ་ལྟ་བུའི་ཟབ་མོའི་གནད་མཐར་ཐུག་པ་གསལ་བར་མཛད་ཅིང་། གྲུབ་པ་མཆོག་གི་སར་གཤེགས་པ་སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས་པའམ་བསྟོད་ཕྱག་བྱས་པ་ཡིན།
དེ་ལྟར་བུདྡྷ་པཱ་ལི་ཏའི་གཞུང་འདི་ཉིད་ཧ་ཅང་གལ་གནད་ཆེ་བས། དེ་མཛད་པ་པོ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། དེས་ན་ནམ་རྒྱུན་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་སློབ་དཔོན་འདི་ཉིད་མེད་སྟབས། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་ཆེད་དུ་བྲིས་པའི་དགོས་དོན་ཡང་འདི་དག་ལ་ཐུག་ཡོད།
༤༽ སློབ་དཔོན་ལེགས་ལྡན་འབྱེད།
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཞེས་པ་ནི། བདེན་པའི་སྐྱེ་བ་དང་། གནས་པ་དང་། འགག་པ། རྒྱུ་དང་ངོ་བོ་འབྲས་བུ་སོགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བཀག་ཅིང་། དེ་ལྟ་ན་ཡང་ཐ་སྙད་དུ་ཡུལ་སྟེང་ནས་རང་མཚན་ཞལ་གྱིས་བཞེད་ཅིང་། རྟོག་གེ་འབར་བ་ལས20། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ།
དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །
དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །
ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མཚན་གཞིའི་ཡིད་ཀྱི་རྣམ་ཤེས་འཇོག་པར་བརྟེན། ཆོས་གང་ཞིག་ཡིན་ནའང་བཏགས་དོན་བཙལ་ན་དོན་གྱི་ངོས་ནས་ཡོད་དགོས་པ་གཞིར་བཞག་གནང་གི་ཡོད། རང་མཚན་ཞལ་གྱིས་བཞེད་པས་ན། རང་མཚན་སྣང་བ་ལ་བལྟོས་ཏེ་མི་བསླུ་བའི་ཚད་མའི་རྣམ་གཞག་ཀྱང་རྣམ་རིག་པ་དང་མཐུན་པ་ཞིག་གསུངས་པས་ན། ཆོས་ཅན་མཐུན་སྣང་གི་རྣམ་གཞག་གསུང་གི་ཡོད། དེས་ན་མདོ་སྡེ་པས་ཕྱི་དོན་བཞེད་པ་ལྟར།
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
ཞེས་སློབ་དཔོན་ལེགས་ལྡན་འབྱེད་ལ་བསྟོད་ཕྱག་བྱས་ཤིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་བཅས་དབུ་མ་སྙིང་པོ་རྩ་འགྲེལ་ནི་ཧ་ལས་པའི་གལ་གནད་ཆེ་བའི་གཞུང་ལུགས་ཤ་སྟག་ཆགས་ཡོད། དེ་ཡང་ཕྱི་ནང་གི་གྲུབ་མཐའ་ཆ་ལག་ཚང་བ་གསུངས་པའི་ཐོག་ནས་བགྲོ་གླེང་དཔྱད་བསྡུར་གནང་བ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག་ལ། ཇོ་བོ་རྗེས་ཀྱང་བོད་ལ་རྟོག་གེ་འབར་བའི་བཤད་ལུང་ལན་གྲངས་མང་དུ་གནང་མྱོང་བ་ཡོངས་གྲགས་ལྟར་ཡིན།
ལྷག་པར་མཁས་པའི་རྣམ་དཔྱོད་ལྡན་པས་མཐའ་དཔྱད་པ་གཙོ་བོར་མཛད་ནས་གསུངས་པ་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་དེ་རྣམ་རིག་པའི་འདོད་པ་རྣམས་བཀག་ནས་རང་ལུགས་མདོ་སྡེ་པས་ཕྱི་དོན་ཞལ་གྱི་བཞེས་པ་ལྟར་གྱི་ཕྱི་དོན་ཞལ་གྱིས་བཞེས་ཤིང་། བདེན་མེད་སྒྲུབ་པའི་རིགས་པ་རང་རྒྱུད་ཀྱི་གཏན་ཚིགས་མང་དུ་བཀོད་ནས་གསུངས་པ་སོགས་ཧ་ལས་པ་ཞིག་ཡོད།
གཞན་ཡང་སློན་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་ལ་དོགས་སློང་དང་བཅས་ཏེ་དགག་པ་ཅུང་ཟད་མཛད་པ་དེ་དག་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པ་རྣམས་རང་ཅག་རྣམས་ཀྱིས་ཐུགས་སྣང་ཡོང་ཐབས་སུ་ཁོང་གིས་དགག་པ་མཛད་པ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག་པ་དེ་ལྟར་མཛད་མེད་ན། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དུ་དེའི་གསལ་བཤད་ཞལ་གསལ་ཞིབ་ཕྲ་ཐོན་ཐབས་མེད་ཅིང་། ཁོང་གིས་དོགས་སློང་མཛད་པར་བརྟེན་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དགོངས་པ་ཞིབ་ཏུ་བཀྲལ་ཞིང་། གསལ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད་པས། བགྲོ་གླེང་འདི་རིགས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
ང་ཚོ་བོད་གངས་ཅན་གྱི་ལྗོངས་ལའང་སྔོན་གྱི་མཁས་པ་རྣམས་ཀྱིས་དགག་བཞག་གནང་བར་མཚོན་། སྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིས་རྗེ་བདག་ཉིད་ཆེན་པོར་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱི་ཐོག་ནས་དགག་པ་མཛད་ཡོད། འོན་ཀྱང་སྐུ་ཚེ་སྨད་ལ་རྗེ་བདག་ཉིད་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་གཟིགས་ནས་དད་པ་ཐུན་མོང་མ་ཡིན་པ་འཁྲུངས་ཏེ་བསྟོད་པ་མཛད་པའི་ལོ་རྒྱུས་ཡོད་པ་དེ་དག་མཁས་པའི་རྣམ་དཔྱོད་རེད་འདུག །
དེ་བཞིན་ཀུན་མཁྱེན་གོ་རམས་པ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་མཁས་པ་མང་པོ་ཞིག་ཡོད་པ་དེ་དག་གིས་རྗེ་རིན་པོ་ཆེར་དགག་པ་བསྐྱོན་ཡོད། ཕྱག་དཔེ་གཅིག་གི་ནང་དུ་རྗེ་བདག་ཉིད་ཆེན་པོར་ཨ་མདོའི་ཕྲུ་གུ་དེས་རང་བཟོ་མང་དུ་བྱས་ཡོད་ཅེས་འཁོད་འདུག །དེ་ལྟར་དགག་པ་དང་དགག་ལན་ཡོད་པ་རྣམས་ཡག་པོ་འདུག །དེ་དག་ལ་ཞིབ་ཏུ་མཇལ་ན་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་གསུངས་པ་དང་། རྗེ་བདག་ཉིད་ཆེན་པོས་ཞིབ་ཚགས་པོའི་ཐོག་ཏུ་རྣམ་དབྱེ་ཕྱེ་ནས་གསུངས་པ་རྣམས་མཐོང་སྐབས་དམིགས་བསལ་གྱི་ཁྱད་ཆོས་རྣམས་ཀྱང་མཐོང་ཐུབ་པ་ཞིག་ཡོང་གི་ཡོད། དེ་མིན་རྗེ་བདག་ཉིད་ཆེན་པོའི་གསུང་ཁོ་ན་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། སྐྱབས་སུ་མཆིའོ། །དེ་ལྟར་ཡིན་པ་རེད་སྙམ་པ་ལྟ་བུ་ཞིག་དང་། དེའི་དགག་པ་རྣམས་མཐོང་ཚེ་རྗེ་རིན་པོ་ཆེས་གསུངས་པ་རྣམས་ལ་དགོངས་པ་འདི་ལྟར་བཞེས་ཡོད་པ་དང་། ལྷག་པར་གཞུང་གོང་འོག་བསྒྲིགས་ནས་བསམ་བློ་གཏོང་སྐབས་རྗེ་བདག་ཉིད་ཆེན་པོས་ཕྱོགས་གཅིག་ནས་རྟོགས་བཟོ་ལྟ་བུ་ཞིག་ཡིན་ནའང་། དོན་དངོས་ཐོག་ཏུ་རྟོགས་བཟོ་མིན་པར་སྔོན་གྱི་མཁས་པ་གཞན་གྱིས་ལེགས་བཤད་མ་ཐོན་པ་ཞིག་རྗེ་བདག་ཉིད་ཆེན་པོས་གཞུང་ལུགས་མང་པོ་གོང་འོག་བསྒྲིགས་ནས་དཔྱད་པའི་ཚེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས21།
དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །
འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །
ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་ལྟར་དངོས་གནས་ཧ་ལས་པ་ཞིག་དང་། ཡིག་འབྲུ་རེ་རེའི་གོ་བ་ལེན་སྟངས་ལ་རྗེ་བདག་ཉིན་ཆེན་པོ་གཞན་དང་མི་འདྲ་བ་ཞིག་རེད་འདུག །
དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། རང་རྐང་དུ་ལྗགས་རྩོམ་མཛད་པའི་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་བཅས་ཡོད། ཁོང་ནི་དངོས་གནས་དྲང་གནས་མཁས་པ་རེད་འདུག་ལ། རྗེ་རིན་པོ་ཆེས་ཀྱང་ཡོངས་སུ་རྫོགས་པའི་པཎྜི་ཏ་ཞེས་བསྔགས་བརྗོད་གནང་ཡོད། དེ་མིན་སློབ་དཔོན་ལེགས་ལྡན་འབྱེད་རང་རྒྱུད་པ་ཡིན་ཚུལ་བརྗོད་ཅིང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་ཐལ་ཟློག་གི་སྐབས་སུ་མདོར་བསྟན་དང་རྒྱས་བཤད་མ་མཁྱེན་པ་རེད་ཅེས་ང་ཚོས་སྣང་ཆུང་བྱ་རྒྱུ་གཏན་ནས་ལྷག་མེད། དེ་དག་ནི་བསམ་གྱིས་མི་ཁྱབ་པའི་མཁས་པ་རེད་འདུག །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་དེའི་ཐོག་སྐྱོན་ཅུང་ཟད་རེ་འཕེན་གནང་མཛད་པ་དེ་དག་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །
དེ་དག་གི་གནད་འགག་གཅིག་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་གནང་བའི་བཀའ་དྲིན་ལ་བརྟེན་ནས་ཐ་སྙད་ཕྲ་མོའི་རྣམ་གཞག་གསལ་པོ་ཆགས་ཡོང་བར་བརྟེན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་དེ་བཞིན་ཁོང་གི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་དེ་དག་གི་ནང་ལ་སེམས་ཙམ་པའི་འདོད་པ་བཀག་པ་དང༌། ལྷག་པར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏས་བདག་སྐྱེ་འགོག་པའི་འགྲེལ་ངག་ལ་སྐྱོན་བརྗོད་གནང་བ་དེའི་སྟེང་ནས། ཀླུ་སྒྲུབ་ཀྱི་སློབ་མ་ཐ་སྙད་དུ་ཆོས་ཐམས་ཅད་བདེན་སྟོང་ཞལ་གྱིས་བཞེས་པའི་དབུ་མ་པའི་ནང་ལའང་ཐ་སྙད་དུ་རང་མཚན་འདོད་མི་འདོད་གཉིས་ཡོད་པ་དེ་ལེགས་ལྡན་འབྱེད་ཀྱི་གཞུང་ལུགས་ནས་ཧ་ཅང་གསལ་པོ་ཞིག་ཆགས་ཡོད། དེར་བརྟེན་ལེགས་ལྡན་འབྱེད་ཀྱི་གཞུང་ལ་གཟིགས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།
དེ་བས་ཆོས་ཐམས་ཅད་བདེན་པས་སྟོང་པ་གསུངས་ཤིང༌། དེ་ཡང་དོན་དམ་པར་མཐའ་བཞིའི་སྐྱེ་བ་བཀག་ཡོད། མདོར་ན་ཚད་མ་འཇོག་ཚུལ་གྱི་སྟེང་ནས་ཐ་སྙད་དུ་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མ་པས་རང་ཚན་སྣང་བ་ལ་ལྟོས་ཏེ་འཁྲུལ་པའི་ཤེས་པ་གསུང་གི་ཡོད་སྟབས། ཆོས་ཅན་ལ་སོགས་པ་འཇོག་བྱེད་ཀྱི་ཚད་མ་དེ་དག་ཀྱང་རང་མཚན་སྣང་བའི་ཆ་ནས་འཁྲུལ་བར་གསུང་གི་ཡོད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་མཚན་ཐ་སྙད་དུ་ཞལ་གྱིས་བཞེས་པས་རང་མཚན་སྣང་བ་དེར་མ་འཁྲུལ་བར་གསུངས། དེ་ལྟ་བུའི་མ་འཁྲུལ་བའི་ཚད་མ་བཞག་པ་ལ་བརྟེན་ནས་ཚད་མ་མཐུན་སྣང་བ་ཡོད་པར་གསུངས་ཡོད།
དེས་ན། ཚད་མ་མཐུན་སྣང་། ཞེས་པ་ནི། རང་མཚན་སྣང་བ་ལ་ལྟོས་ཏེ་མི་བསླུ་བའི་ཚད་མ་ཞིག་ཞལ་གྱིས་བཞེས་པ་སྟེ། མདོར་ན་ཐ་སྙད་དུ་རང་མཚན་ནམ། ཆོས་ཅན་མཐུན་སྣང་བ་ཞལ་གྱིས་བཞེས་པ་གནང་ཡོད། དེ་ལྟ་བུའི་སྟེང་ནས་ཕྱི་དོན་ཞལ་གྱིས་བཞེས་པ་འདིས་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་རང་རྐང་ལྟ་བུ་མི་འདྲ་བ་ཞིག་ཡོད་པ་གསུང་གི་འདུག་ལ། དཔལ་ལྡན་ས་སྐྱ་པའི་མཁས་པ་དག་གིས་རང་རྒྱུད་གོང་མ་དང་། རང་རྒྱུད་འོག་མའི་ཐ་སྙད་མཛད་ཅིང་། དེ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་རང་རྒྱུད་གོང་མ་དང་། རྣམ་རིག་པའི་གྲུབ་མཐའ་ནི་གོང་མ་གཉིས་ལས་གྲུབ་མཐའ་འོག་མ། མདོ་སྡེ་པས་ཕྱི་དོན་ཞལ་གྱིས་བཞེས་པ་དང་མཐུན་པར་གསུངས་པས་ན། རང་རྒྱུད་འོག་མ་ཞེས་རང་རྒྱུད་གོང་འོག་གཉིས་ཀྱི་ཐ་སྙད་སྦྱར་ཡོད། ནམ་རྒྱུན་ཡོངས་གྲགས་སུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གསུངས་པ་དེ་གཉིས་ཡིན། དེ་ལྟ་བུའི་གྲུབ་མཐའ་སྲོལ་གཏོད་མཛད་པའི་ཡོངས་སུ་རྫོགས་པའི་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་འདེབས་བསྟོད་ཕྱག་བྱས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས་འདི་ཡང་གསར་དུ་བསྣན་པ་ཡིན།
གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོའི་བཤད་ལུང་ཕལ་ཆེར་མི་འདུག་པས། ས་སྐྱའི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ནས་མཆན་འགྲེལ་ཞིག་གནང་རོགས། མཆན་འགྲེལ་དེའི་ཐོག་ནས་བཤད་ལུང་གི་རྒྱུན་ཞིག་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་རིན་པོ་ཆེར་ངོས་ནས་གསོལ་འདེབས་ཞུས་པ་ལྟར། རིན་པོ་ཆེས་མཆན་འགྲེལ་མཛད་དེ་ངོས་ནས་རིན་པོ་ཆེའི་དྲུང་ནས་དབུ་མ་སྙིང་པོའི་བཤད་ལུང་ཞུས་ཏེ་བཤད་ལུང་གི་རྒྱུན་ཚུགས་ཐུབ་པ་བྱུང་ཡོད། དེ་དག་ནི་སློབ་དཔོན་ཐུགས་རྗེ་ཅན་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཀའ་དྲིན་གསབ་པའི་སླད་དུ་ཡིན། འདི་དག་གལ་གནད་ཆེན་པོ་རེད་འདུག །
༥༽ དཔལ་ལྡན་ཟླ་བ་གྲགས་པ།
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
ཞེས་སོགས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པར་བསྟོད་ཕྱག་བྱས་པ་ཡིན། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རང་གཞུང་དབུ་མ་འཇུག་པ་རྩ་འགྲེལ་ཏེ། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། དེའི་རང་འགྲེལ། དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་དབུ་མ་ཚིག་གསལ། གཞན་ཡང་སློབ་དཔོན་འཕགས་པ་ལྷའི་གསུང་དབུ་མ་བཞི་བརྒྱ་པའི་འགྲེལ་པ་བཅས་གཞུང་འདི་དག་ནི། རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་འདོམས་པའི་གཞུང་ལུགས་འགྲན་གྱི་དོ་ཟླ་བྲལ་བ་ཞིག་དང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་གཞུང་དོན་གཏན་ལ་འབེབས་པའི་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་གཞུང་ཤ་སྟག་ཆགས་ཡོད། དེ་དག་བསྟན་འགྱུར་ནང་དུ་ཡོད་སྟབས་བསྒྲིགས་ནས་མི་འཇོག་པར་གལ་གནད་ཆེ་བའི་གཞུང་ལུགས་དེ་དག་ང་ཚོས་རྒྱུན་དཔེ་ལྟར་ལྟ་ཀློག་སློབ་གཉེར་བྱེད་དགོས་ལ། གཞུང་དེ་དག་ང་ཚོས་ནམ་རྒྱུན་ནས་སློབ་གཉེར་བྱེད་བཞིན་པ་ཤ་སྟག་ཀྱང་ཡིན།
དེས་ན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། རྟོག་གེ་འབར་བ། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་གསུམ་པོ་སྦྲགས་ནས་བལྟ་རྒྱུ་གལ་གནད་ཆེ་ལ། དེ་དག་གི་ཐོག་ཏུ་བུདྡྷ་པཱ་ལི་ཏ་བཅས་ནི་མི་ལྟ་ཐབས་མེད་ཀྱི་གཞུང་ཤ་སྟག་ཡིན་ཅིང་། གཞུང་དེ་དག་སྦྲགས་ནས་བལྟས་ཚེ་དབུ་མ་པའི་ནང་གསེས་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པའི་ཁྱད་པར་དང་། ཆོས་ཅན་མཐུན་སྣང་བ་ཡོད་མེད། དགག་བྱ་དབང་ཤེས་ལ་སྣང་མིན་སོགས་ཀྱི་ཁྱད་པར་རྣམས་གསལ་རྗེན་དུ་ཐོན་པ་ཞིག་ཡོད། གཞུང་ལུགས་དེ་རྣམས་མ་བལྟས་ན་ཁྱད་པར་དེ་དག་ཤེས་ཐབས་མེད་ལ། དབུ་མ་འཇུག་པ་རྐྱང་པར་བལྟས་ན་ཁྱད་པར་དེ་དག་ཤེས་དཀའ་བ་ཞིག་ཡིན།
དཔལ་ལྡན་ཟླ་བ་གྲགས་པའི་ཁྱད་ཆོས་སམ་བསྟོད་པ་ལ། གང་ལྟར་མཐའ་གཉིས་སེལ་བའི་སྒྲུབ་བྱེད་མཐར་ཐུག་ཐ་སྙད་དུའང་རང་མཚན་བཀག་ནས་རྐྱེན་ཉིད་འདི་པ་ཙམ་ཞིག་གི་སྟེང་ནས་གསུང་གི་ཡོད། དེ་ལྟ་བུའི་སྣང་སྟོང་ཟུང་དུ་འཇུག་པའི་དབུ་མའི་ཚུལ་ཏེ། གཙོ་བོ་ཁོང་གི་འགྲེལ་པ་ཚིག་གསལ་དང༌། དེ་བཞིན་དབུ་མ་འཇུག་པ། དེའི་རང་འགྲེལ། འཕགས་པ་ལྷའི་བཞི་བརྒྱ་པའི་འགྲེལ་པ་སོགས་མཛད་པའི་སྟེང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་སངས་རྒྱས་བསྐྱངས་ཀྱིས་དཔྱིས་ཕྱིན་པ་བཀྲལ་ཡོད་པར་གཟིགས་ནས་སངས་རྒྱས་བསྐྱངས་ཀྱིས་ཐ་སྙད་ཕྲ་མོ་གསུངས་པ་བཞིན་དུ་དཔལ་ལྡན་ཟླ་བས་གསལ་བར་མཛད་ཅིང་། སངས་རྒྱས་བསྐྱངས་ཀྱི་གཞུང་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པ་དེ་ལ་སྐྱོན་བརྗོད་དེ་དག་མི་འཇུག་པའི་ཚུལ་གསལ་བར་མཛད་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མའི་ནང་ལ་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པ་དང་མི་བཞེས་པ་གཉིས་ཡོད་པའི་ཁྱད་པར་དེ་དག་གསལ་པོ་ཞིག་ཐོན་ཡོང་གི་ཡོད། བོད་སྔ་རབས་པས་དབུ་མ་ཐལ་རང་ཞེས་གསུངས་པ་དེ་ཡང་འདིའི་སྟེང་ནས་ཐོན་ཡོང་གི་ཡོད།
ཟབ་རྒྱས་འདོམས་མཁས། ཞེས་པ་ནི། དབུ་མ་འཇུག་པའི་སྐབས་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་ཀྱང་ཆ་ཚང་བ་ཞིག་གསུངས་པར་བརྟེན། ནམ་རྒྱུན་དབུ་མ་རྩ་བ་ཤེས་རབ་ལ་དབུ་མ་འཇུག་པས་འཇུག་ལུགས་ཟབ་པའི་སྒོ་ནས་འཇུག་པ་དང༌། རྒྱ་ཆེ་བའི་སྒོ་ནས་འཇུག་པ་ཞེས་གསུངས་པ་འདི་ཡིན། ངོས་ནས་རྒྱ་རིགས་ཆོས་གྲོགས་རྣམས་དང་། དེ་བཞིན་ཉི་ཧོང་གི་ཆོས་གྲོགས་རྣམ་པར་དབུ་མ་ཚིག་གསལ་སྔར་བསྒྱུར་མི་འདུག་པས་དབུ་མ་ཚིག་གསལ་རང་རང་གི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་བརྗོད་ཡོད། འཇུག་པ་རྩ་འགྲེལ་རྒྱ་ཡིག་ཐོག་ཡོད་ཀྱང་། དབུ་མ་ཚིག་གསལ་རྒྱ་ཡིག་སོགས་སུ་བསྒྱུར་མི་འདུག་པས། བསྒྱུར་དགོས་ཞེས་བརྗོད་པ་ལྟར་འགའ་ཞིག་བསྒྱུར་ཟིན་ནས་སྐད་ཡིག་གཞན་གྱི་ཐོག་ཏུའང་ཡོད། དེས་ན་དབུ་མའི་ལྟ་བ་ཞིབ་ཚགས་ཤེས་པ་ལ་དབུ་མ་ཚིག་གསལ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །གཞན་ཡང་།
གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས། །
ཞེས་གསུང་རྒྱུན་དུ་ཡོད་པ་ལྟར། མདོ་ཕྱོགས་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ཚིག་གསལ་དང་། སྔགས་ཕྱོགས་ནས་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་བཅས་མདོ་སྔགས་ཡོངས་སུ་རྫོགས་པ་རྒྱས་པར་མཛད་པའི་ཕྱིར། མདོ་སྔགས་ཀྱི་གཞུང་དེ་དག་ལ་བསམས་ནས་མདོ་སྔགས་ཡོངས་རྫོགས་ལམ། །ཞེས་པ་སྨོས་པ་ཡིན། དེ་ལྟར་ཡིན་ཚུལ་ཡང་བསྟན་བཅོས་མཛད་པའི་སྒོ་ནས།
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
ཞེས་བསྟོད་ཕྱག་བྱས་པ་ཡིན། མདོར་ན་ཚིག་གསལ་དང་སྒྲོན་གསལ་རྣམ་གཉིས་ལ། ས་ལ་གསལ་བ་རྣམ་གཉིས། ཞེས་གསུངས་ཏེ་གཞུང་དེ་དག་ཉི་ཟླ་ལྟར་ཧ་ལས་པའི་གཞུང་རླིང་པོ་དང་། རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞུང་དེ་དག་ལ་ང་ཚོས་ནམ་རྒྱུན་ནས་འཆད་ཉན་བྱས་དང་བྱེད་མུས་ཡིན། དེ་ཡང་རྩ་བ་བློ་ངོར་འཛིན་ཅིང་། རྩ་འགྲེལ་གྱི་འབྲུ་རེ་རེ་བཞིན་དུ་གཉེར་ནས་ཚིག་འགྲེལ་ཉན། བཤད་གྲྭ་ཁག་ཏུ་རྩོད་པའི་ལམ་ནས་བརྡར་ཤ་བཅད་ཅིང་། དགག་བཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་འབེབས་བཞིན་པ་འདི་དག་ཤིན་ཏུ་གལ་གནད་ཆེ། དེ་ཡང་རེད་སྙམ་པའི་ཐོག་ཏུ་མི་འཇོག་པ་དང་། དབུ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོ་ཞེས་པའི་བར་ཚིག་འགྲེལ་ཐེབས་ཙམ་མིན་པར་གནད་འགག་ཡོད་དོ་ཅོག་ལ་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བརྡར་ཤ་བཅད་ནས་གཏན་ལ་འབེབས་རྒྱུ་ཤིན་ཏུ་གལ་གནད་ཆེ།
གཞན་ཡང་རྗེ་བདག་ཉིད་ཆེན་པོའི་གསུང་གསང་བ་འདུས་པ་གཙོ་བོར་གྱུར་པའི་རྒྱུད་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་མཁན་གཙོ་བོ་དབུས་ཀྱི་རྒྱུད་གྲྭ་སྨད་སྟོད་གཉིས་ཡིན་ཅིང་། དཔལ་ལྡན་ཟླ་བ་གྲགས་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང་། དེ་ལ་རྗེ་བདག་ཉིད་ཆེན་པོས་ས་བཅད་བསྡུས་དོན་དང་། མཐའ་དཔྱོད་མྱུ་གུ་སོགས་ལ་འགྲེལ་པ་བཞི་སྦྲགས་འདི་ཉིད་བླ་མ་རྒྱུད་པས་འཆད་ཉན་མི་ཐུབ་ཀྱང་བྱེད་དགོས་པ་དང་། མི་འདོད་ནའང་ཉན་དགོས་པ་འདི་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད་འདུག །
༦༽ རྒྱལ་སྲས་ཞི་བ་ལྷ།
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
ཞེས་རྒྱལ་སྲས་ཞི་བ་ལྷ་ལ་བསྟོད་ཕྱག་བྱས་པ་ཡིན། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་སྤྱོད་གཉིས་ཏེ། བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ལས། བསླབ་བཏུས་ནང་མདོའི་ཁུངས་མང་དུ་དྲངས་ནས་གཞུང་གི་གོ་རིམ་སྒྲིག་སྟངས་ཤིན་ཏུ་ལེགས་ལ། ཡང་བསླབ་བཏུས་སུ་མི་གསལ་ཞིང་མདོར་བསྡུས་སུ་གསུངས་པ་རྣམས་ཀྱི་ཞལ་སྐོང་གི་ཚུལ་དུ་སྤྱོད་འཇུག་མཛད་ཡོད། དེ་ཡང་བསླབ་བཏུས་ཀྱིས་ལུང་གི་ཁུངས་རྣམས་གསུངས་ཤིང་། སྤྱོད་འཇུག་གིས་རིགས་པའི་ལམ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་གཏན་ལ་ཕབ་སྟེ། གཙོ་བོ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་གསུངས་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །ཡང་སྤྱོད་འཇུག་རྐྱང་པའི་ཐོག་ནས་བལྟས་ནའང་ཧ་ལས་པ་ཞིག་ཡོད་པར་མ་ཟད། བསླབ་སྤྱོད་གཉིས་སྦྲགས་ནས་ཕྱིན་ན་ཧ་ལས་པ་ཞིག་ཡོད། བསླབ་སྤྱོད་གཉིས་སྦྲགས་ནས་འཆད་ཉན་བྱེད་པའི་ལམ་སྲོལ་སྔར་ནས་ཡོད་ལ། བཀའ་གདམས་གཞུང་དྲུག་གི་ནང་དུ་བསླབ་སྤྱོད་གཉིས་ཡོད་པ་ལྟར་ཧ་ཅང་གལ་གནད་ཆེ་བས། བསམ་གྱིས་མི་ཁྱབ་པའི་གཞུང་དེ་དག་ཀྱང་ང་ཚོས་ལྟ་བཞིན་ཡོད་པར་མ་ཟད། བསླབ་སྤྱོད་གཉིས་ཀྱི་བཤད་ལུང་གི་རྒྱུན་ཡང་ཡོད་པས་ད་དུང་ཡང་ལྟ་ཀློག་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ།
བཀའ་གདམས་གསར་རྙིང་གཉིས་ཀས་ལམ་རིམ་གཙོ་བོར་གནང་སྟེ་གསུང་གི་ཡོད། བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་ཞེས་གསུང་སྲོལ་ཡོད། དུས་ཕྱིས་བཀའ་གདམས་མན་ངག་པའི་ལུགས་ལྟར་གསུངས་པ་གཙོ་ཆེ་བས། དེས་གཞུང་གི་གོ་བ་མཐའ་རྒྱ་ཆོད་པ་ཤིན་ཏུ་དཀའ་བ་ཡིན། ཇོ་བོ་རྗེས་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དུ་ཕེབས་ཏེ་མངའ་རིས་ཆོས་རྒྱལ་གྱིས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་གྱི་ཞུ་སྐུལ་གནང་སྐབས། གདམས་པ་ཟབ་ཟབ་པོ་རྒྱ་ཆེ་བ་མི་དགོས་པར་མདོར་བསྡུས་པ་ཞིག་གནང་རོགས་ཞེས་ཞུ་སྐུལ་མཛད་པ་ལྟར། མཛད་པ་པོས་ཀྱང་བོད་གངས་ཅན་གྱི་ལྗོངས་ལ་སློབ་དཔོན་ཞི་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ཆོས་གཞིར་བཞག་གིས་མདོར་བསྡུས་སུ་གསུངས་པ་ཞིག་ཡིན། དེས་ན་བཀའ་གདམས་གོང་མའི་གཞུང་ལུགས་ཕལ་མོ་ཆེ་མདོར་བསྡུས་སུ་གསུངས་པ་ཞིག་ཆགས་ཡོད། ཤ་ར་བའི་ལམ་རིམ་གྱི་ནང་དུ་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་ཡོད་ལ། དེ་བཞིན་དྭགས་པོའི་ཐར་རྒྱན་དུའང་ཐོག་མར་རིགས་ཀྱི་རྣམ་གཞག་གསུངས་ཤིང་། དེ་ལས་སྤྲོས་ཏེ་རྒྱུད་བླ་མ་དང་། མངོན་རྟོགས་རྒྱན། མདོ་སྡེ་རྒྱན་སོགས་ལས་གསུངས་པའི་རིགས་ཀྱི་རྣམ་གཞག་དང་འབྲེལ་ནས་འཆད་པ་གནང་ཞིང་། དེ་ལྟར་བཀའ་གདམས་གཞུང་པ་བའི་འགྲོ་སྟངས་ཅུང་ཟད་སླེབས་པ་ལྟ་བུ་ཆགས་ཡོད། དེ་མིན་ཕལ་མོ་ཆེ་མདོར་བསྡུས་སུ་གསུངས་པ་ཤ་སྟག་ཆགས་ཡོད།
ཇོ་བོ་རྗེ་ལྷ་གཅིག་དི་པཾ་ཀ་རའི་སྲས་ཀྱི་ཐུ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནས་བཟུང་སྟེ་བཀའ་གདམས་སྐུ་མཆེད་གསུམ་ལ་སོགས་པ་ནས་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་བཅས་གསུམ་དུ་ཕྱེ་སྲོལ་ཡོད་པ་ལས། དེང་གི་དུས་སུ་བཀའ་གདམས་གཞུང་པ་བའི་འཁྲིད་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། དྭགས་པོའི་ཐར་རྒྱན་ལ་ཆ་མཚོན་ན། ཐོག་མར་རིགས་ཀྱི་རྣམ་གཞག་དང་། དེ་ནས་གཞུང་སྤྲོས་ཏེ་གསུངས་པ་ཞིག་ཡོང་བ་དང་། དེ་མིན་བློ་ལྡོག་རྣམ་བཞི་སོགས་ཐད་ཀ་ཐད་ཀའི་བློ་སྦྱོང་ཚུལ་ཞིག་གསུངས་པ་ལས། བསྟན་པ་སྤྱིའི་རྣམ་གཞག་སྤྲོས་ཏེ་གསུངས་པ་ཞིག་མིན་པས། ངེས་པར་དུ་བཀའ་གདམས་གཞུང་པ་བའི་འཁྲིད་ལུགས་ལྟར་འགྲོ་དགོས་པ་ཞིག་རེད་འདུག །
རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས་ལ་ཆ་མཚོན་ན། བཀའ་གདམས་ལམ་རིམ་པའི་གཞུང་ལུགས་ལྟ་བུ་ཆགས་ཡོད་ཀྱང་། ལྷག་མཐོང་ཆེ་ཆུང་གི་ཐོག་ཏུ་སླེབས་སྐབས་གཞུང་གོང་འོག་བསྒྲིགས་ནས་གསུངས་པ་ཞིག་ཡིན་པས། དེ་དག་ཅུང་ཟད་རྒྱ་ཆེན་པོ་ཞིག་རེད་འདུག །དེས་ན་བཀའ་གདམས་ལམ་རིམ་པའི་འཁྲིད་ལུགས་དང་། བཀའ་གདམས་མན་ངག་པའི་འཁྲིད་ལུགས་གཉིས་མདོར་བསྡུས་སུ་གསུངས་པ་ཞིག་ཆགས་ཡོད།
དེང་སྐབས་ཆོས་ལ་དོགས་པ་ཡོད་པའི་གནས་དུས་ཤིག་ཡིན་ལ། ལྷག་པར་བར་ལམ་བོད་ནས་ཆོས་ལ་དགག་པ་བརྒྱབ་པའི་ཡིག་རིགས་འགའ་ཞིག་མཐོང་བྱུང་། ངོས་ནས་དེ་དག་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད། ཚང་མས་ཅི་མཛད་ལེགས་མཐོང་བྱས་ནས་མ་བསྡད་པར་སྐྱོན་མཐོང་བ་རྣམས་བརྗོད་བཞིན་ཡོད། དཔེར་ན། ཕྱིས་སུ་ཚ་བ་མདའ་སྨྱུག་གིས་བྲིས་པའི་དེབ་ལྟ་བུ་ཡག་པོ་འདུག །ང་རང་ཚོ་ཆོས་པ་རྣམས་ལ་འགུལ་བསྐྱོད་གཏོང་མཁན་ཞིག་མ་བྱུང་ན། ཡིན་ཤག་བྱས་ནས་སྡོད་བཞིན་ཡོད། འགུལ་བསྐྱོད་གཏོང་མཁན་ཞིག་བྱུང་ན་དེ་ལ་བསམ་བློ་གང་འདྲ་ཞིག་གཏོང་དགོས་མིན་དང་། ཇི་ལྟར་བྱེད་དགོས་མིན་སོགས་ལ་བསམ་བློ་ཞིག་སླེབས་ངེས་ཡིན། དེ་ཧ་ཅང་ཡག་པོ་རེད།
དེ་བཞིན་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དགག་པ་རྒྱག་མཁན་ཡོང་གི་འདུག་པ་ཡག་པོ་རེད། འོན་ཀྱང་ཆོས་ལ་དགག་པ་རྒྱག་པ་ལ་ནང་པ་སངས་རྒྱས་པའི་ཆོས་དངོས་དེ་གང་འདྲ་ཞིག་ཡོད་པ་དང་། བདེན་གཉིས་ཀྱིས་རྨང་གཞི་བསླངས་ཏེ་དེའི་ཐོག་ཏུ་རྒྱུ་འབྲས་རྟེན་འབྱུང་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རྣམ་གཞག་གི་སྟེང་ནས་བདེན་བཞིའི་རྣམ་གཞག་གསུངས་པའི་འགྲོ་ལུགས་རྣམས་ལེགས་པར་ཤེས་ན་སྐྱོན་འདོགས་བྱ་རྒྱུ་གང་ཡང་ལྷག་མེད། ང་ཚོའི་ཆོས་པ་ཤེས་ལ་མ་ཤེས་པ་དག་གིས་ཀུ་རེ་རྩེས་ནས་དགོན་པ་གྲྭ་ཚང་དང་། བླ་མ་རྣམས་བཤུ་གཞོག་གཏོང་མཁན་དང་། མི་ལ་མགོ་སྐོར་གཏོང་མཁན་ལྟ་བུ་ཞིག་ཏུ་མཐོང་ཉེན་ཡོད། སངས་རྒྱས་པའི་ཆོས་ལ་དགག་པ་བརྒྱབ་ན། དགག་པ་རྒྱག་ཡུལ་གྱི་ཕྱོགས་སྔའི་འདོད་པ་རྣམས་ལེགས་པར་ཤེས་དགོས་པ་ལས། དེ་མིན་ཕྱོགས་སྔའི་ནམ་མ་ལངས་གོང་ནས། དགག་པའི་ཉི་མ་ཤར་ཞེས་བརྗོད་སྲོལ་ཡོད་པ་ལྟ་བུར་བརྗིད་ཚད་དང་། རིན་ཐང་གང་ཡང་མེད།
མདོར་ན། བསླབ་སྤྱོད་གཉིས་སྦྲགས་ནས་གསུངས་པ་དེ་བཀའ་གདམས་གཞུང་པ་བ་དག་གིས་བཀའ་གདམས་གཞུང་དྲུག་ཅེས་གསུངས་པ་དོན་ལ་གནས་ཤིང་། དེ་ལྟ་བུའི་ལེགས་བཤད་དེ་དག་གི་ཐོག་ནས་དངོས་གནས་རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་ལ་ཁ་གྲག་རྒྱུ་མེད་པ་ཞིག་རིགས་ཚུལ་བརྒྱ་ཕྲག་དུ་མའམ་རིགས་ཚུལ་རྣམ་པ་མང་པོའི་ཐོག་ནས་གསུངས་ཡོད། རྗེ་རིན་པོ་ཆེའི་ལམ་རིམ་ནང་གི་གོ་རིམ་དེ་དག་ངེས་དགོས་པ་དེ་གལ་གནད་ཆེ་ལ། མདོར་ན་སྣང་གསུམ་གྱི་སྐབས་སུ་ཚེ་འདིའི་སྣང་ཞེན་ལྡོག་པ་དང་། ཕྱི་མའི་སྣང་ཞེན་ལྡོག་པ་ཞེས་སྡོམ་བསྐྱོན་སྟངས་དང་། གོ་རིམ་དེ་དག་བློ་ངོར་ཤར་བའི་ཐོག་ནས་སྤྱོད་འཇུག་གི་གཞུང་ལ་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
སྤྱོད་འཇུག་ནི་ལ་ལས་དུས་རབས་བདུན་པར་མཛད་པ་དང་། འགའ་ཞིག་གིས་དུས་རབས་བརྒྱད་པར་མཛད་ཚུལ་གསུང་གི་འདུག །འོན་ཀྱང་ངོས་ནས་དམིགས་བསལ་ཞིབ་འཇུག་ལྟ་བུ་གང་ཡང་བྱ་རྒྱུ་མ་བྱུང་། མདོར་ན་དུས་རབས་བརྒྱད་པ་ཡས་མས་ཙམ་ནས་ཧ་ལམ་ལོ་ངོ་སྟོང་ཕྲག་གཅིག་ཙམ་ཕྱིན་ཡོད་ལ། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བྱང་ཆུབ་སེམས་སྦྱོང་གི་གདམས་པའི་གཞུང་ངམ། བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་ཀྱི་གཞུང་འདི་ལས་ལྷག་པ་ཞིག་མ་བྱུང་བ་ཤིན་ཏུ་གསལ་ལ། སྤྱོད་འཇུག་གི་བཤད་ལུང་འདི་ཉིད་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་ཞུས་ཤིང་། ཁུ་ནུ་བླ་མ་རིན་པོ་ཆེས་ཀྱང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་སྦྱོང་གི་གཞུང་འདི་ལས་ལྷག་པ་ཞིག་སྔར་བྱུང་མྱོང་མེད་ལ། མ་འོངས་པར་ཡང་ཡོང་གི་མ་རེད་ཅེས་གསུངས་བྱུང་བ་དངོས་བདེན་རེད་འདུག །
ང་རང་ཚོ་བདེན་འཛིན་མ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་རང་གཅེས་འཛིན་དེ་ནི་བདེན་འཛིན་དང་ལག་གདང་སྦྲེལ་ནས་བསྡད་ཡོད་པས། ཤེས་རབ་ཀྱི་ཕྱོགས་ནས་བདག་མེད་རྟོགས་པའི་ཤེས་རབ་བམ། རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་སྟེ། ཐོས་བྱུང་གི་གོ་བ་དང་། བསམ་བྱུང་གི་གོ་བ་བཅས་བྱུང་ན་ཨང་ཀི་དང་པོ་ཡིན། དེ་ལྟ་བུའི་ཐོག་ནས་བདེན་འཛིན་ལ་ཁ་གཏད་གཅོག་རྒྱུ་དང་། ཕྱོགས་གཞན་ཞིག་ནས་བདག་གཞན་མཉམ་བརྗེའི་བློ་སྦྱངས་ནས་རང་གཅེས་འཛིན་ལ་སྒོ་དུ་མ་ནས་རྩོད་དེ་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཞིག་བཟོ་དགོས་ལ། རང་གཅེས་འཛིན་དང་བདེན་འཛིན་གཉིས་ལ་ཁ་གཏད་གདོང་ལེན་ཤུགས་ཆེ་ཞིག་ལངས་སྐབས་རང་གཅེས་འཛིན་དང་བདེན་འཛིན་གཉིས་པོ་རང་ཤུགས་ལ་ངོ་གནོང་ནས་སྡོད་དགོས་པ་ཞིག་ཡོད། སེམས་ལ་འགྱུར་བ་འདི་ལྟར་དུ་ཐེབས་དགོས་པས། དེས་ན་མགོན་པོ་ཞི་བ་ལྷ་ནི་བསམ་གྱིས་མི་ཁྱབ་ཅིང་། ཧ་ལས་པ། དངོས་གནས་བཀའ་དྲིན་ཅན་ཞིག་རེད་འདུག
དེ་ནས། ཟབ་དང་། ཞེས་པའི་དོན་ནི། སྤྱོད་འཇུག་གི་ཤེས་རབ་ལེའུའི་ནང་ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་གི་འདོད་པ་བཀོད་ནས་དེ་དག་འགོག་ཚུལ་རྣམས་ལ་ཞིབ་ཚགས་ཀྱིས་བལྟས་ན། དབུ་མ་འཇུག་པའི་དོན་མཐའ་དག་ཆ་ཚང་ཞིང༌། ཧ་ཅང་གཏིང་ཟབ་པོ་རེད་འདུག །གཞན་ཡང་བསླབ་བཏུས་དང༌། སྤྱོད་འཇུག་གཉིས་ལ་གཟིགས་ན་ཀུན་གྱིས་མཁྱེན་གསལ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཉམས་ལེན་གྱི་སྐོར་ཕུལ་དུ་ཕྱིན་པ་ཡོད་ལ། དེ་བཞིན་བཟོད་པའི་ཉམས་ལེན་གྱི་སྐོར་དང༌། བསམ་གཏན་གྱི་ལེའུའི་སྐབས་བདག་གཞན་མཉམ་བརྗེ་བྱེད་རྒྱུའི་སྐོར་རྣམས་རིགས་པའི་ཚུལ་མཐའ་ཡས་པའི་སྒོ་ནས་རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཞིག་གི་རིགས་པ་བཀོད་ནས་ཡོད་པ་ཡིན་པས།
རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
ཞེས་པའི་ཚིག་དོན་དེ་ཡིན། དེ་ལྟར་སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་པར་མཁས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་གསོལ་བ་འདེབས། ཞེས་པའོ། །
༧༽ མཁན་ཆེན་ཞི་བ་འཚོ།
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཞེས་པ་ལྟར། གདུལ་བྱའི་ཁམས་མོས་བཞིན་དུ་གཟུང་འཛིན་གཉིས་སྟོང་སྟེ། སེམས་ཙམ་པའི་ལྟ་བ་ཆོས་ཀྱི་བདག་མེད་གསུངས་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ཤེར་ཕྱིན་གཞུང་གི་ཚིག་དོན་སྒྲ་ཇི་བཞིན་པར་ཁས་བླངས་ན། ཆད་ལྟའམ་སྐུར་འདེབས་སུ་འགྲོ་ཉེན་ཡོད་པའི་གདུལ་བྱའི་ཁམས་མོས་སྣ་ཚོགས་དང་བསྟུན་ནས་ཤེར་ཕྱིན་གྱི་གཞུང་ནས་ཆོས་ཐམས་ཅད་ངོ་བོ་མེད་པར་གསུངས་པ་དེ་དག་ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་ཞེས་རྣམ་རིག་པའི་བཀྲལ་ལུགས་ཤིག་ཡོད་པ་དེ་ཡང་གནད་འགག་ཧ་ཅང་ཆེན་པོ་ཡོད།
མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་ཤིག་ཡིན་པར་མ་ཟད། རང་རྒྱུད་གོང་མ་ཞེས་སེམས་ཙམ་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱང་ཞལ་གྱིས་བཞེས་ཐོག་ཆོས་ཐམས་ཅད་བདེན་གྲུབ་ཏུ་བཀག་ཅིང་། ནང་གི་ཤེས་པ་ཡང་བདེན་པར་གྲུབ་པ་བཀག་ནས། དེ་ལྟ་བུའི་རང་རྒྱུད་གོང་མ་ཞེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབུ་མའི་སྲོལ་གཏོད་ནས་རང་ཉིད་ཀྱི་གྲུབ་མཐའ་རང་རྐང་ཚུགས་པ་མཛད་མཁན་ཞིག་ཡིན། དེས་ན་ཁོང་ཉིད་མཁས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཀྱང་ཆགས་ཡོད།
དེ་ཡང་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་བཞེད་པ་ཇི་ལྟར་ཡིན་རུང་། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ཡོད་སྟབས། དེ་དག་གི་ཆེད་དུ་གཟུང་འཛིན་གཉིས་སྟོང་ཞལ་གྱིས་བཞེས་ཤིང་། ཕྱི་དོན་ཞལ་གྱིས་མི་བཞེས་མོད། སེམས་ཙམ་པ་དང་མི་འདྲ་བར་སེམས་བདེན་སྟོང་ཞལ་གྱིས་བཞེས་པ་དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་དབུ་མའི་ལམ་སྲོལ་གཏོད་པ་པོ་ཡིན་ལ། མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་དང༌། དེ་བཞིན་ཚད་མའི་དེ་ཁོ་ན་ཉིད་བཅས་ཀྱི་སྐབས་སུ་དངོས་གནས་དབུ་ཚད་ཟུང་འབྲེལ་གྱི་སྟེང་ནས་འགྲོ་རྒྱུའི་རྨད་དུ་བྱུང་བའི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་ཡོད་པ་ཞིག་ཡིན་པས་སྲོལ་གཏོད་ཅེས་གཉིས་སྟོང་གི་དབུ་མའི་ལམ་སྲོལ་གཏོད་པར་མཛད་པ། དབུ་མ་དང་ཚད་མའི་རིགས་པའི་ཚུལ་འབྱེད་པ་ལ་མཁས་པའི་དབང་པོ་ཞིག་ཀྱང་རེད།
ལྷག་པར་མཁན་ཆེན་ཞི་བ་འཚོ་ནི། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་ཡིན་པར་མ་ཟད། པཎ་གྲུབ་གཞན་དང་མི་འདྲ་བའི་རང་ཉིད་ཀྱི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་གནང་ཡོད་སྟབས། ནམ་རྒྱུན་ང་ཚོའི་གཞུང་ལུགས་ཁག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་གནང་མཁན་ཞིག་ཆགས་ཡོད། དཔལ་ལྡན་ས་སྐྱ་པས་རང་རྒྱུད་གོང་མ་དང་རང་རྒྱུད་འོག་མ་ཞེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་མདོ་སྡེ་པས་འདོད་པ་ལྟར་ཞལ་གྱིས་མི་བཞེད་སྟབས། མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་པར་བརྟེན་རང་རྒྱུད་འོག་མ་ཞེས་གསུངས། མཁན་ཆེན་ཞི་བ་འཚོས་རྣམ་རིག་པའི་ལྟ་བ་གསུང་གི་ཡོད་སྟབས། རང་རྒྱུད་གོང་མ་ཞེས་པའི་ཐ་སྙད་མཛད་ཡོད།
མཁན་ཆེན་ཞི་བ་འཚོའི་གསུང་ལ་མཚོན་ན། དབུ་མ་རྒྱན་རྩ་འགྲེལ་དང་བཅས་པ་ལྗགས་རྩོམ་མཛད་ཡོད། གཞན་ཡང་མཁན་ཆེན་ཞི་བ་འཚོའི་ཐུན་མོང་མ་ཡིན་ཅིང་། གལ་གནད་ཤིན་ཏུ་ཆེ་བའི་གཞུང་གཙོ་བོ་གཅིག་ནི་ཚད་མའི་དེ་ཁོ་ཉིད་བསྡུས་པ་སྟེ་ཚད་ཆེན་དུ་གྲགས་པ་དེ་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞུང་དེ་ཧ་ཅང་མཁྲེགས་པོ་ཞིག་འདུག །འོན་ཀྱང་གནད་འགག་གཅིག་ནི། དཔལ་ལྡན་ཆོས་གྲགས་བྱོན་པ་ཡན་ཆད་ལ་མུ་སྟེགས་པའི་ཚད་མའི་རྣམ་གཞག་སོགས་ལྟ་གྲུབ་རྣམས་ལ་ཕྱོགས་གླང་ཡབ་སྲས་སོགས་ཀྱི་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བགྲོ་གླེང་ཤུགས་ཆེ་མཛད་ཡོད་ལ། ཕྱོགས་གླང་ཡབ་སྲས་རྣམ་གཉིས་མྱ་ངན་ལས་འདས་པའི་རྗེས་སུ་ཕྱི་རོལ་མུ་སྟེགས་པའི་མཁས་པའི་དབང་པོའི་རིགས་ཀྱིས་ཚད་མའི་རྣམ་གཞག་མཛད་པ་དང་། ལྟ་གྲུབ་སོགས་དཀའ་གནད་ཀྱི་རིགས་ལ་མཁན་ཆེན་ཞི་འཚོས་ཚད་ཆེན་གྱི་ནང་དུ་ལན་བསྐྱོན་པ་གནང་ཡོད། དེ་དག་གལ་གནད་ཤིན་ཏུ་ཆེ་ལ། རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་རོལ་མུ་སྟེགས་པའི་མཁས་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་ཚད་མའི་རྣམ་གཞག་གསུངས་པའི་རིགས་ལ་དུས་ཕྱིས་དུས་རབས་བརྒྱད་པའི་ནང་དུ་བྱུང་བའི་མཁན་ཆེན་ཞི་འཚོའི་ཚད་ཆེན་དེ་ཧ་ལས་པ་ཞིག་རེད་འདུག །
ཚད་ཆེན་ལ་ཆ་མཚོན་ན། ནམ་རྒྱུན་རི་བོ་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ་གྱིས་མཚོན་བཤད་གྲྭ་ཁག་ཏུ་བློ་རིག་རྣོ་བ་འགའ་ཞིག་གིས་ཚད་ཆེན་བློ་འཛིན་བྱེད་པ་ལས། དེ་མིན་ཕལ་མོ་ཆེར་གོམས་འདྲིས་ཆེ་བ་མི་འདུག་ཅིང་། སྔ་འགྱུར་རྙིང་མར་ཆ་མཚོན་ན། མཁན་ཆེན་ཞི་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ཀྱང་། ཚད་ཆེན་ལ་སློབ་གཉེར་བྱེད་མཁན་དེ་ཙམ་མི་འདུག །དེར་བརྟེན་རྙིང་མའི་བཤད་གྲྭ་ཆེ་ཤོས་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་ནམ་རྒྱུན་གཞུང་ཆེན་མོར་ལོ་དགུ་རིང་སློབ་གཉེར་བྱེད་སྲོལ་འདུག་སྟབས། ངོས་ནས་ལོ་དགུ་ཉུང་དྲགས་པས་ཁྱེད་རང་ཚོས་གོ་བསྡུར་ཐོག་མོས་མཐུན་ཡོད་ཚེ་ལོ་དགུའི་ཐོག་ཚད་ཆེན་ལ་ལོ་གསུམ་རིང་སློབ་གཉེར་བྱེད་ཐུབ་ན་ཡག་པོ་འདུག་ཅེས་འབོད་སྐུལ་ཞུས་པ་ཡིན། འབོད་སྐུལ་ཞུས་དོན་ལྟར་ཁོང་རྣམས་ནས་ཀྱང་དེ་རང་ཞུ་གི་བཞིན་གསུངས་ཏེ་ཚད་ཆེན་ལོ་གསུམ་རིང་སློབ་གཉེར་གནང་བཞིན་ཡོད།
དེ་བཞིན་སྔ་འགྱུར་རྙིང་མའི་ཁམས་དང་དབུས་ཕྱོགས་ཀྱི་དགོན་ཆེན་དེ་དག་གིས་གཞུང་ཆེན་དག་ལ་འཆད་ཉན་གནང་བཞིན་ཡོད་ཀྱང་། དཔལ་ས་སྐྱ་པ་དང་། རི་བོ་དགེ་ལྡན་པ་ལྟ་བུའི་རྩོད་པ་ཤུགས་ཆེར་གནང་སྲོལ་དེ་ཙམ་མི་འདུག་པར་མ་ཟད། སྔ་འགྱུར་རྙིང་མའི་བླ་མ་འགའ་ཞིག་གི་ཐུགས་གཤིས་ལ་མོས་གུས་དང་སྒྲུབ་པ་གཙོ་བོར་གསུངས་པ་ལས་རྩོད་པས་མཐའ་དཔྱད་པའི་ཐོག་ནས་འགྲོ་སྲོལ་དེ་ཙམ་མེད་པ་ལྟ་བུ་ཡོང་གི་ཡོད། སྔ་འགྱུར་རྙིང་མ་ནི་མཁན་སློབ་ཆོས་གསུམ་ནས་མར་བརྒྱུད་པའི་བརྒྱུད་འཛིན་གཙོ་བོ་ཞིག་སྟེ། སྦྱིན་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། སློབ་དཔོན་ཐུགས་རྗེ་ཅན་དང་། མཁན་ཆེན་ཞི་འཚོ་རྣམ་པ་གཉིས་ནས་ཆོས་རྒྱུན་ཡོད་པ་དེ་དག་མར་བརྒྱུད་ནས་ཡོང་བ་ཞིག་ཡིན། དེ་ཡང་སློབ་དཔོན་རིན་པོ་ཆེས་ཐུགས་འགན་རྐང་བཞེས་ཀྱི་ཐོག་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བར་མཛད་ཅིང་། དབུ་མའི་ལྟ་བ་དང་། འདུལ་བའི་བསྟན་པ་སྟེ་མདོར་ན་ཐེག་པ་ཐུན་མོང་བའི་ལམ་དེ་དག་མཁན་ཆེན་ཞི་འཚོ་ནས་བརྒྱུད་པ་ཞིག་ཡིན་པས། མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་ལས22།
བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང༌། །
དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །
ཞེས་སོགས་གསུངས་ཏེ་དབུ་མ་རྒྱན་གྱི་དབུ་ནས་ཞབས་བར་རྟགས་གསལ་ཁོ་ནའི་ཐོག་ནས་ལྗགས་རྩོམ་མཛད་ཡོད་པར་མ་ཟད། མཁན་ཆེན་ཞི་བ་འཚོ་རང་ཉིད་རྩོད་པའི་ཁྱུ་མཆོག་ཅིག་ཡིན་སྟབས། ཁོང་གི་རྗེས་འབྲང་པ་དག་གིས་ཀྱང་མཚན་ཉིད་རིག་པའི་གཞུང་ལ་ངེས་པར་དུ་གཟིགས་དགོས་པ་དང་། རྟགས་གསལ་ཡང་ངེས་པར་དུ་གཏོང་དགོས་ཞེས་ངོས་ནས་སྔ་འགྱུར་རྙིང་མ་པ་རྣམས་ལ་ཀུ་རེ་དང་བཅས་ཏེ་བརྗོད་ཀྱི་ཡོད། དེས་ན་སློབ་དཔོན་ཐུགས་རྗེ་ཅན་དང་། མཁན་ཆེན་ཞི་འཚོ་རྣམ་གཉིས་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བས།
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
ཞེས་པ་ནི། དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་འཚོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་གདན་ཞུ་གནང་སྐབས་དགུང་ལོ་བདུན་ཅུ་དོན་གྲངས་སུ་ཕེབས་པའི་བགྲེས་སོང་ཞིག་ཡིན་ནའང་། བོད་ཀྱི་བཙན་པོས་གདན་ཞུ་གནང་བར་བརྟེན། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་བོད་གངས་ཅན་གྱི་ཡུལ་དུ་དར་བར་དགོངས་ནས་བོད་ཀྱི་སྐྱེ་འགྲོའི་ཆེད་དུ་བོད་གངས་ཅན་གྱི་ལྗོངས་སུ་དངོས་སུ་ཞབས་ཀྱིས་བཅགས་པར་མ་ཟད། མཐའ་མ་ཁོང་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་ཀྱང་བོད་རང་དུ་གཏོང་གནང་བ་དང་། དེ་ཡང་བོད་དང་བོད་མི་རིགས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་བཅས་ཀྱི་དོན་དུ་སྐུ་སྲོག་བློས་གཏོང་གནང་བ་ལྟ་བུ་ཆགས་ཡོད།
ནམ་རྒྱུན་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ཏུ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་སྐབས་དགུང་ལོ་ ༩༠༠ ཐོག་བོད་དུ་ཕེབས་ཤིང་། དགུང་ལོ་ ༡༠༠༠ བཞུགས་ཚུལ་བརྗོད་བཞིན་ཡོད། ཐག་བཅད་ནས་བརྗོད་རྒྱུ་དཀའ་ཡང་། ཡོངས་གྲགས་ལྟར་ན་དགུང་ལོ་བདུན་ཅུ་དོན་ལྔར་རྒྱ་གར་འཕགས་ཡུལ་ནས་དཔལ་ནཱ་ལེནྡྲའི་མཁས་པ་བགྲེས་སོང་མཁན་ཆེན་ཞི་འཚོ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་སྐབས་འཕྲུལ་འཁོར་གྱི་རིགས་མེད་ལ། གནམ་གྲུ་དེ་བས་ཀྱང་མེད་པས་ཕྱག་འཁར་འཛུགས་བཞིན་བོད་དུ་ཕེབས་པའམ་ཡང་ན་རྟ་བོང་དང་། སྐབས་རེ་མཛོ་གཡག་ལྟ་བུར་ཆིབས་ཏེ་སྐུ་ངལ་མང་པོ་ཞིག་བསྐྱོན་ནས་བོད་དུ་ཕེབས་ཤིང་། ལྷག་པར་རྒྱ་གར་ཚ་བའི་ཡུལ་གྱི་ས་བབ་དམའ་ས་ནས་བོད་ས་བབ་མཐོ་ལ་གནམ་གཤིས་གྲང་སར་ཕེབས་པར་བརྟེན། ནམ་རྒྱུན་རྒྱ་གར་འཕགས་ཡུལ་དུ་བཞེས་རྒྱུའི་འབྲས་དང་ལྡ་ལི་སོགས་མེད་སྟབས་རྩམ་པ་བཞེས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོར་དགོངས་ནས་སྐུ་ལས་བསྐྱོན་ནས་བོད་དུ་ཕེབས་པ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག
མཁན་ཆེན་ཞི་འཚོའི་རྗེས་དྲན་ཚོགས་འདུའི་སྐབས་རྒྱ་གར་ཧིན་དྷུའི་མཁས་པ་དང་། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་ཡོངས་གྲགས་དགུང་ལོ་ ༧༥ ཐོག་ལ་ཕེབས་ཚུལ་གསུངས་ཤིང་། བོད་ལ་ལོ་ཤས་བཞུགས་མཐར་དགུང་ལོ་དགུ་བཅུ་གོ་གྲངས་ཤིག་ལ་མྱ་ངན་ལས་འདས་པ་ཡིན་འདུག །ནམ་རྒྱུན་ང་ཚོ་བོད་པས་མཁན་ཆེན་ཞི་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༩༠༠ ཙམ་ལ་ཕེབས་པ་དང་ཁྱོན་དགུང་ལོ་ ༡༠༠༠ བར་དུ་བཞུགས་ཚུལ་བརྗོད་ཀྱི་ཡོད་ཀྱང་། ཝཱ་རཱ་ཎ་སཱིར་ཡོད་པའི་ངོས་ཀྱི་ངོ་ཤེས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཨུ་པ་དེ་ཝ་ཞུ་བ་ཞིག་ཡོད་པ་ཁོང་གིས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ བོད་དུ་ཕེབས་པ་མིན་པར་དགུང་ལོ་ ༩༠ བོད་དུ་ཕེབས་པ་དང་། ཁྱེད་རང་ཚོ་བོད་པས་མཁན་ཆེན་ཞི་འཚོ་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པ་རེད་ཅེས་བརྗོད་ན་དགའ་པོ་ཡོད་སྟབས། བོད་པས་ཀླད་ཀོར་ཞིག་བསྣན་ནས་ ༩༠༠ བཟོས་པ་རེད་ཅེས་བརྗོད་བྱུང་།
ཚན་རིག་གི་ཐོག་ནས་དགུང་གྲངས་ཇི་ཙམ་བཞུགས་མིན་ནི། མིའི་རུས་པར་བརྟག་དཔྱད་བྱས་ན་གསལ་པོ་ཤེས་རྟོགས་ཐུབ་ཚུལ་བརྗོད་ཀྱི་འདུག་པས། དོན་དངོས་ཐོག་མཁན་ཆེན་ཞི་འཚོ་དགུང་གྲངས་ཇི་ཙམ་བཞུགས་མིན་ལྷ་རབ་བྱུང་ན་བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་པའི་མཁན་ཆེན་ཞི་འཚོའི་མ་ལེའམ་ཨོལ་སྐོའི་སྐུ་རུས་དེ་ཉིད་ལ་གུས་ཞབས་ཆེན་པོའི་ཐོག་ནས་མ་འོངས་པར་སྐུ་རུས་དེ་ཉིད་མི་ལོ་ན་ཇི་ཙམ་ལོན་པའི་སྐུ་དུས་ཡིན་མིན་བརྟག་ཞིབ་བྱ་རྒྱུའི་གོ་སྐབས་ཡོང་ངེས་ཡིན་ལ། དེ་ལྟའི་བརྟག་དཔྱད་ཞིབ་འཇུག་ཅིག་བྱེད་ཐུབ་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞེས་པ་ལྟར་ཡོང་ངེས་ཡིན།
དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་བྱོན་མིན་ཐད་ལོ་ངོ་ ༣༠༠༠ ཕྱིན་པ་དང་། ལ་ལས་ལོ་ངོ་ ༢༨༠༠ ཕྱིན་པ། ཡོངས་གྲགས་ལོ་ངོ་ ༢༥༠༠ ལྷག་ཙམ་ཕྱིན་པ་སོགས་འདོད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་རུས་འཁྲུལ་མེད་དང་། སྐུ་གདུང་གི་རིང་སྲེལ་དེ་དག་ལ་གུས་ཞབས་ཆེ་ཞིང་། གཙང་སྦྲ་དོད་པོའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཐུབ་ན། སྐུ་རུས་དེ་ལོ་ངོ་ཇི་ཙམ་ཕྱིན་པའི་སྐུ་རུས་ཡིན་མིན་བརྟག་དཔྱད་བྱེད་ཐུབ་པ་ན་ཤེས་རྟོགས་ཐུབ་པ་ཞིག་ཡོང་ངེས་ཡིན། ང་ཚོ་ནང་པ་ཡིན་ཞིང་། བདག་ཅག་གི་སྟོན་པ་བྱོན་པའི་ལོ་དུས་ལ་འདོད་ཚུལ་སྣ་ཚོགས་ཡོད་སྟབས། དོན་དངོས་གང་ཞིག་ཡིན་མིན་གསལ་པོར་བརྗོད་རྒྱུ་མེད་སྟབས་ཐབས་སྐྱོ་པོ་ཞིག་དང་། འཚམ་རེ་ང་ཚོ་ངོ་ཚ་དགོས་པ་ལྟ་བུ་ཡོང་གི་འདུག
སྐབས་རེ་ང་ཚོ་བོད་པས་བསྟོད་བསྔགས་ཡིན་ཁུལ་གྱིས་གླེན་རྟགས་བྱས་ཏེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ལྟ་བུ་ཡོད་ལ། ཡང་དད་པ་དང་དག་སྣང་གི་ཐོག་ནས་ཡོང་བ་ཞིག་སྟེ། དཔེར་ན། ཐའེ་ལན་ཌིའི་དགེ་སློང་ཞིག་ཡོད་ཅིང་། པཱ་ལིའི་གཞུང་ནས་གསུངས་པ་ལྟར་ན། འདོད་པའི་ཉོན་མོངས་མངོན་གྱུར་བ་སྤངས་ཤིང་། ང་རང་ཚོའི་གཞུང་ནས་གསུངས་པ་ལྟར་གྱི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་འཛིན་པས་དྲངས་པའི་དམིགས་རྣམ་ཅན་གྱི་ཆགས་སྡང་རགས་པ་མགོ་གནོན་ཏེ། མངོན་པ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་དགྲ་བཅོམ་པ་ཞིག་ཡོད་ཅིང་། ཡོངས་གྲགས་དེ་ལྟ་བུའི་དགྲ་བཅོམ་པར་ངོས་འཛིན་བྱེད་བཞིན་པ་ཞིག་ལ་སྟོན་པ་བཅོམ་ལྡན་འདས་ཞལ་དངོས་སུ་གཟིགས་པ་ཞིག་བྱུང་ཡོད། དེ་ཡང་སྟོན་པ་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་ཞིག་ཁོང་གིས་དངོས་སུ་གཟིགས་པས། ཁོང་གིས་བཅོམ་ལྡན་འདས་ད་ལྟ་སྐུ་འཚོ་ཞིང་བཞུགས་འདུག་ཅེས་གསུངས་ཡོད། དེས་ན་ཁོང་ལ་དག་སྣང་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་བཅོམ་ལྡན་འདས་དགུང་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་བཞུགས་པ་རེད་ཅེས་བརྗོད་ན་བདེ་པོ་གང་ཡང་མེད།
དེས་ན་ང་ཚོའི་དག་སྣང་ལ་མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བརྒྱ་དང་ཆིག་སྟོང་ལྟ་བུར་བཞུགས་པ་ཡོད་ཤས་ཆེ། འོན་ཀྱང་ང་ཚོའི་དག་སྣང་དང་དོན་དངོས་ཐུན་མོང་གདུལ་བྱའི་སྣང་ངོ་གཉིས་མཉམ་བསྲེས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒོམ་པོ་འཕགས་པ་རང་བྱུང་ལྔ་ལྡན་གྱི་ཐུགས་ཁར་ཐིམ་པ་དང་། ལ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་ད་ལྟའང་ཡོད་ཚུལ་སོགས་དང་། ཡང་དགུང་ལོ་སོ་ལྔ་བཞུགས་པ་ཞིག་དང་། དགུང་ལོ་གྱ་གཉིས་ཙམ་བཞུགས་པའི་གསུང་སྲོལ་གཉིས་ཡོད། དེས་ན་ང་ཚོ་བོད་རིགས་རྣམས་དད་པ་དང་དག་སྣང་ཆེ་དྲགས་པའི་དབང་གིས་དག་སྣང་དུ་བྱུང་བ་རྣམས་ཐུན་མོང་གདུལ་བྱའི་སྣང་ངོར་ཡོངས་གྲགས་སུ་བྱུང་བའི་གྲས་སུ་བཞག་སྟེ་མཉམ་བསྲེས་ཐོག་ཤོད་ཀྱི་འདུག །
མདོར་ན། མཁན་ཆེན་ཞི་བ་འཚོ་དགུང་ལོ་ཇི་ཙམ་བཞུགས་མིན་ལ་རྩོད་པ་དེ་ཙམ་བྱེད་དགོས་དོན་མེད། གང་ལྟར་མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་ཡིན། ཞེ་ས་མ་ཞུས་ན་གནས་བརྟན་བགྲེས་སོང་དེ་ལྟ་བུ་ཞིག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་རྒྱུར་འབད་བརྩོན་གནང་བ་དང་། ལྷག་པར་བཀའ་བསྟན་གསུང་རབ་བསྒྱུར་རྒྱུའི་ཐོག་ཐུགས་འཁུར་ཆེན་པོ་བཞེས་པར་མ་ཟད། རྒྱལ་རབས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་གྱིས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་རིགས་ལེགས་སྦྱར་དང་པཱ་ལའི་སྐད་ཡིག་སོགས་ཀྱི་ཐོག་ནས་བྱེད་མི་དགོས་པར་བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ཏུ་བསྒྱུར་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་གནང་བ་དང་། བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཐུགས་ཁུར་གཙོ་བོར་བསྐྱེད་པའི་ཐོག་ནས་བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་གཙོ་བོ་སྐབས་དེ་ནས་བསྒྱུར་བ་སོགས་སྐུ་ལས་ཆེན་པོ་བསྐྱོན་པ་གནང་ཡོད། དངོས་གནས་དྲང་གནས་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །
དེ་ལྟར་དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་རྣམ་གཉིས་བོད་གངས་ཅན་གྱི་ལྗོངས་སུ་སྤྱན་དྲངས་པ་ལྟར། སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ནས་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཤིང་། མཁན་ཆེན་ཞི་བ་འཚོས་བསམ་ཡས་གཙུག་ལག་ཁང་ལ་གླིང་བཞི་གླིང་ཕྲན་བརྒྱད་དང་། ཉི་ཟླ་དང་བཅས་པ་ཞལ་བཀོད་མཛད་ནས་རྒྱ་གར་གྱི་ཨུ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས། དབུ་རྩེ་ཡང་ཐོག་རྒྱ་གར་གྱི་ལུགས་སུ་ཤིང་ལས་བྱས་པ་དང་། བར་ཐོག་རྒྱ་ནག་གི་ལུགས་སུ་ས་ཕག་ལས་བྱས་པ། འོག་རིམ་བོད་ཀྱི་ལུགས་སུ་རྡོ་ལས་བྱས་པ་བཅས་ལུགས་གསུམ་བཀོད་ལེགས་རྨད་དུ་བྱུང་བ་གསར་བཞེངས་གནང་ཡོད།
དེ་ལྟར་བཞེངས་པའི་ལྷ་ཁང་གི་རྣམ་གྲངས་ཀྱང་། དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བྱས། གླིང་བཞི་གླིང་ཕྲན་བརྒྱད་དུ་བྱས་ཏེ། ཤར་དུ་རྣམ་དག་ཁྲིམས་ཁང་གླིང་དང་། མཁྱེན་རབ་འཇམ་དཔལ་གླིང་། ཚང་མང་ཀེ་རུ་གླིང་། ལྷོ་རུ་བདུད་འདུལ་སྔགས་པ་གླིང་། ཨརྱ་པ་ལོའི་གླིང་། སྒྲ་བསྒྱུར་རྒྱ་གར་གླིང་། ནུབ་ཏུ་མི་གཡོ་བསམ་གཏན་གླིང་དང་། བྱང་དུ་ཕུན་ཚོགས་རིན་ཆེན་གླིང་སོགས་དང་། ཕྱོགས་བཞིའི་མཆོད་རྟེན་ལ་སོགས་པ་གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་ངོ་མཚར་བསམ་བརྗོད་ལས་འདས་པ་གསར་བཞེངས་གནང་། དེའི་ནང་དུ་སྒྲ་སྒྱུར་རྒྱ་གར་གླིང་ངམ་ལོ་པཎ་གླིང་ཞེས་གསུང་རབ་ཡིག་སྒྱུར་གནང་མཁན་གྱི་ལོ་པཎ་གྱི་སྡེ་ཚན་བཙུགས་ནས་ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ཐོག་ཏུ་བཞུགས་པའི་བཀའ་བསྟན་གསུང་རབ་རྣམས་བོད་ཡིག་ཏུ་བསྒྱུར་བ་གནང་སྟེ། འདས་པའི་ལོ་སྟོང་ཕྲག་ལྷག་གི་རིང་ལ་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་ཡོངས་སུ་རྫོགས་པ་རྩ་བ་བཙུགས་ཤིང་། དར་འཕེལ་བྱུང་བ་དང་། དེ་དག་ཀྱང་བོད་སྐད་ཀྱི་ཐོག་ནས་ཆ་ཚང་སློབ་ཁྲིད་འཆད་ཉན་བྱེད་ཐུབ་པ་འདི་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་རེད་འདུག །
ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བརྗོད་པ་ལ། མཁན་ཆེན་ཞི་བ་འཚོས་བཀའ་བསྟན་གསུང་རབ་ཀྱིས་མཚོན་རྒྱ་གར་མཁས་པའི་གཞུང་རྣམས་བོད་མི་རང་ཉིད་ལ་ཡོད་པའི་སྐད་ཡིག་གི་ནང་དུ་བསྒྱུར་དགོས་པ་དང་། བཤད་སྒྲུབ་ལས་གསུམ་གནང་རྒྱུའི་རིགས་མཐའ་དག་ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་མི་དགོས་པར་བོད་མི་རང་ཉིད་ཀྱི་སྐད་ཡིག་གི་ཐོག་བསྒྱུར་ནས་རང་མགོ་ཐོན་པ་བྱས་ན་ལེགས་ཚུལ་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པར་མ་ཟད། མཁན་ཆེན་ཞི་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་མཛད་དེ་སློབ་སྦྱོང་གནང་བ་རེད་ཅེས་བརྗོད་ཀྱི་འདུག །དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཁོང་གིས་འདི་ལྟར་དུ་བྱས་ཏེ་བསླབས་པ་གནང་ཡོད།
གཞི་རྩ་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཀའ་བསྟན་གསུང་རབ་འགའ་ཞིག་བོད་བསྒྱུར་གནང་ཡོད་ཀྱང་། གཙོ་བོ་མཁན་སློབ་ཆོས་གསུམ་གདན་འཛོམས་རྗེས་མཁན་ཆེན་ཞི་འཚོས་ཐུགས་ཁུར་བསྐྱེད་ནས་བཀའ་བསྟན་གྱི་གཞུང་ལུགས་ཕལ་མོ་ཆེ་བསྒྱུར་འགོ་ཚུགས་ཏེ་བོད་དུ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཡོད་པ་རྣམས་ཚུལ་འདི་ལྟར་དུ་བོད་ཡིག་ཏུ་བསྒྱུར་ཏེ་མདོ་རྒྱུད་གཉིས་དང་། སྒྲ་ལ་སོགས་པ་ཐུན་མོང་རིག་གནས་ཀྱི་སྐོར་སོགས་གཞུང་ལུགས་ཧ་ཅང་མང་པོ་ཞིག་བཀའ་བསྟན་གྱི་ནང་དུ་ཡོད་པ་དེ་དག་སྔོན་གྱི་ཆོས་རྒྱལ་དམ་པ་རྣམས་ཀྱིས་དབུ་འཛུགས་གནང་སྟེ་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། འཕགས་བོད་ཀྱི་པཎྜི་ཏ་དང་། ཞུས་ཆེན་པ་ཟུང་འབྲེལ་ཐོག་རྩོམ་སྒྱུར་ཞུས་གསུམ་གནང་ནས་བྱུང་བ་ཞིག་ཡིན། དེས་ན་མཁན་ཆེན་ཞི་བ་འཚོ་དངོས་གནས་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །
མདོར་ན། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་སྟེ། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དུས་ད་ལྟའི་བར་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་འདི་ལྟ་བུ་ཞིག་འཛུགས་པ་གནང་མཁན་གཙོ་བོ་དེ་མཁན་ཆེན་ཞི་བ་འཚོ་ཡིན་ལ། སློབ་དཔོན་ཐུགས་རྗེ་ཅན་གྱིས་མི་དང་མི་མིན་གྱི་ནག་པོའི་ཕྱོགས་དེ་དག་ཞི་བར་མཛད་ཅིང༌། རྒྱལ་བློན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཐུན་མོང་མ་ཡིན་པའི་གདུལ་བྱ་ཉུང་ཤས་ལ་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་སྐོར་གནང་བ་ལས། ཡོངས་གྲགས་ལ་དགེ་ཚུལ་སློང་གི་བསླབ་སྡོམ་སྩལ་རྒྱུས་མཚོན་དམ་ཆོས་འདུལ་བའི་བསྟན་པ་སྤེལ་བ་དང༌། ཡོངས་སུ་རྫོགས་པའི་བསྟན་པ་དབུ་བཙུགས་ཤིང་། བཀའ་བསྟན་གྱི་གཞུང་ལུགས་བསྒྱུར་བ་དང་། དེ་དང་འབྲེལ་བའི་ཐེག་ཆེན་གྱི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལུགས་དེ་དག་མཁན་ཆེན་ཞི་བ་འཚོས་ཐུགས་འཁུར་གཙོ་བཞེས་གནང་ཡོད། དེར་བརྟེན་བོད་ཁ་བ་ཅན་གྱི་ལྗོངས་སུ་ལྷག་པར་དུ་རྒྱལ་བསྟན་གསལ་བར་མཛད་པའི་བཀའ་དྲིན་ཆེན་པོ་ཆགས་ཡོད་པས་མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས་ཞེས་པའོ། །
དེ་ལྟར་མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །ངོས་རང་བསམ་བློ་འདི་ལྟར་འཁོར་གྱི་འདུག །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཁས་པ་རྣམ་དཔྱོད་ལྡན་པ་ཞིག་རེད་འདུག་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱི་མ་ཡུམ་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཡོད། ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་སྟེ་རྒྱ་དང་གཉེན་སྒྲིག་བྱུང་སྟེ་རྒྱ་ནག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ཅིང་། དེའི་ཚེ་དེའི་དུས་སུ་རྒྱ་ནག་ལ་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་ཟིན་པ་རེད། དཔེར་ན། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རྒྱ་ནག་ནས་གདན་ཞུ་གནང་བ་དང་། ར་མོ་ཆེའི་ཇོ་བོ་དེ་ཉིད་བལ་ཡུལ་ནས་གདན་ཞུ་གནང་བ་སོགས་ད་ལྟ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་ཞིག་ཆགས་ཡོད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་དུ་བཀའ་བསྟན་བསྒྱུར་རྒྱུས་མཚོན་མཛད་པ་ཤུགས་ཆེ་མཛད་སྐབས། ཆོས་ཁུངས་རྒྱ་གར་རང་ལ་ཁུངས་གཏུག་རྒྱུའི་དགོངས་པ་བཞེས་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་ཞིག་ཡིན། སྐབས་དེར་མཁན་ཆེན་ཞི་འཚོ་དགུང་ལོ་ཧ་ཅང་བགྲེས་པོ་ཡིན་ནའང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་བར་བརྟེན་ཐུགས་དགྱེས་པོའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཏེ། བསམ་ཡས་གཙུག་ལག་ཁང་གསར་བཞེངས་གནང་བ་དང་། བཀའ་བསྟན་སྒྲ་སྒྱུར། ནང་ཆོས་འཆད་ཁྲིད། དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་གནང་རྒྱུ་སོགས་ལ་ཐུགས་ཁུར་གཙོ་བོར་བཞེས་པ་གནང་ཡོད།
གཞན་ཡང་མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་གོ་རིམ་སྒྲིག་སྐབས། ང་ཚོས་ནམ་རྒྱུན་ཐ་སྙད་འབོད་སྐབས། མཁན་སློབ་ཆོས་གསུམ་སྟེ། མཁན་ཆེན་དང་། སློབ་དཔོན། ཆོས་རྒྱལ་ཞེས་མཁན་ཆེན་ཐོག་མར་འབོད་པ་དང་། མཁན་ཆེན་ཞི་འཚོ་གཙོ་བོ་ཡིན་སྟབས་ཐོག་མར་འཇོག་སྲོལ་ཡོད། དེ་ཡང་མཁས་པའི་དབང་པོ་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་དུའང་ཐོག་མར་མཁན་ཆེན་ཞི་འཚོ་དང་། གཉིས་པར་སློབ་དཔོན་པདྨ་འབྱུང་གནས། གསུམ་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བཅས་གོ་རིམ་འདི་ལྟར་འཇོག་པ་གནང་འདུག་པ་ལྟར། མཁན་ཆེན་གཙོ་བོར་ཕེབས་དགོས་པ་ལྟ་བུ་ཞིག་ཡོད། ང་ཚོ་བོད་པས་སློབ་དཔོན་རིན་པོ་ཆེ་གཙོ་བོར་བྱས་ཤིང་། གཡས་སུ་མཁན་ཆེན་དང་། གཡོན་དུ་ཆོས་རྒྱལ་བཅས་ཀྱི་གོ་རིམ་བསྒྲིགས་པ་ཞིག་ཡོང་གི་འདུག །
ཕྱི་ལོ་ ༡༩༣༠‑༡༩༤༠ ནང་གི་རྒྱ་གར་བའི་མཁས་པ་ར་ཧུལ་སངྒིར་མཆོག་གིས་རང་ཉིད་ཀྱི་ལོ་རྒྱུས་ཤིག་བྲིས་པའི་ནང་དུ། བོད་དུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་གདན་ཞུ་གནང་སྟེ་དར་སྤེལ་གནང་མཁན་མཁན་ཆེན་ཞི་བ་འཚོ་ཡིན་ནའང་། བོད་ཀྱི་དགོན་སྡེ་ཁག་ཏུ་མཁན་ཆེན་ཞི་འཚོའི་སྐུ་བརྙན་གཅིག་ཀྱང་མི་འདུག་ལ། དགོན་སྡེ་ཕལ་མོ་ཆེའི་ནང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་འདུག་པ་གང་ཞིག་ཡིན་ནམ། གསལ་འདུག་པ་བདེན་པ་ལྟ་བུ་ཞིག་ཆགས་ཡོད།
སྔ་འགྱུར་བླ་ཆེན་འགའ་ཞིག་དང་ངོས་རང་བཀའ་མོལ་བྱུང་བར། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཐོག་མར་བོད་དུ་ཚུགས་པ་དང་། དེ་ཡང་ཐོག་མར་མཁན་ཆེན་ཞི་འཚོས་བསམ་ཡས་གཙུག་ལག་ཁང་གི་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་སྐབས་བདུད་འདུལ་སྔགས་པ་གླིང་དང་། སྒྲ་སྒྱུར་ལོ་པཎ་གླིང་། རྣམ་དག་ཚུལ་ཁྲིམས་གླིང་། མི་གཡོ་བསམ་གཏན་གླིང་སོགས་ཡོད་པ་ལས། བདུད་འདུལ་སྔགས་པ་གླིང་དུ་གོས་དཀར་ལྕང་ལོའི་སྡེའི་སྡོད་གནས་ཟུར་དུ་ཡོད་སྟབས། རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་བཅས་བླ་མཆོད་སྡེ་གཉིས་ཞེས་བྱུང་བར་བརྟེན་གོས་དཀར་ལྕང་ལོའི་སྡེ་རྣམས་ཀྱིས་སློབ་དཔོན་གཙོ་བོར་བརྩི་བ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་རྣམས་ནས་མཁན་ཆེན་གཙོ་བོར་མཛད་ཚུལ་གསུང་གི་འདུག་པ་དེ་ལྟར་ཡིན་འདུག །
སོག་པོའི་ཡུལ་ཁག་ལ་ཆ་མཚོན་ན། སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཤུགས་ཆེ་བྱུང་ཡོད་ལ། སོག་པོའི་ཁྲོད་དུ་ཧ་ལས་པའི་མཁས་པའི་རིགས་ཀྱང་བྱུང་ཡོད། སྐབས་རེ་ངོས་ནས་རྩེད་མོ་དང་བཅས་ཏེ་སྔར་ངོས་རང་བོད་ལ་ཡོད་སྐབས་སོག་པོ་མང་པོ་ཡོད། འོན་ཀྱང་སོག་པོའི་རྡོབ་རྡོབ་ཅེས་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག །བསམ་བློ་ཁང་ཚན་ནང་དུ་ཨ་མདོ་མང་པོ་ཞིག་ཡོད་ལ། ཨ་མདོ་མང་ཆེ་བ་རྡོབ་རྡོབ་ཡིན་པས་ཨ་མདོའི་དཔེ་ཆ་བ་ཉུང་ཉུང་རེད། ངོས་རང་བསམ་བློ་ཁང་ཚན་དུ་གྲྭ་པ་གྲྭ་རྐྱང་བྱས་ནས་འཛུལ་ཞུགས་བྱས་ཡོད་ཚེ་ཕལ་ཆེར་ངོས་ནས་ཀྱང་རྡོབ་རྡོབ་བྱེད་ཉེན་ཡོད་ཅེས་བརྗོད་ཀྱི་ཡོད།
མདོར་ན། སོག་པོའི་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། མཁས་དབང་དེ་དག་གིས་སོག་པོའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་ཀ་མཁྱེན་གྱི་ཡོད་སྟབས། དེ་དག་གིས་སོག་སྐད་དུ་བསྒྱུར་ན་བསྒྱུར་ཐུབ་ངེས་ཡིན་ནའང་། ད་ལྟའང་སོག་སྐད་ཀྱི་ཐོག་ནས་རྟགས་གསལ་གཏོང་ཐུབ་ཀྱི་མེད་ཚུལ་བརྗོད་ཀྱི་འདུག །དེ་ནི་ཡ་མཚན་ལྟ་བུ་རེད། དེང་སྐབས་སོག་པོ་དག་གིས་བརྗོད་པར། བོད་སྐད་རང་གི་ཐོག་ནས་བསླབས་ན་དེ་ལ་བྱིན་རླབས་ཤིག་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག །ང་ཚོ་བོད་པས་ལེགས་སྦྱར་གྱི་སྐད་ཡིག་རྩ་ཆེར་བརྩི་བཞིན་ཡོད་ཀྱང་། དབུར་རྒྱ་གར་སྐད་དུ་ཞེས་པའི་ཕྱག་དཔེའི་མཚན་ཐུང་ངུ་ཞིག་ལས། དེ་མིན་གཞུང་ཡོང་རྫོགས་བོད་སྐད་རང་གི་ཐོག་ནས་འགྲོ་བཞིན་ཡོད་པ་ལས། ལེགས་སྦྱར་གྱི་སྐད་ཡིག་ལ་བྱིན་རླབས་འདུག་ཅེས་ལེགས་སྦྱར་གྱི་སྐད་ལ་ཨུ་ཚུགས་བྱས་ནས་འགྲོ་སྲོལ་མེད། སྒྲ་སྒྱུར་གནང་མཁན་དེ་རིགས་ཀྱིས་ལེགས་སྦྱར་གྱི་འགྲོ་སྟངས་ཐོག་སློབ་སྦྱོང་གནང་སྲོལ་ཡོད་པ་ལས། དེ་མིན་སྤྱི་ཡོངས་བོད་སྐད་རང་གི་ཐོག་ནས་འཆད་རྩོད་རྩོམ་གསུམ་སོགས་ཀྱི་རང་དབང་གཙང་མ་ཆགས་ཡོད། དེ་ནི་ཕྱོགས་གཅིག་ནས་ཆོས་རྒྱལ་བཀའ་དྲིན་ཅན་དེ་དག་གིས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་པ་ལ་བརྟེན་ནས་བྱུང་བས་ཧ་ལས་པ་ཞིག་རེད་འདུག །
དེ་ལྟར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་སྐབས་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་བ་ལྟར་མཁན་ཆེན་ཞི་བ་འཚོའི་ཐུགས་བསྐྱེད་སྨོན་ལམ་དང་། བོད་མི་རང་ལ་གདེང་སྤོབས་སློབ་པ་གནང་སྟེ་ཁྱེད་རང་ཚོ་རང་མགོ་ཐོན་པ་བྱེད་དགོས་ཞེས་ལམ་སྟོན་གནང་བ་ལ་བརྟེན་ནས་སྒྲ་བསྒྱུར་ལོ་པཎ་གླིང་དུ་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་གསུང་རབ་བསྒྱུར་འགོ་ཚུགས།
རྣམ་དག་ཚུལ་ཁྲིམས་གླིང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་ཚུལ་སློང་གི་འདུལ་བའི་སྡོམ་པ་འབོགས་པ་གནང་བ་དང་། མི་གཡོ་བསམ་གཏན་གླིང་དུ་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་རྒྱ་ནག་གི་ནང་པ་རྣམས་དང་ཐུགས་འདྲིས་བྱུང་ཞིང་། ལྷག་པར་བོད་ལ་ནང་ཆོས་མ་དར་བའི་ལོ་སུམ་བརྒྱ་བཞི་བརྒྱའི་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཟིན་པ་སོགས་ཀྱི་ཐོག་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུའང་གཙོ་བོ་ཏིང་ངེ་འཛིན་ཏེ་བསམ་གཏན་སྒོམ་སྒྲུབ་གནང་མཁན་རྒྱ་ནག་གི་སྒོམ་ཆེན་པའི་རིགས་བསམ་ཡས་སོགས་སུ་ཡོང་བཞིན་པ་དེ་དག་གི་བཞུགས་གནས་རྟེན་གཞིར་སྒོམ་གྲྭ་བཙུགས་ཤིང་། དེ་དག་གིས་གཙོ་བོར་བསམ་གཏན་སྒོམ་པ་གནང་བས། མཚན་ལའང་མི་གཡོ་བསམ་གཏན་གླིང་ཞེས་འདོགས་གནང་མཛད་པ་སོགས་ནི་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །
བདུད་འདུལ་སྔགས་པ་གླིང་ཞེས་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་རོགས་མེད་ན། མི་དང་མི་མིན་གྱི་འགལ་རྐྱེན་གྱི་རིགས་མང་དུ་ཡོད་པས་ན། མཁན་ཆེན་ཞི་བ་འཚོ་སྐུ་རྐྱང་གིས་བོད་དུ་བསྟན་པ་གསར་དུ་བཙུགས་ཏེ་རིམ་བཞིན་དར་འཕེལ་གནང་རྒྱུར་སྐུ་མཉེལ་པོ་ཡོང་གི་ཡོད་སྟབས། དེ་དག་སློབ་དཔོན་ཐུགས་རྗེ་ཅན་གྱིས་བཟློག་པར་མཛད་པ་དང་ཆབས་ཅིག །ཆོས་རྒྱལ་ཡབ་སྲས་ཀྱིས་མཚོན་བོད་ཀྱི་སྔགས་འཆང་སྣོད་ལྡན་ཉུང་ཤས་ལ་བཀའ་བརྒྱད་སོགས་དམིགས་བསལ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཉམས་ལེན་བྱེད་མཁན་རྣམས་ལ་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་ཆོས་སྐོར་གསུངས་ཏེ། རབ་བྱུང་ངུར་སྨྲིག་གི་སྡེའི་ཐོག་ཏུ་གོས་དཀར་ལྕང་ལོའི་སྡེའི་གནས་གཞིར་བདུད་འདུལ་སྔགས་པ་གླིང་གསར་བཙུགས་གནང་ཡོད། དེ་དག་ཚང་མ་མཁན་ཆེན་ཞི་བ་འཚོས་བཀའ་བཀོད་བཞིན་གནང་བར་མ་ཟད། སློབ་དཔོན་ཐུགས་རྗེ་ཅན་གྱིས་ཕྱག་རོགས་མཛད་དེ་མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་དུ་བཙུགས་པ་གནང་ཡོད། དེས་ན་མཁན་ཆེན་ཞི་བ་འཚོ་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད་འདུག །
ལྷག་པར་གོས་དཀར་ལྕང་ལོའི་སྡེ་ལ་མཚོན་ན། སྐབས་དེར་རྒྱ་གར་འཕགས་ཡུལ་དུ་གྲུབ་ཆེན་རྣམས་སོ་སོར་གནང་བ་ལས། གོས་དཀར་ལྕང་ལོའི་སྡེ་ཞེས་གཙུག་ལག་ཁང་སོགས་ཡོངས་གྲགས་ཟུར་དུ་ཡོད་མེད་ཐེ་ཚོམ་ཡིན། འོན་ཀྱང་བོད་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱི་རྗེས་འབྲང་རིག་འཛིན་བརྟུལ་ཞུགས་ཀྱི་ཉམས་བཞེས་གནང་མཁན་ཡོད་པ་དེ་དག་གི་དགོས་པ་རྒྱུ་མཚན་ལ་གཟིགས་ནས་བདུད་འདུལ་སྔགས་པ་གླིང་ཞེས་དེ་ལྟའི་སྒྲིག་འཛུགས་དང་། གནས་གཞི་ལོགས་སུ་བཙུགས་པ་གནང་ཡོད། དེས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་བཟུང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་གསུངས་ཡོད། རྩ་བའི་འཆར་གཞི་དང་བཀའ་བཀོད་གནང་མཁན་ཆེན་ཞི་འཚོ་ཡིན། ཁོང་ཉིད་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །
མཁན་ཆེན་ཞི་འཚོའི་ཚད་མའི་གཞུང་ལ་མཚོན་ན། གོང་ཞུས་ལྟར་ཚད་ཆེན་མཛད་པ་དང་། ལྷག་པར་ཁོང་གི་སློབ་མ་ཀ་མ་ལ་ཤཱི་ལས་ཚད་ཆེན་གྱི་འགྲེལ་པ་བསྟན་འགྱུར་གྱི་ཁྲོད་དུ་པོད་གཉིས་ཡོད། ཁོང་གཉིས་ནི་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་བཙུགས་ཤིང་། སློབ་སྟོན་གནང་མཁན་ཆགས་ཡོད། ནང་པ་སངས་རྒྱས་པའི་ཚད་མའི་གཞུང་ལ་དོ་སྣང་བྱ་རྒྱུ་དེ་བོད་པ་ཁོ་ནར་མ་གཏོགས་རྒྱ་ནག་ལ་མེད། རྒྱ་ནག་ལ་མཚོན་ན། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་རིགས་སྒོ་རྒྱ་ཡིག་ཏུ་བསྒྱུར་ཡོད་འདུག་པ་ལས། དེ་མིན་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་ཚད་མའི་གཞུང་རྣམས་རྒྱ་ཡིག་ཏུ་བསྒྱུར་མི་འདུག །
ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་གཞུང་ལུགས་དེ་དག་སྔར་ནས་བསྒྱུར་ཡོད་ལ། བསྒྱུར་བ་ཙམ་མིན་པར་འཆད་ཉན་གནང་བ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་རང་རྩོམ་གྱིས་ཚད་མ་རིགས་གཏེར་མཛད་པ་དང་། གཞན་ཡང་ཕྱྭ་པ་ཆོས་སེང་ཡབ་སྲས་ཀྱིས་རིགས་ལམ་གྱི་ཐོག་ནས་རྟགས་གསལ་གཏོང་སྟངས་སོགས་གསར་གཏོད་མང་དུ་གནང་ཡོད་པ་འདི་དག་ནི་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པ་ཞིག་རེད་འདུག །འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཚད་མའི་གཞུང་ལུགས་ཀྱི་རྩ་བ་བློ་ངོར་འཛིན་ཅིང་། འགྲེལ་པ་ལ་ཞིབ་ཏུ་བལྟས་ཏེ་ཆོས་ར་འགྲིམས་ནས་རྣམ་འགྲེལ་རྩོད་པ་སོགས་བྱེད་པ་ནི་བོད་པ་ཁོ་ནར་མ་གཏོགས་མེད། འཛམ་གླིང་འདིའི་ཐོག་ནང་པ་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་པར་མ་ཟད། དེང་སྐབས་རྒྱ་ནག་ཏུ་ནང་པ་ཧ་ཅང་མང་པོ་ཞིག་ཆགས་ཡོང་གི་ཡོད། རྒྱ་ནག་ཏུ་ནང་པ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཡོད་ཚུལ་བརྗོད་ཀྱི་ཡོད། ནང་པའི་རྒྱལ་ཁབ་དང་ཡུལ་ལུང་གཞན་དུ་ཡོད་པ་རྣམས་བསྡོམས་ཚེ་ནང་པ་ས་ཡ་སྟོང་ཕྲག་གཅིག་ཙམ་མེད་དམ་སྙམ། ས་ཡ་སྟོང་ཕྲག་གཅིག་ཙམ་གྱི་ནང་ནས་ཚད་མའི་གཞུང་ལ་སློབ་སྦྱོང་བྱེད་མཁན་བོད་པ་གཅིག་པུ་ཡིན་པས། དེ་ལ་གནད་འགག་ཆེན་པོ་ཡོད། དེས་ན་ཞི་འཚོ་ཡབ་སྲས་རྣམས་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །
༨༽ སློབ་དཔོན་ཀ་མ་ལ་ཤཱི་ལ།
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
པདྨའི་ངང་ཚུལ་ལམ་སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་སློབ་མའི་གཙོ་བོ་ཞིག་ཡིན་ལ། སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་འཕགས་ཡུལ་དུ་སྐུ་བཞུགས་གནང་སྐབས་ནས་དབུ་མ་སྣང་བ་ལྗགས་རྩོམ་མཛད་ཡོད། དེ་ནི་དབུ་མའི་གཞུང་ལུགས་བསམ་གྱིས་མི་ཁྱབ་པ་ཞིག་དང་། གལ་གནད་ཧ་ཅང་ཆེན་པོ་ཞིག་རེད་འདུག །རྩ་བ་སློབ་དཔོན་ལེགས་ལྡན་འབྱེད་དང༌། མཁན་ཆེན་ཞི་བ་འཚོ་དེ་དག་གི་ལྟ་བ་ཆགས་ཀྱི་ཡོད་པས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་ཀྱི་ཡོད་ཀྱང་། དབུ་མའི་གནད་འགག་ལྟ་བུ་མང་པོ་ཞིག་དང་། དབུ་སེམས་ཀྱི་ཁྱད་པར་སོགས་དབུ་མ་སྣང་བའི་ནང་ཤུགས་ཆེར་གསུངས་ཡོད།
དེ་བཞིན་མཁན་ཆེན་ཞི་འཚོའི་གསུང་ཚད་མའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པར་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ཞེས་བསྟན་འགྱུར་ཁྲོད་པོད་གཉིས་བཞུགས་པ་ཧ་ལས་པའི་བསམ་གྱིས་མི་ཁྱབ་པ་ཞིག་དང་། ཧ་ཅང་མཁྲེགས་པོ་ཞིག་འདུག །དཀའ་བ་སྤྱད་ནས་སློབ་གཉེར་མ་བྱས་ན་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན། སློབ་དཔོན་ཀ་མ་ལ་ཤཱི་ལའི་ཚད་ཆེན་གྱི་འགྲེལ་པ་དབུ་ནས་གང་འཚམ་བཀླགས་པས་དེ་དག་གི་ཐོག་ཏུ་ངེས་པ་ཧ་ཅང་གསལ་པོ་ཞིག་རྙེད་བྱུང་།
ཕྱག་དཔེ་སྤམ་ཤིན་ཏུ་མཐོ་ལ། ངོས་རང་ཞིབ་མཇལ་ཞུ་རྒྱུའི་དུས་ཁོམ་མེད་པ་བཅས་དཀའ་ལས་ཧ་ཅང་ཁག་པོ་འདུག་པས་དེ་གས་འགྲིགས་སོང་སྙམ་སྟེ་ཕྱག་དཔེ་དེ་ཕར་བཞག་པ་ཡིན།
དེ་ཡང་ཁོང་གིས་མཛད་པའི་ཚད་ཆེན་གྱི་འགྲེལ་པའི་ནང་དུ་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་སྟེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་པའི་ཐོག་ནས་མངོན་མཐོ་སྒྲུབ་པ་དང་། ལས་འབྲས་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མངོན་མཐོ་སྒྲུབ་པ་དང་། རྟེན་ནས་བཏགས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཤེས་པའི་སྒོ་ནས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མ་རིག་པ་སེལ་ནས་ངེས་ལེགས་སྒྲུབ་པ་བཅས་རྟེན་འབྱུང་ཞེས་པ་དེར་རིམ་པ་གཉིས་སུ་ཕྱེ་སྟེ། རྒྱུ་འབྲས་རྟེན་འབྱུང་གི་རིམ་པ་གཅིག་དང་། དེས་མངོན་མཐོ་སྒྲུབ་པ་དང་། གཉིས་པ་ནི་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིམ་པ་གཅིག །དེ་ལ་རྟེན་ནས་བཏགས་ཙམ་ལས་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་སྟེ། མཐའ་གཉིས་སེལ་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པའི་ཐོག་ནས་ངེས་ལེགས་ཐར་པའི་གོ་འཕང་སྒྲུབ་པ་བཅས་ཧ་ཅང་གསལ་པོར་གསུངས་ཡོད།
ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་པའི་ལྡེ་མིག་དངོས་གནས་མཁས་དབང་དེ་དག་གིས་སྩལ་གནང་འདུག་ལ། པཎ་གྲུབ་དེ་དག་ནི་ཧ་ལས་པའི་མཁས་པའི་དབང་པོ་ཤ་སྟག་རེད་འདུག །དེ་ཡང་ཚིག་སྐམ་པོའི་མཁས་པ་ཙམ་མིན་པར་པཎ་གྲུབ་བཅུ་བདུན་ལས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་མང་པོ་ཞིག་གྲུབ་ཆེན་བརྒྱད་ཅུའི་ནང་དུའང་ཡོད། མདོར་ན་པཎ་གྲུབ་མང་པོ་ཞིག་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་དང་། རྟོགས་པ་མཐོན་པོར་ཕེབས་པ་ཤ་སྟག་ཆགས་ཡོད། དེ་དག་ཉམས་བཞེས་གནང་ནས་བྱུང་བ་ལས། བསྟན་བཅོས་བརྩམས་པ་གཅིག་པུས་ཡོང་ཐབས་མེད། དེས་ན་པཎ་གྲུབ་དེ་དག་ཧ་ལས་པ་ཞིག་རེད་འདུག །
གཞན་ཡང་བོད་དུ་ཕེབས་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་པའི་ལོ་རྒྱུས་གསུང་སྲོལ་ཡོད་ལ། དོན་ལའང་དེ་རང་ཡིན་འདུག །བོད་པ་རང་གི་ཆེད་དུ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ནས་བསྟན་བཅོས་བརྩམས་པ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་གཞུང་འདིའི་ནང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནམ། སྒོམ་གྱི་སྐོར་དེ་དག་རྒྱུད་ཀྱི་ཁུངས་སོགས་དྲངས་ནས་གསལ་བར་གསུངས་ཡོད་སྟབས།
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
ཞེས་པའི་བསམ་བློ་གཏོང་ས་དེ་རེད། ལྷག་པར་མཁན་ཆེན་ཞི་བ་འཚོས་ཞལ་གདམས་གནང་བ་ལྟར། མ་འོངས་པར་མཁན་ཆེན་ཞི་འཚོ་རང་ཉིད་སྐུ་མྱ་ངན་ལས་འདས་རྗེས། བསམ་ཡས་གཙུག་ལག་ཁང་གི་མི་གཡོ་བསམ་གཏན་གླིང་འདིར་གསེར་ལ་སླད་འདྲེས་པ་ལྟར་ད་ལྟའི་རྒྱའི་སྒོམ་ཆེན་པ་ཚད་ལྡན་དེ་དག་གི་ཁྲོད་དུ་བསྟན་པ་བཤིག་མཁན་གྱི་རྒྱའི་ཧྭ་ཤང་རེ་ཟུང་ཡོང་སྲིད་པས། སྐབས་དེར་རྒྱ་གར་ནས་ངའི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཤིག་ཅེས་པའི་མཁན་ཆེན་ཞི་འཚོའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཆོས་རྒྱལ་གྱིས་གདན་ཞུ་གནང་བ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཡོད། འདི་ལ་ལོ་རྒྱུས་བཤད་ཚུལ་གཉིས་ཡོད་པ་ལས། སློབ་དཔོན་ཀ་མ་ལ་ཤཱི་ལ་ཕ་དམ་པ་རེད་ཅེས་གསུང་མཁན་གཅིག་དང༌། གཞན་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་ནཱ་ལེནྡྲའི་མཁས་པ་དངོས་གནས་དབུ་ཚད་ཀྱི་མཧཱ་པཎྜི་ཏ་ཆེན་པོ་ཞིག་ཡིན་ཚུལ་གཉིས་ཡོད་ཅིང་། སློབ་དཔོན་པདྨའི་ངང་ཚུལ་ཞབས་ནི། བོད་གངས་ཅན་གྱི་ལྗོངས་ལའང་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་ཡིན། མཇུག་མཐར་བོད་པས་བཀྲོངས་པ་རེད་ཅེས་པའི་ལོ་རྒྱུས་ཤིག་བཤད་སྲོལ་ཡོད། གང་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལའམ་སློབ་དཔོན་པངྨའི་ངང་ཚུལ་ནི་མཁན་ཆེན་ཞི་བ་འཚོའི་ཞལ་གདམས་བཞིན་བོད་ལ་ཕེབས་ཡོད།
དེ་ཡང་རྒྱའི་དགེ་སློང་བསམ་གཏན་པའི་ཁྲོད་ནས་འགའ་ཞིག་གིས་རིམ་བཞིན་མི་རྟོག་པ་སྒོམ་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱ་རྒྱུ་དེ་རྣམ་རྟོག་འཕེལ་བའི་རྒྱུ་ཡིན་པས་མི་དགོས་ཞེས་གསུང་མཁན་བྱུང་ཡོད། རྩ་བ་རྒྱའི་དགེ་སློང་ཚད་ལྡན་ཡིན་སྟབས། མཁན་ཆེན་ཞི་བ་འཚོ་རང་ཉིད་འཚོ་ཞིང་གཞེས་པའི་སྐབས་སུ་མི་གཡོ་བསམ་གཏན་གླིང་ཞེས་སྡེ་ཚན་ཟུར་བཙུགས་པ་གནང་སྟེ། དེའི་ནང་དུ་རྒྱའི་དགེ་སློང་རྣམས་ཀྱིས་རྩེ་གཅིག་པའི་བསམ་གཏན་སྒོམ་པ་གནང་གི་ཡོད། རིམ་བཞིན་དེའི་ནང་བསམ་གཏན་འབའ་ཞིག་ལས་ཤེས་རབ་མི་དགོས་ཚུལ་གསུང་མཁན་བྱུང་ཡོད་འདུག །
རྗེ་རིན་པོ་ཆེས་ཀྱང་རྟག་ཏུ་རྒྱའི་ཧ་ཤང་གི་ལུགས་ཞེས་ཧ་ཅང་སྡང་པོ་གནང་སའི་ཧ་ཤང་དེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་དང་། མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ཀྱི་མི་གཡོ་བསམ་གཏན་གླིང་དུ་ཡོད་པའི་རྒྱའི་མཁན་པོ་དེ་དག་ཡིན་བཟོ་མི་སྣང་ཞིང་། སྐབས་དེའི་རྒྱའི་སྒོམ་ཆེན་དེ་དག་གལ་སྲིད་ཆད་མཐར་ལྷུང་བ་ཞིག་ཡིན་ན། མཁན་ཆེན་ཞི་འཚོ་ཁོང་རང་ཉིད་ཀྱིས་འགོག་པར་ངེས་པ་ལས། མཁན་ཆེན་ཞི་འཚོས་བཀག་མ་ཐུབ་པ་ཞིག་ཁོང་གི་སློབ་མ་སློབ་དཔོན་ཀ་མ་ལ་ཤཱི་ལར་ཁྱེད་རང་གིས་འགོག་དགོས་ཞེས་གསུངས་པར་རྒྱུ་མཚན་མེད་སྙམ། ཕྱིས་སུ་ཡོང་བའི་རྒྱའི་མཁན་པོའི་ཁྲོད་དུ་བསམ་གཏན་པ་རྣམས་མཐར་ཐུག་གི་གོ་བ་ལེན་ཕྱོགས་ཀྱི་ཐོག་ནས་ཅི་ཡང་མེད་པའི་ལྟ་གྲུབ་སྨྲ་མཁན་བྱུང་སྟེ་རྗེ་རིན་པོ་ཆེས་མཚོན་མཁས་པ་མང་པོས་དགག་པ་གནང་དགོས་བྱུང་ཡོད།
དེ་ལྟར་བོད་དུ་རྒྱའི་མཁན་པོ་བསམ་གཏན་པ་རིགས་གཅིག་གིས་མི་རྟོག་པ་སྒོམ་པ་ཁོ་ནས་རྣམ་མཁྱེན་སྒྲུབ་ཐུབ་པས། ཐོས་བསམ་སློབ་གཉེར་བྱ་རྒྱུ་གལ་གནད་མི་ཆེ་ཞེས་གསུང་མཁན་བྱུང་ཞིང་། མཁན་ཆེན་ཞི་འཚོ་སྐུ་གཞེས་སྐབས་ཀྱི་བསམ་གཏན་པ་རྣམས་དངོས་གནས་ཐོས་བསམ་སྒོམ་པ་ཕྱོགས་ཆར་མ་ལྷུང་བ་ཞིག་ཡིན་འདུག་ཀྱང་། དེ་རྗེས་ཀྱི་རྒྱའི་བསམ་པ་འགའ་ཞིག་གིས་སྒོམ་པ་རྩེ་གཅིག་པ་བྱེད་པ་སྟེ། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མི་རྟོག་པ་བསྒོམས་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པར་བརྟེན་སློབ་གཉེར་མི་དགོས་ཚུལ་གསུང་མཁན་སྔར་ཡང་བྱུང་ཡོད་ལ། དེང་གི་གནས་སྐབས་སུའང་རྒྱ་ནག་དང་། ཉི་ཧོང་སོགས་སུ་དེ་ལྟར་ཡོད་མུས་ཡིན།
ངོས་རང་ཉེ་ཆར་ཉི་ཧོང་དུ་བསྐྱོད་སྐབས་ཉི་ཧོང་གི་དགོན་པའི་མཁན་པོ་དང་། དགེ་འདུན་བགྲེས་པ། མཁས་དབང་བཅས་ལྷན་འཛོམས་ཐོག་གོ་བསྡུར་བགྲོ་གླེང་ཞིག་གི་སྐབས་སུ། ཉི་ཧོང་གི་དགེ་འདུན་པ་བགྲེས་སོང་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སློབ་གཉེར་བྱེད་དགོས་སམ་མི་དགོས། མི་རྟོག་པ་སྒོམ་པ་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་བམ་ཞེས་སྐད་ཆ་དྲིས་བྱུང་བར། ངོས་ནས་དེ་ལྟར་ཧ་ཅང་ཁག་པོ་ཡིན་པས་སློབ་གཉེར་ངེས་པར་དུ་བྱེད་དགོས་ཞེས་བརྗོད་པར་མ་ཟད། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་གསུང་མུས་ལྟར། པྲཛྙཱ་པ་ར་མི་ཏ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་མེད་ཅེས་ཞུ་དགོས་བྱུང་།
དེ་ཡང་ཐོས་བསམ་སྒོམ་གསུམ་ལས། ཐོག་མར་སློབ་གཉེར་བྱས་ཏེ་ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་གོ་བ་ཆགས་པ་ཞིག་བྱས། ཐོས་བྱུང་གི་ཤེས་རབ་ནི་ཡིད་དཔྱོད་ཙམ་གྱི་གོ་བ་ཡིན་ཅིང་། ཐོས་དོན་ལ་ཡིད་དཔྱོད་ཙམ་གྱི་གོ་བ་ཆགས་པ་དེར་རིག་པ་བཞི་སྟེ། ཆོས་ཉིད་ཀྱི་རིག་པ་དང་། ལྟོས་པའི་རིག་པ། བྱ་བ་བྱེད་པའི་རིག་པ། འཐད་སྒྲུབ་ཀྱི་རིག་པ་བཅས་ཀྱི་ཐོག་ནས་ཡང་ཡང་དཔྱད་དགོས། རིག་པ་བཞི་ནི་དེང་སྐབས་ཚན་རིག་པས་དཔྱོད་ཚུལ་དང་མཐུན་པ་ཞིག་རེད་འདུག །དེ་དག་གི་ཐོག་ནས་བསྡོམས་བརྒྱབ་ཡོང་གི་ཡོད།
དེས་ན་ཚན་རིག་པའི་མཁས་དབང་རྣམས་དང་མཉམ་དུ་དཔྱད་ནས་ཆོས་ཉིད་ཀྱི་རིག་པ་དང་། བྱ་བ་བྱེད་པའི་རིག་པ། ལྟོས་གྲུབ་ཀྱི་རིག་པ། འཐད་སྒྲུབ་ཀྱི་རིག་པ་སོགས་ལ་ཚན་རིག་པ་རྣམས་ཀྱིས་འགྲེལ་བཤད་མང་དུ་བྱེད་ཐུབ་ཀྱི་འདུག །དེ་ཡང་ཕྱི་གཟུགས་ཅན་གྱི་དངོས་པོ་ཁོ་ནའི་ཐོག་ཡིན་པ་ལས། ནང་སེམས་ཀྱི་རྣམ་གཞག་ཐོག་དེ་ཙམ་མེད། ཚན་རིག་པ་དེ་རིགས་དང་མཉམ་དུ་གོ་བསྡུར་བྱས་ནས། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) ཞེས་པ་དེ་དབུ་མའི་ལྟ་བ་འགྲེལ་བཤད་བྱེད་རྒྱུར་ཧ་ཅང་ཡག་པོ་ཞིག་དང་། འདོད་ཚུལ་ཡང་གཅིག་མཚུངས་ལྟ་བུ་རེད་འདུག །ལོ་མང་གོང་ནས་རྒྱ་གར་གྱི་རྡུལ་ཕྲན་རིག་པའི་ཚན་རིག་པ་ར་རྗ་ར་མ་ན་ཞུ་བ་ཁོང་གིས། ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) ཞེས་པ་དེ་འཛམ་གླིང་འདིའི་ཐོག་དུས་ཕྱིས་དར་བ་ཞིག་ཡིན་ལ། རྒྱ་གར་དུ་ལོ་ངོ་ཉིས་སྟོང་ལྷག་གི་གོང་ནས་དར་འཕེལ་བྱུང་ཞིང་། མགོན་པོ་ཀླུ་སྒྲུབ་ཀྱིས་གཞུང་ཞིག་ཏུ་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) འདོད་ཚུལ་སྐོར་འདུག་ཅེས་བརྗོད་བྱུང་། དེ་ལྟར་ཚན་རིག་པ་དང་མཉམ་དུ་ལྟོས་གྲུབ་ཀྱི་རིག་པ་དང་། བྱ་བ་བྱེད་པའི་རིག་པ་སོགས་ཀྱི་ཐོག་ནས་གོ་བསྡུར་བྱ་རྒྱུ་མང་པོ་ཞིག་འདུག་ལ། དེ་ལྟར་བྱས་པས་ཕན་ཐོགས་ཀྱང་རླབས་ཆེན་ཞིག་འདུག །
ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང་ནས། གཙོ་བོ་ཁོང་གི་ལས་འགན་གཅིག་ནི། རྒྱ་ཡི་མཁན་པོ་མི་སྡུག་པ་སྒོམ་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་གསུངས་པ་སོགས་ཀྱི་གནས་ཚུལ་ཞིག་བྱུང་ཞིང་། དེའི་ཐད་ཆོས་རྒྱལ་རང་ཉིད་དཔང་པོའི་ཚུལ་དུ་དབུས་སུ་བཞུགས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཁོང་གི་རྗེས་འབྲང་ལོ་པཎ་འགའ་ཞིག་དང་། རྒྱའི་མཁན་པོ་དང་རྗེས་འབྲང་འགའ་ཞིག་བཅས་ཕན་ཚུན་བགྲོ་གླེང་མཛད་ཅིང་། སྐབས་དེར་བགྲོ་གླེང་གནང་བའི་གཞུང་རྩ་བར་བཞག་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུ་སྐུལ་གསོལ་འདེབས་གནང་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་ལྗགས་རྩོམ་མཛད་པ་ཞིག་ཡིན། དེ་ཡང་སྒོམ་རིམ་དང་པོའི་མཛད་བྱང་ནང་། སའི་མངའ་བདག་དཔལ་ལྷ་བཙན་པོས་བཀའ་སྩལ་ནས་ཀ་མ་ལ་ཤཱི་ལས་བསྒོམ་པའི་རིམ་པ་མདོར་བསྡུས་པ་བགྱིས་སོ། །ཞེས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐུལ་མ་གནང་སྟེ་མཛད་པ་ཡིན་ཞེས་ཧ་ཅང་གསལ་པོ་ཡོད།
སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་ལ། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་དེ་ཡང་ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་སྐུ་མདུན་ནས་ངོས་ཀྱིས་ཞུས་པ་ཡིན། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱིས་གསན་ཡུལ་གྱི་མཚན་ཐུགས་དྲན་གསོས་པ་གནང་གི་མི་འདུག་ཀྱང་། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་བསམ་ཡས་གཙུག་ལག་ཁང་དུ་གནས་གཟིགས་ཕེབས་སྐབས་ཤིག་ཏུ་བསམ་ཡས་སུ་མཁན་ཆེན་ཞི་འཚོའི་བཞུགས་ཁྲི་རེད་ཅེས་པའི་སྟེང་ནས་ཁམས་ཕྱོགས་ནས་ཕེབས་པའི་རྫོགས་ཆེན་གྱི་བླ་མ་ཞིག་གིས་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་གནང་སོང་བས། སྐབས་དེར་ཞུས་པ་ཡིན་ཞེས་གསུང་གི་འདུག །མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཚད་ལྡན་ཡིན་པར་མ་ཟད། ཁོང་ལ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་པ་དེ་མ་ཞུས་ཐབས་མེད་རེད་འདུག་སྙམ་པའི་ཐོག་ནས་ངོས་ཀྱིས་ཞུས་པ་ཡིན། དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཀ་མ་ལ་ཤཱི་ལ་ནི་ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། འདི་ཡན་ཆད་རྣམས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་ཡོད་པ་ལས། ཟབ་མོ་ལྟ་རྒྱུད་ཀྱི་རིམ་པའི་ཁ་སྐོང་དང་བཅས་པ་རྣམས་ཡིན། གཤམ་གྱི་ཐོགས་མེད་ནས་བཟུང་སྟེ་ཇོ་བོ་རྗེའི་བར་རྒྱ་ཆེན་སྤྱོད་རྒྱུད་ཀྱི་རིམ་པ་ནི།
ཁ༽ རྒྱ་ཆེན་སྤྱོད་རྒྱུད་ཀྱི་རིམ་པ།
༩༽ འཕགས་པ་ཐོགས་མེད།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
ཞེས་པ་ནི། བྱམས་ཆོས་སྡེ་ལྔ་ནི་མགོན་པོ་བྱམས་པས་གསུངས་པ་ཞིག་ཡིན་ཅིང་། རྗེ་བཙུན་བྱམས་པ་ལ་མི་ཡི་རྟེན་ཅན་གྱི་མགོན་པོ་བྱམས་པ་ཞིག་ཀྱང་ཡོད་འདུག །མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དྲང་ངེས་ལེགས་བཤད་སྙིང་པོའི་ནང་དུ་རྒྱ་ཡི་མཁན་པོ་ཝེན་ཚེགས་ཞུ་བ་ཁོང་ཀོ་རི་ཡ་ནས་ཡིན་འདུག །དེ་ལྟར་རྒྱའི་མཁན་པོ་ཝེན་ཚེགས་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དེ་ཉིད་ངོས་ནས་རགས་ཙམ་རེ་མཇལ་རྒྱུ་བྱུང་། དེའི་ནང་དུ་རྗེ་བཙུན་བྱམས་པ་མགོན་པོའི་ཡུམ་གྱི་མཚན་ལ་བྱམས་མ་ཞུ་བའི་སྲས་ཡིན་སྟབས་བྱམས་པ་ཞེས་མཚན་ཐོགས་པ་རེད་ཅེས་གསལ་འདུག །དེས་ན་མི་ཡི་རྟེན་ཅན་གྱི་བྱམས་པ་ཞིག་ཡོད་པའི་རྟགས་རེད། དགའ་ལྡན་ལྷ་ཡི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་ལ་ཡུམ་གྱི་སྐད་ཆ་ཨེ་ཡོད་སྙམ། དེ་ལྟར་མི་ཡི་རྟེན་ཅན་དང་དགའ་ལྡན་ལྷ་ཡི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་གང་ཞིག་ཡིན་ནའང་། བྱམས་ཆོས་སྡེ་ལྔ་ང་ཚོས་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་ཡིན་པར་མ་ཟད། མངོན་རྟོགས་རྒྱན་ལ་ཆ་མཚོན་ནའང་ཧ་ལས་པ་ཞིག་ཡོད། དེ་བཞིན་རྒྱུད་བླ་མ་དང་། མདོ་སྡེ་རྒྱན་སོགས་ཀྱི་གཞུང་ལུགས་རྣམས་ཀྱང་ཧ་ལས་པ་ཞིག་རེད་འདུག །གཞན་ཡང་དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་སོགས་གཞུང་ལུགས་མང་པོ་ཞིག་ཡོད།
དེ་ལྟར་ཤེར་ཕྱིན་གྱི་གཞུང་རྣམས་བདག་ཅག་གི་སྟོན་པས་ཐོག་མར་གསུང་སྐབས། བདེན་བཞིའི་ཆོས་འཁོར་ལྟར་གདུལ་བྱ་ལས་དག་པ་དང་མ་དག་པའི་གདུལ་བྱ་འདུ་འཛོམས་ཐོག་ཡོངས་གྲགས་སུ་གསུངས་པ་ཞིག་མིན། ལོ་རྒྱུས་ཀྱི་ཐོག་ཏུ་འཁོད་པ་ལྟར། ཆོས་འཁོར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་པའི་ཤེར་ཕྱིན་གྱི་གཞུང་རྣམས་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན། དཔེར་ན། བྱ་རྒོད་ཕུང་པོའི་རིར་གནས་སྐོར་དུ་བསྐྱོད་སྐབས། གནས་ཡུལ་གཞི་རྒྱ་ཆུང་ངུ་ཞིག་ལས། ཤེས་རབ་སྙིང་པོ་ལས་གསུངས་པ་ལྟར། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་དང་བཅས་པའི་གདུལ་བྱ་ཁྲི་འབུམ་མང་པོ་ཤོང་ཡུལ་མེད་ཅིང་། དེ་ནི་གདུལ་བྱ་ལས་དག་གི་སྣང་ངོར་ཡིན། དེ་ཡང་ཤེས་རབ་སྙིང་པོའི་གཞུང་དངོས་གཞི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་ཞལ་ནས་དངོས་སུ་གསུངས་པ་ཞིག་མིན་པར་ཤཱ་རིའི་བུ་དང་། འཕགས་པ་སྤྱན་རས་གཟིགས་གཉིས་དྲི་བ་དྲིས་ལན་གནང་ནས་གསུངས་པ་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་སུ་གདུལ་བྱ་སྤྱིར་བཏང་ཞིག་སླེབས་ཚེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང་། གདུལ་བྱ་དེས་ཤཱ་རིའི་བུ་མཇལ་བ་ལས། འཕགས་པ་སྤྱན་རས་གཟིགས་མཇལ་མི་ཐུབ་པར་བརྟེན། གཤམ་ངོས་སུ་ཤཱ་རིའི་བུས་ཆིག་ལབ་བསྐྱོན་ནས་བཞུགས་འདུག་སྙམ་པ་དང་། ལྷག་པར་ཤཱ་རིའི་བུ་དེ་རིང་ཐུགས་སེམས་དེ་ཙམ་བདེ་པོ་ཨེ་ཡོད་སྙམ་པ་ལྟ་བུ་དྲན་སྲིད་པའི་ཉེན་ཁ་ཡོད། དེར་བརྟེན་ངོས་ནས་ནམ་རྒྱུན་དེ་ལྟར་དྲན་པ་ལྟར་རྩེད་མོ་དང་བཅས་ཏེ་བརྗོད་ཀྱི་ཡོད།
དེས་ན་དེ་ནི་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན་པ་ལས། གདུལ་བྱ་ཡོངས་གྲགས་ལ་གསུངས་པ་ཞིག་མིན། དེར་བརྟེན་ལོ་རྒྱུས་སྨྲ་བ་དག་གིས་གསུངས་པའི་ལོ་རྒྱུས་ཀྱི་ནང་དུ་འཁོད་མེད་སྟབས། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཞེས་པ་རྒྱུ་མཚན་དེ་དག་གི་ཐོག་ནས་ཡོང་གི་ཡོད། ཐེག་ཆེན་བཀར་སྒྲུབ་ཅེས་པ་གཙོ་བོ་རིགས་པའི་ལམ་ནས་བརྗོད་བྱ་ལ་བརྟགས་ཤིང་དཔྱད་དེ་འགྲོ་དགོས་པ་དང་། དེ་ཡང་བཅོམ་ལྡན་འདས་ཀྱི་བཀའ་ཡིན་མིན་བརྗོད་བྱ་ལ་བརྟགས་ཤིང་དཔྱད་ནས་དེ་ཉིད་བཅོམ་ལྡན་འདས་ཀྱི་བཀའ་འོས་མེད་ཡིན་པར་བསྒྲུབས་ཡོད།
དེ་བཞིན་མགོན་པོ་ཀླུ་སྒྲུབ་དང༌། ཀླུ་སྒྲུབ་ཀྱི་རྗེས་འབྲང་ཨརྱཱ་དེ་ཝ་དེ་དག་མཁས་པ་ཕུལ་དུ་ཕྱིན་པ་ཕྱི་ནང་གི་གྲུབ་མཐའ་མཁྱེན་མཁན་ཧ་ལས་པའི་མཁས་པའི་དབང་པོ་རེད། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་བཅས་ཀྱང་ཕུལ་དུ་ཕྱིན་པའི་མཁས་པ་ཤ་སྟག་རེད། ལྟ་བའི་དཀའ་སར་ཏོག་ཙམ་ནོར་བ་ལྟ་བུ་ཆགས་ཀྱི་ཡོད། དཔེར་ན། ཟླ་བ་གྲགས་པ་གཞིར་བཞག་བྱས་ན། དཔལ་ལྡན་ཟླ་བ་གྲགས་པས་རིགས་པས་དཔྱད་སྐབས་ལེགས་ལྡན་འབྱེད་ཀྱིས་ཀྱང་ནོར་འདུག་ཅེས་གསུངས་པ་དེ་འདྲ་ཡོང་གི་ཡོད། དེ་དག་གིས་རྣམ་དཔྱོད་ཅན་ཡིན་པ་མཚོན་གྱི་འདུག་ཅིང༌། ཧ་ལས་པའི་རིགས་པ་བཀྲ་པོ་དང༌། ཧ་ལས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྩལ་ཐོན་པོ་ཡོད་པ་དེ་ཤེས་ཐུབ་པ་རེད། དེར་བརྟེན་དེ་དག་གིས་ཁུངས་རྣམ་དག་ལ་བརྩིས་ཀྱི་ཡོད་སྟབས་ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པར་ཐག་བཅད་ཐུབ་པ་ཞིག་ཡིན་སྟབས། ལོ་རྒྱུས་སྨྲ་བ་དག་གིས་ལོ་རྒྱུས་ཀྱི་ནང་དུ་འཁོད་མི་འདུག་ཅེས་བརྗོད་རྒྱུ་ཞིག་མིན། བཀའ་བསྡུ་མཛད་པ་པོར་ཆ་མཚོན་ནའང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་འཇམ་དབྱངས་ལ་སོགས་པ་དེ་དག་གིས་ཐེག་ཆེན་གྱི་བཀའ་བསྡུས་པ་ཡིན། དེ་ཡང་23།
ཀུན་བཟང་འཇམ་དབྱངས་གསང་བདག་བྱམས་སོགས་ཀྱིས། །
ཐེག་ཆེན་བསྡུས་པ་རྟོག་གེ་འབར་བར་བཤད། །
ཅེས་གསུངས་པ་ལྟར། ཡོངས་གྲགས་སུ་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་དོན་ཞིག་མིན། དེས་ན་ལོ་རྒྱུས་གཙོ་བོར་བྱས་པ་ལས་བརྗོད་བྱར་བསམ་བློ་གང་ཡང་མ་བཏང་ན། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཏེ་ལོ་རྒྱུས་ཀྱི་ནང་དུ་མ་འཁོད་པའི་ཕྱིར། ཞེས་བརྗོད་པ་དེ་ལྟར་ཡོང་གི་ཡོད། རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་ན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་རྟོན་པ་བཞིའི་སྒོ་ནས་བརྟགས་ཤིང་དཔྱོད་སྐབས་ཐེག་ཆེན་གྱི་གཞུང་དེ་དག་གིས་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་གསུངས་པ་རྣམས་ལ་རིགས་པའི་རྒྱབ་རྟེན་ཆ་ཚང་ཡོད་པ་ཞིག་ཡིན།
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་ནང་དུ་དོགས་སློང་མཛད་ཡོད། བྱང་ཕྱོགས་སོ་བདུན་གྱི་ལམ་ཙམ་བསྒོམས་ནས་གཅིག་གིས་ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། གཅིག་ཤོས་ཀྱིས་སྒྲིབ་གཉིས་སྤངས་པའི་ཐེག་ཆེན་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལམ་གཅིག་གི་ཐོག་ནས་ཡོང་ཐབས་མེད། འབྲས་བུ་ལ་ཁྱད་པར་ཡོད་པ་བཞིན་དུ་རྒྱུ་ལའང་ཁྱད་པར་ཡོད་དགོས་ཞེས་བསྒྲུབས་པ་གནང་ཡོད། འདི་རིགས་ནི་དངོས་གནས་དོན་ལ་གནས་ཤིང་། བསམ་བློ་ཞིབ་ཕྲ་བཏང་ན་གཏོང་རྒྱུ་ཡོད་པ་ཞིག་ཀྱང་ཡིན།
མདོར་ན་པཱ་ལིའི་གཞུང་ཁོ་ནའི་ཐོག་ཏུ་ཕྱིན་ན་གང་ཟག་གི་བདག་མེད་ལས། ཆོས་ཀྱི་བདག་མེད་གསུངས་མེད། དངོས་གནས་བསམ་བློའི་ནང་དུ་བྲོ་བ་ཞིག་སླེབས་པ་ནི་ཆོས་ཀྱི་བདག་མེད་ཀྱི་ཐོག་ནས་སླེབས་དགོས་པ་ཡིན། གང་ཟག་གི་བདག་མེད་དཔྱིས་ཕྱིན་པའམ་ཡོངས་སུ་རྫོགས་པ་ཞིག་རྟོགས་པ་ལའང་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ལས། ཆོས་ཀྱི་བདག་མེད་རྟོགས་ནས་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་བསུན་ཕྱུང་བ་ཞིག་མ་བྱུང་ཚེ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་ཐབས་མེད། དེས་ན་ཐེག་ཆེན་གྱི་གཞུང་རྣམས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
དེས་ན་ཐེག་ཆེན་གྱི་ཆོས་འཁོར་གྱི་རིགས་མང་པོ་ཞིག་རྗེ་བཙུན་བྱམས་པ་དང་། རྗེ་བཙུན་འཇམ་དབྱངས་ལ་སོགས་པ་དྲི་བ་དྲིས་ལན་གནང་མཁན་གྱི་གྲས་སུ་ཡོད་ལ། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་བཀའ་བབས་དེ་གཉིས་ནས་མར་བྱུང་བ་ཞིག་ཡིན། དེས་ན་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་བཀའ་བབས་རྗེ་བཙུན་བྱམས་པ་མགོན་པོ་དང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་འཇམ་དཔལ་དབྱངས་ལ་བཀའ་བབས་པ་ཡིན། འདི་ལྟར་དུ་བྱས་ཏེ་བྱམས་པ་དང་། འཇམ་དབྱངས་ལ་བརྟེན་ནས་འཕགས་པ་ཐོགས་མེད་དང་། མགོན་པོ་ཀླུ་སྒྲུབ་བཅས་ནས་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཆ་ཚང་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་བཀྲལ་བ་གནང་ཡོད།
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། འཕགས་པ་ཐོགས་མེད་ནི་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཡོད་ཅིང་། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཅེས་བསམ་བཞིན་དུ་རྒྱལ་བའི་བསྟན་པར་བྱ་བ་མཛད་པ་པོར་སྐུ་སྐྱེ་བཞེས་ཤིང་། རྒྱལ་བའི་ལུང་གིས་ཟིན་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱི་རང་ལུགས་དབུ་མ་པའི་ལྟ་བ་འཛིན་ཅིང་། རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་དགོངས་པ་འགྲེལ་བཤད་བསྐྱོན་སྐབས། དབུ་མའི་ལུགས་ལྟར་དུ་གསུངས་ཡོད། རྣམ་རིག་པའི་ལྟ་གྲུབ་རྒྱ་ཆེར་སྤེལ་རྒྱུ་ནི་ཁོང་གི་བཀའ་བབས་ཀྱི་ལས་འགན་ཡིན།
ཁོང་གིས་མཛད་པའི་མངོན་པ་ཀུན་བཏུས་སོགས་ཀྱི་གཞུང་རྣམས་ང་ཚོས་ནམ་རྒྱུན་འཆད་ཉན་བྱེད་བཞིན་ཡོད་ལ། ལྷག་པར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་གཙོ་བོ་བྱམས་ཆོས་དང་འབྲེལ་བའི་གཞུང་མང་པོ་དང་། བྱང་ས་ལ་སོགས་པའི་གཞུང་མང་པོ་མཛད་ནས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་རྐང་འཛིན་གནང་མཁན་ཞིག་དང་། རྒྱ་ཆེན་སྤྱོད་བརྒྱུད་མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་དམ་འགྲེལ་བྱེད་གཞན་ལ་མ་ལྟོས་པར་གསུང་རབ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱལ་སྲས་འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་གསལ་བར་མཛད་པས་ན།
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་ཁོང་རང་གི་ཐུགས་བསྐྱེད་དང་བཀའ་བབས་དེ་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པས། འཕགས་པ་ཐོགས་མེད་ལ་བསྟོད་ཕྱག་བྱས་པ་ཡིན།
༡༠༽ སློབ་དཔོན་དབྱིག་གཉེན།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
ཞེས་སོགས་ཚིགས་སུ་བཅད་པས་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་བྲམ་ཟེའི་རིགས་ལས་འཁྲུངས་པ་སློབ་དཔོན་དབྱིག་གཉེན་ལ་བསྟོད་ཕྱག་བྱས་པ་སྟེ། དེ་ཡང་སློབ་དཔོན་དབྱིག་གཉེན་བསམ་གྱིས་མི་ཁྱབ་པའི་རྩ་ཆེ་ཞིང་། མངོན་པ་སྡེ་བདུན་དང་། བྱམས་ཆོས་གཞུང་གི་འགྲེལ་པ་སོགས་མཛད་ནས་བསམ་གྱིས་མི་ཁྱབ་པའི་མཁས་པ་གཟུང་འཛིན་གཉིས་སྟོང་གི་སྲོལ་འཛིན་པ་ཞིག་ཡིན།
རང་རྩོམ་ལ་ཆ་མཚོན་ནའང་། ཡོངས་གྲགས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། དེ་བཞིན་མངོན་པ་མཛོད་རང་འགྲེལ་སོགས་ང་ཚོས་ནམ་རྒྱུན་འཆད་ཉན་བྱ་རྒྱུའི་གཞུང་གཙོ་བོ་ཞིག་ཆགས་ཡོད། འོན་ཀྱང་མཛོད་གནས་གསུམ་པ་འཇིག་རྟེན་ཁམས་གསུངས་པ་དེ་དག་ལས་འགའ་ཞིག་སྒྲ་ཇི་བཞིན་པར་ཁས་བླངས་ན་མངོན་སུམ་ལ་བསྙོན་པ་ཡིན། དེའི་ཐད་ངོས་ནས་སློབ་དཔོན་དབྱིག་གཉེན་ལ་ཕྱག་གསུམ་འཚལ་ཏེ། སྒྲ་ཇི་བཞིན་པ་ཁས་ལེན་ཐུབ་པ་མི་འདུག་ཅེས་ཞུ་བཞིན་ཡོད། དེ་དག་ནི་གནས་ཚུལ་ཧ་ཅང་ཆུང་རིགས་ཡིན་པས་གནད་འགག་གང་ཡང་མེད།
སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལྗགས་རྩོམ་མཛད་སྐབས་དགུང་ལོ་མཐོན་པོར་ཕེབས་ཡོད་ལས་ཆེ། དེས་ན་སྤྱན་གྱིས་དེ་ཙམ་གསལ་པོ་མི་གཟིགས་པའི་དབང་གིས་ཉི་མར་གཟིགས་སྐབས། གནམ་གཤིས་ཅུང་ཟད་འཐིབས་པ་སོགས་ཀྱིས་དབང་ལས་ཉི་མ་ཟླ་བ་ལས་ཅུང་ཟད་ཆུང་བ་ལས་དེ་ཙམ་གྱི་ཆེ་ཆུང་གི་ཁྱད་པར་ཆེན་པོ་མེད་པར་གཟིགས་ཏེ། མངོན་པ་མཛོད་ཀྱི་འཇིག་རྟེན་བསྟན་པ་ལས24།
ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །
ཞེས་གསུངས་ཡོད། དངོས་ཡོད་གནས་ཚུལ་ལ་དེང་སྐབས་ཚན་རིག་པས་བརྟག་ཞིབ་བྱས་པའི་གྲུབ་དོན་ལྟར་ན་ཉི་མ་ཧ་ལས་པའི་ཆེན་པོ་ཆེན་པོ་ཡོད། འོན་ཀྱང་ང་ཚོས་ཆུང་ངུ་ཞིག་ལས་མི་མཐོང་བ་ནི་ཐག་རིང་བའི་དབང་གིས་ཡིན་ལ། དེ་བཞིན་སྐར་མ་རྣམས་ང་ཚོ་དང་བར་ཐག་ཤིན་ཏུ་རིང་བའི་དབང་གིས་ཆུང་ངུ་ལས་མཐོང་གི་མེད་ཅིང་། སྐར་མ་འགའ་ཞིག་གི་འོད་ཟེར་ད་ལྟ་འཛམ་གླིང་གི་ཕྱོགས་སུ་ཚུར་ཡོང་བཞིན་པའི་འོད་ཟེར་དེ་ཉིད་མཐོང་བ་ལས། འོད་ཟེར་དེ་ཉིད་གང་ལས་འབྱུང་བའི་ཐོག་མའི་སྐར་མ་དེ་ཉིད་འགགས་ཟིན་པ་ཡང་ཡོད། དེ་ལྟར་ནམ་མཁའ་དང་། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་ཅེས་གསུངས་ཡོད།
དེ་མིན་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་དང་། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མངོན་པ་སྡེ་བདུན་གྱི་དོན་རྣམས་ཚུར་བསྡུས་ནས་མངོན་པ་མཛོད་མཛད་ནས་དེའི་ནང་ལ་རང་ལུགས་མདོ་སྡེ་པའི་ཕྱོགས་བཟུང་ཞིང་། བྱེ་བྲག་སྨྲ་བའི་འདོད་པའང་སྐབས་རེར་ཕྱོགས་བསྡུས་ཀྱི་ཚུལ་དུ་ཕྲན་བུ་རེ་གསུངས་ཡོད།
གཞན་ཡང་དབུས་མཐའི་འགྲེལ་པ་ལ་སོགས་པའི་འགྲེལ་པ་ཁ་ཤས་མཛད་ནས་སེམས་ཙམ་པའི་ལྟ་བ་ཆེས་ཆེར་གསལ་བར་མཛད་མཁན་ཞིག་ཡིན་པས་ཆོས་མངོན་སྡེ་བདུན་དང༌། གཞན་ཡང་གཟུང་འཛིན་གཉིས་སྟོང་གི་སེམས་ཙམ་པའི་ལྟ་བའི་སྲོལ་བཟུང་ནས་མཛོད་རྩ་བ་གསུངས་པའི་ཚེ། རང་ལུགས་མདོ་སྡེ་པའི་ཕྱོགས་བཟུང་བ་ལྟ་བུ་ཡོད། གཞུང་འདིར་རྩ་བའི་བྱེ་བྲག་སྨྲ་བའི་འདོད་པ་བཀོད་སྐབས་མདོ་སྡེ་པའི་འདོད་པ་ཡང་ཐོན་ཡོང་བ་དང་།
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། ཁོང་གི་རང་གཞུང་ཉི་ཤུ་པ་ལ་སོགས་པ་དེ་དག་མཛད་ནས་རྣམ་རིག་པའི་གྲུབ་མཐའ་གསལ་བར་བཛད་པ་དང་། མདོར་ན་ཉི་ཤུ་པ་དང་། སུམ་ཅུ་པའི་གཞུང་དེ་དག་གཞུང་ཉུང་ངུ་ལས་མེད་ཀྱང་། གཞུང་དེ་དག་གི་ཐོག་ནས་བྱེ་མདོ་གཉིས་དང་། རྣམ་རིག་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་པའི་ལེགས་བཤད་རྨད་དུ་བྱུང་བས། སློབ་དཔོན་འདི་ཉིད་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད།
༡༡༽ སློབ་དཔོན་ཕྱོགས་གླང་།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
ཞེས་པས་སློབ་དཔོན་ཕྱོགས་ཀྱི་གླང་པོར་བསྟོད་ཕྱག་བྱས་ཤིང་། དིགྣཱགཿསྟེ་སློབ་དཔོན་ཕྱོགས་གླང་ནི། སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་སྟེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་དང་། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་བཅས་ཀྱི་ཡ་གྱལ་ཚད་མ་རང་ལས་མཁས་པ་དེ་ཡིན། དེ་ལྟར་སློབ་དཔོན་ཕྱོགས་གླང་ནི་མཁས་པ་ཆེན་པོ་ཞིག་ཡིན་ལ། རིགས་པའི་ཐོག་ནས་དཔྱད་པ་བྱ་རྒྱུའི་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཞིག་ཀྱང་རེད་འདུག །ཁོང་གི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་མེད་ནི། ཁོང་གིས་མཛད་པའི་ཚད་མ་ཀུན་བཏུས་ལ་གཟིགས་ན་མཁྱེན་རྟོགས་ཐུབ་པར་མ་ཟད། ལྷག་པར་ཚད་མ་ཀུན་བཏུས་ཀྱི་ཐོག་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རིགས་པའི་ལམ་ནས་ངེས་པ་སྐྱེ་ཐབས་མཛད་ཡོད། དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས25།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པའི་ཚིག་རྐང་གཉིས་པོས་སྟོན་པ་བཅོམ་ལྡན་འདས་ཀྱིས་ལམ་ཇི་ལྟ་བུ་ཞིག་ཉམས་སུ་བླངས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། དེའི་ཤེས་བྱེད་ཇི་ལྟ་བུ་ཡིན་པ་དེ་དག་མདོར་བསྡུས་པའི་ཚུལ་གྱིས་བསྟན་པའི་གསུང་ཧ་ལས་དགོས་པའི་རྣམ་དཔྱོད་ཅན་གྱི་ཚིག་བསྡུས་རླབས་ཆེན་གསུངས་པ་ཞིག་ཡིན། དེ་ལྟར་མཆོད་བརྗོད་ཚིག་རྐང་གཉིས་ལས་མེད་ཀྱང་། ཧ་ལས་པའི་སྤུས་དག་ལ། རྒྱ་ཆེན་པོ་ཞིག་ཡིན་པར་མ་ཟད། དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བའི་བང་རིམ་བསྒྲིག་སྟངས་འདི་ཡིན།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པ་ལྟར་གྱི་བཀྲལ་སྟངས་དབུ་མའི་ལུགས་ལྟར་བཀྲལ་བ་དང་། དབུ་མའི་ནང་ནས་ཀྱང་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྩལ་འདོན་གནང་མཁན་གྱི་རང་བཞིན་མེད་པར་སྨྲ་བའི་དབུ་མ་པའི་ལུགས་དེའི་ཐོག་ནས་བཤད་ན། དངོས་གནས་ཡིད་ཆེས་རྙེད་པ་ཞིག་ཡོང་ཐུབ་པ་རེད་འདུག །
དེ་ཡང་གཙོ་བོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འདི་ཤེས་རབ་ཀྱི་གྲོགས་དང་། རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཉམས་སུ་ལེན་དགོས་པ་དང༌། རྟོགས་པ་གོང་ནས་གོང་དུ་འཕེལ་དགོས་པ་ཞིག་ཡིན་པས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་སོགས་མཛད་པའི་ཐོག་ནས་ཚད་མའི་འགྲོ་སྟངས་དེ་དག་དཔྱིས་ཕྱིན་པ་གསུངས་ཤིང་། གཏན་ཚིགས་ཀྱི་རྣམ་གཞག་དེ་དག་ཚད་མ་ཀུན་བཏུས་སྐབས་སུ་ཧ་ཅང་མཁྲེགས་པོ་འདུག་ལ་ཧ་ལས་པ་ཞིག་རེད། དེར་བརྟེན་ཚད་མའི་སྒོ་བརྒྱ་ལེགས་པར་ཕྱེ་ནས་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་པར་མཛད་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱིས་མུ་སྟེགས་པའི་འདོད་པ་འགོག་གི་ཡོད། འོན་ཀྱང་ཚད་མའི་རྣམ་གཞག་སྟོན་མཁན་གྱི་ཚད་མ་པ་ཞིག་གི་ངོས་ནས་མུ་སྟེགས་པའི་ཚད་མ་བ་དག་གིས་ཀྱང་བརྩི་བཀུར་ཞུ་ཡུལ་ཞིག་ཏུ་གྱུར་ཡོད།
དེ་ལྟར་ཕྱོགས་གླང་ཡབ་སྲས་གཉིས་ཀྱིས་ནང་པའི་ཚད་མའི་གཞུང་ལུགས་མང་དུ་མཛད་ཅིང༌། མུ་སྟེགས་པའི་གཏན་ཚིགས་ཀྱི་རྣམ་གཞག་དེ་དག་འགོག་པ་དང༌། བསལ་བའི་རྣམ་གཞག་དེ་དག་གསུངས་པའི་རྗེས་ལ་མུ་སྟེགས་པའི་ཚད་མའི་གཞུང་ཡང་ཡར་རྒྱས་ཤུགས་ཆེན་ཕྱིན་པ་རེད་ཅེས་བརྗོད་ཀྱི་འདུག །མདོར་ན་ཕྱི་ནང་ཁྱད་མེད་སྤྱིའི་ཆ་ནས་ཚད་མ་པ་ཞེས་ཧ་ཅང་གཙུག་ཏུ་བཀུར་ཡུལ་ཞིག་ཏུ་གྱུར་པར་བརྟེན།
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་བརྗོད་པ་ཡིན། ཡང་ཕྱོགས་ཀྱི་གླང་པོས་མཛད་པའི་བརྒྱད་སྟོང་དོན་བསྡུས་དེ་དག་གི་ནང་ལ་དབུ་མའི་སྐོར་ཡང་གསུངས་ཡོང་གི་འདུག །དེ་བཞིན་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་བསམ་གྱིས་མི་ཁྱབ་པ་ཡིན་ཅིང་། ཚད་མ་ཀུན་བཏུས་ཀྱི་བཤད་ལུང་ཡོད་པ་ལྟར་ཨུ་ཚུགས་བརྒྱབ་ནས་ཐོབ་ཐུབ་པ་བྱུང་། དེ་བཞིན་ཚད་མའི་གཞུང་ལུགས་རྣམས་ལ་མཚོན་ན། ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་རྒྱའི་སྐད་ཡིག་ཐོག་ཏུ་བསྒྱུར་ཡོད་འདུག་པ་ལས། ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་ཕལ་ཆེར་རྒྱའི་སྐད་ཡིག་ཐོག་སྔར་བསྒྱུར་ཡོད་བཟོ་མི་འདུག །འོན་ཀྱང་ཕྱིས་སུ་འགའ་ཞིག་བསྒྱུར་ཡོད་འདུག །མདོར་ན་ཚད་མ་མདོ་དང་བཅས་པའི་གཞུང་ལུགས་དེ་དག་བོད་ཡིག་གི་ཐོག་ཏུ་སྔར་ནས་བསྒྱུར་ཡོད་ལ། དེ་ལྟར་དཔལ་ནཱ་ལེནྡྲའི་ཚད་མའི་གཞུང་རྣམས་དེང་སྐབས་བོད་གཅིག་པུ་ལས་ཕལ་ཆེར་གཞན་ལ་མེད་པ་ཞིག་དང་། ལྷག་པར་དེ་དག་གི་ཐོག་ལ་སློབ་གཉེར་འདི་ལྟར་བྱེད་སྲོལ་ཡོད་པ་ནི་ཕལ་ཆེར་བོད་གཅིག་པུ་ལས་གཞན་ལ་མི་འདུག །དེ་དག་ང་ཚོས་མུ་མཐུད་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད།
༡༢༽ དཔལ་ལྡན་ཆོས་གྲགས།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། དངོས་གནས་རིགས་ལམ་མཐར་ཕྱིན་པའི་མཁས་པའི་སྐྱེས་མཆོག་ཅིག་ཡིན་པར་མ་ཟད། ཕྱི་ནང་གི་གྲུབ་མཐའ་ཀུན་དང༌། དེའི་ནང་ནས་ཚད་མའི་གནད་ཀུན་ལེགས་པར་དགོངས་ཤིང༌། དེ་བཞིན་དུ་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་མདོ་སེམས་ཀྱི་ལུགས་དང་འབྲེལ་བའི་ཟབ་རྒྱས་ཀྱི་ལམ་ཀུན་རིགས་པའི་ལམ་ནས་དཔྱིས་ཕྱིན་པར་བསྟན་པར་མཛད་དེ། ངེས་པ་བདེ་བླག་ཏུ་སྟེར་བར་མཛད་པའི་རྨད་དུ་བྱུང་བའི་ཆོས་ཚུལ་འདོམས་པར་མཁས་པའི་ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཞེས་བསྟོད་ཕྱག་མཛད་པ་ཡིན།
དེ་ལྟར་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་གཞུང་ལ་མཚོན་ན་ཚད་མ་སྡེ་བདུན་ཏེ། རྒྱས་པ་ཚད་མ་རྣམ་འགྲེལ་དང་། འབྲིང་ཚད་མ་རྣམ་ངེས། བསྡུས་པ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་ཆ་ཚང་སྔར་ནས་བོད་ཡིག་ཏུ་བསྒྱུར་ནས་ཡོད་ལ། དེ་ཡང་ཁོང་གིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་བཀྲལ་བ་ཚད་མ་རྣམ་ངེས། བསྡུས་པ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ཁྲོད་ནས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་ཡོད་པ་ལས། ལེའུ་གཉིས་པར།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པའི་རྐང་པ་གཉིས་ཀྱི་འགྲེལ་པ་མཛད་སྐབས་ཧ་ལས་པའི་འགྲེལ་བཤད་ཟབ་པོ་ཞིག་ཡོད། དངོས་གནས་ནང་པ་སངས་རྒྱས་པའི་ཆོས་བདེན་བཞིའི་རྣམ་གཞག་ནས་བཟུང་སྟེ་ཡིད་ཆེས་ཐོབ་པ་ཞིག་ཁོང་གི་གཞུང་ལ་བརྟེན་ནས་ཡོང་གི་ཡོད་ལ། མ་རིག་པའི་ངོས་འཛིན་སྟངས་དང་། མ་རིག་པ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནས་གསུངས་པའི་རྟེན་འབྱུང་གི་ལྟ་བ་དང་སྦྱར་ན་གཞན་དང་མི་འདྲ་བ་ཞིག་ཡོད་པར་མ་ཟད། བསྟན་པའི་གནད་ལ་ངེས་པ་བརྟན་པོ་རྙེད་ཐུབ་པའི་ཁྱད་པར་ཆེན་པོ་ཡོད།
ཚད་མ་རྣམ་འགྲེལ་ཧ་ལས་པའི་གཞུང་བཟང་ཞིག་དང་། གཞུང་ཧ་ཅང་མཁྲེགས་པོ་ཞིག་ཡིན་པས་ཚད་མ་རྣམ་འགྲེལ་གྱི་ཚིག་འགྲེལ་ཞིག་རྒྱག་དགོས་བྱུང་ན་ཁག་པོ་ཡོད། འདི་ལོའི་ལོ་མཇུག་བཀྲ་ཤིས་ལྷུན་པོར་ཚད་མ་རྣམ་འགྲེལ་གྱི་བཤད་ལུང་བྱ་རྒྱུའི་འཆར་གཞི་ཞིག་ཡོད་ཀྱང་། ངོས་ནས་ཁུངས་ལེགས་པོ་ཞིག་འཁྱོལ་དཀའ་བས་བྱིན་རླབས་ཆེན་པོའི་ཐོག་ནས་བཤད་པ་ཐར་ཐོར་ཞིག་གི་ཐོག་ནས་ཕྱིན་ན་འགྲིག །སྔར་སོག་པོ་བློ་བཟང་གིས་བརྗོད་པ་ལ། དེང་སྐབས་ཚད་མ་རྣམ་འགྲེལ་མགོ་ནས་མཇུག་བར་ཚིག་འགྲེལ་ཆ་ཚང་ཐོན་མཁན་གཅིག་ཀྱང་མེད་ཅེས་བརྗོད་ཀྱི་འདུག །དེ་ལྟ་བུ་ཞིག་ཆགས་ཡོད།
དེ་ལྟར་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་སྡེ་བདུན་མཛད་པ་སོགས་ཕྱོགས་གླང་ཡབ་སྲས་རྣམ་གཉིས་མཁས་པའི་དབང་པོ་ཧ་ལས་པ་ཞིག་ཡིན་སྟབས། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས26།
བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །
མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །
འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །
འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །
ཅེས་སོགས་བསྔགས་བརྗོད་ཆེན་པོ་གནང་ཡོད་ལ། ཀུན་གྱིས་དེ་ལ་རྣམ་གྲོལ་སྒྲུབ་པའི་ལམ་གལ་གནད་ཆེ་བ་གང་ཡང་མེད་ཅེས་བརྗོད་སྐབས། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ་ཁྱོད་ཀྱིས་འདི་འདྲ་རྩོམས་དང་། མ་འོངས་པ་ན་མིག་ཕྱེ་བ་ནང་བཞིན་ཡོང་གི་རེད་ཅེས་གསུངས་པ་དེ་གཉིས་འགལ་འདུ་རེད་འདུག་དགོངས་ནས་རྗེ་རིན་པོ་ཆེས་ཞིབ་འཇུག་གནང་བའི་སྐབས། རྟོགས་བརྗོད་མདུན་ལེགས་མ་ལས27།
དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །
རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །
བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །
ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །
ཅེས་གསུངས་ཏེ་བསྔགས་བརྗོད་ཆེན་པོ་གནང་ཡོད།
སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་སྔར་རྒྱ་ཡིག་ཐོག་བསྒྱུར་མེད་ཀྱང་། ཚད་མ་རིགས་སྒོ་སྔར་ནས་རྒྱ་ཡིག་ཐོག་བསྒྱུར་ཟིན་ཡོད། དེ་བཞིན་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་སྔར་རྒྱ་ཡིག་ཏུ་བསྒྱུར་གནང་མི་འདུག་ཅིང་། ཕྱིས་སུ་བསྒྱུར་མཁན་གྱི་རིགས་བྱུང་ཡོད། དེ་ཡང་ཚད་མ་སྡེ་བདུན་ཆ་ཚང་བོད་ཡིག་ཐོག་སྔར་ནས་ཡོད་མུས་མ་ཟད། ཚད་མ་རྣམ་འགྲེལ་གྱི་ཐོག་ནམ་རྒྱུན་ནས་སློབ་གཉེར་ཤུགས་ཆེ་གནང་སྲོལ་ཡོད།
ངོས་ནས་ཞུ་འདོད་པ་ཞིག་ལ། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་ཚད་མའི་གཞུང་དེ་དག་གི་ཐོག་ནས་ཚད་མའི་སློབ་གཉེར་ཡོད་པ་ནང་པ་དུང་ཕྱུར་བཅུ་ཙམ་སྟེ། རྒྱ་ནག་ཁོ་ནར་ནང་པ་དུང་ཕྱུར་བཞི་ཙམ་དང་། ཐའེ་ལན་ཌི་དང་འབར་མ་སོགས་ལ་དུང་ཕྱུར་གཅིག་ཙམ་ཡོད་ལས་ཆེ། རིམ་བཞིན་རྒྱ་གར་ནང་གི་རིགས་དམན་མང་པོ་ཞིག་ནང་པར་བསྒྱུར་བ་སོགས་ཕལ་ཆེར་དུང་ཕྱུར་བཅུ་ཙམ་མེད་དམ་སྙམ། ལོ་ངོ་མང་པོའི་གོང་དུ་ནང་པ་དུང་ཕྱུར་གཉིས་ཙམ་ཡོད་ཚུལ་བརྗོད་ཀྱི་འདུག །བར་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་ཤུགས་ཆེ་བྱུང་སྟེ་ནང་པ་དུང་ཕྱུར་བཞི་ཙམ་འདུག །དེ་ལྟར་དེང་སྐབས་ནང་པ་དུང་ཕྱུར་བཅུ་ཙམ་ཞིག་ཡོད་ན། དེ་དག་གི་ནང་དུ་ཚད་མའི་གཞུང་ལ་སློབ་གཉེར་བྱེད་མཁན་བོད་པ་དང་སོག་པོ་གཉིས་ལས་མེད། བོད་གངས་ཅན་གྱི་ལྗོངས་ལ་ཚད་མའི་གཞུང་རྣམས་བསྒྱུར་བར་མ་ཟད། ས་སྐྱ་པཎྜི་ཏས་རང་རྩོམ་ཚད་མ་རིགས་གཏེར་མཛད་ཡོད་ལ། ཕྱྭ་པ་ཆོས་ཀྱི་སེངྒེ་ཡབ་སྲས་ནས་བཟུང་སྟེ་ཚད་མའི་གཞུང་གི་སློབ་གཉེར་ལ་དམིགས་བསལ་གྱི་དང་དོད་གནང་སྟེ་ཐལ་དང་ཕྱིར་ཞེས་སོགས་ཀྱི་རྟགས་གསལ་གྱི་ལམ་ནས་འགྲོ་ལུགས་ཐོག་ཕྱྭ་པ་ཡབ་སྲས་ཀྱི་སྐུ་དུས་ནས་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་འདུག །འགྲོ་ལུགས་དེ་དག་བོད་ལ་མ་གཏོགས་གཞན་ལ་མེད།
དེས་ན་གཞུང་ལུགས་འདི་དག་ལ་ང་ཚོས་ཐོས་བསམ་སློབ་གཉེར་མ་བྱས་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་སྐུ་ངལ་མང་དུ་བསྐྱོན་ནས་སྒྲ་བསྒྱུར་གནང་ཡོད་པས། ང་ཚོས་འཆད་ཉན་གྱི་ཐོག་ནས་བདག་པོ་མ་བརྒྱབ་པར་རང་གར་བཞག་ན་ལོ་ཙཱ་དེ་དག་ལའང་ངོ་ཚ་དགོས་པ་ལྟ་བུ་ཞིག་ཆགས་ཡོད། དེ་བཞིན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་ཆ་བཞག་ན། འདི་དག་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་སྟོན་འོས་པ་ལྟ་བུ་ཆགས་ཡོད་པར་མ་མ་ཟད། དངོས་གནས་དྲང་གནས་སྔོན་གྱི་མཁས་པ་དག་གིས་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་འགྲེལ་བཤད་རྩོམ་མཁན་བོད་པ་ལྟ་བུ་ཕལ་ཆེར་བྱུང་ཨེ་ཡོད་སྙམ།
དེ་ཡང་ལོ་ངོ་སྟོང་ཕྲག་གི་རིང་ལ་བོད་ཀྱི་མཁས་པས་མཛད་པའི་དབུ་མའི་གཞུང་དང་། ཕར་ཕྱིན་གྱི་གཞུང་། ཚད་མའི་གཞུང་དང་བཅས་པར་བོད་ཀྱི་མཁས་པའི་གསུང་པོ་ཏི་སྟོང་ཕྲག་མང་པོ་ཞིག་ཡོད། གསུང་འབུམ་ཁག་རྣམས་ཕྱོགས་བསྡོམས་བྱས་ན་པོད་ཇི་ཙམ་ཡོད་མེད་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་འདུག །གཅིག་བྱས་ན་པོ་ཏི་ཁྲི་གཅིག་ཙམ་ལོངས་ཀྱི་མེད་དམ་སྙམ། ད་དུང་པར་དུ་མ་འཁོད་པའི་གསུང་གི་རིགས་ཀྱང་མང་པོ་ཞིག་ཡོང་ངེས་ཡིན། དེ་དག་ལ་བསམ་བློ་བཏང་ན་ཧ་ལས་པ་ཞིག་རེད་འདུག །
༡༣༽ འཕགས་པ་གྲོལ་སྡེ།
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
འཕགས་པ་གྲོལ་སྡེ་ནི་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་སློབ་མ་བཞིའི་ཡ་གྱལ་ཕར་ཕྱིན་རང་ལས་མཁས་པ་དེ་ཡིན་ཅིང་། ཁོང་གིས་མཛད་པའི་གསུང་ནི། རྒྱན་གྱི་གཞུང་དོན་སྣང་བའི་ཞེས་པ་ལྟར་སེངྒེ་བཟང་པོའི་རྒྱན་སྣང་དང་། འཕགས་པ་གྲོལ་སྡེ་རང་ཉིད་ཀྱིས་མཛད་པའི་ཉི་སྣང་གཉིས་ཏེ། ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་སྣང་བ་རྣམ་གཉིས་ཞེས་སུ་གྲགས་པ་དེ་གཉིས་དང་། དེ་གཉིས་ཀྱི་བརྗོད་བྱ་མདོར་བསྡུས་སུ་མཛད་པ་འགྲེལ་པ་དོན་གསལ་ཡིན། ཕར་ཕྱིན་ལྟ་སྐབས་སྣང་བ་རྣམ་གཉིས་ཞེས་པ་ལྟར། འཕགས་པ་གྲོལ་སྡེའི་གཞུང་ཉི་སྣང་དང༌། སློབ་དཔོན་སེངྒེ་བཟང་པོའི་གཞུང་རྒྱན་སྣང་གཉིས་པོ་གཙོ་བོ་ཆགས་ཡོད་སྟབས། སྐབས་འདིར་འཕགས་པ་གྲོལ་སྡེ་སྣོན་མ་བརྒྱབ་པ་ལས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད། དེ་ཡང་ཐོགས་མེད་སྐུ་མཆེད་ལས་འོངས་པའི་ཤེར་ཕྱིན་གྱི་དོན་རྣམ་རིག་ཙམ་དུ་བཀྲལ་བ་མ་ཡིན་པར་དབུ་མའི་ལུགས་སུ་བཀྲལ་ནས་ཡོད་མེད་ཀྱི་མཐའ་མཐའ་དག་དང་བྲལ་བའི་དབུ་མའི་སྲོལ་བཞིན་དུ། རྒྱན་གྱི་གཞུང་དོན་གསལ་བར་མཛད་པ་འཕགས་པ་གྲོལ་སྡེས་ཉི་སྣང་མཛད་ཡོད།
ལྷག་པར་སློབ་དཔོན་དབྱིག་གཉེན་རང་གི་ཐུགས་ལ་ཐུན་མོང་གདུལ་བྱའི་སྣང་ངོར་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་གཙོ་བོ་མོས་པ་ཤུགས་ཆེན་པོ་ཡོད་སྟབས། དྲང་ངེས་ལེགས་བཤད་སྙིང་པོར་གསུངས་པ་བཞིན་ཡུམ་དོན་དེ་ཉིད་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་གཉིས་སྟོང་གི་དེ་ཁོ་ན་ཉིད་ཚུར་བཀྲལ་ནས་གསུངས་པ་དེ་ཉིད་ཡུམ་མདོའི་དོན་མིན་པ་ཞིག་ཏུ་གཟིགས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་དགོངས་དོན་རྣམ་རིག་པའི་ལུགས་སུ་བཀྲལ་བ་དེ་འཕགས་པ་གྲོལ་སྡེས་མ་འགྲིགས་པར་གཟིགས་ནས། ཁོང་གིས་དབུ་མའི་ལུགས་སུ་བཀྲལ་བ་གནང་ཡོད། དེའི་སྐོར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས28།
འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །
མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །
འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །
ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །
འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །
དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །
བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །
ཞེས་རང་གི་སློབ་དཔོན་མཁས་མཆོག་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་ལྟ་བ་དེ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ཤིང་། དགེ་རྒན་གྱིས་གསུངས་པ་དེ་ཅི་མཛད་ལེགས་མཐོང་མིན་པར། རིགས་པའི་གནོད་པ་ཡོད་པ་དང་། ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་པ་ཆགས་པར་བརྟེན་དབུ་མའི་ལུགས་སུ་བཀྲལ་ནས་ཞལ་གསལ་གསུངས་པ་དེ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། འཕགས་པ་གྲོལ་སྡེ་ཧ་ཅང་གྱོང་པོ་ཞིག་ཀྱང་རེད་འདུག །འདི་ལྟར་བསམས་ན་རྒྱ་གར་མཁས་པའི་རྣམ་དཔྱོད་ཧ་ལས་པ་ཞིག་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་ལས29།
རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །
ཅེས་གསུངས་པའི་རྣམ་པ་དེ་ལྟའི་མདོ་སྡེ་ཞེས་པའི་ནང་དུ་འཇུག་པ་རང་འགྲེལ་གྱི་ནང་དུ་མདོ་སྡེ་ཁག་འགའ་ཞིག་དྲངས་པའི་ཁྲོད་དུ་མདོ་སྡེ་དགོངས་འགྲེལ་ཡང་དྲངས་པ་གནང་འདུག །མདོ་སྡེ་དགོངས་འགྲེལ་དྲང་དོན་གྱི་མདོ་ཡིན་པ་ལས། ངེས་དོན་གྱི་མདོ་སྡེ་མིན་པར་གསུངས་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་དངོས་ནས། སྟོན་པ་ཉིད་ཀྱིས་ཀྱང་མདོ་ལས30།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །
ཞེས་གསུངས་པ་ཇི་བཞིན་ལག་བསྟར་གནང་འདུག །དེ་ནི་ཧ་ཅང་གལ་གནད་ཆེ་ལ། དེང་སྐབས་དེ་བས་ཀྱང་ཤིན་ཏུ་གལ་འགངས་ཆེན་པོ་རེད་འདུག །དེ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ་དང་། ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་གླང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ་བཞི་བྱོན་པ་ལས། རང་ཉིད་ཀྱི་སློབ་དཔོན་གྱིས་ཕར་ཕྱིན་གྱི་ལྟ་བ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ནས་དབུ་མའི་ལུགས་སུ་བཀྲལ་བ་ཡིན་ཞེས་གསུངས་ཡོད་ལ། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་དགག་པ་བསྐྱོན་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེ་མ་འགྲིགས་པར་བརྩི་བཞིན་ཡོད། དེས་ན་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་ཡིན་ནམ་མིན། དེ་ནི་དཔེ་མཚོན་ཞིག་ཡིན། དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་རྣམ་དཔྱོད་ཀྱིས་དཔྱད་པ་གནང་སྟེ། རང་ཉིད་ཀྱིས་བླ་མས་མཛད་པ་ཞིག་ཡོད་ཀྱང་། དེ་ཉིད་རིགས་པ་དང་མི་ལྡན་ཞིང་།
གཞུང་གི་དགོངས་པ་དང་མི་མཐུན་པ་ཞིག་ཡོད་ན་མི་འགྲིགས་པ་ཞིག་ལ་བརྩི་བཞིན་ཡོད། དེ་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད་འདུག །དེ་ནི་རང་ཉིད་ཀྱི་སློབ་དཔོན་ལ་མ་གུས་པ་མིན་པར་གུས་པ་ཆེན་པོའི་ཐོག་ནས་སློབ་དཔོན་གྱིས་དགོངས་གཞི་དགོས་པ་འདི་དང་འདིའི་ཐོག་ནས་མཛད་པ་རེད་ཅེས་གསུང་གི་ཡོད། དཔེར་ན། མདོ་སྡེ་དགོངས་འགྲེལ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཅིང་། དེ་ཡང་སྒྲ་ཇི་བཞིན་པར་ཁས་མ་བླངས་པར་དྲང་དོན་དུ་བཀྲལ་བ་དེ་ཡང་བཅོམ་ལྡན་འདས་ལ་མ་གུས་པས་གཏན་ནས་མིན། དེ་རིགས་ཧ་ཅང་གལ་གནད་ཆེ་ཞིང་། རྣམ་དཔྱོད་ཕུལ་དུ་བྱུང་བའི་རྟགས་མཚན་ཧ་ཅང་གསལ་པོ་ཞིག་རེད་འདུག
༡༤༽ སློབ་དཔོན་སེངྒེ་བཟང་པོ།
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་སེངྒེ་བཟང་པོར་བསྟོད་ཕྱག་གསོལ་འདེབས་བྱས་པ་སྟེ། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ནི་གདན་ས་ཁག་གི་ཕར་ཕྱིན་སློབ་གཉེར་བ་ཕལ་མོ་ཆེས་གཙོ་བོར་ལྟ་བཞིན་ཡོད་ལ། དེ་བཞིན་ཤེར་ཕྱིན་གྱི་འགྲེལ་པ་སྣང་བ་རྣམ་གཉིས་ཞེས་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་སྣང་རྣམ་གཉིས་གཙོ་བོ་ཡིན་སྟབས། ཕར་ཕྱིན་གྱི་སྐབས་སུ་རྒྱན་སྣང་དང་ཉི་སྣང་གཉིས་མེད་དུ་མི་རུང་བའི་གཞུང་གཙོ་བོ་ཞིག་ཏུ་བརྩིས་ཏེ་འཆད་ཉན་ལྟ་ཀློག་ཀྱང་བྱེད་བཞིན་ཡོད་པ་སྟེ། འགྲེལ་པ་དོན་གསལ་ལས31།
ཤེས་རབ་ཕ་རོལ་ཕྱིན་པ་ལ། །དེའི་རྒྱན་ཚིག་ལེའུར་བྱས་པ་དག །
ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ། །
ཞེས་གསུངས་པ་བཞིན་ཡུམ་གསུམ་གའི་རྒྱན་དུ་གྱུར་པ་ཞེས་ཁྱད་ཆོས་དེ་ལྟར་གསུངས་ཡོད་སྟབས། རྒྱན་སྣང་འགྲེལ་པ་དོན་གསལ་བཅས་ཕར་ཕྱིན་ལ་སློབ་གཉེར་བྱེད་མཁན་དག་གིས་གཞུང་འདི་དག་གཙོ་བོར་འཆད་ཉན་བྱེད་བཞིན་པར་མ་ཟད། འགྲེལ་པ་དོན་གསལ་བློ་འཛིན་བྱེད་མཁན་ཡང་མང་པོ་ཞིག་ཡོད། སྔ་ལོ་བལ་ཡུལ་ནས་བཙུན་མ་མང་པོ་ཞིག་མཇལ་བཅར་དུ་སླེབས་ཤིང་། བཙུན་མ་དེ་དག་གིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད་སྟབས། ངོས་ནས་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་བློ་ཐོག་ཏུ་ཡོད་པ་ཇི་ཙམ་ཡོད་མེད་སྐད་ཆ་དྲིས་པར། བཙུན་མ་དེ་དག་ཚང་མས་བློ་འཛིན་བྱས་འདུག །འགྲེལ་པ་དོན་གསལ་བློ་འཛིན་བྱས་པ་ཡོད་མེད་དྲིས་པར། དེ་དག་གི་ཁྲོད་ནས་བཙུན་མ་ཉི་ཤུ་རྩ་ལྔ་ཙམ་གྱིས་བློ་འཛིན་བྱས་པ་ཡིན་ཞེས་བརྗོད་ཀྱི་འདུག །ངོས་རང་འགྲེལ་པ་དོན་གསལ་བློ་འཛིན་བྱེད་མྱོང་མེད་སྟབས། ཁྱེད་རང་ཚོ་ངོས་ལས་ལྷག་པ་རེད་ཅེས་བསྔགས་བརྗོད་བྱས་པ་ཡིན། ངོས་རང་མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། མཛོད་ཀྱི་རྩ་བ་བཅས་བློ་འཛིན་བྱས་པ་ལས་རྣམ་འགྲེལ་གྱི་རྩ་བ་དང་། འདུལ་བ་མདོ་རྩ་བ་ཐར་ཐོར་ཞིག་ལས་བློ་འཛིན་བྱས་མེད། དེ་ལྟར་འགྲེལ་པ་དོན་གསལ་བློ་འཛིན་བྱས་མེད་སྟབས། བཙུན་མ་རྣམས་ཧ་ཅང་གྱོང་པོ་འདུག་སྙམ་པ་བྱུང་། ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་ཆགས་འདུག །དེ་རིགས་དོ་སྣང་གིས་བློ་འཛིན་སོགས་སློབ་གཉེར་བྱས་པ་ཧ་ཅང་ཡག་པོ་རེད་འདུག །
དེ་ལྟར་ཡུམ་གསུམ་ཀུན་གྱི་རྒྱན་དུ་གྱུར་པ་འགྲེལ་ཆུང་དོན་གསལ་དང༌། འགྲེལ་ཆེན་རྒྱན་སྣང་མཛད་པས་ན། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་གཉིས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་ཀྱང༌། ཕར་ཕྱིན་ལ་སློབ་གཉེར་བྱེད་མཁན་དག་གིས་སྣང་བ་རྣམ་གཉིས་ཞེས་ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་འདི་གཉིས་ཡིན་པས་ན། སློབ་དཔོན་བཀའ་དྲིན་ཅན་འདི་གཉིས་ཀྱང་ངོས་ནས་སྣོན་མ་བརྒྱབ་སྟེ། ཤེར་ཕྱིན་གྱི་གཞུང་མཆོག་གསལ་བར་མཛད་པ་སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས་སོ་ཞེས་པའོ། །
༡༥༽ སློབ་དཔོན་ཡོན་ཏན་འོད།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་ཡོན་ཏན་འོད་ལ་བསྟོད་ཕྱག་བྱས་པ་སྟེ། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཡོན་འོད་ཀྱིས། འདུལ་བ་ལུང་སྡེ་བཞིའི་ནང་དོན་རྣམས་བསྡུས་ནས་དཔྱིས་ཕྱིན་པར་གཏན་ལ་ཕབ་ནས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་ནི་འདུལ་བ་མདོ་རྩ་བ་ཡིན་ལ། ལེགས་སྦྱར་གྱི་སྐད་ལ་ཡོད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་སོར་ཐར་པའི་མདོའི་དོན་དཔྱིས་ཕྱིན་པར་འདོམས་པར་མཛད་པར་མ་ཟད། བརྟན་པའི་ཡོན་ཏན་དང་། མཁས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས་ཞེས་བསྟོད་ཕྱག་བྱས་པ་ཡིན།
སློབ་དཔོན་ཡོན་ཏན་འོས་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་སྒྱུར་བ་པོ་ལེགས་པོ་མ་བྱུང་བ་རེད་ཅེས་གསུང་སྲོལ་འདུག །པ་ཚབ་ལོ་ཙཱ་བ་ལྟ་བུ་ཞིག་གིས་བསྒྱུར་ན་འདུལ་བ་མདོ་རྩ་བ་ད་ལྟའི་འདི་ལས་འགྱུར་ལེགས་པ་ཡོང་གི་རེད་ཅེས་མཚན་ཞབས་དངོས་གྲུབ་མཆོག་བརྙེས་ཀྱིས་གསུང་མྱོང་ཡོད་ལ། དངོས་གྲུབ་མཆོག་བརྙེས་མཆོག་གིས་འདུལ་བ་མདོ་རྩ་བ་བློ་འཛིན་གནང་བར། ལ་ལར་ཡིན་ནོ། །ཡོད་དོ་ལྟ་བུ་རིགས་མང་པོ་ཞིག་ཡོད་སྟབས། བློ་འཛིན་བྱ་རྒྱུ་ཧ་ཅང་ཁག་པོ་བྱུང་ཞེས་གསུང་བྱུང་། དོན་སྙིང་གང་ཞིག་ཡིན་རུང་ང་ཚོས་འཆད་ཉན་བྱེད་བཞིན་པའི་འདུལ་བའི་རྩ་བ་ལྟ་བུ་མཛད་མཁན་ནི་སློབ་དཔོན་ཡོན་ཏན་འོད་ཆགས་ཡོད།
གཞན་ཡང་འདུལ་བ་རྒྱ་ཆེར་འགྲེལ་ལ་སོགས་པ་ནམ་རྒྱུན་ང་ཚོས་འདུལ་བའི་གཞུང་ལ་སློབ་གཉེར་བྱེད་སྐབས་འདུལ་གཞུང་འདི་དག་ལ་འཆད་ཉན་བྱེད་བཞིན་ཡོད་ལ། འདུལ་བ་མདོ་རྩ་བ་དང་དེའི་རང་འགྲེལ་བཅས་མཛད་ནས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་ཐར་གྱི་ཚུལ་ཁྲིམས་ཐོག་མར་ཇི་ལྟར་བླངས་པའི་ཚུལ་དང་། བར་དུ་ཇི་ལྟར་སྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་སོགས་པ་དེ་དག་ཞིབ་ཅིང་ཕྲ་བ་གསུངས་ནས་བཀའ་དྲིན་གྱིས་བསྐྱངས་ཡོད།
བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་མཁན་ཆེན་ཞི་བ་འཚོ་རང་ཉིད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་བཞེས་པ་ཞིག་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་ནི། བསྟན་པའི་བདག་པོ་བཅོམ་ལྡན་འདས་དང་། དེ་ནས་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། དེ་རྗེས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་བཅས་དེ་དག་ནས་བརྒྱུད་དེ་གངས་ཅན་བསྟན་པའི་ཉི་མ་མཁན་ཆེན་ཞི་བ་འཚོས་བཞེས་ཤིང་། མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་སད་མི་བདུན་ལ་ཐོག་མར་འདུལ་བའི་བསླབ་སྡོམ་གནང་བ་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཡིན།
འཕགས་པ་གནས་བརྟན་པའི་སྡེ་པའི་ལུགས་ཀྱི་སོ་ཐར་གྱི་མདོ་དེ་པཱ་ལིའི་ནང་དུ་ཡོད་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་ཐར་གྱི་མདོ་དེ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པ་དེ་དག་ལ་ངོས་ནས་ཞིབ་འཇུག་བྱས་པ་ཡིན། པཱ་ལིའི་ཐོག་ཏུ་ཡོད་པའི་སོ་ཐར་གྱི་མདོ་ལ་ཁྲིམས་ཉིས་བརྒྱ་ཉི་ཤུ་སྐོར་ཞིག་འདུག་སྙམ། མདོར་ན་ཉེས་བྱས་ལ་མང་ཉུང་ཆེན་པོ་ཡོད་ཅིང་། པཱ་ལིའི་མདོའི་ནང་ཉེས་བྱས་བདུན་ཅུ་དོན་གྲངས་ཤིག་ལས་མེད། གཞི་ཐམས་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ཡོད་ལ། དེ་མིན་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ཐམས་ཅད་ཡོད་སྨྲའི་ལུགས་ལ་འབའ་ཞིག་པ་གོ་གཉིས་ཡོད་ཅིང་། དེ་མིན་གཙོ་ཆེ་བ་རྣམས་གཅིག་མཚུངས་ཡིན།
མདོར་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པ་སྟེ། འདུལ་བའི་གཞུང་ལ་མཚོན་ན། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་དང་། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ལ་སོགས་པ་མང་དུ་མཛད་ནས་བཀའ་དྲིན་གྱིས་བསྐྱངས་གནང་ཡོད།
༡༦༽ སློབ་དཔོན་ཤཱཀྱ་འོད།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པའི་ཚིགས་སུ་བཅད་པ་འདིས་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ལ་གསོལ་འདེབས་པ་སྟེ་བསྟོད་ཕྱག་བྱས་པ་ཡིན། རྒྱན་དྲུག་མཆོག་གཉིས་ལས་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་ལ་མཚོན་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་འགྲེལ་པ་འོད་ལྡན་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། གཞན་ཡང་དགེ་ཚུལ་གྱི་ཚིག་ལེའུར་བྱེད་པ་སུམ་བརྒྱ་པ་སོགས་ཚིག་བཅད་ཀྱི་ཐོག་ནས་ཧ་ཅང་ཡག་པོ་ཞིག་མཛད་འདུག །
༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
ཇོ་བོ་ཨ་ཏི་ནས་བཟུང་སྟེ་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་གསུམ་བྱུང་ཞིང་། བསྟན་པའི་ཁོག་འབུབས་པའི་དབང་དུ་བྱས་ན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་ལྟར་བྱེད་དགོས་ལ། བཀའ་གདམས་ལམ་རིམ་པས་སྟན་ཐོག་གཅིག་ལ་ལམ་ཡོངས་སུ་རྫོགས་པ་ཉམས་ལེན་བྱེད་ཚུལ་ཞིག་གསུང་གི་ཡོད། ནམ་རྒྱུན་ང་ཚོས་བློ་ལྡོག་རྣམ་བཞི་དང་། ལམ་འབྲས་གསུང་སྐབས་སྣང་གསུམ་ཞེས་གསུངས་པ་དེ་དག་ལམ་རིམ་གཞིར་བཞག་གིས་གསུངས་པ་ནི་བཀའ་གདམས་ལམ་རིམ་པ་དང་། བཀའ་གདམས་མན་ངག་པའི་འགྲོ་ལུགས་ཡིན། དེའི་རྒྱབ་རྟེན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་རེད།
བཀའ་གདམས་གཞུང་པ་བར་བཀའ་གདམས་གཞུང་དྲུག་ཅེས་གསུངས་པ་ལས། གཙོ་བོ་གོང་ཞུས་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་རྣམས་ཚུར་བསྡུས་ནས་ཉམས་ལེན་གྱི་རིམ་པར་བསྒྲིགས་སྐབས་མངོན་རྟོགས་རྒྱན་ནི་གདམས་ངག་གི་འགྲོ་ལུགས་དེ་ཡིན། དེ་ཡང་རྗེ་བཙུམ་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས32།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །
སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །
སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །
ཞེས་གསུངས་པ་ལྟར་དང་། དེ་བཞིན་རིགས་ཀྱི་རྣམ་གཞག་སོགས་ཐོན་ཡོང་གི་ཡོད། བློ་ལ་ཉམས་མྱོང་ཇི་ལྟར་སྐྱེ་སྟངས་ཀྱི་འགྲོ་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ནཱ་ལེནྡྲའི་མཁས་པའི་གྲས་ཤིག་ཡིན་ཅིང་། ཕྱིས་སུ་བི་ཀྲ་མ་ལ་ཤཱི་ལར་ཕེབས་ཡོད། མདོར་ན་ཇོ་བོ་རྗེ་ཡན་ཆད་ཀྱི་མཁས་པའི་དབང་པོ་དེ་དག་ཐམས་ཅད་དཔལ་ནཱ་ལེནྡྲའི་མཁས་པ་ཤ་སྟག་ཡིན། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་པར་ཆ་བཞག་ན། གྲུབ་ཆེན་ནཱ་རོ་པར་ཁུངས་གཏུག་གི་ཡོད་ལ། ནཱ་རོ་པ་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་རེད། དཔལ་ས་སྐྱ་པའི་ལམ་འབྲས་ཀྱི་ཁུངས་གཏུག་ས་གྲུབ་ཆེན་བིར་ཝ་པའམ་དཔལ་ལྡན་ཆོས་སྐྱོང་ཡིན་ལ། ཁོང་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་རེད།
སྔ་འགྱུར་རྙིང་མར་མདོ་སྔགས་གཉིས་སུ་ཕྱེ་ན། མདོ་ཕྱོགས་ནས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་དང་། སྔགས་ཕྱོགས་ནས་སློབ་དཔོན་རིན་པོ་ཆེ་ནས་བརྒྱུད་ཡོང་གི་ཡོད། སློབ་དཔོན་རིན་པོ་ཆེས་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་བའི་ལོ་རྒྱུས་གསུང་རྒྱུན་མི་འདུག་ཀྱང་། མཁན་ཆེན་ཞི་བ་འཚོ་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་གི་ནོར་བུ་ལྟ་བུ་ཞིག་རེད། བོད་གངས་ཅན་ལྗོངས་ཀྱི་བཀའ་གདམས་གསར་རྙིང་གཉིས་ཀ་ཇོ་བོ་རྗེར་ཁུངས་གཏུག་གི་ཡོད། ཇོ་བོ་རྗེས་ཁུངས་གཏུག་ས་དེ་གོང་གི་མཁས་པའི་དབང་པོ་དེ་དག་གི་གསུང་ལ་བརྟེན་པ་ཤ་སྟག་རེད། དེར་བརྟེན་ཇོ་བོ་རྗེ་ནས་མར་བརྒྱུད་པའི་ཆོས་བརྒྱུད་དེ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་དཔལ་ནཱ་ལེནྡྲ་ནས་བརྒྱུད་ཡོང་བ་རེད།
བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོར་ཆ་མཚོན་ནའང་། རྒྱལ་སྲས་ནཱ་ལེནྡྲ་པ་ཞེས་པ་ཞིག་ཡོང་གི་ཡོད། དུས་ཞབས་པ་ཆུང་བའི་སྲས་ནཱ་ལེནྡྲ་པའམ། མཚན་དངོས་བོདྷི་བྷ་ཏྲས་དཔལ་ནཱ་ལེནྡྲའི་གནས་གཞིའི་བདག་པོ་མཛད་པས། མཚན་ལའང་རྒྱལ་སྲས་ནཱ་ལེནྡྲ་པ་ཞེས་ཐོགས་ཤིང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་ཡོང་བ་ཡིན། དེ་ནས་བཟུང་སྟེ་དུས་ད་ལྟ་བར་དུ་གཞུང་ཆེན་ཞིག་བལྟ་དགོས་བྱུང་ན། བསྟན་འགྱུར་ནང་དུ་བཞུགས་པའི་གཞུང་དེ་དག་བློར་ཟིན་ནས་རྩ་བ་དེ་དག་གཞིར་བཞག་སྟེ་དེ་དག་གི་འགྲེལ་པ་རྣམས་ལ་བལྟ་བཞིན་ཡོད།
ང་ཚོའི་གྲྭ་ས་ཁག་ལ་ཆ་བཞག་ན། རྒན་སྟོང་དཔོན་རིན་པོ་ཆེ་ལྟ་བུས་འབྲས་སྤུང་ཚོགས་ཆེན་ཐོག་ཁར་བསྟན་འགྱུར་བཞུགས་པ་དེ་གཡར་པོ་གནང་ནས་ཡང་ཡང་གཟིགས་ཀྱི་ཡོད་ཚུལ་ཡོངས་འཛིན་རིན་པོ་ཆེས་བཀའ་གནང་བྱུང་། དེ་ལྟ་བུའི་དགེ་བཤེས་མཁས་པ་རྣམས་ཀྱིས་བསྟན་འགྱུར་གཟིགས་རྒྱུར་ཧ་ཅང་དམ་དོན་གནང་སྲོལ་ཡོད། ཕྱིས་སུ་དུས་ཚོད་མེད་པ་སོགས་ཀྱི་དབང་ལས་དེ་ལྟར་བྱེད་མཁན་དཀོན་པོ་རེད་འདུག །ཝཱ་རཱ་ཎ་སཱིར་ཆོས་དགེར་ཕེབས་མཁན་ཁ་ཤས་ལ་གསུང་རྒྱུ་འདུག །ཝཱ་རཱ་ཎ་སཱིར་རྒྱ་གཞུང་གཙོ་བོ་བྱས་ནས་བལྟ་སྐབས་བློ་བསྐྱེད་ཆེན་པོ་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག །གང་ལྟར་རྒྱ་གཞུང་ཁག་ལ་ལྟ་ཀློག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །སྔར་ནས་རེ་སྐུལ་དང་བསམ་འཆར་ཞུས་དང་ཞུ་མུས་ཡིན་ནའང་། རེ་སྐུལ་བྱས་པ་ལྟར་ཡོང་གི་མི་འདུག །
ལྷག་པར་རིགས་གཅིག་རྐང་འཛིན་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ། དཔེར་ན་དབུ་མ་རིགས་གཅིག་རྐང་འཛིན་དང་། ཕར་ཕྱིན་རིགས་གཅིག་རྐང་འཛིན་ལྟ་བུ་བྱུང་ཐུབ་ན་དབུ་མ་རིགས་གཅིག་རྐང་འཛིན་པ་དེས་དབུ་མ་གཙོ་བོ་བྱས་ནས་ཁྲིད་པ་དང་། དབུ་མ་ཁྲིད་སྐབས་བསྟན་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་དང་། དེ་ནས་བཀའ་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་ལ་གཏུགས་ནས་བཀའ་དང་བསྟན་བཅོས་ཚང་མ་གུང་བསྒྲིགས་ནས་དགེ་རྒན་གྱིས་ཀྱང་བསམ་བློ་བཏང་། སློབ་མ་རྣམས་ལའང་དེ་ལྟར་སློབ་ཁྲིད་བྱ་གལ་ཆེ།
དེ་བཞིན་ཕར་ཕྱིན་རིགས་གཅིག་རྐང་འཛིན་བྱེད་མཁན་དག་གིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གཙོ་བོ་ཉི་ཁྲིར་བརྟེན་པ་དང་། སྣང་བ་རྣམ་གཉིས་ལ་སོགས་པ་དེ་དག་ལ་གོམས་འདྲིས་བྱེད་ཐུབ་ན་ལེགས། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་དུ་རྒྱ་འགྲེལ་ཉེར་གཅིག་ཅེས་གསུངས་ཡོད་ལ། རྗེ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་གཟིགས་སྟངས་དེ་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ཡང་ཡང་གཟིགས་ནས་བསྡོམས་བརྒྱབ་ནས་གསུངས་ཡོད། ཕར་ཕྱིན་གཟིགས་སྐབས། ཕར་ཕྱིན་གྱི་ལྡེ་མིག་ལྟ་བུ་དེ་ལེགས་བཤད་གསེར་ཕྲེང་ཡིན་ཅིང་། ལེགས་བཤད་གསེར་ཕྲེང་གིས་རྒྱ་འགྲེལ་ཉེར་གཅིག་ལས་གཙོ་ཆེ་བ་དེ་དག་དང་། ཐུན་མོང་མ་ཡིན་པ་དེ་རིགས་ནས་ཚུར་རྡོག་སྒྲུག་བསྐྱོན་ནས་གསུངས་ཏེ་ལྡེ་མིག་ལྟ་བུ་བྱས་ནས་བསྟན་འགྱུར་ནང་དུ་བཞུགས་པ་དེ་དག་ལྟ་ཐུབ་ན་ཧ་ཅང་ཡག་པོ་ཡོང་བ་དང་། ལྷག་པར་པཎ་གྲུབ་དེ་དག་ལ་སེམས་ཐག་ཀྱང་ཉེ་པོ་ཞིག་ཆགས་ངེས་ཡིན། དེ་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་ལ་ཡང་སེམས་ཐག་ཉེ་པོ་ཡོང་གི་ཡོད།
དེ་མིན་བཀའ་འགྱུར་ཞེས་བརྗོད་སྐབས་ཧ་ཅང་ཐག་རིང་པོ་ཞིག་དང་། བསྟན་འགྱུར་ཞེས་བརྗོད་སྐབས་དེ་ལས་ཅུང་ཟད་ཐག་ཉེ་བ། མདོར་ན་བཀའ་བསྟན་དེ་དག་ཀྱང་ཐག་རིང་པོར་གནས་པ་དང་། ང་རང་ཚོ་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་དང་། དེའི་ནང་ནས་རྗེ་རིན་པོ་ཆེའི་གསུང་འབུམ་ནང་དུ་གྲོང་ཆོག་རྒྱུག་བྱེད་ཧ་ལམ་མེད། སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་རྗེའི་མན་ངག་ཞལ་ཤེས་ལྟ་བུ་ནི་འདོན་མཁན་དེ་ཙམ་ཨེ་ཡོད་སྙམ། དེ་མིན་གྲོང་ཆོག་རྒྱུག་མཁན་ཞིག་ལ་རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ཀྱི་ཐོག་ནས་བྱ་བ་བྱ་རྒྱུ་གང་ཡང་མེད།
སྙན་རྒྱུད་ཚད་ལྡན་དེ་རིགས་ཡོང་ངེས་ཀྱང་། སྙན་རྒྱུད་སུ་ལ་ཡོད་མེད་མི་ཤེས། རྗེ་རིན་པོ་ཆེས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལས། ཡང་སྒོས་སྒྱུ་ལུས་ཀྱི་མན་ངག་རྣམས་མུན་ཁུང་དུ་སྒྲོན་མེ་སྦར་བ་ལྟར་ཤིན་ཏུ་གསལ་བར་མཛད་པ་མ་ཟད། རྩ་བཤད་དང་འཕགས་སྐོར་གྱི་གཞུང་གང་དུའང་མ་འཁོད་པར་བླ་མའི་མན་ངག་ཅེས་རྣ་ཁུང་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་པ་ལོགས་སུ་ཡོད་པར་བཟུང་བ་སོགས་གཞུང་ལུགས་གདམས་པར་འཆར་བའི་གོལ་ས་མཐའ་དག་ཀྱང་ལེགས་པར་བཀག་ནས་རྩ་བཤད་ཀྱི་རྒྱུད་རྣམས་གདམས་ངག་ཏུ་འཆར་བ་ནི་དགོས་པའི་གཙོ་བོའོ། །ཞེས་བཀའ་གནང་འདུག །རྗེ་རིན་པོ་ཆེ་ཁོང་རང་གི་གསུང་པོ་ཏི་བཅོ་བརྒྱད་ཀྱི་ནང་དུ་ཡོད་པའི་མདོ་སྔགས་ཀྱི་སྐོར་པོ་ཏི་བཅོ་བརྒྱད་ནང་ཡོད་པ་རྣམས་སྙན་རྒྱུད་དངོས་རེད། རྫོགས་རིམ་རིམ་ལྔ་གསལ་སྒྲོན་དེ་སྙན་རྒྱུད་མིན་ན་གང་ཞིག་ཡིན། དེ་མིན་རིམ་ལྔ་གདན་རྫོགས་དང་། ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཅས་ནི་སྙན་རྒྱུད་ངོ་མ་དེ་རེད་འདུག །
ང་རང་ཚོ་བོད་རང་གི་རང་བྱུང་གི་བླ་མ་ཚོའི་གཞུང་གཙོ་ཆེ་བ་དེ་དག་ཕར་ཐག་རིང་དུ་ཕྱིན། ལམ་རིམ་ཆེན་མོའི་ནང་དུ་ལུང་དྲངས་པའི་བཀའ་གདམས་གོང་མའི་གསུང་སྒྲོས་སུ་ཡོད་པ་ལྟར་བེའུ་བུམ་ལག་མཐིལ་ཙམ་ཞིག་གཏན་པར་བཙུད། སྦེད་པར་བཙུད་ཅེས་པ་ལྟར་བྱས་ནས་བསྡད་ན་ཕ་ཤུལ་བུ་འཛིན་ཐུབ་རྒྱུ་ཤིན་ཏུ་དཀའ། དེས་ན་བཀའ་བསྟན་གྱི་གཞུང་འདི་དག་བལྟ་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད་འདུག
ཡང་ང་ཚོས་ཤེས་དགོས་པ་ཞིག་ལ། བོད་བསིལ་བུར་འཐོར་ཏེ་བོད་གངས་ཅན་ལྗོངས་ཀྱི་སྔར་གྱི་ནུས་ཤུགས་ཡོངས་སུ་ཉམས་དམས་དང་། བོད་ཀྱི་རྒྱལ་ཕྲན་ཁག་བསིལ་བུར་གྱུར་ཏེ་ཆོས་རྒྱལ་གྱི་གདུང་བརྒྱུད་ལ་ལྷ་རྒྱ་རིའི་གདུང་རྒྱུད་དང་། མངའ་རིས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་བཅས་ཁག་གཉིས་སུ་གྱེས་པ་ལས། མངའ་རིས་ཀྱི་ཆོས་རྒྱལ་ལ་རྒྱལ་ཕྲན་ཆུང་ངུ་ཞིག་ཡོད་པའི་སྐབས་སུ་སྔར་མེས་པོ་དམ་པ་རྣམས་ཀྱིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་གསར་དུ་བཙུགས་ཤིང་། རྒྱ་ཆེར་སྤེལ་ཏེ་རྟེན་དང་བརྟེན་པའི་དགོན་གནས་དང་། མཐའ་འདུལ་དང་ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་མང་དུ་བཞེངས་གནང་མཛད། མངའ་རིས་ཀྱི་ཆོས་རྒྱལ་རྒྱལ་ཕྲན་ཤིན་ཏུ་ཆུང་ངུར་བརྟེན་ཆབ་སྲིད་ཀྱི་ནུས་པ་གང་ཡང་མེད་ཀྱང་སྙིང་སྟོབས་ཁྱད་དུ་འཕགས་པ་ཞིག་བཞེས་ནས་འབད་བརྩོན་དུ་མའི་སྒོ་ནས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ལ་གྲགས་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཆགས་ཡོད་སྟབས་ཇོ་བོ་རྗེ་བོད་གངས་ཅན་གྱི་ལྗོངས་སུ་གདན་ཞུ་གནང་ཡོད། ལོ་རྒྱུས་དེ་དག་ལ་བསམ་བློ་བཏང་ན་སེམས་པ་ཧ་ཅང་སྐྱོ་པོ་ཞིག་ཡོང་གི་འདུག །ཞེ་ས་མ་ཞུས་ན། སྐབས་དེར་བོད་ཁམས་བསིལ་བུར་གྱུར་ཏེ་ལུང་པ་རེར་རྒྱལ་ཕྲན་རེ་ལྟ་བུའི་རྒྱལ་ཕྲན་ཆུང་ངུ་ཞིག་གི་ཆོས་རྒྱལ་དེས་ཐུགས་འཁུར་བསྐྱེད་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་འཕགས་ཡུལ་ནས་བོད་དུ་གདན་ཞུ་གནང་ཞིང་། བོད་དུ་ཕེབས་རྗེས་ཇོ་བོ་རྗེར་ཆོས་རྒྱལ་གྱིས་བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པ་ལྟར། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་མཛད་པ་ཞིག་ཡིན།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་བཞུགས་པའི་སྐབས་སུ་ཆོས་རྒྱལ་གྱིས་སྐུལ་མ་གནང་སྟེ་སློབ་དཔོན་ཀ་མ་ལ་ཤཱི་ལས་ལྗགས་རྩོམ་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སྐུལ་མ་མཛད་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྗགས་རྩོམ་མཛད་པའི་བྱང་ཆུབ་ལམ་སྒྲོན་གཉིས་བསྡུར་ན། དེའི་ཚེ་དེའི་དུས་ཀྱི་བོད་ཁམས་ཀྱི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་ཡོད་པ་ཧ་ཅང་གསལ་པོ་འདུག །སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་སྐབས་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་ཕྱོགས་སྔ་ནང་པ་ཡིན་སྟབས། ལུང་དང་རིགས་པའི་ཐོག་ནས་དགག་བཞག་སྤོང་གསུམ་དང་བཅས་པའི་ཐོག་ནས་གསུངས་པའི་གཞུང་རྒྱ་ཆེན་པོ་ཞིག་ཡིན།
མངའ་རིས་ཆོས་རྒྱལ་གྱིས་སྐུལ་མ་མཛད་སྐབས་རྩ་བ་བོད་སྤྱི་ལ་དགོངས་པ་ཡིན་ནའང་། མངའ་རིས་རྒྱལ་ཕྲན་ཆུང་བའི་ཁར། བསླབ་པ་སློབ་གཉེར་སོགས་རྒྱ་ཆེན་པོ་ཞིག་ཡོད་བཟོ་མི་སྣང་བས། བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པས་ན། ཇོ་བོ་རྗེས་ཀྱང་མཇུག་ཏུ་ལྷག་མཐོང་སྐོར་གསུངས་སྐབས་དབུ་མ་རྩ་བ་ཤེས་རབ་སོགས་ཀྱི་འགྲེལ་པ་བསྐྱོན་ཡོད་པ་ལས། སྤྱི་ཡོངས་ནས་མདོར་བསྡུས་སུ་གསུངས་པའི་གཞུང་ཆུང་ངུ་ཞིག་ཡིན། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག །
གསུམ་པ། མཇུག་གི་རིམ་པ།
ང༽ པཎ་གྲུབ་སྤྱིའི་གསོལ་འདེབས།
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ཞེས་པ་ནི། སྤྱིར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ལ་ཆ་མཚོན་ནའང་། སོ་སོར་ཐར་པའི་མདོའི་མཆོད་བརྗོད་ལས33།
ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །
གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད། །
སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །
མྱ་ངན་འདའ་སྟོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རྣམས་དུས་ད་ལྟའང་ཆོས་ཁས་མི་ལེན་ཞིང་། རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན། ཡིད་དབང་འཕྲོག་པ་ཞིག་ཆགས་ཡོད། མ་གཞི་རྒྱ་གར་གྱི་ཆོས་ལུགས་ཚང་མར་ཞི་གནས་དང་ལྷག་མཐོང་སྐོར་སོགས་སེམས་ཁམས་རིག་པའི་ཐོག་ལ་འགྲེལ་བཤད་རང་ཤུགས་སུ་ཐོན་ཡོང་བ་ཞིག་ཆགས་ཡོད། ལྷག་པར་དུ་སེམས་ཁམས་རིག་པའི་ཐད་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐོག་ནས་འགྲེལ་བཤད་རྒྱ་ཆེ་ལ། གཏིང་ཟབ་པ་ཡོད་པར་མ་ཟད། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་འགྲེལ་བཤད་ཧ་ལས་པ་ཡོད་པ་ཞིག་ཆགས་ཡོད། དེས་ན།
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
ཞེས་པ་ལྟར། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མངོན་རྟོགས་རྒྱན་ལས34།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
ཞེས་གསུངས་པ་དེར་ཁུངས་བཅོལ་ནས་བསམ་བློ་བཏང་ཡོད་ལ། ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་འདུག །ཁྱེད་རང་ཚོ་བགྲེས་གྲས་འགའ་ཞིག་གིས་གོ་མྱོང་ཡོད་ངེས་ཡིན། སྔར་ཡོངས་འཛིན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ངོས་ནས་འདིའི་ཐད་ངག་ཐོག་ནས་འགྲེལ་བཤད་འདི་ལྟར་ཞུས་པར། ངོས་རང་ཡོངས་འཛིན་གླིང་རིན་པོ་ཆེའི་དགེ་ཕྲུག་འཚུབ་ཐེར་བ་ཞིག་ལ་སྤོབས་པ་སྦྱིན་པ་གནང་སྟེ། ཐུགས་མཉེས་ཆེན་པོས་གཞུང་ཆེན་མོར་བདག་པོ་རྒྱག་སྟངས་ཧ་ཅང་ཡག་པོ་རེད་ཅེས་བཀའ་གནང་བྱུང་བས་སྐབས་དེར་ངོས་རང་ཧ་ཅང་སྐྱིད་པོ་བྱུང་།
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
ཞེས་པ་ལྟར། བདག་རྒྱུད་སྨིན་ཅིང་གྲོལ་བ་བྱེད་ལུགས་ཇི་ལྟར་ཡིན་ཞེ་ན། རང་ཉིད་ཀྱིས་འགུལ་བསྐྱོད་གང་ཡང་བྱེད་མི་དགོས་པར་མིག་གཉིས་བཙུམས་ནས་སྐྱབས་སུ་མཆིའོ། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ནས་བསྡད་པ་ལྟ་བུས་བདག་རྒྱུད་སྨིན་ཅིང་གྲོལ་བ་ཞིག་ཡོང་ཐབས་མེད། བདག་རྒྱུད་མ་སྨིན་པ་དང་། མ་གྲོལ་བ་དེ་དག་རྒྱུ་རྐྱེན་གང་གིས་བྱས་སམ་ཞེ་ན། རང་གཅེས་འཛིན་དང་བདེན་འཛིན་གཉིས་ཀྱིས་བྱས་ཤིང་། བདེན་འཛིན་དང་རང་གཅེས་འཛིན་གཉིས་སྨོན་ལམ་བརྒྱབ་ནས་མེད་པ་ཆགས་ཐབས་མེད། དཔེར་ན། ང་ཚོ་ཁོང་ཁྲོ་ཟ་བའི་སྐབས་འཕགས་པ་སྤྱན་རས་གཟིགས་མཁྱེན། ངའི་རྒྱུད་ཀྱི་ཁོང་ཁྲོ་འདི་ཞི་བར་ཤོག །ཅེས་བརྗོད་ནས་ཁོང་ཁྲོ་ཞི་ཐབས་མེད། ཁོང་ཁྲོ་ཞི་བར་ཁོང་ཁྲོའི་ཉེས་དམིགས་ལ་བསམ་བློ་གཏོང་དགོས་ཤིང་། དེ་ཡང་དབུ་མ་འཇུག་པའི་སེམས་བསྐྱེད་གསུམ་པའི་སྐབས་སུ་བཟོད་པའི་ཕན་ཡོན་དང་། ཁོང་ཁྲོའི་ཉེས་དམིགས་གསུངས་པ་རྣམས་དང་། དེ་བཞིན་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ལེའུ་དྲུག་པ་བཟོད་པའི་ལེའུའི་སྐབས་སུ་གསུངས་པ་རྣམས་ལ་བསམ་བློ་བཏང་ན། ཁོང་ཁྲོའི་ངར་ཤུགས་ཆུང་དུ་འགྲོ་བ་ང་རང་ཚོའི་དངོས་ཡོད་ཉམས་མྱོང་གི་ཐོག་ཏུ་བསམ་བློ་བཏང་ན་ཤེས་རྟོགས་ཐུབ་པ་ཞིག་ཡིན།
དེས་ན་རང་གཅེས་འཛིན་དང་། བདེན་འཛིན་གཉིས་ཕྱོགས་སྔར་བཞག་ནས་རྒྱུ་མཚན་ལ་བསམ་བློ་བཏང་སྟེ། ཁྱོད་ཀྱིས་དུས་ད་ལྟ་བར་དུ་ང་ལ་ཕན་པ་གང་ཞིག་བྱས་པ་དང་། གནོད་པ་གང་ཞིག་བྱས་ཡོད་པ་སོགས་སྤྱོད་འཇུག་ཏུ་གསུངས་པ་ལྟར་རང་གཅེས་འཛིན་དང་རྩོད་ནས་ཁ་གཏད་གཅོག་དགོས་པ་དང་། དེ་བཞིན་དབུ་མའི་གཞུང་ནས་གསུངས་པ་ལྟར་བདེན་འཛིན་དང་རྩོད་པའི་ཐོག་ནས་བདེན་འཛིན་དང་། རང་གཅེས་འཛིན་གཉིས་ཁ་གྲག་རྒྱུ་མེད་པ་ཆགས་པའི་སྒོ་ནས་རང་གཅེས་འཛིན་དང་བདེན་འཛིན་གཉིས་ཀྱི་ནུས་ཤུགས་རིམ་བཞིན་ཆགས་པ་ལས། སྨོན་ལམ་བརྒྱབ་ནས་ཡོང་ཐབས་མེད། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་དུས་ནམ་ཡང་འགག་མེད་དུ་ཡོད་ཀྱང་དེས་ཕན་ཐོགས་མེད། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་རང་རྒྱུད་ཀྱི་སེམས་རྒྱུད་མ་རུངས་པར་བྱེད་མཁན་དང་། མ་དུལ་བར་བྱེད་མཁན། མ་ཞི་བར་བྱེད་མཁན་གྱི་རང་གཅེས་འཛིན་དང་། བདེན་འཛིན་གཉིས་ལ་གཉེན་པོ་བསྟེན་ནས་མེད་པ་བཟོ་དགོས་པ་ལས། སྨོན་ལམ་རྒྱག་པ་ཙམ་གྱིས་རང་གར་མེད་པ་ཆགས་ཐབས་མེད།
བདག་རྒྱུད་སྨིན་ཅིང་གྲོལ་བ་ལ། པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་དང་། དཔྱད་སྒོམ་བྱས་ན་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་བ་ལས། གསོལ་བ་བཏབ་ནས་སྨིན་ཅིང་གྲོལ་བ་ཞིག་ཡོང་ཐབས་མེད། གསོལ་འདེབས་བྱེད་ལུགས་དངོས་ནི། དང་བའི་དད་པ་དང་། མངོན་འདོད་ཀྱི་དད་པ། ཡིད་ཆེས་པའི་དད་པ་བཅས་ཀྱི་ཀུན་ནས་བསླངས་ཏེ་གཞུང་ལུགས་ཁག་ལ་སློབ་གཉེར་བྱས་ཏེ། རང་ཉིད་པཎ་གྲུབ་འདི་དག་དང་མཚུངས་པ་ཞིག་ཡོང་ཐུབ་ཐབས་ལ་འབད་བརྩོན་བྱེད་དགོས་པ་ཡིན།
བྱིན་གྱིས་རློབས་ཚུལ་ལའང་བྱིན་ཞེས་པ་གཟི་བྱིན་དང༌། རློབས་ཞེས་པ་བསྒྱུར་བའི་དོན་ཡིན་པས། གཟི་བྱིན་གྱིས་མཐུ་ལས་རང་རྒྱུད་བསྒྱུར་ཞིང་བཅོས་དགོས་པ་ཡིན། གཟི་བྱིན་ཞེས་པ་གང་ཡིན་ཞེ་ན། རྨད་དུ་བྱུང་བའི་ལེགས་བཤད་དེ་དག་གི་དོན་རྣམས་ཡིན་ལ། དེ་ལ་བརྟེན་ནས་ང་ཚོའི་རང་རྒྱུད་འདི་བསྒྱུར་དགོས། དེའི་ཕྱིར་བྱིན་རླབས་ཞེས་པ་དེ་གོང་དུ་བརྗོད་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་ལ་སྦྱངས་ཏེ་གཞུང་ལུགས་དེ་དག་གི་བརྗོད་བྱའི་གཟི་བྱིན་ལ་བརྟེན་ནས་ང་ཚོའི་རང་རྒྱུད་འདི་རིམ་བཞིན་ཇེ་བཟང་ནས་ཇེ་བཟང་དུ་གཏོང་ཐུབ་པ་ཞིག་དང་། སངས་རྒྱས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་ཐུབ་པ། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་དོན་དེ་དང་དེ་ལ་རྒྱུ་མཚན་མཐོང་བའི་སྒོ་ནས་མི་ཕྱེད་པའི་དང་བའི་དད་པ་སྟེ། དེ་ནི་དངོས་གནས་བདེན་པ་རེད་སྙམ་པའི་སྙིང་ཁོང་རུས་པའི་གཏིང་ནས་མོས་པ་སྐྱེ་སྐབས་དང་བའི་དད་པ་དང་། དེ་ལྟ་བུའི་ཐོག་ནས་དེར་ཞུགས་སྙམ་པའི་རྩེ་གཅིག་པའི་ཡིད་ཆེས་ཀྱི་དད་པ། དེ་ལྟ་བུའི་ཐོག་ནས་རིམ་བཞིན་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པས་གཞི་བྱས་ནས་མངོན་རྟོགས་རྒྱུད་ལ་སྐྱེ་བ་ཞིག་ཡོང་བས་ན། དེ་ལྟ་བུའི་མངོན་རྟོགས་རྒྱུད་ལ་སྐྱེས་ན་ཅི་མ་རུང་སྙམ་པའི་མངོན་འདོད་ཀྱི་དད་པ་བཅས་ཀྱི་ཐོག་ནས། བདག་རྒྱུད་སྨིན་ཅིང་། ཞེས་པས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་མོས་སྐྱེ་བ་དང་། གྲོལ་བ་ཞེས་པས་དང་བའི་དད་པས་ཀུན་ནས་བསླངས་ཏེ་ཉམས་ལེན་བྱས་པའི་ཐོག་རིམ་བཞིན་ཤེས་རྒྱུད་ཇེ་བཟང་དང་། རྟོག་པ་ཇེ་མཐོར་གཏོང་བ་བཅས་ཀྱི་སྒོ་ནས་བདག་རྒྱུད་སྨིན་ཅིང་གྲོལ་བ་ཞིག་བྱེད་དགོས།
གཞན་ཡང་ཐོག་མར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བདེ་སྡུག་གི་ཡིན་ཚུལ་ཇི་ལྟར་ཡིན་པ་དང་། རྒྱུ་འབྲས་དང་། རྟེན་འབྱུང་གི་རྣམ་གཞག་སོགས་ལ་བསམ་བློ་བཏང་སྟེ། དེ་དག་ནི་ཀུན་རྫོབ་པའི་གནས་ཚུལ་ཙམ་ཞིག་བརྗོད་བཞིན་ཡོད། བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་གྱི་རྩ་བ་མི་ཤེས་པས་བྱས་པར་གསུངས་ཡོད། ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན། དེས་ན་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་གསོག་མཁན་ག་ལ་ཡོད། འོན་ཀྱང་དེ་ནི་མི་ཤེས་པའི་དབང་གིས་ཡོང་བཞིན་པ་ཤིན་ཏུ་གསལ་བས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྩ་བ་མི་ཤེས་པས་བྱས་པ་དང་། དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་ཞེས་གསུངས་པ་སོགས་མདོར་ན་མི་ཤེས་པས་སྡུག་བསྔལ་གྱི་རྒྱུ་བྱེད་པར་གསུངས་ཡོད།
དེས་ན་མི་ཤེས་པ་དེ་རྩད་གཅོད་བྱེད་དགོས་ལ། མི་ཤེས་པ་རྩད་གཅོད་བྱེད་སྐབས་དོན་དམ་བདེན་པ་ཞེས་པའི་ཐོག་ཏུ་སླེབས་བཞིན་ཡོད། སྣང་ཚུལ་ཙམ་མིན་པར་ཡིན་ལུགས་སམ་སྡོད་ལུགས་གང་ཞིག་ཡིན་པ་དེ་ཉིད་རྩད་གཅོད་བྱས་ཏེ་མ་རིག་པ་ལ་རིམ་པ་མང་དུ་ཡོད་པའི་ནང་ནས་མ་རིག་པའི་རྩ་བ་གང་ཡིན་པ་དང་། མ་རིག་པ་ཞེས་བརྗོད་སྐབས་མི་ཤེས་པ་དང་། ལྷག་པར་འཁྲུལ་པའི་ནང་གི་ཡང་འཁྲུལ་ལྟ་བུ་ཞིག་ཆགས་ཡོད་པར་བརྟེན་འཁྲུལ་ལུགས་དེ་དག་ཤེས་དགོས་པ་ཡིན། དེས་ན་དོན་དམ་བདེན་པ་ཤེས་དགོས་པ་དང་། དོན་དམ་བདེན་པ་ཞེས་པ་དེ་བྱིན་རླབས་ལྟ་བུའི་ཐོག་ནས་གསར་དུ་བྱུང་བ་ཞིག་མིན་པར་གཞི་ཡི་གནས་ཚུལ་ཞིག་ཆགས་ཡོད།
ང༽ བཀའ་བསྟན་གྱི་བརྗོད་བྱའི་སྙིང་པོ།
༡༽ བདེན་གཉིས་ཀྱི་རྣམ་གཞག
དེ་ལྟར་བདག་རྒྱུད་སྨིན་ཅིང་གྲོལ་ལུགས་ལམ་གྱི་ཉམས་ལེན་ཐོག་སྒྲིལ་སྐབས། སངས་རྒྱས་པའི་ཆོས་ཚུལ་གྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡོམས་ན།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
ཞེས་པ་ལྟར། སྤྱིར་བདེན་པ་གཉིས་ཀྱི་ཐ་སྙད་ནི་ཕྱི་རོལ་མུ་སྟེགས་གྲངས་ཅན་པའི་ཤེས་བྱ་ཉི་ཤུ་རྩ་ལྔ་ལ་བདེན་པ་གཉིས་སུ་ཕྱེ་ནས་བཤད་པ་སྟེ། བདག་ཤེས་རིག་གི་སྐྱེས་བུ་དང་། སྤྱི་གཙོ་བོ་གཉིས་དོན་དམ་བདེན་པ་དང་། ལྷག་མ་རྣམས་ཀུན་རྫོབ་བདེན་པ་ཞེས་བརྗོད་ཐུབ་པ་དང་། གཞན་ཡང་ཡེ་ཤུ་དང་། ཁ་ཆེ་སོགས་ཆོས་ལུགས་གཞན་དང་གཞན་གྱིས་ཀྱང་བདེན་གཉིས་ཀྱི་ཐ་སྙད་བྱེད་པ་སྟེ། དཔེར་ན། ཁ་ཆེར་ཆ་མཚོན་ན། ཨེ་ལ་དོན་དམ་བདེན་པ་དང་། ཨེ་ལ་ཡིས་བཀོད་པའི་སྣོད་བཅུད་ཡོངས་རྫོགས་ཀུན་རྫོབ་བདེན་པ་བཅས་བདེན་གཉིས་ཀྱི་རྣམ་གཞག་དེ་ལྟར་ཕལ་ཆེར་བརྗོད་ཐུབ་པ་ཞིག་ཡིན། དེ་ལྟར་བདེན་གཉིས་ཀྱི་ཐ་སྙད་དམ་རྣམ་གཞག་མུ་སྟེགས་པ་དག་གིས་ཀྱང་འདོད་པ་ཡིན།
ལྷག་པར་བདེན་གཉིས་ཀྱི་རྣམ་གཞག་ནང་པའི་གྲུབ་མཐའ་བཞི་ཀའི་གཞུང་ནས་གསུངས་ཤིང་། བདེན་གཉིས་ཀྱི་ཐོག་ནས་འགོག་བདེན་དེ་དོན་དམ་བདེན་པའི་སྐད་ཆ་ཞིག་བཤད་ནས་འགོག་བདེན་བརྗོད་དགོས་པ་ལས། དོན་དམ་བདེན་པའི་རྣམ་གཞག་མ་ཤེས་ན། འགོག་བདེན་བཤད་རྒྱུ་གང་ཡང་མེད། དེར་བརྟེན་ཐོག་མར་བདེན་གཉིས་ཀྱི་རྣམ་གཞག་ཤེས་པ་ཞིག་དགོས་པ་ཡིན། བདེན་གཉིས་ཀྱི་རྣམ་གཞག་རང་སྡེའི་གྲུབ་མཐའ་སྨྲ་བཞི་ཀས་གསུང་གི་ཡོད། དེ་ཡང་། ཆོས་མངོན་པ་མཛོད་ལས35།
གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །
བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །
ཞེས་གསུངས་པ་ལྟར་བདེན་གཉིས་ཀྱི་གོ་བ་ལེན་ཚུལ་ལ་བྱེ་བྲག་སྨྲ་བས་གསུངས་པ་རྣམས་རིམ་པ་དང་པོ་དང་། མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་རྣམས་དོན་གཅིག །རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་ཅེས་གསུངས་པ་རྣམས་ཅུང་ཟད་ཇེ་ཕྲར་སོང་བ་དང་། དེ་ལས་གཏིང་ཟབ་པ་ནི་སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་དང་། དབུ་མ་པས་ཆོས་ཐམས་ཅད་བདེན་སྟོང་ཞེས་གསུངས་པ་དེ་དག་གི་ཐོག་སླེབས་ཡོང་གི་ཡོད་ལ། དབུ་མ་པ་ལའང་ནང་གསེས་ཐ་སྙད་དུ་རང་མཚན་བཞེས་དང་མི་བཞེས་པའི་ཁྱད་པར་ཕྱེ་ནས་གསུང་གི་ཡོད། སྐབས་འདིར་བདེན་གཉིས་ཞེས་པ་ནི། དབུ་མའི་གཞུང་ནས་གསུངས་པ་དང་། ལྷག་པར་དབུ་མ་འཇུག་པ་ལས36།
དངོས་ཀུན་ཡང་དག་མཐོང་བའི་འཁྲུལ་པ་ཡིས། །
དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །
ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །
མཐོང་བ་འཁྲུལ་པའི་ཀུན་རྫོབ་བདེན་པར་གསུངས། །
ཞེས་གསུངས་པ་ལྟར། སྣང་སྟོང་ཟུང་འཇུག་གི་བདེན་གཉིས་ཀྱི་གོ་བ་ཞིག་སླེབས་དགོས་ཤིང་། སྤྱིར་དབུ་མ་པ་དང༌། ཡང་སྒོས་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པས་བཀྲལ་བའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པའི་རྟེན་འབྱུང་ཕྲ་མོའི་སྟེང་ནས་རྟེན་འབྱུང་སྟོང་པ་དང༌། སྟོང་པ་རྟེན་འབྱུང་དུ་གསུངས་པའི་བདེན་གཉིས་ཀྱི་ཚུལ་ཤེས་པ་ཞིག་དང་། དེ་ལ་བརྟེན་ནས་དབུ་མ་འཇུག་པ་ལས་གསུངས་པ་ལྟར་གྱི་བདེན་བཞི་ཕྲ་རགས་ཀྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་ཤེས་དགོས། དེ་ལྟར་བྱུང་ན་འཁོར་བར་འཇུག་ལྡོག་གི་གནས་ཚུལ་ཇི་མ་ཇི་བཞིན་ཤེས་པ་ཞིག་ཡོང་བ་ཡིན།
དེ་ཡང་བདེན་གཉིས་གསུང་སྟངས་ཚུལ་དེའི་ཐོག་ནས་གོ་བ་ལེགས་པར་བླངས། དེའི་སྙིང་པོ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་ཉིད་ཅེས་པས་དོན་དམ་བདེན་པ་དང་། རྟེན་འབྱུང་ཞེས་པས་སྣང་བ་རྟེན་འབྲེལ་མི་བསླུ་བ་དེ་དག་གི་ཐོག་ནས་བསམ་བློ་བཏང་ན། བདེན་གཉིས་བཤད་པའི་རྒྱུ་མཚན་གྱིས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་སླེབས་པ་དང་། བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་སླེབས་སྐབས། རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་གོ་བ་སླེབས་པ་དང་། རྒྱུ་འབྲས་རྟེན་འབྱུང་ལ་གོ་བ་སླེབས་པའི་ཐོག་ནས་བདེན་བཞིའི་རྣམ་གཞག་རྣམས་ཤེས་ཐུབ་པ་ཞིག་ཡིན།
བདེན་གཉིས་ཀྱི་རྣམ་གཞག་ནི་གཞི་ལ་ཡོད་མུས་ཡིན་པ་ལས། བློས་བཅོས་པ་དང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཟོས་པ་ཞིག་མིན་ལ། ལམ་གྱིས་གསར་དུ་བསྐྲུན་པ་ཞིག་ཀྱང་མིན་པར་དེ་ནི་གཞི་ལ་ཡོད་མུས་ཤིག་ཡིན། སྣང་ཚུལ་དང་གནས་ཚུལ་གཉིས་ཡོད་མུས་ཡིན། དེང་སྐབས་ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱེད་སྐབས་དེ་དག་གི་དོན་གྱི་ཡིན་ལུགས་དཔྱོད་བཞིན་ཡོད།
མདོར་ན། བདེན་པ་གཉིས་ཞེས་པ་མུ་སྟེགས་པས་བརྗོད་ཀྱི་ཡོད་ཀྱང་། སྐབས་འདིའི་བདེན་གཉིས་ཞེས་པ་ནི། ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་ཤིང་། ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པས་རྒྱལ་བའི་དགོངས་པ་མཐར་ཐུག་པ་མིང་རྐྱང་བཏགས་ཡོད་ཙམ་གྱི་བདེན་གཉིས་བཤད་པ་དེའི་གོ་བ་ལེགས་པོ་ཞིག་ཆགས་ན། བདེན་བཞིའི་གོ་བ་ཆགས་ཐུབ་པ་ཞིག་ཏན་ཏན་ཡོང་རྒྱུ་ཡོད། དེར་བརྟེན་ངོས་ནས་རྟག་ཏུ་བརྗོད་མུས་ལྟར། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས37།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
ཞེས་གསུངས་པ་དེའི་ཐོག་ནས་བསམ་བློ་བཏང་ན་གོ་རིམ་འདི་ཉིད་སླེབས་ཡོང་གི་ཡོད། དེ་ལྟར་བདེན་གཉིས་ཀྱི་ཐོག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་དམ་དོན་དམ་བདེན་པ་སྟེ་རྟེན་འབྱུང་ཕྲ་མོའི་སྟེང་ནས་གོ་བ་སླེབས་པ་དེ་ཉིད་གཞི་མར་བྱས་ཏེ་རྒྱུ་འབྲས་ཀྱི་རྣམ་གཞག་ཤིན་ཏུ་འཐད་པ་དེ་གོ་བ་ཡིན། དེས་ན་རྒྱུ་འབྲས་རྟེན་འབྲེལ་གྱི་ཐོག་ནས་སྤྱིར་བདེན་བཞིའི་རྣམ་གཞག་དང་། ལྷག་པར་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རྣམ་གཞག་གི་ཐོག་ནས་ཉོན་མོངས་ཟད་རུང་ཡིན་པ་དང་། དེའི་གཉེན་པོ་སྟོབས་ལྡན་སྟོང་ཉིད་རྟོགས་པའི་ཤེས་རབ་བཅས་ཀྱི་ཐོག་ནས་བྲལ་བའམ་འགོག་བདེན་དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས38།
ལས་དང་ཉོན་མོངས་ཟད་པས་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པ་ལྟར། ང་ཚོའི་ཕྱག་དཔེ་ཁག་ཏུ་སྟོང་པ་ཉིད་ཀྱིས་ཞེས་བྱེད་སྒྲ་སྦྱར་ཏེ་སྟོང་ཉིད་རྟོགས་པའི་ཤེས་ཀྱིས་འགོག་གི་ཡོད་པར་གསུངས་འདུག་ལ། ལེགས་སྦྱར་གྱི་གཞུང་ལུགས་ནང་དུ་སྟོང་པ་ཉིད་དུ་ཞེས་ལ་དོན་གྱི་གོ་དོན་སླེབས་ཀྱི་ཡོད། དེ་ལྟར་གོ་དོན་གཉིས་ཀ་སླེབས་ཐུབ་པ་བཅས་ཧ་ཅང་ཡག་པོ་རེད་འདུག །དེ་ཡང་། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པའི་གོ་དོན་ལྟར་ན་ལམ་བདེན་ལ་སྦྱར་བ་དང་། སྟོང་པ་ཉིད་དུ་འགག་པར་འགྱུར། །
ཞེས་པ་དེ་འགོག་བདེན་ལ་སྦྱར་ཞིང་། འགོག་བདེན་གྱི་ངོ་བོ་ཡང་སེམས་ཀྱི་ཆོས་ཉིད་དྲི་མ་སྤངས་པའི་ཁྱད་པར་དང་ལྡན་པ་དེ་ག་འགོག་བདེན་ཡིན་ལ། སྒྲུབ་བྱེད་དེ་ཡང་སེམས་ཀྱི་ཆོས་ཉིད་མངོན་སུམ་དུ་རིག་པའི་ལམ་བདེན་དེས་སྒྲུབ་ཡོང་གི་ཡོད། གཙོ་བོ་སྟོང་ཉིད་ཅེས་པ་དེ་ཉིད་དཀོན་གཉེར་གྱིས་ལྷ་སྐུ་འགྲེལ་བཤད་བརྒྱབ་པ་ལྟ་བུ་ཞིག་མིན་པར་གོང་གསལ་ཚིག་བཅད་དེ་དག་གི་ཐོག་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན། དེ་ཡང་མི་སེམས་འཁྲུགས་པའི་རིགས་ལ་སྨན་བཅོས་གནང་མཁན་གྱི་ཚན་རིག་པ་སྙན་གྲགས་ཅན་ཨེ་རོན་འབེག་ཞུ་བ་ཞིག་ཡོད། ཁོང་ད་ལྟ་དགུང་ལོ་གོ་དྲུག་གོ་བདུན་ཙམ་ལ་ཕེབས་ཡོད། ཁོང་གིས་གསུངས་པ་ལྟར་ན། མི་རྣམས་ཞེ་སྡང་ལངས་སྐབས་ཞེ་སྡང་ལངས་སའི་ཡུལ་དེ་ཆེས་མི་སྡུག་པ་ཞིག་ཏུ་མཐོང་གི་ཡོད་ལ། དེའི་མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཞེ་སྡང་ལངས་མཁན་གང་ཟག་རང་ཉིད་ཀྱི་རྣམ་རྟོག་གིས་བཅོས་པ་རེད་ཅེས་བརྗོད་ཀྱི་འདུག །དེ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་ཆགས་སྡང་སྐྱེས་ཚུལ་གསུངས་པ་དང་ཏག་ཏག་ཆགས་ཡོད། དེ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བ་དེ་ནི་བདེན་འཛིན་གྱི་སྤྲོས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལ་བསམ་བློ་ལེགས་པར་བཏང་ན། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་གསུམ་པ་ལས39།
འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །
སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་། །
གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལས་བརྟེན་འབྱུང་བ། །
དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །
ཅེས་སོགས་གསུངས་པ་ལྟར། དུག་གསུམ་རྣམས་རྣམ་པར་རྟོག་པ་ལས་བྱུང་བ་དང་། རྣམ་རྟོག་ཅེས་པ་དེ་ཉིད་ཡུལ་གྱི་ངོས་ནས་གྲུབ་པར་འཛིན་པའི་བློ་དེས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་ཚུལ་གྱི་སྐོར་ཧ་ཅང་གསལ་པོར་གསུངས་ཡོད། དེ་དག་གི་ཐད་ལ་འགྲེལ་བཤད་བརྒྱབ་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན།
དེ་དག་ལ་བསམ་བློ་གཏོང་སྐབས་དབུ་མའི་ལྟ་བ་དེ་ད་ལྟ་ད་ལྟའི་གནས་སྐབས་སུ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཡིན་པས། ཉོན་མོངས་མེད་པར་གྱུར་ཅིག་ཅེས་རྟག་ཏུ་སྨོན་ལམ་རྒྱག་བཞིན་ཡོད་པར་མ་ཟད། ཉོན་མོངས་ཀྱི་དགྲ་བོ་ཞེས་རྟག་ཏུ་བརྗོད་ཀྱི་ཡོད། ཉོན་མོངས་ལ་གཉེན་པོ་བསྟེན་དགོས་ན། བྱང་ཆུབ་ཀྱི་སེམས་བསྒོམས་ནས་ཐད་ཀར་ཉོན་མོངས་ལ་གནོད་རྒྱུ་ཧ་ཅང་ཁག་པོ་རེད། སྟོང་ཉིད་ཀྱི་ལྟ་བ་ཉག་གཅིག་ལས་འགྲོ་ས་མེད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྨང་གཞི་བཅོལ་ས་ལྟ་བུ་དེ་བདེན་འཛིན་གྱི་སྤྲོས་པ་དེ་ཉིད་ཆགས་ཀྱི་ཡོད་སྟབས། དམིགས་གཏད་མཐའ་དག་བཤིག་ཐུབ་པའི་ལྟ་བ་ཞིག་བྱུང་ན། བདེན་འཛིན་གྱི་གཞི་བཅོལ་ས་དེ་ཉིད་མེད་པ་ཆགས་ཐུབ། དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་འདུག །
དེ་བཞིན་འགོག་བདེན་ཞེས་བརྗོད་སྐབས། དེ་ཉིད་ཡོད་སྲིད་པ་འདུག་སྙམ་པ་ཞིག་ཡོང་བ་དང་། ངོས་རང་དེ་ཙམ་ཤེས་ཀྱི་མེད་ཀྱང་། སྟོང་ཉིད་ཀྱི་ལྟ་བར་ངོས་རང་ཆུང་ངུའི་སྐབས་ནས་དོ་སྣང་ཤུགས་ཆེ་ཡོད་ལ། ཡང་ཡང་བསམ་བློ་གཏོང་སྐབས་འདོད་པའི་ཉོན་མོངས་མངོན་གྱུར་བ་དེ་རིགས་ཤུགས་གང་འཚམ་ཆགས་པ་ཞིག་ཡོང་གི་འདུག །དེ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་བློ་བསྒོམས་ནས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་ཕྱིན་པ་ཞིག་མིན་པར་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ནས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་འགྲོ་བ་ཞིག་ཏན་ཏན་ཡོང་གི་འདུག །དངོས་ཡོད་གནས་ཚུལ་ལ་དངོས་སུ་ཕན་ཐོགས་དེ་ལྟར་ཡོང་གི་ཡོད། དེར་བརྟེན་འགོག་བདེན་ཞེས་པ་ཏན་ཏན་འདུག་སྙམ་པ་ཞིག་གི་ཐོག་ནས་ཉོན་མོངས་མངོན་འགྱུར་བ་དེ་དག་ཤུགས་གང་འཚམ་ཆུང་དུ་འགྲོ་སྐབས་མཐོང་སྤང་སྤངས་པའི་འགོག་བདེན་ལ་སོགས་པ་རྣམས་གཞི་ནས་ཡོང་ས་རེད་སྙམ་པ་ཞིག་བློ་ངོར་སླེབས་ཡོང་གི་འདུག །དེས་ན་ཆོས་དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་ཐུབ་པ་འདུག །
དེ་ལྟར་གཞི་ཡི་གནས་ཚུལ་བདེན་པ་གཉིས་ཀྱི་དོན་ཤེས་པས་བདེན་བཞིའི་གོ་བ་དཔྱིས་ཕྱིན་པ་སླེབས་ཐུབ་པ་ཞིག་དང་། བདེན་བཞིའི་རྣམ་གཞག་གྲུབ་མཐའ་འོག་མས་ཀྱང་གསུངས་པ་ནི་གོ་བ་རགས་པའི་ཐོག་ཏུ་འགྲོ་བཞིན་ཡོད། གོང་ཞུས་ལྟར་རིམ་བཞིན་དཔྱད་ཚེ་གྲུབ་མཐའི་སྐྱོན་རེད་ཅེས་བརྗོད་རྒྱུ་ཙམ་ལས་དེ་ཙམ་བརྗོད་རྒྱུ་མེད་ལ། གོ་བ་དཔྱིས་ཕྱིན་པ་སླེབས་དཀའ་བ་ཡིན། དེས་ན་དབུ་མ་པའི་གཞུང་ནས་གསུངས་པའི་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་ཤེས་པ་ཞིག་བྱུང་ན། བདེན་བཞིའི་ཕྲ་བའི་རྣམ་གཞག་རྣམས་དཔྱིས་ཕྱིན་པ་ཤེས་ཐུབ་པ་ཞིག་ཡོང་བ་ཡིན། དེ་ལྟར་འགོག་བདེན་དང་ལམ་བདེན་ཞེས་སླེབས་སྐབས་དེ་ལྟ་བུའི་ལམ་བདེན་རྒྱུད་ལ་ལྡན་པ་དེ་འཕགས་པའི་དགེ་འདུན་རེད་ཅེས་བློ་ངོར་འཆར་བ་དང་། དེ་ལྟ་བུའི་ལམ་གོམས་པ་མཐར་ཕྱིན་པའི་གནས་སྐབས་སུ་མི་སློབ་པའི་དགེ་འདུན་སླེབས་འོང་བ་ཡིན།
༢༽ བདེན་བཞིའི་རྣམ་གཞག
བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
ཞེས་པས། སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཚང་མས་བདེན་བཞིའི་རྣམ་གཞག་གསུངས་ཡོད། འོན་ཀྱང་བདེན་བཞི་གསུངས་པ་ནི་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་སྟེང་ནས་བསམ་བློ་གཏོང་གི་ཡོད་ལ། རྒྱུ་འབྲས་ཀྱི་རྟེན་འབྱུང་ཡོང་ཆོག་པ་དེ་རྒྱུ་མཚན་གང་ཡིན་སྙམ་ན། ཕན་ཚུན་ལྟོས་པའི་རྟེན་འབྱུང་ཡོད་པ་ལ་བརྟེན་ནས་རྒྱུ་འབྲས་རྟེན་འབྱུང་འཐད་ཅིང་། རྒྱུ་འབྲས་ཕན་ཚུན་ལྟོས་པའི་འབྲེལ་བ་མེད་པའམ། ཕན་ཚུན་ལྟོས་ནས་གྲུབ་པའི་ལྟོས་གྲུབ་ཀྱི་རྟེན་འབྱུང་དེ་ཉིད་མེད་ན། རྒྱུ་འབྲས་ཀྱི་རྟེན་འབྱུང་ཡོང་ཤེས་ཐབས་མེད། དེ་ཡང་། མ་དྲོས་པས་ཞུས་པའི་མདོ་ལས40།
གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །
ཞེས་གསུངས་པ་ལྟར། ལྟོས་གྲུབ་ཡིན་པའི་རྒྱུ་མཚན་ལ་རྟེན་འབྱུང་བཀོད་ཡོང་གི་ཡོད། དེས་ན་རྗེ་བདག་ཉིད་ཆེན་པོས་ཀྱང་། རྟེན་འབྲེལ་བསྟོད་པ་ལས41།
གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །
གསུངས་པ་དེ་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །
ཅེས་གསུངས་པ་དེ་ཡིན། གཞི་རྩ་བརྟེན་ནས་བཏགས་པ་ཡིན་སྟབས། བརྟེན་ནས་འབྱུང་བའམ་རྒྱུ་འབྲས་ཀྱི་རྟེན་འབྱུང་འཐད་པ་ཡིན། དེ་ལྟར་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་བདེན་བཞིའི་རྣམ་གཞག་གསུངས་པ་འདིའི་རྩ་བ་ལྟོས་གྲུབ་ཀྱི་རྟེན་འབྲེལ་དེའི་ཐོག་ནས་ཡོང་དགོས་པ་ཡིན། བལྟོས་ནས་གྲུབ་པ་ཡོང་བ་དེ་ཡང་རྩ་བ་ཡར་གཏུགས་ན་རང་མཚན་མེད་པ་དེ་ལ་ཐུག་ཡོད། རང་མཚན་ཡོད་ན་རང་གི་ངོ་བོ་འཛིན་མཁན་གྱི་བདེན་པ་བ་ཞིག་ཡོད་དགོས། དེ་ཡོད་ན་ལྟོས་པ་ཞེས་པ་དེ་འཇོག་རྒྱུ་ཤིན་ཏུ་དཀའ་བ་ཡིན། མིང་རྐྱང་བཏགས་ཡོད་ཙམ་ཡིན་ན། ལྟོས་པ་དེ་ཤིན་ཏུ་འཐད་པ་བཅས་དེ་ལྟར་མཐར་གཏུག་སྐབས་རང་མཚན་མེད་པའི་ཐོག་ཏུ་ཐུག་གི་ཡོད། རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་སྟབས་བརྟེན་ནས་བཏགས་པ་དང་། བརྟེན་ནས་བཏགས་པས་གཅིག་གིས་གཅིག་ལ་བལྟོས་ནས་ཡོང་བ་དེ་ཤིན་ཏུ་འཐད་པ་ཡིན། གཅིག་གིས་གཅིག་ལ་ལྟོས་པ་ཞིག་ཡོད་སྟབས་རྒྱུ་འབྲས་ཀྱི་རྟེན་འབྱུང་འཐད་པ་ཡིན། དེ་ལྟར་རྒྱུ་འབྲས་རྟེན་འབྱུང་གི་ཐོག་ནས་བདེན་བཞི་འཐད་པ་བཅས་ལ་བསམ་བློ་ཧ་ཅང་མང་པོ་གཏོང་རྒྱུ་ཡོད།
བདེན་བཞི་ལ་མཚོན་ནའང་། སྤྱིར་པཱ་ལི་དང་ལེགས་སྦྱར་གཉིས་ཀའི་ནང་དུ་གསུངས་ཡོད། འོན་ཀྱང་བདེན་བཞིའི་འགྲེལ་བཤད་ཞིབ་ཕྲ་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱི་གཞུང་ནས་ཧ་ཅང་གསལ་པོར་གསུངས་ཡོད་པས། བདེན་བཞིའི་འགྲོ་སྟངས་དེ་དག་ལེགས་པར་ངེས་པའི་ཐོག་ནས་ཐར་པ་ངོ་འཕྲོད་པ་དང་། ཐར་པ་ངོ་འཕྲོད་སྐབས་འགོག་ལམ་གྱི་ཆོས་དཀོན་མཆོག་ངོ་འཕྲོད་ཅིང་། དེ་ལྟ་བུའི་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་དེ་རྟོགས་པ་མངོན་དུ་གྱུར་པའི་ཐོག་ནས་ཆོས་སྟོན་མཁན་གྱི་སྟོན་པ་ལ། རྟེན་འབྲེལ་བསྟོད་པ་ལས42།
བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག །
ཅེས་གསུངས་པ་ལྟར་གྱི་བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ་ཡིད་ཆེས་སླེབས་པ་དང་། ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས་43ཀྱང་།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
ཞེས་གསུངས་པའི་སྐབས་སུའང་དེ་ལྟར་གསལ་ཡོད། དེ་ཡང་བདེན་པ་བཞིས་འཁོར་བར་འཇུག་རིམ་དང་། འཁོར་བ་ལས་ལྡོག་རིམ་གཉིས་ལས། བདེན་པ་སྔ་མ་གཉིས་ལ་བརྟེན་ནས་འཁོར་བར་འཇུག་རིམ་དང་། བདེན་པ་ཕྱི་མ་གཉིས་ཀྱིས་འཁོར་བ་ལས་ལྡོག་རིམ་དེ་དག་གི་ཐོག་ནས་ཆོས་མྱང་འདས་ཡོད་པ་ཞིག་དང་། ཆོས་མྱང་འདས་སྒྲུབ་བྱེད་ཀྱི་ལམ་ཡང་དག་པ་ཡོད་པ་ཞིག་སྒྲུབ་ཡོང་སྐབས་ཆོས་དཀོན་མཆོག་སྒྲུབ་ཡོང་གི་ཡོད། དེ་ལྟ་བུའི་ཆོས་ཚུལ་བཞིན་ཉམས་སུ་བླངས་ནས་ཆོས་དཀོན་མཆོག་ནམ་རང་རྒྱུད་ལ་སྐྱེ་བའི་ཚེ་ཉམས་མྱོང་གི་ཐོག་ནས་བློ་ཁྱད་དུ་འཕགས་པ་ཞིག་ཆགས་ཡོང་སྐབས། འཕགས་པའི་གང་ཟག་ཅེས་པ་དེ་ཡོང་ཐུབ་པ་ཞིག་དང་། དེ་ལྟ་བུའི་སློབ་པའི་འཕགས་པ་དེ་ཉིད་རྒྱུན་རིམ་བཞིན་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པའི་མཐར་མི་སློབ་པའི་འཕགས་པ་ཡོང་གི་ཡོད།
དེ་ཡང་སྡུག་བསྔལ་ལ་འཇུག་རིམ་དང་། སྡུག་བསྔལ་ལས་གྲོལ་རིམ་ཞིག་ཤེས་པའི་སྒོ་ནས་སྡུག་བསྔལ་བྲལ་བའི་བྲལ་བ་འགོག་པའི་བདེན་པ་དང༌། དེ་སྒྲུབ་བྱེད་ལམ་གྱི་བདེན་པ་དེ་དག་དཔྱིས་ཕྱིན་པར་ཤེས་ཤིང༌། དེ་དངོས་སུ་འདྲེན་མཁན་གྱི་ལམ་བདེན་ལ་བརྟེན་ནས་ཆོས་དཀོན་མཆོག་དེ་སྤྱིར་ཤེས་བྱ་ལ་ཡོད་པ་དང༌། བྱེ་བྲག་རང་གི་རྒྱུད་སྟེང་དུ་འགྲུབ་རུང་ཡིན་པ་ཞིག་མཐོང་བ་དང་། དེའི་སྟེང་ནས་ཆོས་དཀོན་མཆོག་ལ་ངེས་པ་ཐོབ་སྐབས་ཆོས་དཀོན་མཆོག་དེ་ཉིད་ཐུགས་རྒྱུད་ལ་ཡོད་པའི་གང་ཟག་དེར་དགེ་འདུན་དང་། སློབ་པའི་དགེ་འདུན་དེ་ཡང་ད་དུང་སྤངས་རྟོགས་ཀྱི་ཉམས་ལེན་ཇེ་མཐོར་བཏང་སྟེ་མཐར་སྤངས་རྟོགས་མཐར་ཕྱིན་པའི་གནས་སྐབས་སུ་སངས་རྒྱས་འཕགས་པའམ་དགེ་འདུན་དཀོན་མཆོག་ཅེས་པ་དེ་དག་གསོས་པ་ལྟ་བུ་ཆགས་ཀྱི་ཡོད།
དེར་བརྟེན་དེ་ལྟ་བུའི་ཆོས་དཀོན་མཆོག་སྟོན་མཁན་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང༌། དེ་ཚུལ་བཞིན་དུ་སྒྲུབ་པའི་འཕགས་པའི་དགེ་འདུན་རྣམས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། ཚད་མས་དྲངས་པའི་དད་པ་ཞིག་སླེབས་པར་མ་ཟད། དེ་ཡང་ཇི་སྐད་དུ།
ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །
ཅེས་གསུངས་པ་ལྟར་ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པར་གསུངས་པའི་སྐྱབས་འགྲོ་དེ་ཡང་ལམ་དང་ལུགས་སྲོལ་དང་། གོམས་གཤིས་ལྟ་བུའི་སྟེང་ནས་མིན་པར་རྒྱུ་མཚན་ལ་དཔྱད་པ་བྱས་ནས་རྒྱུན་མཚན་མཐོང་བའི་སྟེང་ནས་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པའི་དད་པ་ཞིག་སླེབས་ཡོང་བ་ཡིན། མདོར་ན། བདེན་པ་བཞིས་འཁོར་བར་འཇུག་པ་དང་། འཁོར་བ་ལས་ལྡོག་པའི་འཇུག་ལྡོག་གི་རིམ་པའི་འགྲོ་ལུགས་རྣམས་ཇི་བཞིན་དུ་ངེས་པ་དང་། འགོག་ལམ་གྱི་ཐོག་ནས་དོན་དམ་བདེན་པའི་ངོ་ཆ་སྤྲད་པའི་སྟེང་ནས་མ་རིག་པ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་ཤེས་ཤིང་། སེམས་རང་བཞིན་གྱི་འོད་གསལ་བ་ཡིན་སྟབས། ཐར་པ་ཚད་མས་གྲུབ་ཡོང་གི་ཡོད། དེ་དག་གི་ཐོག་ནས་ཚད་མས་དྲངས་པའི་སྐྱབས་གསུམ་གྱི་དད་པ་བརྟན་པོ་ཆགས་ཐུབ་པ་ཞིག་ཡོང་བ་ཡིན། དེ་ལ་བརྟེན་ནས་སྐྱབས་གསུམ་ལ་ངེས་པར་རྙེད་ནས་ཐར་པ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱའོ་སྙམ་པའི་ཐོག་ནས།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཞེས་པ་ལྟར། ཆོས་དཀོན་མཆོག་ངོ་འཕྲོད་པའི་སྟེང་ནས་ཐར་པ་མྱང་འདས་དེ་ཤེས་ནས་ཐོབ་པའི་དད་པ་བརྟན་པོ་ཡོང་སྐབས། ཐར་ལམ་སྟོན་མཁན་གྱི་སྟོན་པ་ལ་ཤེས་ནས་དད་པ་ཐོབ་པ་དང་། སྟོན་པ་དེའི་རྗེས་སུ་འབྲང་མཁན་གྱི་འཕགས་པའི་དགེ་འདུན་ལའང་ཤེས་ནས་དད་པ་ཐོབ་པ་བཅས་དེ་ལྟ་བུའི་ཐར་པ་དོན་གཉེར་གྱི་བློ་ཞིག་སྐྱེ་ཡོང་གི་ཡོད་སྟབས།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
ཞེས་བརྗོད་ཅིང་། ང་ཚོས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་རྟག་ཏུ་བརྗོད་ཀྱི་ཡོད་ཀྱང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཅས་གང་འདྲ་ཞིག་ཡིན་ཞེ་ན། སྔར་བཅོམ་ལྡན་འདས་རྒྱ་གར་འཕགས་ཡུལ་དུ་བྱོན་པ་དང་། ཁོང་གིས་གསུངས་པ་རྣམས་ཆོས་དང་། དེའི་རྗེས་སུ་སློབ་མཁན་རྣམས་དགེ་འདུན་རེད་ཅེས་བརྗོད་ན་གོ་རྒྱུ་དེ་ཙམ་མེད། བུདྡྷའམ་སངས་རྒྱས་ཞེས་པའི་ཚིག་གི་གོ་དོན་ཇི་བཞིན་ཤེས་པ་ལ། སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཤེས་དགོས་ཤིང་། སྤངས་རྟོགས་ཀྱི་ཡོན་ཏན་ཤེས་པ་ལ། སྤངས་པ་བདེ་གཤེགས་དང་། རྟོགས་པ་བདེ་གཤེགས་སོགས་ཀྱི་དོན་ཤེས་དགོས། དེ་ལྟར་ཡོང་བ་དེ་ཡང་གཙོ་བོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཉམས་བཞེས་མཛད་ཅིང་། ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོས་རྒྱབ་རྟེན་བྱས་པའི་ཐོག་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཉམས་བཞེས་གནང་ནས་སྤངས་པ་བདེ་གཤེགས་དང་། རྟོགས་པ་བདེ་གཤེགས་ཐོབ་པ་དང་། དེ་ལ་བརྟེན་ནས་སྐྱོབ་པ་བླ་ན་མེད་པ་དང་། ཚད་མའི་སྐྱེས་བུར་གྱུར་པ་འདི་ལྟར་དུ་འགྲོ་དགོས་པ་ཡིན། དེ་དག་གི་གནད་རྣམས་ཤེས་ན། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་བརྗོད་མ་ཐག་ལུས་ཀྱི་བ་སྤུ་གཡོ་བ་དང་། མིག་ནས་མཆི་བ་འཁྲུག་པ་སོགས་ཡོང་ཐུབ་པ་ཞིག་ཡིན།
དེ་ལྟའི་ཐར་ལམ་གྱི་རྩ་བ་ཚུགས་པ་ལ། བདེན་གཉིས་དང་བདེན་བཞིའི་གནས་ཚུལ་གྱི་ཐོག་ནས་བསམ་བློ་གཏོང་དགོས་པ་ལས། ལུང་ཙམ་གྱི་ཐོག་ནས་ཤིན་ཏུ་དཀའ་བ་ཡིན། ཐར་པ་ལ་ཕྱི་རོལ་མུ་སྟེགས་པའི་གཞུང་ནས་གསུངས་པའི་ཐར་པ་ཡོད་ལ། དཔེར་ན། དབང་ཕྱུག་ནག་པོའི་རྒྱུད་ལ་ཆ་མཚོན་ནའང་། རྒྱུད་ཀྱི་ཚིག་འདྲ་མཚུངས་ལྟར་ཧ་ཅང་ཟབ་པོ་ཡོད། འོན་ཀྱང་རིགས་པས་དཔྱད་ན་རྩ་བ་བདག་ཏུ་ལྟ་བ་གཞི་ལ་བཞག་ནས་ཡོང་བས་ན་འགལ་འདུ་མཐོང་ཡོང་གི་ཡོད། འདི་ལ་ངོས་ནས་བསམ་བློ་འདི་ལྟར་གཏོང་གི་ཡོད། གཞན་ཡང་མངོན་རྟོགས་རྒྱན་ལས44།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
ཞེས་གསུངས་པ་ལྟར། སྒྲུབ་པ་རང་གི་ངོ་བོ་བདེན་གཉིས་ལ་འཇུག་པའི་གདམས་པ་དང་། དེའི་ཐོག་ནས་སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་འཇུག་པའི་གདམས་ངག །དེ་ལ་བརྟེན་ནས་རྟེན་སྐྱབས་གསུམ་ལ་སྟོན་པའི་གདམས་ངག །དེའི་སྟོང་ཉིད་ཀྱི་གོ་བ་ཆགས་པའི་ཐོག་ནས་ཁམས་བདེ་གཤེགས་སྙིང་པོ་ངོ་འཕྲོད་པ་དང་། མངོན་རྟོགས་རྒྱན་ལས45།
སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །
སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །
དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །
ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །
ཅེས་པ་དེ་སླེབས་ཡོང་གི་ཡོད། དེ་ནས་ཉམས་ལེན་གྱི་ཐོག་ཏུ་སླེབས་སྐབས་མ་ཞེན་ཞེས་པ་དེར། རྗེ་རིན་པོ་ཆེས་ལམ་གཙོ་རྣམ་གསུམ་ལས46།
དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །
ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །
ཅེས་གསུངས་པ་ལྟར། ཚེ་འདིའི་སྣང་ཞེན་ལྡོག་ནས་ཚེ་འདིར་མ་ཞེན་པ་དང་། ཕྱི་མའི་སྣང་ཞེན་ལྡོག་ནས་ཕྱི་མར་མ་ཞེན་པས་མ་ཞེན་པ་བཅས་དང་། ཡོངས་སུ་མི་ངལ་ཞེས་སོགས་གདམས་ངག་བཅུ་པོ་རྣམས་བང་རིམ་བསྒྲིགས་ན་བདེན་གཉིས་ལ་བརྟེན་ནས་བདེན་བཞིའི་གོ་བ་དང་། བདེན་བཞིའི་གོ་བ་ལ་བརྟེན་ནས་སྐྱབས་གསུམ། སྐྱབས་གསུམ་གྱི་ཐོག་ནས་ཐར་པ་དོན་གཉེར་གྱི་བློ་དང་། ཐར་པ་སྒྲུབ་པའི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་རྣམས་རིམ་པར་ཡོང་ཐུབ་པ་ཞིག་ཡོད།
དེ་ལྟར་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་དང་། ཀུན་འབྱུང་གི་རྩ་བ་མ་རིག་པ་ཞེས་པ་དེ་ཕྱིན་ཅི་ལོག་གི་བློ་ཡིན་པ་ཞིག་དང་། དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་ལ་ངེས་པ་རྙེད་པ་ཞིག་བྱུང་ན། ཉོན་མོངས་ཟད་རུང་ཡིན་པ་དང་། སྡུག་བསྔལ་ཡང་ཟད་རུང་ཡིན་པ་ཤེས་ཐུབ། སྡུག་བསྔལ་ཟད་རུང་ཡིན་པ་ཤེས་ཚེ། སྡུག་བསྔལ་ཟད་རུང་ཡིན་བཞིན་དུ་སྡུག་བསྔལ་གྱི་གཞན་དབང་དུ་སོང་བ་དེར་སྙིང་རྗེ་ཤུགས་ཆེན་པོ་ཞིག་སྐྱེ་བ་ཡོང་བ་ཡིན།
༣༽ ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ།
སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཞེས་པ་ལྟར། བདེན་གཉིས་ཀྱི་ཁོག་ནས་བདེན་བཞིའི་རྣམ་གཞག་ལེགས་པར་ཤེས་སྐབས། རང་ཅག་རྣམས་ཀྱི་མི་འདོད་པའི་སྡུག་བསྔལ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཤེས་ཤིང་། རྒྱུ་དེ་ཡང་ཕྱིན་ཅི་ལོག་གི་བློ་ཡིན་པ་ལས། སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་མཐོང་བའི་ཚེ། སྡུག་བསྔལ་དེ་དག་དང་ཏན་ཏན་བྲལ་ཐུབ་པ་ཞིག་ཡོང་ཐུབ་པ་འདུག་སྙམ་པའི་ཐར་པ་དོན་གཉེར་གྱི་བློ་སྐྱེ་བ་ཡིན། དེ་ཡང་འཕྲལ་སེལ་གྱི་སྡུག་བསྔལ་ཞི་བ་ཙམ་མིན་པར་སྡུག་བསྔལ་གྱི་རྒྱུ་རྩ་བ་ནས་མེད་པར་བཟོ་ཐུབ་པ་ཞིག་ཡོང་སྲིད་པ་ཞིག་མཐོང་སྐབས། དངོས་གནས་ཐར་པ་ཐོབ་ན་སྙམ་པའི་བློ་ཞིག་སླེབས་འོང་བ་ཡིན། དེ་ནི་སྨོན་ལམ་བརྒྱབ་ནས་ཐར་པ་ཐོབ་པར་ཤོག་ཅེས་པའི་སྐད་ཆ་མིན་པར། བསམ་བློ་བཏང་ནས་སེམས་ནང་བཟོ་ལྟ་ཞིག་ཆགས་པ་དང་། ངེས་པ་གཏིང་ནས་འདྲོངས་སྐབས་ཐར་པ་སྒྲུབ་ཐུབ་པ་ཞིག་རེད་འདུག་པས་དེ་སྒྲུབ་སྙམ་པ་ཞིག་དང་། སྡུག་བསྔལ་མི་འདོད་པ་ཡོད་མུས་ཡིན་པས་ཐར་པ་དོན་གཉེར་གྱི་བློ་སླེབས་ཡོང་བ་ཡིན། དེ་ནི་ངེས་འབྱུང་གི་བློ་དང་། རང་སྟེང་དུ་སྡུག་བསྔལ་གྱིས་མནར་ཚུལ་བསམས་པ་དང་། དེ་དང་ཆབས་ཅིག་སྡུག་བསྔལ་གྱི་རྒྱུ་སྤོང་རུང་ཡིན་པ་ཞིག་མཐོང་བའི་ཚེ། སྲིད་པ་འཁོར་བར་གནས་པའི་སེམས་ཅན་གཞན་རྣམས་ཀྱང་ངང་ཚུལ་གཅིག་མཚུངས་ཡིན་པ་ཤེས་སྐབས་ད་ནི་གང་དྲག །སྡུག་བསྔལ་སྤོང་ཐུབ་པ་ཞིག་ཡིན་ནའང་སྡུག་བསྔལ་གྱི་རྒྱུ་མི་ཤེས་པའམ། མདོར་ན་སྡུག་བསྔལ་གྱི་རྒྱུ་དང་དུ་བླངས་ནས་འགྲོ་བཞིན་པ་ཞིག་མཐོང་བས་ན་སེམས་ནང་མི་བཟོད་པ་ཞིག་སླེབས་ཡོང་བ་ཡིན།
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
དེ་ཡང་། ཕྱོགས་མཐས་གཏུགས་པའི། ཞེས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཚིག་ཡིན་ཅིང་། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས47།
དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །
ཞེས་པའི་ཚིག་དོན་ཐད་ཀར་བཤུས་པ་ལྟ་བུ་ཞིག་ཡིན། དེ་ཡང་ཕྱོགས་བཞིར་ཕྱོགས་ཀྱི་མཐའ་མེད་པ་ལྟར། ཕྱོགས་མཐས་ཡོངས་སུ་གཏུགས་པའི་སྙིང་རྗེ་སྐྱེ་བ་ཞིག་དང་། སྙིང་རྗེ་དེ་ཡང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྲལ་འདོད་ཀྱི་བསམ་པ་ཙམ་མིན་པར་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་བློའམ། ཡང་ན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་སྐྱེས་ཤིང་། དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་ཡིན་པ་ཞིག་སྐྱེ་བར་སྨོན་པ་ཡིན། དེ་ཡང་སྟོང་ཉིད་ཀྱི་ལྟ་བ་ཡོད་མུས་ཐོག །སྟོང་ཉིད་ཀྱི་ལྟ་བས་ངེས་འབྱུང་གི་བསམ་བློར་གྲོགས་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་ལའང་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ཡིན།
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
ཞེས་པ་ནི། རང་སྟེང་དུ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་ཚུལ་རྣམས་བསམས་ནས། དེ་ལས་ངེས་པར་འབྱུང་བའི་བློ་ཞིག་སྐྱེས་པ་འདི་གཞན་སྟེང་དུ་ཁ་སྤོས་ནས་བསམ་བློ་གཏོང་སྐབས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་དེ་སྐྱེ་བ་དང་། རང་སྟེང་དུ་བསམས་ནས་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བློ་དང༌། གཞན་སྟེང་དུ་བསམས་ནས་འགྲོ་རྣམས་སྐྱོབ་པར་འདོད་པའི་ཕྱོགས་མཐས་གཏུགས་པའམ་ཕྱོགས་ཀྱི་མཐའ་མེད་པ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་དམིགས་ནས་དཔལ་ནཱ་ལེནྡྲའི་མཁས་དབང་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་སྤྱི་དང༌། ལྷག་པར་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། ཡང་སྒོས་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་དེ་དག་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེའི་རྩ་བར་གྱུར་པའི་བཅོས་མ་མ་ཡིན་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པའོ། །
དེ་ཡང་ངེས་འབྱུང་ལ་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་ལའང་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་པ་ཡིན་ལ། བྱང་ཆུབ་དོན་གཉེར་ཞེས་པ་ནི། བྱང་ཆུབ་ངོ་མ་འཕྲོད་པར་བྱང་ཆུབ་དོན་གཉེར་ཡོང་ཐབས་མེད་ཅིང་། བྱང་ཆུབ་ཚད་མས་ངེས་པ་ལ་སྟོང་ཉིད་ཤེས་དགོས་པས། སྟོང་ཉིད་ཀྱི་གོ་བ་མེད་ན་བྱང་ཆུབ་ཅེས་བརྗོད་སྐབས་ཡིན་པ་རེད་སྙམ་པ་ལས་དེ་མིན་བརྗོད་རྒྱུ་དེ་ཙམ་མེད། དེས་ན་བྱང་ཞེས་པ་དང་། ཆུབ་ཅེས་པའི་གོ་དོན་དེ་དག་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཤེས་དགོས་པ་ཡིན། མདོར་ན་གོང་གསལ།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
ཞེས་པ་ནས། བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཞེས་པའི་བར་གྱི་ཤོ་ལོ་གཉིས་ཀྱི་གྲུབ་དོན་ནི། བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་དོན་སྙིང་པོ་ཚུར་བསྡུས་ན་འདི་ལྟར་ཡིན། དེས་ན་ཁྱེད་རང་ཚོས་འདི་དག་ཤེས་པ་ཞིག་བྱེད་དགོས་ལ། ཤེས་པ་ལ་སློབ་སྦྱོང་བྱེད་དགོས་པ་ཡིན། ངོས་ནས་ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་འགྲེལ་བཤད་བྱ་རྒྱུ་དེ་གལ་གནད་ཆེན་པོར་བརྩི་བཞིན་ཡོད། གང་ལགས་ཤེ་ན། ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ལྗོངས་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་པ་ཕལ་མོ་ཆེ་རྨོངས་དད་ཀྱི་ཐོག་ཏུ་བསྡད་འདུག །ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་དེ་འདྲ་ཞིག་གཏན་ནས་མིན། དེར་བརྟེན་ངོས་ནས་མ་གུས་པ་མིན་པར་ཤ་ཚས་མ་བཟོད་པའི་ཐོག་ནས་བརྗོད་ཀྱི་ཡོད་པ་དང་། དུས་ཚོད་ནམ་བྱུང་ལ་འགྲེལ་བཤད་བྱ་རྒྱུ་དེ་གལ་གནད་ཆེ་བར་མཐོང་བཞིན་ཡོད། དེས་ན་ཁྱེད་རང་ཚོས་ཀྱང་དེ་རིང་འདིར་༸རྒྱལ་བ་རིན་པོ་ཆེའི་ཆོས་འབྲེལ་བྱས་པ་འདིས་བྱིན་རླབས་ཐོབ་སོང་ཞེས་པའི་སྐད་ཆ་ལྟ་བུ་གཏན་ནས་མིན་པར་དེ་རིང་ཆོས་ཀྱི་གོ་རྟོགས་ཅུང་ཟད་མཐོ་རུ་ཕྱིན་སོང་། དེ་རིང་༸རྒྱལ་བ་རིན་པོ་ཆེའི་ཆོས་འབྲེལ་དེ་སློབ་སྦྱོང་དང་། འཛིན་གྲྭ་འཚོགས་པ་ལྟ་བུ་ཡིན་སྙམ་པ་ཞིག་བྱེད་དགོས་ལ། ཕྱིན་ཆད་ཀྱང་འདི་དག་སེམས་ལ་དྲན་པ་བྱེད་དགོས།
༤༽ ཐོས་བསམ་སྒོམ་གསུམ་དང་། གསང་སྔགས་ཀྱི་རྣམ་གཞག
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
ཞེས་ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ་ང་ཚོས་སློབ་གཉེར་བྱས་ཏེ་ཐོག་མར་ཐོས་པའི་སྒོ་ནས་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེས། དེ་ནས་ཉམས་མྱོང་དང་འབྲེལ་ནས་སྒོམ་པའི་ཤེས་རབ་སྐྱེས་པ་བཅས་ཐོག་མར་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པ་ཞིག་མ་བྱུང་ཡང་གང་འཚམ་ཉམས་མྱོང་སྣེ་ཟིན་ལྟ་བུ་བྱུང་ན། ཕ་རོལ་ཏུ་ཕྱིན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་དག་ལ་གཞི་ནས་ངེས་པ་རྙེད་ཐུབ་པ་ཞིག་དང༌། ལྷག་པར་འབྲས་བུ་སངས་རྒྱས་ཀྱི་སའི་སྐུ་བཞིའི་རྣམ་གཞག་ལ་ངེས་པ་རྙེད་ཐུབ་པ་ཞིག་ཡོང་བ་དང༌། དེ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། མཆོག་གི་སྤྲུལ་སྐུ་དང༌། དེ་ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་ལས48།
སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །
ཅེས་གསུངས་པ་ལྟ་བུའི་གནད་དེ་ལེགས་པར་ཤེས་སྐབས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་གི་སྐབས་ནས་བློ་ལ་ཕྲ་རགས་ཕྱེ་སྟེ། ཡུལ་གྱི་འོད་གསལ་གཏན་ལ་ཕབ་པ་ཙམ་དུ་མ་ཟད། ཡུལ་ཅན་འོད་གསལ་གྱི་རྣམ་གཞག་ཀྱང་དཔྱིས་ཕྱིན་པ་ཞིག་གསུངས་པ་དང༌། དེའི་སྟེང་ནས་སྐུ་བཞི་འགྲུབ་ལུགས་གསུང་སྐབས་གསང་སྔགས་ཀྱི་ཆོས་དེ་དངོས་གནས་ཡ་མཚན་ཞིག་འདུག་སྙམ་པའི་ངེས་པ་འཐོབ་རྒྱུ་ཞིག་འདུག །དེ་མིན་ལྷ་བསྒོམ་པ་དང༌། དབང་བསྐུར་བ། ཞི་སོགས་ཀྱི་ལས་བསྒྲུབ་པ་ཙམ་ནི་ཕྱི་རོལ་མུ་སྟེགས་པའི་གཞུང་ལའང་ཡོད། དེ་ལྟ་བུའི་སྟེང་ནས་གསང་སྔགས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་གཞི་ནས་ཡོང་ངེས་ཡིན།
དེ་ལྟར་ཐོས་བསམ་སྒོམ་གསུམ་གྱི་གོ་བ་ཡག་པོ་ཞིག་གི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་དང་། ལྷག་པར་འབྲས་བུའི་གནས་ཚུལ་ལམ་དང་འབྲེལ་ཞིང་། ལམ་གྱི་གནས་ཚུལ་གཞི་དང་འབྲེལ་བའི་སྟེང་ནས་གོ་བ་ཡག་པོ་ཞིག་ཆགས་ན། གསང་སྔགས་རྡོ་རྗེ་ཐེག་པའི་འབྲས་བུ་ལམ་བྱེད་ཅེས་པ་དེ་ལའང་གོ་བ་ཞིག་སླེབས་པ་དང་། ཡང་སྒོས་ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་ཆོས་གཙོ་བོ་ནི་ང་རྒྱལ་དང་གསལ་སྣང་གི་ཐོག་ནས་སྒྲུབ་དགོས་ཤིང་། གསལ་སྣང་སྒོམ་པའི་རྟེན་ནི་ལྷ་སྐུ་སྒོམ་རྒྱུ་དེ་ཡིན་ལ། ལྷ་སྐུ་དེ་ཡང་ངེས་པ་སྟོང་ཉིད་ལ་དྲངས་ནས་གཟུང་རྣམ་ལྷར་ཤར་བ་ཞིག་དགོས་པ་ཡིན། དེ་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་གྲུབ་མཐའ་ཀུན་བཟང་གི་ནང་དུ་དོགས་དཔྱོད་གསལ་བར་གནང་ཡོད།
དེ་མིན་སྔར་ཤྲཱི་ལངྐའི་དགེ་སློང་ཞིག་གིས། བོད་ཀྱི་གསང་སྔགས་ཀྱི་ཆོས་དེ་ཡག་པོ་ཡོད། འོན་ཀྱང་དེ་དག་ནི་རྣམ་རྟོག་རྒྱ་བསྐྱེད་པ་ལས་ཕན་ཐོགས་དེ་ཙམ་མེད་ཅེས་གསུངས་ཡོད། དེ་ནི་མ་མཁྱེན་པར་གསུངས་པ་ལས། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་གནད་འགག་དེ་དག་མཁྱེན་ན་གནས་ཚུལ་ཐ་དད་ཡིན། སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་མེད་པར་ཞི་ཁྲོའི་ལྷ་སྐུ་མང་དུ་བསྒོམས་ནའང་ཕན་ཐོགས་མེད། ང་རང་ཚོ་མང་པོ་ཞིག་གིས་ཛམ་བྷ་ལ་དང་། རྣམ་སྲས་སོགས་ལ་ཧ་ཅང་དགའ་པོ་བྱེད་བཞིན་འདུག །རབ་གནས་བྱ་རྒྱུར་སྐུ་བརྙན་མང་པོ་ཞིག་འབྱོར་དང་འབྱོར་བཞིན་པའི་ཁྲོད་དུ་ནོར་ལྷའི་སྐུ་བརྙན་མང་པོ་ཞིག་ཡོང་གི་འདུག་པ་ནི་དངུལ་ལ་དགའ་པོ་བྱེད་བཞིན་རྟགས་ཡིན། ཛམ་བྷ་ལས་དངུལ་གནང་བ་དང་། དེ་ཡང་ཛམ་བྷ་ལ་རང་མཚན་པ་ཞིག་དང་། དངུལ་ཡང་རང་མཚན་པ་ཞིག་ལ་བསམས་ནས་ནོར་ལྷ་སྒྲུབ་པ་སོགས་བྱས་ན་ཕན་ཐོགས་གང་ཞིག་ཡོད་དམ། དེ་དག་གིས་བདེན་འཛིན་ལ་རོགས་ཕན་བྱེད་པ་ལས་ཕན་ཐོགས་མེད།
གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཞེས་བརྗོད་སྐབས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ལྟ་བུ་མེད་པའི་གསང་སྔགས་ཀྱི་ཆོས་ཤིག་གཏན་ནས་མེད་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨཱཀོ྅ཧཾ། ཞེས་པའི་སྔགས་དེ་དག་གི་ནང་དོན་ཤེས་པ་ལ་དབུ་མའི་གཞུང་ལ་སློབ་གཉེར་མ་བྱས་པར་གཟུངས་སྔགས་དེ་དག་ལན་གྲངས་ཁྲི་འབུམ་མང་པོ་བསགས་ཀྱང་སྟོང་ཉིད་རྟོགས་ཐབས་མེད།
སྔགས་བགྲངས་པ་ཙམ་གྱིས་སྟོང་ཉིད་རྟོགས་པར་ཕན་ཐོགས་ཡོད་ན། སྔར་ངོས་རང་ལྷ་སར་ཡོད་སྐབས། ནེ་ཙོ་ཞིག་དང་མཱེ་ན་ཞེས་པའི་བྱ་གཅིག་ཡོད་པ་ལས། མཱེ་ན་ཞེས་པའི་བྱ་ཆུང་ངུ་དེས་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཧ་ཅང་ཡག་པོ་བགྲང་གི་ཡོད། དེ་བཞིན་ང་རང་ཚོས་ནེ་ཙོར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བསླབས་ན་དེ་དག་གིས་ཀྱང་ཕལ་ཆེར་སྒྲ་དག་གསལ་གསུམ་བརྗོད་ཐུབ་ཀྱང་། དེས་སྟོང་ཉིད་སྒོམ་པར་འཇོག་ཐུབ་ཐབས་མེད། ང་རང་ཚོ་མང་པོ་ཞིག་གིས་ཕལ་ཆེར་ནེ་ཙོས་མཎི་བགྲང་བ་ལྟ་བུ་ལས་དོན་དག་ཤེས་ཀྱི་མི་འདུག །ངོས་ནས་མཁས་པོ་སྙན་པོ་དང་། འདྲ་ཆགས་པོ་གང་ཡང་བརྗོད་ཤེས་ཀྱི་མེད་ལ། དུས་སྐབས་ཛ་དྲག་འདི་ལྟ་བུའི་སྐབས་སུ་མཁས་པོ་སྙན་པོ་བཤད་ནས་ཉིན་མ་འཁྱོལ་ཐབས་མེད། ཤ་ཚའི་ཁ་ལ་གཏམ་སྙན་མེད། ཅེས་པ་ལྟར་དངོས་ཡོད་གནས་སྟངས་དྲང་པོར་བརྗོད་དགོས་པ་དང་། དངོས་གནས་སྐྱོན་ལ་མཛུབ་མོ་བཙུགས་ནས་བརྗོད་དགོས་པ་ལས། མཁས་སྙན་འདྲ་ཆགས་བཤད་པས་ཕན་ཐོགས་གང་ཡང་མེད།
སྟོང་པ་ཉིད་ཅེས་པ་དེ་དབུ་མའི་གཞུང་ནས་གསུངས་པ་རྣམས་ལ་སྦྱངས་ནས་བསམ་བློ་ཡང་ཡང་བཏང་ན། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ ཞེས་སོགས་བརྗོད་སྐབས་རང་བཞིན་དག་པ་ཞེས་པའི་རང་བཞིན་དག་ལུགས་དེ་དག་ཤེས་པའི་ཐོག་ནས་བསམ་བློ་བཏང་ན་བྲོ་བ་དམིགས་བསལ་ཞིག་ཁ་རྒྱུ་ཡོད། དེ་ལྟར་བྱུང་ན་སྔགས་ཆོག་འདོན་སྐབས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་ཚིག་འདི་ཐོན་མ་ཐག་དབུ་མའི་གཞུང་ནས་གསུངས་པའི་གོ་དོན་རྣམས་བསྡོམས་བརྒྱབ་ནས། སརྦ་དྷརྨཱཿ ཞེས་པས་གང་ཟག་གི་བདག་མེད་དང་། སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་ཆོས་ཀྱི་བདག་མེད་བཅས་སྟོང་པའི་ངང་དུ་བློ་རྩེ་གཅིག་ཏུ་གནས་ཤིང་། ྅ཧཾ་ཞེས་པས་ང་རྒྱལ་འཇོག་པ་བཅས་ཀྱི་གོ་བ་དེ་དག་ཀྱང་ཚོར་བ་ཡོད་པ་ཞིག་སླེབས་ཐུབ་པ་ཡིན།
དེ་ལྟར་མེད་ན་སྔགས་ཀྱི་ཆོ་ག་ཇི་ལྟར་བྱས་ཏེ་འདོན་དགོས་སམ། ཐ་མལ་པའི་སྣང་ཞེན་ལས་སྐྱོབ་ཅེས་བརྗོད་ཀྱི་ཡོད་པས། ཐ་མལ་པའི་སྣང་ཞེན་ལས་སྐྱོབ་པ་ཞིག་ཡོང་བ་ལ། གཞི་རྩ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཞིག་དགོས་ཤིང་། སྟོང་ཉིད་རྟོགས་པའི་བློ་མེད་ན་གསང་སྔགས་ཀྱི་ཆོས་གང་ཡང་ཡོང་ཐབས་མེད། སྟོང་ཉིད་རྟོགས་པ་ཞིག་བྱུང་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་གནད་ཀུན་ལ་ངེས་པ་བདེ་བླག་རྙེད་ཐུབ་པ་ཞིག་ཡོང་བ་ཡིན།
དེར་བརྟེན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་འདི་དག་གི་མདོ་ཕྱོགས་ཀྱི་གཞུང་རྣམས་ཀྱིས་སེམས་ཀྱི་འགྲོ་སྟངས་དང་། སེམས་ལ་བཟོ་བཅོས་རྒྱག་སྟངས་ཀྱི་གནད་འགག་དེ་དག་ཤེས་སྐབས་དངོས་གནས་སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་ལ་རྒྱུ་མཚན་དམིགས་བསལ་དགོས་ཀྱི་ཨེ་ཡོད། དེ་ཡང་གཙོ་བོ་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པའི་ལམ་གྱི་འགྲོ་སྟངས་དེ་དག་ལ་བསམ་བློ་བཏང་། བརྟགས་ཤིང་དཔྱད་ནས་དེ་ལ་དད་པ་སྐྱེས་ན་རྒྱུད་སྡེ་འོག་མ་དེ་དག་ལ་དད་པ་རང་བཞིན་གྱིས་སྐྱེ་ངེས་མ་ཟད། རྒྱུད་སྡེ་འོག་མ་དེ་དག་སྔགས་བླ་མེད་ཀྱི་ལམ་ཉམས་སུ་ལེན་པའི་སྔོན་འགྲོར་སྦྱང་རྒྱུ་ཞིག་ཡིན་པ་ལས། གཙོ་བོ་ལུས་ལྷ་སྐུར་བསྐྱེད་ནས་ཕན་ཐོགས་ཡོད་པའི་སྒྲུབ་བྱེད་མཐར་ཐུག་དེ་སྔགས་བླ་མེད་ཀྱི་སྐབས་ནས་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་སྟེ། མདོར་ན། གཟུགས་སྐུ་འགྲུབ་བྱེད་ཉེར་ལེན་གྱི་རྒྱུ་ཐུན་མོང་མ་ཡིན་པ་སྔགས་བླ་མེད་ཀྱི་ལུགས་ལ་གསུངས་པའི་ཐབས་ཤེས་དབྱེར་མི་ཕྱེད་པ་ངོ་མ་ཞིག་དང་། མོས་ངོ་ཙམ་དང་བློ་ཡིས་བཅོས་པ་ཙམ་མིན་པར་དངོས་གནས་ཐབས་ཤེས་དབྱེར་མི་ཕྱེད་པ་དེ་ལྟ་བུའི་ལུས་ཤིག་འགྲུབ་རྒྱུ་ཡོད་སྟབས། ལུས་ལྷ་སྐུར་བསྐྱེད་པར་དགོས་པ་དང་རྒྱུ་མཚན་ཡོད།
གསང་བ་འདུས་པ་གཞིར་བཞག་བྱས་ན། ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་བ་དེ་ལྟའི་ལུས་རྟེན་ཞིག་འགྲུབ་རྒྱུ་མེད་ན། ད་ལྟ་ལྷ་སྐུ་སྒོམ་པ་ལ་དགོས་པ་གང་ཡང་མེད་ལ། སྟོང་སྦྱངས་བྱས་ནས་ལྷ་སྐུ་སྒོམ་པ་ལའང་དམིགས་བསལ་གྱི་དགོས་པ་དང་རྒྱུ་མཚན་འཇོག་རྒྱུ་ཤིན་ཏུ་དཀའ། མ་གཞི་ཡོངས་གྲགས་ལྟར་དུ་བརྗོད་རྒྱུ་ཡོད་ཀྱང་། ངོས་ནས་བརྗོད་དོན་གཙོ་བོ་ནི། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་གིས་མཛད་པའི་མདོ་སྔགས་ཀྱི་གཞུང་ལ་གོ་བ་ཏོག་ཙམ་སླེབས་ན་གཞི་ནས་རྡོ་རྗེ་ཐེག་པའི་ལམ་ལའང་དངོས་གནས་གནད་འགག་ཅིག་ཡོད་སྙམ་པ་ཡོང་ངེས་ཡིན། དེ་མིན་ཁག་པོ་རེད། དད་པ་གཅིག་པུས་འགྲིགས་ན། སྐྱབས་སུ་མཆིའོ་སྙམ་པ་བྱུང་ན་འགྲིག་ངེས་ཡིན། དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། བསམ་བློ་ཅུང་ཟད་བཏང་ན་རྒྱན་དྲུག་མཆོག་གཉིས་ཀྱིས་མཛད་པའི་མདོ་ཕྱོགས་ཀྱི་གཞུང་དེ་དག་སྔགས་ཀྱི་གཞུང་ལུགས་ལ་མོས་པ་བསྐྱེད་པར་སྒྲུབ་བྱེད་མཐར་གཏུག་སྐབས་མདོ་ཕྱོགས་ཀྱི་གཞུང་དེ་དག་ཡིན་པར་བརྟེན་དེ་དག་ཧ་ཅང་གལ་གནད་ཆེན་པོ་རེད་སྙམ།
བོད་རྒྱ་ཁྱབ་ལ་སྔགས་ཆོག་འདོན་མཁན་ཤིན་ཏུ་མང་ན་ཡང་། སྟོང་ཉིད་ཀྱི་ལྟ་བའི་ཐོག་ལ་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་ཞིང་། ལྷག་པར་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ཞེས་བརྗོད་སྐབས་སྟོང་ཉིད་ཀྱི་ལྟ་བ་དང་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་ལས། སྟོང་ཉིད་ཀྱི་ལྟ་བ་དང་མ་འབྲེལ་བར་འགྲོ་ཐབས་ཤིན་ཏུ་དཀའ། ཕྱག་རྒྱ་ཆེན་པོའི་རྩེ་གཅིག་སྤྲོས་བྲལ་ཞེས་གསུངས་པའི་སྤྲོས་བྲལ་དེ་མི་རྟོག་པ་ཙམ་གྱི་སྤྲོས་བྲལ་མིན་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ལས49།
གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །
ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །
ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བ་ཤེས་པར་བྱས་ཏེ། དེ་ལྟ་བུའི་སྤྲོས་བྲལ་གྱི་སྟེང་དུ་བློ་ངེས་པ་ཐོབ་པའི་ཐོག་ནས་འཇོག་དགོས་པ་ལས། དེ་མིན་ཡོང་ཐབས་མེད།
དེ་བཞིན་རྫོགས་པ་ཆེན་པོ་སྒོམ་པའི་སྐབས་སུ་ཡང་། ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ། གདངས་འགག་མེད་ཀྱི་ཐུགས་རྗེ་ཞེས་པའི་སྐབས་ཀྱི་ཀ་དག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གོ་བ་གཉིས་ལས། ཐུན་མོང་བའི་གོ་བ་ནི་རང་བཞིན་རྣམ་དག་སྟོང་ཉིད་ཀྱི་ཐོག་ཏུ་བསམ་བློ་གཏོང་དགོས་པ་ལས། གོ་རྒྱུར་ཁྱད་པར་མེད། དེས་ན་རྫོགས་ཆེན་པ་དང་། ཕྱག་ཆེན་པ། ས་སྐྱའི་ལམ་འབྲས་པ་གང་ཞིག་ཡིན་ནའང་། གསལ་བ་སེམས་ཀྱི་མཚན་ཉིད་དང་། སྟོང་པ་སེམས་ཀྱི་རང་བཞིན་ཞེས་གསུང་སྐབས་སྟོང་ཉིད་ཀྱི་ལྟ་བར་གོ་བ་ཆགས་པ་ཞིག་མ་བྱུང་ན། འགྲེལ་བརྗོད་བྱེད་ཐབས་གཏན་ནས་མེད།
མདོར་ན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མས་དབུ་མའི་ལྟ་བར་ཡིད་གཟབ་ཀྱི་སྦྱོང་དགོས་པ་ལས། དེ་དག་གི་རྣམ་གཞག་གང་ཡང་མི་ཤེས་པར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་བསམ་བློ་གཏོང་རྒྱུ་གང་ཡང་མེད་པར་སྔགས་ཆོག་འདོན་ན་ཞབས་འདྲེན་དང་། ངོ་ཚ་བའི་གནས་ཡིན། དུས་ད་ལྟ་བར་དུ་ལོ་ངོ་བརྒྱ་ཕྲག་མང་པོ་འདི་ལྟར་དུ་བསྐྱལ་ཡོད། ད་ཆ་ང་ཚོ་གཉིད་བསད་ནས་རིག་པ་བསྒྲིམས་ཏེ་བསམ་བློ་གཏོང་དགོས་པ་ལས། ང་ཚོ་སྔར་ནས་ད་བར་འདི་ལྟར་དུ་ཁུངས་བསྐྱལ་བ་ཡིན། ད་དུང་ཡང་ཁུངས་འདི་ལྟར་དུ་སྐྱེལ་གྱི་ཡིན་ཞེས་བརྗོད་ན། དུས་རབས་ཉེར་གཅིག་པའི་ནང་དུ་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་སྐམ་རྒྱུ་ལས་གནས་ཐུབ་ཐབས་མེད། ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན། དུས་རབས་ཉེར་གཅིག་པ་ཙམ་མིན་པར་དུས་རབས་ཉེར་གཉིས་དང་ཉེར་གསུམ་པའི་ནང་དུའང་གནས་ཐུབ་ངེས་ཡིན།
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ཞེས་པའི་རྡོ་རྗེ་ཐེག་པ་ནི། མགོན་པོ་ཀླུ་སྒྲུབ་ལ་སོགས་པས་རྡོ་རྗེ་ཐེག་པའི་གཞུང་ལུགས་མཛད་ཡོད་ལ། རྡོ་རྗེ་ཐེག་པའི་གདམས་ངག་མང་པོ་ཞིག་ཡོངས་གྲགས་གྲུབ་ཆེན་བརྒྱད་ཅུའི་ནང་ནས་ཡོང་གི་ཡོད། དཔེར་ན། གྲུབ་ཆེན་ས་ར་ཧ་སོགས་ཀྱིས་མཛད་པའི་དོ་ཧ་སྒྲུབ་པ་སྡེ་བདུན་སོགས་ནི་རྩ་བ་ཆགས་ཀྱི་ཡོད་ལ། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་རྩ་རྒྱུད་དང་། བཤད་རྒྱུད་སོགས་རྒྱུད་སྡེ་མང་པོ་ཞིག་བཀའ་སྩལ་ཡོད་ཀྱང་། དེ་དག་ནི་ཡོངས་གྲགས་སུ་གསུངས་པ་ཞིག་མིན། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྣམས་ཡོངས་གྲགས་སུ་གསུངས་པ་ཞིག་མིན་སྟབས། རྡོ་རྗེ་ཐེག་པའི་ཆོས་རྣམས་ནི་དེ་བས་ཀྱང་ཡོངས་གྲགས་སུ་ག་ལ་གསུངས། དེ་ནི་གདུལ་བྱ་ལས་དག་ཆེས་ཉུང་ཤས་ཀྱི་སྣང་ངོར་སྐབས་རེ་བཅོམ་ལྡན་འདས་དགེ་སློང་གི་རྣམ་ཅན་གྱི་ཐོག་ནས་གསུངས་པ་དང་། ཡང་སྐབས་རེ་ཆགས་བྲལ་གྱི་རྣམ་པ་དོར་ནས་གསུངས་པ་སོགས་ནི། འཕགས་པ་ལྷའི་སྤྱོད་བསྡུས་ལས། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་མོས་པ་ལ་ལྷག་པར་མོས་པ་འདོད་ཆགས་ཀྱི་སྤྱོད་པ་བཅས་སྤྱོད་པ་གསུམ་གྱི་སྐོར་གསུངས་ཡོད།
དེས་ན་བཅོམ་ལྡན་འདས་ཀྱིས་གསང་སྔགས་ལས་བྱ་རྒྱུད་ཀྱི་རྒྱུད་སྡེ་འགའ་ཞིག་དགེ་སློང་གི་རྣམ་ཅན་དེ་གའི་ཐོག་ནས་གསུངས་པ་ཡོད་ལ། དེ་མིན་གསང་སྔགས་ཀྱི་ཆོས་ཕལ་མོ་ཆེ་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་ཤར་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲུལ་པའམ་གདུལ་བྱ་ལས་དག་ཅིག་གི་ངོར་དེ་བཞིན་གཤེགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་རང་གི་ངང་གིས་ཤར་བ་ཞིག་ཡོང་བ་ཡིན། གང་ཡིན་ཞེ་ན། གཟུགས་སྐུ་ཞེས་པ་གཞན་དོན་ཡིན་ཏེ། གཞན་དོན་གཟུགས་སྐུ་ཞེས་བརྗོད་པས་སོ། །
དེས་ན་གདུལ་བྱ་གང་དུ་ཡོད་ས་དེར་དེའི་མོས་ངོ་དང་འཚམ་པའི་གཟུགས་སྐུ་འབད་མེད་ལྷུན་གྲུབ་ཏུ་ཤར་ཡོང་གི་ཡོད་པ་ལས། གདུལ་བྱ་ཡོད་མིན་ལ་མ་བལྟོས་པར་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་གཡས་གཡོན་དུ་སེར་རྡོག་རྡོག་ཡོད་པ་ལྟ་བུ་ཞིག་ག་ལ་ཡིན། དེ་ནི་གདུལ་བྱ་གང་དང་གང་དུ་ཡོད་པའི་གནས་དེར་རང་ཉིད་རྒྱུད་སྨིན་པའི་སྐབས་སུ་རང་གི་ངང་གིས་ཤར་བ་ཞིག་ཡིན། དེས་ན། གདུལ་བྱ་དེ་དང་དེ་རྒྱུད་སྨིན་ནས་སྐལ་ལྡན་དུ་གྱུར་པའི་སྐབས་སུ་རང་གི་ངང་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ཐོག་ནས་རྒྱུད་སྡེ་གསུངས་པ་དང་། དེས་ཆེད་དུ་བྱ་བའི་གདུལ་བྱ་དེ་ཉིད་རྣལ་འབྱོར་དེ་ལ་བརྟེན་ནས་ས་ལམ་གྱི་རྟོགས་པ་མྱུར་དུ་གྲོལ་བ་ཞིག་ཡིན།
དེ་ནས་རིམ་བཞིན་ཐོག་མའི་སློབ་དཔོན་དེ་ཉིད་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་དངོས་སུ་ཤར་ནས་དེ་ལས་ཐོབ་པའི་གདམས་པ་དེ་རང་ཉིད་ཀྱིས་ཉམས་བཞེས་གནང་བར་མ་ཟད། ཁོང་གིས་རང་ཉིད་ཀྱི་སློབ་མ་ཆེས་རེ་ཟུང་ལ་གནང་བའི་ཐོག་ནས་གསང་སྔགས་ཀྱི་ཆོས་འཁོར་གྱི་འགྲོ་ལུགས་འདི་ལྟར་དུ་འགྲོ་བཞིན་ཡོད། དེས་ན་དག་པའི་སྣང་བར་ཤར་བ་ཞིག་ཡིན་སྟབས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུའང་ཡོང་ཆོག་པ་ཞིག་ཡིན། བཅོམ་ལྡན་འདས་ཀྱི་མཆོག་གི་སྤྲུལ་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་སོགས་ནི་སྐུ་བཞིའི་རྣམ་གཞག་གི་ཐོག་ནས་ཡོང་གི་ཡོད། དེས་ན་མཆོག་གི་སྤྲུལ་སྐུའི་སྤྲུལ་གཞི་ལོངས་སྤྱོད་རྫོགས་པའི་སྐུས་གང་འདུལ་གྱི་གཟུགས་སྐུའི་རོལ་པ་སྣ་ཚོགས་ཤར་བ་ཞིག་ཡོང་བ་ཡིན། དེས་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་པའི་རྗེས་སུའང་ཞལ་གཟིགས་ཡོང་ཆོག་པ་ཞིག་ཡིན།
དེའི་སྐོར་ངོས་ལ་ལོ་རྒྱུས་ཤིག་བརྗོད་རྒྱུ་ཡོད། ངོས་ཀྱི་ངོ་ཤེས་ཕྱི་རྒྱལ་བའི་ཨ་ནི་ཞིག་ཡོད་པ་ཁོང་གིས་པཱ་ལིའི་གཞུང་དང་། ལེགས་སྦྱར་གྱི་གཞུང་རྣམས་ཕན་ཚུན་བསྡུར་ནས་ཉམས་ཞིབ་བྱེད་བཞིན་པ་དང་། ཉམས་ཞིབ་ཀྱི་གྲུབ་དོན་དེབ་ཅིག་ཀྱང་རིང་མིན་ཐོན་ངེས་ཡིན། ཁོང་གིས་བརྗོད་པ་ལྟར་ན། ཐའེ་ལན་ཌིའི་དགེ་སློང་རྟོགས་པ་མཐོན་པོར་ཕེབས་པ་ཞིག་ལ། ཉིན་ཞིག་དག་པའི་སྣང་བར་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དགྲ་བཅོམ་པས་བསྐོར་ནས་ཡོད་པ་ཞིག་སྣང་བར་དངོས་སུ་ཤར་བ་ཞིག་བྱུང་འདུག །དེ་ཡང་ཁོང་རང་ཉིད་ཀྱི་གྲུབ་མཐའི་བཞེད་སྲོལ་ནང་ལྷག་མེད་མྱང་འདས་མངོན་དུ་མཛད་རྗེས་རིག་པ་རྒྱུན་ཆད་འདོད་བཞིན་ཡོད་ཀྱང་། དགེ་སློང་རང་ཉིད་ལ་དེ་ལྟ་བུའི་ཉམས་མྱོང་དངོས་སུ་བྱུང་བར་བརྟེན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཞིག་ད་ལྟའང་དངོས་སུ་མཇལ་རྒྱུ་འདུག་ཅེས་བརྗོད་པ་ཞིག་བྱུང་འདུག །
ཡང་དགེ་སློང་དེ་ཉིད་ཀྱི་སློབ་མ་ཞིག་རྒྱ་ནག་ཏུ་ཡོད་པའི་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཏུ་ཆོས་མཇལ་དུ་ཕེབས་ཏེ་སྨོན་ལམ་བསྐྱོན་པའི་སྐབས་སུ་བསྒྲོན་པའི་སྐུ་པར་ཞིག་འདུག་ལ། སྐུ་པར་དེའི་ནང་སྐུའི་སྣང་བརྙན་དེ་ཙམ་གསལ་པོ་མི་འདུག་ཀྱང་། སྐུ་ལས་འོད་ཟེར་དཀར་པོ་ཞིག་བྱུང་སྟེ་སྨོན་ལམ་རྒྱག་བཞིན་བཞུགས་པའི་དགེ་སློང་གི་དབུའི་ཐོག་ཏུ་ཕོག་པ་ཞིག་ངོས་ནས་མཐོང་བྱུང་། དེ་དག་ནི་ལམ་སང་ཡིད་མ་ཆེས་པ་ལྟ་བུ་ཞིག་ཡིན། འོན་ཀྱང་འགྲེལ་བཤད་མང་པོ་ཞིག་བརྒྱབ་ན་དེ་ལྟར་ཡོང་སྲིད་པ་ཞིག་ཀྱང་ཡིན།
དེར་བརྟེན་གཞི་རྐང་ཞུ་རྒྱུ་ནི། རྒྱུད་སྡེ་རང་ལོགས་སུ་ཡོད་པ་རྣམས་ཀྱི་རྩ་བ་ལྟ་བུ་ཆགས་ཡོད་ལ། དེའི་ཐོག་ཏུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུར་ཆ་མཚོན་ན། གསང་འདུས་མི་བསྐྱོད་ལུགས་ཡོང་སའི་གཞི་རྩ་ལྟ་བུ་ཆགས་ཡོད། དེ་མིན་གྲུབ་ཆེན་མང་པོ་ཞིག་ནི་བླ་མ་གོང་མ་རྣམས་ཀྱི་རྗེས་སུ་འབྲངས་ནས་གྲུབ་ཆེན་དེ་དག་གི་གསུང་མང་པོའི་ནང་བསྐྱེད་རྫོགས་སོགས་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་རྣམ་གཞག་ཧ་ཅང་མང་པོ་ཞིག་ཐོན་བཞིན་ཡོད་ལ། ལྷག་པར་བླ་མེད་ཀྱི་སྐོར་མང་པོ་ཞིག་ཀྱང་ཐོན་བཞིན་ཡོད། བླ་མེད་ཀྱི་ཉམས་ལེན་རྣམས་ཀྱང་རྟོགས་པ་མཐོན་པོའི་མཚམས་སུ་སླེབས་ནས་བྱ་རྒྱུ་ནི་དོ་ཧ་སོགས་ཡིན། དོ་ཧ་ཞེས་པ་ནི་གླུའམ་མགུར་གྱི་དོན་ཡིན། དཔེར་ན། སྒྲུབ་པ་སྡེ་བདུན་ལ་ཆ་མཚོན་ན། གསང་སྔགས་ལམ་གྱི་བློ་ཕྲ་རགས་ཀྱི་རྣམ་གཞག་ཕྱེ་བ་སྟེ། ཡིད་བློ་ལ་ཕྲ་རགས་ཀྱི་རྣམ་དབྱེ་ཕྱེ་ནས་ཡིད་བློ་ཕྲ་མོའི་སྟེང་ནས་ཉམས་ལེན་བྱ་རྒྱུ་ཞིག་གསུང་གི་ཡོད།
གསང་སྔགས་གསར་མའི་སྐབས་སུ་ཡིན་ནའང་། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་དང་། དེ་བཞིན་ས་སྐྱའི་རྒྱུད་གསུམ་གྱི་གསལ་སྟོང་ཟུང་འཇུག་གི་གོ་བ་མཐར་ཐུག་ནི་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། ཕྱག་རྒྱ་ཆེན་པོའི་གོ་བ་མཐར་ཐུག་དེ་ཡང་འོད་གསལ་གྱི་སྟེང་ནས་གསུང་གི་ཡོད། རྙིང་མའི་རྫོགས་ཆེན་པའི་མཁྲེགས་ཆོད་ཀྱི་མཐཪ་ཐུག་ཀྱང་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། རི་བོ་དགེ་ལྡན་པར་མཚོན་ནའང་། དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་དཔེ་དོན་གྱི་འོད་གསལ་དེ་དག་ཀྱང་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་ཐོག་ནས་གསུང་གི་ཡོད། དེ་ལྟར་བས་ན། དེ་ལྟ་བུའི་རྟོགས་པ་མྱུར་དུ་སྐྱེ་བ་དང་། རྟོགས་པའི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་གསུངས་པ་ཞིག་ཆགས་ཡོད། དེར་བརྟེན་དེ་དག་གི་ནང་དུ་ལྟ་བའི་རྣམ་གཞག་རྒྱས་པོ་གང་ཡང་མེད། གཙོ་བོ་ཡུལ་ཅན་ལྷན་ཅིག་སྐྱེས་པའི་བློ་སྐྱེ་ཐབས་གཙོ་འདོན་གནང་ཡོད། དེ་ལྟ་བུའི་རྣལ་འབྱོར་པ་དེ་དབུ་སེམས་གང་རུང་གི་སྟོང་ཉིད་ཀྱི་ལྟ་བ་ཡོད་པ་གཞིར་བཞག་གིས་གསུངས་པ་ཞིག་དང་། ཆེད་དུ་བྱ་བའི་གདུལ་བྱ་དེ་སྟོང་ཉིད་ཀྱི་ལྟ་བ་ཡོད་པ་ཞིག་ཆགས་ཡོད། དེས་ན།
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ཞེས་པ་དེ་ཡིན། དེ་མིན་སྔར་ཇོ་བོ་རྗེ་བོད་དུ་ཕེབས་སྐབས། འདུལ་བ་འཛིན་པ་ཉམས་ལེན་བྱེད་མཁན་ཞིག་གིས་གསང་སྔགས་ཞེས་པ་དེར་སྙིང་པོ་མེད་ཅེས་བརྗོད་པ་དང་། གསང་སྔགས་ཉམས་ལེན་བྱེད་མཁན་དག་གིས་འདུལ་བར་སྙིང་པོར་མེད་ཅེས་བརྗོད་པ་སྟེ། གསང་སྔགས་ལ་ཁས་འཆེ་སྟེ་འདུལ་བ་ལ་ཅ་འབྱིད། འདུལ་བའི་ཉམས་ལེན་ལ་ཁས་འཆེ་ནས་གསང་སྔགས་ལ་ཅ་འབྱིད་ཅེས། མདོར་ན། མདོ་སྔགས་གཉིས་འབྲེལ་མེད་དོན་གཞན་ལྟ་བུར་མཐོང་མཁན་གྱི་རིགས་བྱུང་ཡོད། དེར་བརྟེན་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣམས་ལ་སྦྱངས་ནས་ནང་པ་སངས་རྒྱས་པའི་ཆོས་སྤྱིའི་སྒྲོམ་གཞི་ལྟ་བུ་ལེགས་པར་བློ་ངོར་ཤར་ན། དེ་དག་གི་གནད་རྣམས་གུང་བསྒྲིགས་སྐབས། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ནས་གསང་གསུམ་རོ་གཅིག་པ་ཞེས་གསུངས་པ་ལྟར། གཞིའི་སྐུ་གསུམ་གྱི་རྣམ་གཞག་གསུངས་པའི་ཐོག་ཏུ་བསམ་བློ་ཞིག་བཏང་ན་དེར་བྲོ་བ་རྙེད་རྒྱུ་ཡོད་པ་ཞིག་དང་། འདི་ནི་དངོས་གནས་རེད་འདུག་སྙམ་པ་ལྟ་བུ་ཤེས་ནས་དད་པ་རྙེད་པ་ཞིག་ཏན་ཏན་ཡོང་རྒྱུ་ཡོད།
གཞན་ཡང་། པཱ་ལིའི་མདོའི་ནང་དུ་རྣམ་འདྲེན་ཤཱཀྱ་སེངྒེ་འདི་ཉིད་ཀྱི་སྐུ་ཚེ་སྟོད་ལ་སེམས་ཅན་སོ་སོའི་སྐྱེ་བོ་ཞིག་དང་། དེ་ནས་སྟན་ཐོག་གཅིག་ལ་སྦྱོར་ལམ་ནས་བཟུང་སྟེ་ས་ལམ་རིམ་བགྲོད་ཀྱིས་མངོན་པར་རྫོགས་པའི་སངས་རྒྱས་པའི་ལོ་རྒྱུས་གསུངས་པ་དེ་ཙམ་ཞིག་གི་རྣམ་གཞག་ཡིན་ན། རྡོ་རྗེ་ཐེག་པའི་རྣམ་གཞག་ཡོང་ཐུབ་ཐབས་གཏན་ནས་མེད། མཆོག་གི་སྤྲུལ་སྐུའི་སངས་རྒྱས་བཅོམ་ལྡན་འདས་དེ་སྐུ་བཞིའི་བདག་ཉིད་ཡིན་པའི་བསམ་བློ་ཞིག་འཁོར་ན་སངས་རྒྱས་ཀྱི་མཛད་པ་ལ་འགལ་འདུ་མི་ཡོང་བ་ཡིན། དེ་མིན་རྒྱུ་འབྲས་ལ་འགལ་འདུ་སླེབས་ཀྱི་ཡོད། དེ་ཡང་བསྐལ་ཆེན་གྲངས་མེད་གསུམ་མམ་བསྐལ་པ་བརྒྱ་ཡི་བར་དུ་མཚན་རྣམ་པར་སྨིན་བྱེད་ཀྱི་ཚོགས་བསགས་ནས་སྲིད་པ་མཐའ་མ་པ་དེས་རིམ་བཞིན་མངོན་པར་རྫོགས་པའི་སངས་རྒྱས་ནས་ལོ་ངོ་བཞི་བཅུ་ཞེ་གྲངས་ཙམ་གྱི་རིང་སངས་རྒྱས་ཀྱི་མཛད་པ་བསྐྱངས་པ་དེ་ཙམ་ལས་མེད་ན། རྒྱུ་འབྲས་མི་མཚུངས་པ་ཆགས་ཀྱི་ཡོད། རྒྱུ་ཧ་ལས་པའི་སྟོབས་ཆེན་ཞིག་བསགས་པ་གནང་ནས་འབྲས་བུ་དུས་ཡུན་ཐུང་ངུ་ཞིག་ལས་མེད་ན། རྒྱུ་འབྲས་ཀྱི་རྣམ་གཞག་ཐོག་ནས་མི་བདེ་བ་ཞིག་ཆགས་ཀྱི་ཡོད།
དེས་ན་ཐེག་པ་ཆེན་པོའི་གཞུང་ནས་གསུངས་པའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཞེས་གསུངས་པའི་གོ་བ་སླེབས་ན་བསམ་བློ་གཞི་རྒྱ་ཆེ་རུ་འགྲོ་བ་དང་། གོ་བ་ཡང་ཟབ་ཏུ་འགྲོ་བ། བསམ་བློ་གུ་ཡངས་སུ་འགྲོ་གི་ཡོད། དེ་ལྟའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཤིག་རྒྱུ་འབྲས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པར་བརྟེན། དེའི་ཐོག་བསམ་བློ་གཏོང་སྐབས་གསང་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པ་དེ་དག་ལ་གཞི་ནས་དད་པ་ཐོབ་པ་ཞིག་དང་། ངེས་པ་སྐྱེ་བ་ཞིག་ཡོང་གི་འདུག །
༥༽ རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ལུགས།
སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །
ཅེས་པ་ལྟར། རབ་ལ་དགེ་ཚུལ་སློང་གི་སྡོམ་ལྡན་སོགས་གསུམ་ལྡན་རིག་པ་འཛིན་པ་བྱུང་ན་ཧ་ཅང་སྤུས་དག་ཡོང་ངེས་ཡིན། དེའི་སྟེང་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་པའི་རྟེན་ལེགས་པར་ཐོབ་ནས། བཤད་པ་དང་སྒྲུབ་པས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་ཅིང་སྤེལ་བ་ལ། ཤིང་རྟ་ཆེན་པོ་རྣམས་དང་མཚུངས་པར་བསྟན་པ་ལ་བྱ་བ་བྱེད་ཐུབ་པར་ཤོག །ཅེས་སྨོན་ལམ་བཏབ་པ་ཡིན་ལ། ཚང་མས་དེ་བཞིན་སྨོན་ལམ་འདེབས་དགོས་པ་ཡིན། སྨོན་ལམ་བཏབ་པ་ལྟར་འགྲུབ་པ་ལ་རང་ཉིད་ཀྱིས་གོང་ཞུས་པཎ་གྲུབ་འདི་དག་གི་གཞུང་ལུགས་རྣམས་ལ་འཆད་ཉན་བྱས་ཏེ་ཤེས་པར་བྱེད་དགོས་པ་ཡིན། ལྷ་རབ་བྱུང་ན་རྩ་བ་བློ་ངོར་འཛིན་པ་དང་། འགྲེལ་པ་དེ་དག་གི་ཐོག་ནས་ཚིག་རེ་རེ་བཞིན་དུ་འགྲེལ་བཤད་ཉན། དེ་རྗེས་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱིས་གསུངས་པའི་གཏན་ཚིགས་རིགས་པའི་ཐོག་ནས་སྒྲོ་འདོགས་གཅོད་པ་འདི་དག་དགོས་གལ་ཤིན་ཏུ་ཆེན་པོ་ཡིན།
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །བྱ་བས་དུས་འདའ།
ཞེས་པ་ནི། ལ་དྭགས་ཀྱི་དགོན་པ་རྣམས་ནི་མ་གཏོགས་པའོ་ཞེས་པ་ལྟ་བུ་མིན་པར། ལ་དྭགས་དང་། མོན་ཡུལ། འབྲས་ལྗོངས། གར་ཞ། ཁུ་ནུ། འབྲུག་གི་དགོན་སྡེ་སོགས་མདོར་ན་སངས་རྒྱས་པའི་ན་བཟའ་བསྣབས་ཤིང་། བཀའ་བསྟན་ནང་རྟེན་དུ་སྒྲིག་མཁན་གྱི་འདུས་སྡེ་ཡོངས་རྫོགས་ལ་གོ་དགོས་ཤིང་། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས50།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །
ཞེས་པའི་ཁོ་ནའི་སྒྲ་ནི་མི་ལྡན་རྣམ་གཅོད་མིན་པར་གཞན་ལྡན་རྣམ་གཅོད་ཡིན་ཅིང་། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་བཤད་པ་དང་སྒྲུབ་པ་ཁོ་ནས་འཛིན་པ་ལས། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པས་མི་ཕན་ལ། དགེ་འདུན་འདུས་ཚོགས་ཆེ་བ་ཙམ་གྱིས་ཀྱང་ཕན་ཐོགས་མེད། མདོར་ན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་དགོས་པར་བརྟེན། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་སུ་མ་ཆད་པའི་འདུས་པའི་སྡེ་ཀུན་ཏུ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བ་ཞིག་ཡོང་བར་ཤོག་ཅེས་སྨོན་པའོ།།
ལོག་འཚོ་ཡོངས་སྤངས་པའི། །
ཞེས་པ་ནི། དགེ་འདུན་གྱི་འཚོ་བའི་མཐུན་རྐྱེན་ཡང་ལོག་འཚོའི་དབང་དུ་སྔར་ཡང་འགྲོ་ཉེན་བྱུང་ཡོད་ལ། དེང་སྐབས་དེ་བས་འགྲོ་ཉེན་ཤིན་ཏུ་ཆེ་ཞིང་། ང་རང་ཚོའི་སྔར་གྱི་འགྲོ་སྟངས་མང་པོ་ཞིག་ལ་ལོག་འཚོའི་གཡའ་ཅུང་ཟད་ཡོད་པ་སྟེ། སྦྱིན་བདག་དད་པ་ཅན་གྱིས་བསྙེན་བཀུར་དང་། སྐུ་འགྱེད། མང་ཇ་སོགས་འབུལ་བ་རྣམས་བཞེས་ཏེ་ཞབས་བརྟན་བསྒྲུབས་པ་ལས། རང་གིས་ཆོས་རྣམ་དག་གི་ཉམས་ལེན་དེ་ཙམ་མེད་ཁར། བསམ་བློ་གཏོང་རྒྱུ་གང་ཡང་མེད་པར་བསྡད་པ་ལྟ་བུ་བྱས་ན་ལོག་འཚོར་འགྲོ་ཉེན་ཡོད།
ཕྱིའི་རྣམ་པར་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་དགེ་འདུན་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་འཆང་ཞིང་། ནང་གི་སེམས་པ་ཁྱིམ་པའི་བསམ་བློ་རང་སོར་གནས་ནས་བསྡད་ན་ཞབས་འདྲེན་ཡིན་ལ། དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་ཀྱི་ཡོད། དེས་ན་ང་རང་ཚོ་ཆོས་པ་རྣམས་ཀྱིས་ལྷག་པར་དུ་གཞན་གྱི་བསྙེན་བཀུར་ཞབས་ཏོག་བསྒྲུབས་པ་དང་། སྐུ་འགྱེད་ཕུལ་བར་རང་ཉིད་ཀྱིས་བསམ་པ་རྣམ་དག་གི་ཐོག་ནས་སྨོན་ལམ་བརྒྱབ། སྨོན་ལམ་མཐུ་དང་ལྡན་པ་ཞིག་ཡོང་བ་ལ་རྒྱུན་དུ་ཉམས་ལེན་ཡག་པོ་ཞིག་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེ།
ལྷག་པར་སྒེར་པ་སོ་སོས་སྦྱིན་བདག་བཙལ་བ་དང་། སྐབས་རེར་གྲྭ་པ་གཅིག་གིས་སྦྱིན་བདག་ཁ་ཤས་བཙལ་ཏེ་སློབ་གཉེར་ལ་དོ་བཙོན་མེད་པར་བསྡད་ན་ལོག་འཚོ་ཡིན་པས་ཡག་པོ་གཏན་ནས་མེད། ལོག་འཚོས་དུས་འདའ་ན་ཧ་ཅང་ཐབས་སྐྱོ་པོ་དང༌། བཤུ་གཞོག་དངོས་ཡིན་པས། འདུས་སྡེ་ཀུན་ཏུ་ཐོས་བསམ་གྱི་ཐོག་ནས་བཤད་སྒྲུབ་གཉིས་ཀྱི་བྱ་བས་དུས་འདའ་བ་ཞིག་དང༌། འཚོ་བ་བསྟེན་སྟངས་དེ་ཡང་ལོག་འཚོས་མ་བསླད་པར་རྒྱལ་བའི་དགོངས་པ་དང་མཐུན་ཞིང་། འཕགས་པའི་རིགས་བཞི་ལ་གནས་པ་ལྟ་བུའི་སྟེང་ནས་འགྲོ་ཐུབ་པ་ཞིག་དགོས་པས་སྨོན་ལམ་འདེབས་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན།
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །
ཅ༽ མཇུག་གི་བསྔོ་སྨོན།
དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
ཅེས་པ་ནི། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ཞིག་དང༌། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་དགོས་དོན་ནམ་བསྒྲུབ་བྱ་དེ་ཡང་ནམ་མཁའི་མཐས་གཏུགས་པའི་མར་གྱུར་སེམས་ཅན་ཐམས་ཅད་སྐུ་བཞི་རྒྱལ་བའི་ས་ལ་འགོད་ཐུབ་པ་ཞིག་བྱ་རྒྱུ་ཡིན་པས་ན། ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ་འགྲོ་བའི་དོན་བྱེད་པར་ཤོག་ཅེས་བརྗོད་པ་ཡིན།
ཆ༽ མཛད་བྱང་གི་འགྲེལ་པ།
༡༽ སངས་རྒྱས་ཀྱི་ཆོས་ཚུལ་དང་། རྨད་བྱུང་གི་ལེགས་བཤད།
གཤམ་གྱི་ཡིག་ཆུང་འདིར་ངོས་ནས་ཁུངས་དང་རྒྱུ་མཚན་ཞིག་བཀོད་ཡོད་པ་ནི། ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ། ཞེས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ནི། སོ་སོར་ཐར་པའི་མདོའི་མཆོད་བརྗོད་ལས།
ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །
གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད། །
སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །
མྱ་ངན་འདའ་དོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་འོད་ཟེར་གྱིས་གདུལ་བྱའི་རྒྱུད་ཀྱི་བློ་གྲོས་ཀྱི་པདྨོ་ཁ་འབྱེད་པར་གསུངས་པས་ན། བཅོམ་ལྡན་འདས་ཀྱི་ཆོས་ལ་ཞེན་ཁོག་བྱས་ཏེ་ང་ནང་པ་ཡིན། བཅོམ་ལྡན་འདས་རྩ་ཆེན་རེད་ཅེས་བརྗོད་པ་ལྟ་བུ་མིན་པར། བཅོམ་ལྡན་འདས་ཀྱི་གསུང་ལ་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས། དེ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། མདོ་ལས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་བཅོམ་ལྡན་རང་ཉིད་ཀྱིས་གསུངས་པའི་ཆོས་འཁོར་རྣམས་བཅོམ་ལྡན་འདས་ལ་ཡིད་ཆེས་དང་། དད་པ་བྱས་ཏེ་དེ་དེ་བཞིན་ནོ་ཞེས་བརྗོད་མི་དགོས་པར། བཅོམ་ལྡན་འདས་རང་ཉིད་ཀྱིས་བསྟན་པའི་ཆོས་ཚུལ་དེ་དག་ལ་རིག་པ་བཞི་སྟེ། ཆོས་ཉིད་ཀྱི་རིག་པ་དང་། བྱ་བ་བྱེད་པའི་རིག་པ། ལྟོས་པའི་རིག་པ། འཐད་སྒྲུབ་ཀྱི་རིག་པ་བཅས་ཀྱི་ཐོག་ནས་བརྟག་དཔྱད་བྱེད་དགོས་པར་གསུངས་ཡོད།
བཅོམ་ལྡན་རང་ཉིད་ཀྱི་བཀའ་ལ་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་བ་དང་མི་རུང་བ་གཉིས་ཡོད་པར་བརྟེན། གདུལ་བྱའི་ཁམས་དང་མོས་པའི་ཁྱད་པར་ལ་བརྟེན་ནས་མི་འདྲ་བ་གསུངས་ཡོད་སྟབས། མདོ་འདི་དང་འདི་ཞེས་བྱ་བ་ངེས་དོན་གྱི་མདོ་ཡིན་པས་སྒྲ་ཇི་བཞིན་དུ་ཁས་ལེན་ཆོག་པ་དང་། མདོ་འདི་དང་འདི་ཞེས་བྱ་བ་དྲང་དོན་ཡིན་པས་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་ཞེས་གཅིག་ནས་གཉིས་སུ་བྱས་ཏེ་གསུངས་མེད་ལ། གསུང་ཐུབ་ཐབས་ཀྱང་མེད། དེས་ན་བཅོམ་ལྡན་རང་ཉིད་ཀྱི་བཀའ་ལ་རིགས་པའི་སྒོ་ནས་དཔྱད་པ་བྱེད་དགོས་ཞེས་གསུངས་ཡོད། དེ་ལྟར་སྟོན་པའི་བཀའ་ལ་དཔྱད་པ་བྱེད་སྐབས་རིགས་པའི་གནོད་པ་མེད་ཅིང་། རྒྱབ་རྟེན་ཡོད་པ་ཞིག་ཡིན་ན་ཁས་ལེན་དགོས་ལ། བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་གང་ལ་རིགས་པས་དཔྱད་པ་བྱེད་སྐབས་རིགས་པའི་གནོད་པ་ཡོད་ན་བཀའ་དེ་སྒྲ་ཇི་བཞིན་པར་ཁས་ལེན་དགོས་དོན་མེད་ཅེས་སྟོན་པ་ཉིད་ཀྱིས་གསུངས་ཡོད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་ནས་བཟུང་སྟེ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་ལ་དཔྱད་པ་གནང་ཡོད། དཔེར་ན། བཅོམ་ལྡན་འདས་རང་ཉིད་ཀྱི་བཀའ་ལ་རིག་པ་བཞིའི་སྒོ་ནས་ལེགས་པར་དཔྱད་པའི་ཚེ་བཀའ་འདི་དང་འདི་ཞེས་བྱ་བ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་ཞེས་དེ་ལ་རིགས་པའི་གནོད་པ་བསྟན་ནས་ནམ་རྒྱུན་གྱི་འགྲོ་ལུགས་ལྟར་དྲང་དོན་དུ་བཀྲལ་གནང་ཡོད།
ཡང་བཅོམ་ལྡན་འདས་ཀྱི་བཀའ་འདི་དང་འདི་ཞེས་བྱ་བ་རིགས་པས་ཇི་ཙམ་དཔྱད་པ་དེའི་ཚོད་ཀྱིས་ངེས་པ་སྟེར་ཐུབ་པ་ཞིག་དང་། རིགས་པས་དཔྱད་དེ་དཔྱད་དོན་རྒྱུད་ལ་སྦྱར་ནས་དངོས་སུ་བློ་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་དང་། མདོར་ན་རིགས་པས་དཔྱད་ཅིང་། དངོས་སུ་ཚོད་ལྟ་བྱས་པའི་ཐོག་ནས་ངེས་པ་ཐོབ་པ་ཞིག་ཡོད་ན་བཅོམ་ལྡན་འདས་ཀྱི་བཀའ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་རུང་ཞེས་བརྟག་དཔྱད་གནང་གི་ཡོད། དེ་ལྟར་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་མཁན་གྱི་རྨད་དུ་བྱུང་བའི་ལེགས་བཤད་མཛད་པ་པོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱི་ཐོག་ནས་གསོལ་འདེབས་འདི་ཉིད་བྲིས་པ་ཡིན།
ལྷག་པར་འཛམ་གླིང་འདིའི་ཐོག་ཏུ་སྟོན་པ་མང་དུ་བྱོན་ཡོད་ལ། དེ་དག་གིས་ཀྱང་དངོས་གནས་སྐྱེ་འགྲོ་ས་ཡ་དང་། བྱེ་བ། དུང་ཕྱུར་མང་པོར་འདས་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ་ཕན་པ་བསྒྲུབས་ཡོད་ལ། ད་ལྟ་ཡང་ཕན་ཐོགས་སྒྲུབ་བཞིན་པ་དང་། མ་འོངས་པར་ཡང་ཕན་ཐོགས་བསྒྲུབ་པར་འགྱུར་བས་ན་ཆོས་ལུགས་ཚང་མར་ང་ཚོས་ངོ་མཚར་སྐྱེ་བའི་ཐོག་ནས་གུས་ཞབས་བྱེད་དགོས་པ་དང་། དེ་ལྟ་བུའི་སྟོན་པ་མང་དུ་བྱོན་པའི་ནང་ནས་ལྟ་གྲུབ་ཀྱི་སྐོར་གསུང་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་དག་རིགས་པའི་ཐོག་ནས་བརྟག་དཔྱད་བྱ་རྒྱུ་ཞིག་གསུངས་ཡོད་པས་ན། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། ཞེས་པ་ལྟར། གོང་སྨོས་ཀྱི་མཁས་པའི་དབང་པོ་དེ་དག་གི་གཞུང་ལུགས་རྣམས་ཡང་ཡང་ཞིབ་ཏུ་མཇལ་ནས་ཐོས་བསམ་སྒོམ་གསུམ་བྱེད་སྐབས། མཁས་གྲུབ་དེ་དག་ནི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པའི་བཀའ་དྲིན་ཅན་ཤ་སྟག་ཡིན་པ་དྲན་དགོས་པ་ཞིག་ཡིན་ལ། སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་རིགས་པས་དཔྱད་པ་བྱས་པའི་ཐོག་ནས་འགྲོ་བ་དེ་གལ་གནད་ཆེན་པོར་གསུངས་པ་ལྟར། ང་རང་ཚོ་ཆུང་དུས་ནས་གཞུང་ལུགས་དེ་དག་ལ་སྦྱངས་པ་རྣམས་རིམ་བཞིན་བརྗེད་ངད་རྐུན་པོས་འཁྱེར་བ་ལས། ཆུང་དུས་ནས་རྩ་བ་བློ་འཛིན་བྱས་པ་སོགས་ང་ཚོས་བག་ཆགས་དང་ལས་འབྲེལ་ཞིག་བཞག་ཡོད་ལ། མཁས་པའི་དབང་པོ་དེ་དག་གིས་ང་ཚོར་རྨད་དུ་བྱུང་བའི་ལམ་སྟོན་གནང་ཡོད་པས། དེ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མི་ཕྱེད་པའི་དད་པས་དེ་དག་གི་རྣམ་པར་ཐར་པ་ལ་རྗེས་སུ་ད་དུང་ཡང་སློབ་པར་སྨོན་དགོས་པ་དང་གཅིག །གཉིས་ནས་དེ་ལྟར་སྨོན་པས་ང་ཚོར་ད་ལྟ་འབྲེལ་བ་གང་ཞིག་ཡོད་སྙམ་ན།
༢༽ ཚན་རིག་གི་ཡར་རྒྱས་དང་། ཟླ་བའི་གྲོང་ཁྱེར།
ཚང་མས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ཞེས་པ་ནི་ང་ཚོ་བོད་མི་བཙན་བྱོལ་བ་དང་། ཐའེ་ལན་ཌི་བཅས་སུ་མི་རབས་གསར་པ་དེང་དུས་ཀྱི་ཤེས་ཡོན་དང་། ལྷག་པར་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱི་རྣམ་གཞག །གཙོ་བོ་སེམས་རྒྱུད་འདུལ་ཐབས་ཀྱི་ཐོག་ལ་བཤད་པ་དེ་ཙམ་མེད། མདོར་ན་དངོས་ཁམས་རིག་པ་གཙོ་བོར་གཏན་ལ་ཕབ་པ་ཞིག་དང་། ཕྱི་དངོས་པོ་ཡར་རྒྱས་འགྲོ་རྒྱུ་གཙོ་བོར་དམིགས་པ་ཞིག་ལས། ནང་སེམས་ཡར་རྒྱས་གཏོང་རྒྱུའི་སློབ་སྦྱོང་དེ་དག་གི་ནང་དུ་མེད། དེ་ལྟ་བུའི་སློབ་སྦྱོང་བྱས་ནས་སློབ་གྲྭ་ཐོན་པ་དང་། ཡང་དབང་རྟུལ་དད་པའི་རྗེས་འབྲང་གིས་བློ་ཡིད་མ་འཚིམས་པའི་ཁར་བསམ་བློ་གཏོང་རྒྱུའི་སྒོ་ཡང་མ་རྙེད་པ་བཅས་ཀྱི་ཐོག་ནས་ཆོས་ཞེས་བརྗོད་སྐབས་རྨོངས་དད་རེད་སྙམ་པ་ཞིག་དང་། འཛམ་གླིང་འདིའི་ཐོག་གི་ཕྱིའི་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་མཐོང་ཐོས་བྱུང་བ་དང་། གཙོ་བོ་ཚན་རིག་གི་ཐོག་ནས་འགྲེལ་བཤད་མང་པོ་ཞིག་བརྒྱབ་པ་དེ་དག་གིས་ཡིད་དབང་འཕྲོག་སྟེ། ཆོས་ཞེས་བརྗོད་སྐབས་འཛམ་གླིང་འདིའི་སྟེང་གི་དད་པ་རྐྱང་པའི་ཐོག་ཏུ་འགྲོ་བའི་ཆོས་དེ་ཁོ་ནར་བསམ་བློ་འཁོར་ནས་སྡོད་བཞིན་པའི་དུས་སྐབས་སུ་སླེབས་ཡོད།
དེ་ལྟར་སྤྱིར་དུས་རབས་ཉི་ཤུ་པའི་ནང་དང་། ལྷག་པར་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདིར། ཚན་རིག་གི་ཐོག་ནས་ཕྱིའི་དངོས་པོར་བརྟག་དཔྱད་བྱེད་ཤུགས་ཧ་ཅང་ཆེ་ཞིང་། དེ་འབྲེལ་དངོས་པོའི་རྫས་རིགས་སོ་སོའི་ནུས་པ་དང་། བྱེད་ལས་མི་འདྲ་བ་རྣམས་གསལ་པོར་རྟོགས་པ་དང་། དེ་དང་འབྲེལ་བའི་དངོས་པོ་རེ་རེའི་ནུས་པར་ཚད་གཞལ་ཞིང་། རྩིས་བརྒྱབ་སྟེ་དེ་དང་འབྲེལ་བའི་དངོས་པོའི་ནུས་པ་འདོན་རྒྱུར་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེ་ཕྱིན་པའི་ཐོག་ནས་དེང་སྐབས་ང་ཚོའི་རྒན་རབས་མེས་པོ་དག་གི་སྐབས་སུ་རྨི་ལམ་ལའང་མེད་པ་མང་པོ་ཞིག་དེང་སྐབས་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ཉམས་སུ་མྱོང་རྒྱུ་ཡོད་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད།
སྔར་ལོ་མང་ཕྱིན་པའི་གོང་དུ་ཨ་རིས་ཟླ་བའི་གྲོང་ཁྱེར་དུ་འགྲོ་རྒྱུའི་འཕྲུལ་ཆས་བཟོས་ནས་དེ་རྗེས་ཟླ་བའི་སྟེང་དུ་ཕྱིན་པའི་སྐབས་དེར་ཟླ་བའི་གྲོང་ཁྱེར་དང་། ཟླ་བའི་གྲོང་ཁྱེར་ནས་མཁའ་བསྐྱོད་པས་འཛམ་གླིང་ལ་པར་ལེན་བྱས་པ་ལྟར་ཟླ་བའི་གྲོང་ཁྱེར་ནི་བྱེ་ཐང་དང་བྲག་རྡོ་ལྟ་བུ་ཡོད་པ་ཞིག་འདུག །སྐབས་དེར་ངོས་ནས་རྩེད་མོ་དང་བཅས་ཏེ་པར་རིགས་དེ་དག་དགེ་བཤེས་འགའ་ཞིག་ལ་བསྟན་ནས་ད་ཆ་ཟླ་བའི་སྟེང་དུ་མི་སླེབས་ཡོད་པའི་སྐོར་བརྗོད་པར། ལ་ལས་ཟླ་བའི་གྲོང་ཁྱེར་ཨེ་ཡིན། དེ་ནི་རི་རབ་ཀྱི་ཟུར་ལྟ་བུ་ཞིག་ཏུ་བབས་པ་མིན་ནམ་ཞེས་གསུང་མཁན་བྱུང་། དེ་ལྟར་དངོས་བྱུང་གི་གནས་ཚུལ་རྣམས་གློ་བུར་དུ་བློ་ངོར་མི་ཤོང་བ་ལྟ་བུ་ཆགས་ཀྱི་ཡོད། དེ་ཡང་རི་རབ་ཅེས་པ་ཞིག་ཡོད་པ་གཞིར་བཞག་གིས་བསམ་བློ་གཏོང་བཞིན་ཡོད། ཟླ་བའི་གྲོང་ཁྱེར་ནས་འཛམ་གླིང་ལ་པར་ལེན་བྱས་པ་དེར་བལྟས་ཚེ་འཛམ་གླིང་ཧྲིལ་པོའམ་ཟླུམ་པོ་ཡིན་པ་ཧ་ཅང་གསལ་པོ་འདུག་ལ། འཛམ་གླིང་ཧྲིལ་པོའི་དབུས་ལྟ་བུར་རིའི་རྒྱལ་པོ་རི་རབ་ཅེས་པ་མཐོང་རྒྱུ་མེད་པ་དང་། ཉི་ཟླའི་འཁོར་ཕྱོགས་དེ་དག་ཀྱང་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་གི་ཐོག་ནས་གྲིབ་གཟུགས་ཀྱིས་སྒྲིབ་ཚུལ་དེ་དག་རི་རབ་ཀྱི་གྲིབ་མས་སྒྲིབ་ཀྱི་མེད་པ་ཤིན་ཏུ་གསལ་པོ་ཡིན།
དེ་བཞིན་ཡོངས་གྲགས་སུ་ཟླ་འོད་དང་ཉི་འོད་ཅེས་ཟླ་བར་རང་འོད་ཡོད་པ་ཞིག་བརྗོད་ཀྱི་ཡོད། འོན་ཀྱང་ཟླ་བར་རང་འོད་མེད་པ་དེ་ཡང་ཧ་ཅང་གསལ་པོ་རེད། སྔར་ངོས་རང་ལྷ་སར་ཡོད་པའི་སྐབས་སུ་རྒྱང་ཤེལ་ཆེན་པོ་དེ་རིགས་ཡོད་ཅིང་། ངོས་ནས་རྒྱང་ཤེལ་གྱིས་ཟླ་བཀྲག་ལ་ལྟ་སྐབས་ཟླ་བཀྲག་གི་སྟེང་དུ་རི་ཡོད་པ་དང་། ཟླ་བཀྲག་གི་སྟེང་དུ་རང་འོད་མེད་པར་ཉི་འོད་ཡིན་པའི་རྟགས་སུ་ཉི་མ་འཆར་ནུབ་ཀྱི་ངོས་ནས་ཟླ་བའི་སྟེང་དུ་ཡོད་པའི་རིའི་གྲིབ་གཟུགས་དེ་དག་ཉི་མ་བཞུད་ཁར་སླེབས་ཚེ་ཟླ་བའི་ཐོག་གི་རིའི་གྲིབ་གཟུགས་དེ་དག་སྟེང་ཕྱོགས་སུ་སླེབས་བཞིན་འདུག །དེ་དག་ཧ་ཅང་གསལ་པོ་ཡོད།
དེ་ནི་ཕྱི་ལོ་ ༡༩༥༦ ༡༩༥༧ ཙམ་ལ་ཡིན་ཅིང་། ངོས་ནས་ཟླ་བཀྲག་ཧ་ཅང་གསལ་པོ་ཡོད་པའི་མཚན་མོ་ཞིག་ཟླ་བའི་གྲོང་ཁྱེར་དུ་རྒྱང་ཤེལ་བཙུགས་ནས་ལྟ་ཆོག་གི་གྲ་སྒྲིག་བྱས་རྗེས་ཡོངས་འཛིན་རྣམ་གཉིས་གདན་འདྲེན་ཞུས་ཏེ་ཟླ་བའི་སྟེང་དུ་རི་འདུག་ཅེས་སྤྱན་འབུལ་ཞུས་པ་ཡིན། ཡོངས་འཛིན་རྣམ་གཉིས་ནས་ཟླ་བར་རང་འོད་མཐོང་རྒྱུ་མེད་པ་དང་། འོད་དེ་ཉི་འོད་ཡིན་པ། ཟླ་བའི་སྟེང་དུ་ཡོད་པའི་རི་དེ་དག་གི་གྲིབ་གཟུགས་འདི་ལྟར་སླེབས་འདུག་ཅེས་གསུངས་བྱུང་། དེ་དག་ནི་མཐོང་ཆོས་སུ་ཡོད་པ་ཞིག་རེད། ང་ཚོས་ནམ་རྒྱུན་བརྗོད་བཞིན་པ་དང་། ཡོད་ཤག་གིས་ཡིད་ཆེས་བྱེད་བཞིན་པ་དེ་ལྟར་མིན་པ་ཧ་ཅང་གསལ་པོ་རེད་འདུག །
གལ་ཏེ་རི་རབ་ཡོད་ན་མིག་གིས་མཐོང་དགོས་པ་ལས་རི་རབ་ཡོད་ཀྱང་ང་ཚོའི་མིག་གིས་མཐོང་མི་དགོས་ཟེར་ན། རི་རབ་ཀྱི་གྲིབ་གཟུགས་ང་ཚོས་མྱོང་གི་ཡོད་པའི་སྐད་ཆ་ཡིན། དེ་ཡང་མངོན་པ་མཛོད་ལས51།
ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །
ཅེས་བརྗོད་སྐབས། ཉི་མ་རི་རབ་ཀྱི་བྱང་ངོས་སུ་སླེབས་སྐབས་ང་ཚོའི་འཚོ་གནས་བྱེད་ཡུལ་གྱི་འཛམ་གླིང་འདི་ཉིད་ནག་ཁུང་ཆགས་ཀྱི་ཡོད། དེར་བརྟེན་རི་རབ་ཀྱི་གྲིབ་གཟུགས་ང་ཚོས་མཐོང་བཞིན་ཡོད། འོན་ཀྱང་གྲིབ་གཟུགས་གང་ལས་བྱུང་བའི་རི་རབ་དེ་ང་ཚོས་མཐོང་རྒྱུ་མེད་པས། དེ་ཡང་བརྗོད་ཁག་པོ་ཞིག་ཆགས་ཡོད།
སྤྱི་ཡོངས་སངས་རྒྱས་པའི་ཆོས་པ་རྣམས་བསམ་བློ་ཧ་ཅང་གུ་ཡངས་པོ་ཡོད། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པར་ཆ་བཞག་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ལ། སེམས་ཙམ་གྲུབ་མཐའི་རྩ་བ་འཛིན་ས་ལྟ་བུ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ནའང་། མདོ་སྡེ་དགོངས་འགྲེལ་ནས་མཚན་ཉིད་གསུམ་གྱི་རྣམ་དབྱེ་ཕྱེ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་མིན་སྐད་ཆ་ཤོད་སྐབས། ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་དག་གིས་དེ་ནི་སྒྲ་ཇི་བཞིན་པར་ཁས་བླངས་ན་མི་འགྲིགས་པར་དེ་ནི་དྲང་དོན་གྱི་མདོ་རེད་ཅེས་བཀག་པ་གནང་ཡོད། དེ་སངས་རྒྱས་ཀྱི་བཀའ་ཡིན་ནའང་། སྐྱབས་སུ་མཆིའོ་ཡིན་དང་ཡིན་ཞེས་མི་བརྗོད་པར། སངས་རྒྱས་ཀྱི་བཀའ་ཡིན་ནའང་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་ཅེས་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བའི་གྲས་སུ་འཇོག་གི་ཡོད། ཐར་པ་ཐོབ་པའི་རྒྱུ་རྐྱེན་བྱེད་མཁན་གྱི་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་འདི་ལྟར་གསུངས་ཆོག་ན། གལ་གནད་ཆེན་པོ་གང་ཡང་མིན་པའི་རི་རབ་དང་། གླིང་བཞི་གླིང་ཕྲན་ལ་སོགས་པ་རྣམས་མངོན་སུམ་ལ་སྙོན་དགོས་པ་ཆགས་ན་ང་ཚོས་ཁས་ལེན་དགོས་དོན་མེད།
ཡང་ངོས་ནས་ནམ་རྒྱུན་བརྗོད་མུས་ཀྱི་ལོ་རྒྱུས་ཤིག་ལ། ཕྱི་ལོ་ ༢༠༠༤ ༢༠༠༥ ཙམ་ལ་ངོས་རང་སྦན་དྷ་ར་གཞིས་ཆགས་སུ་ཐེངས་གཅིག་བསྐྱོད་སྐབས། གཞིས་ཆགས་སུ་སློབ་གྲྭ་གསར་པ་ཆུང་ཆུང་ཞིག་གསར་འཛུགས་བྱས་འདུག །སློབ་གྲྭ་དེ་ངོས་རང་དེ་སྔ་གཞིས་ཆགས་སུ་སླེབས་སྐབས་མེད་པར་གསར་པ་ཡིན་པས་ཡོང་རོགས་ཞེས་བརྗོད་ཀྱི་འདུག་པ་ལྟར་ཕྱིན་པ་ཡིན། སྐབས་དེར་ངོས་རང་སློབ་གྲྭའི་སྒོ་འགྲམ་དུ་སླེབས་སྐབས་ཚན་རིག་གི་འགྲེམས་སྟོན་ཆུང་ཆུང་ཞིག་གོ་སྒྲིག་བྱས་འདུག །འགྲེམས་སྟོན་དེ་དག་གི་ཁྲོད་དུ་ཉི་ཟླ་གཟའ་འཛིན་ཇི་ལྟར་དུ་ཡོང་མིན་སྐོར་ཉི་ཟླ་དང་། འཛམ་གླིང་སོགས་ཀྱི་བཟོ་དབྱིབས་བཟོས་ནས་འགྲེལ་བརྗོད་བྱེད་བཞིན་འདུག་ལ། དེ་ཡང་འཛམ་གླིང་དང་ཉི་མའི་བར་དུ་ཟླ་བ་སླེབས་སྐབས་ཉི་མ་གཟའ་འཛིན་ཡོང་བ་དང་། ཉི་མ་དང་ཟླ་བའི་བར་དུ་འཛམ་གླིང་སླེབས་ནས་ཟླ་བ་གཟའ་འཛིན་ཡོང་ཚུལ་རྣམས་གཟུགས་བརྙན་གྱི་ཐོག་ནས་བུ་མོ་ལོ་ན་བརྒྱད་དགུར་སོན་པ་ཞིག་གིས་འགྲེལ་བཤད་བྱེད་བཞིན་འདུག །བུ་མོ་ཆུང་ཆུང་དེས་ངོས་ལ་ང་ཚོ་བོད་པས་ཉི་ཟླ་གཟའ་འཛིན་ཡོང་སྐབས་སྒྲ་གཅན་གྱིས་ཉི་ཟླ་བཟས་པ་རེད་ཅེས་བརྗོད་ཀྱི་ཡོད་པ་དེ་ལྟར་མིན། ཉི་ཟླ་གཟའ་འཛིན་ཡོང་བ་ནི་འདི་ལྟར་དུ་ཡོང་གི་ཡོད་ཅེས་འགྲེལ་བཤད་བརྒྱབ་བྱུང་། སྐབས་དེར་བརྙན་པར་རྒྱག་མཁན་ཞིག་བྱུང་ཡོད་ན། ཧ་ཅང་སྙིང་རྗེ་པོ་ཞིག་ཡོང་ངེས་འདུག །གཞིས་ཆགས་ཆུང་ཆུང་གི་སློབ་གྲྭ་གསར་པ་ཆུང་ངུ་ཞིག་གི་ནང་དུ་བོད་ཕྲུག་བྱིས་པ་ཆུང་ཆུང་ཞིག་གིས་འགྲེལ་བཤད་བྱེད་ཡུལ་ངོས་༸རྒྱལ་བ་རིན་པོ་ཆེར་འགྲེལ་བཤད་གདེང་འཁེལ་བའི་ཐོག་ནས་བརྒྱབ་བྱུང་།
༣༽ འཇིག་རྟེན་ཁམས་ལེ་དང་། ཆོས་ཚན་གྱི་གྲུབ་དོན།
དེང་སྐབས་དངོས་སུ་རྒྱང་ཤེལ་གྱི་ཐོག་ནས་བལྟ་བ་དང་། ལྷག་པར་ས་གནས་ས་ཐོག་ཏུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གིས་པར་ལེན་བྱས་པ། དེ་ཡང་མི་གཅིག་གིས་མཐོང་བ་ཙམ་མིན་པར་མི་གཅིག་གིས་མཐོང་བ་ལྟར། ལྟ་ས་དེར་མི་སུས་བལྟས་ཀྱང་མཐོང་སྣང་གཅིག་མཚུངས་ཡོང་བ་ཞིག་མཐུན་སྣང་དུ་གྲུབ་ཡོད། དེ་ཡང་སྔ་ལོ་བལྟ་སྐབས་མཐོང་ཚུལ་གཅིག་མཚུངས་ཡོད་པ་དེར་འདི་ལོར་ལྟ་སྐབས་ཀྱང་མཐོང་ཚུལ་གཅིག་མཚུངས་ཡོད་པ་ཆགས་སྐབས། མཐུན་སྣང་དུ་གྲུབ་ཅེས་པ་དེ་ལྟ་བུའི་ཐོག་ནས་བརྗོད་དགོས་པ་ཡིན། དོན་དེ་མྱོང་བའམ་སྣང་བའི་སྒོ་ནས་དོན་དེ་གྲགས་པ་ཡིན་པ། དེ་ལ་ཐ་སྙད་པའི་ཚད་མ་གང་གིས་ཀྱང་མི་གནོད་པ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་ཀྱང་མི་གནོད་པའི་སྟེང་ནས་ཡོད་པར་འཇོག་དགོས་པ་ཡིན། དེར་བརྟེན་འཛམ་གླིང་ཧྲིལ་པོ་ཡིན་པ་དེ་ཧ་ཅང་གསལ་པོ་ཆགས་ཡོད།
ད་ནི་ང་ཚོས་རི་རབ་ཀྱི་སྐོར་བརྗོད་དགོས་པར་བརྟེན། རི་རབ་དེ་བཞིན་ང་ཚོས་རང་ཉིད་ཀྱི་ལས་དབང་གིས་ཡིན་པ་ལས། ང་རང་ཚོའི་ལས་ཀྱི་སྤྱོད་ཡུལ་མིན་ཞེས་བརྗོད་དགོས་བྱུང་ཡང་མི་བདེ་བ་ཞིག་ཡོད། རི་རབ་ཀྱི་གྲིབ་གཟུགས་ང་ཚོས་ལོངས་སུ་སྤྱོད་བཞིན་ཡོད། དེས་ན་རི་རབ་ཀྱི་གྲིབ་ནག་ང་ཚོས་ལོངས་སུ་སྤྱད་ཀྱང་། གྲིབ་གཟུགས་གང་ལས་བྱུང་བའི་རི་རབ་དེ་ང་ཚོའི་མཐོང་སྣང་དུ་མེད་པ་ཞིག་ཡིན་ན་དེ་ཡང་མི་བདེ་བ་ཞིག་ཡོད། རི་རབ་མི་མཐོང་ཞིང་། རི་རབ་ཀྱི་གྲིབ་གཟུགས་ཀྱང་ང་ཚོས་ལོངས་མི་སྤྱོད་པར་རི་རབ་ཀྱི་ཐོག་ནས་མགོ་རྙོག་ཡོད་ཀྱང་སྐྱོན་ཆེ་བ་གང་ཡང་མེད། རི་རབ་ཀྱི་གྲིབ་གཟུགས་དེ་ང་ཚོས་ཉིན་མཚན་རེ་རེའི་སྐབས་སུ་འཆར་ཅན་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་ལ། གྲིབ་སོ་གང་ནས་ཡོང་བའི་རི་རབ་དེ་རྙེད་རྒྱུ་མེད་པ་ཞིག་འཇོག་དགོས་བྱུང་ན་མི་བདེ་བ་ཞིག་ཏན་ཏན་ཡོད། དེས་ན་ཚད་མ་རྣམ་འགྲེལ་ནང་དུ་མ་དམིགས་པའི་རྟགས་བཤད་སྐབས། སྣང་རུང་མ་དམིགས་པའི་ཐོག་ལ་བསམ་བློ་བཏང་ཚེ། རི་རབ་ཡོད་ན་འཚོལ་བར་ངེས་པའི་བརྟག་ཞིབ་པ་དེ་དག་གིས་འཚོལ་སྐབས་རྙེད་དགོས་པར་མ་ཟད། སྣང་དུ་རུང་བ་ཞིག་ཡིན་ནའང་། དེ་མི་སྣང་བར་བརྟེན་ཕལ་ཆེར་མེད་པ་ལ་ཐག་བཅད་ཆོག་པ་ཞིག་ཡིན།
གཞན་ཡང་ཉི་ཟླའི་ཚད་དང་། འཛམ་གླིང་དང་ཉི་ཟླའི་བར་གྱི་རྒྱང་ཐག་རིང་ཐུང་སོགས་ལ་བསམ་བློ་ཞིག་བཏང་ན། འགལ་དམིགས་ཀྱི་སྟེང་ནས་དོན་དེ་མེད་པར་ཐག་གཅོད་དགོས་པ་ཞིག་རེད། དེས་ན་ང་རང་ཚོའི་སྔར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཡིན་ཤག་བྱེད་པ་མང་པོ་ཞིག་དེང་སྐབས་ཀྱི་མཐོང་ཆོས་སུ་འགའ་ཞིག་འགལ་ཟླ་སྣང་བ་དང་། ཁ་ཤས་སྣང་དུ་མི་རུང་བ་ཡིན་པས་ཁས་ལེན་བྱ་རྒྱུ་ཤིན་ཏུ་དཀའ། དེས་ན། ཀུན་མཁྱེན་ཆེན་པོ་རྒྱལ་སྲས་དབྱིག་གཉེན་འཛམ་གླིང་འདིའི་ཐོག་བསྐྱར་དུ་ལན་གཅིག་ཕེབས་ན། ཁོང་གིས་མཛད་པའི་མངོན་པ་མཛོད་ཀྱི་འཇིག་རྟེན་ཁམས་ལེ་བརྟག་པ་ཞེས་པ་དེ་ཕལ་ཆེར་བསྐྱར་དུ་འབྲི་རྩོམ་གནང་དགོས་པ་ཞིག་ཡོང་ངེས་ཡིན་ཞེས་ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། དེ་ནི་བསམ་པ་རྣམ་དག་ཡིན། མདོར་ན་དེའི་ཚེ་དེའི་དུས་སུ་རྒྱ་གར་འཕགས་ཡུལ་དུ་ཡོངས་གྲགས་སུ་ཐ་སྙད་ལ་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཕལ་ཆེར་ཡིན་འདུག །
དེ་མིན་ནང་པའི་གཞུང་ནས་ཤིན་ལྐོག་སྟོན་པའི་ལུང་དེ་དག་ནི་སྔ་ཕྱི་དངོས་ཤུགས་མི་འགལ་བ་ཞིག་དགོས་པ་ཡིན། དེའི་ཚེ་དེའི་དུས་སུ་ཤིན་ལྐོག་ཏུ་བརྩི་བཞིན་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱི་དབྱིབས་དང་། ཚད་སོགས་མི་འདྲ་བ་སྣ་ཚོགས་ཡོད་པ་མདོ་ནས་གསུངས་པ་ལས། འཇིག་རྟེན་ཁམས་ཀྱི་རྣམ་གཞག་གཅིག་གྱུར་གསུངས་པ་ཞིག་མེད། དེ་བཞིན་འཛམ་གླིང་འདི་ཉིད་ཀྱི་ཐོག་ཏུ་ཆ་མཚོན་ནའང་། དུས་འཁོར་ནས་འཛམ་གླིང་ཆེན་པོ་ཞེས་པ་ཞིག་དང་། རི་རབ་ཀྱི་བཀོད་པ་ཡང་མི་འདྲ་བ་ཞིག་གསུངས་ཡོད། ཆེད་དུ་བྱ་བའི་གདུལ་བྱ་སོ་སོར་ལས་སྣང་མི་མཐུན་པ་སྣ་ཚོགས་སྣང་བཞིན་ཡོད་ཚུལ་འགལ་སྤོངས་སུ་འདི་ལྟར་གསུངས་བཞིན་ཡོད་ཀྱང་། མི་མཐུན་པ་ཞིག་སླེབས་བཞིན་ཡོད། དེས་ན་གཞུང་གཅིག་ནས་གསུངས་པ་དེ་མཐའ་གཅིག་ཏུ་དེ་ཁོ་ན་རེད་ཅེས་བརྗོད་དགོས་དོན་ཨེ་ཡོད་སྙམ།
ལར་ནས་ཆེ་ས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་གནད་འགག་ཐུག་ས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཆ་མཚོན་ནའང་། གདུལ་བྱའི་མོས་པ་དང་འཚམ་པར་བཅོམ་ལྡན་འདས་ཀྱིས་གསུང་ཚུལ་མི་འདྲ་བ་ཡོང་གི་ཡོད། དེས་ན་ཐ་སྙད་པའི་རྣམ་གཞག་སྤྱིར་བཏང་གི་རིགས་འགའ་ཞིག་ནི་དེའི་ཚེ་དེའི་དུས་ཀྱི་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཡོང་སྲིད་པས་དེར་འགལ་བ་ཆེ་བ་དེ་ཙམ་མེད། ངོས་ནས་འདི་ལྟར་ཞུ་དགོས་དོན་ནི། དེང་དུས་འཛམ་གླིང་འདིའི་ཐོག་དངོས་པོ་དང་འཕྲུལ་ཆས་ཀྱི་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་དེ་སྔ་ཕན་ཆད་ང་ཚོས་ཡིན་ཤག་ཏུ་བརྩིས་པའི་རིགས་མང་པོ་ཞིག་ལ་དེང་སྐབས་གྲུབ་དོན་གསར་པ་རྙེད་བཞིན་ཡོད།
ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ནའང་། སྔར་མངོན་པ་མཛོད་ནས་གཟུགས་ཀྱི་ཆུང་མཐའ་དང་། དུས་ཀྱི་ཐུང་མཐའ་སོགས་གསུངས་པ་རྣམས་དང་། དེ་བཞིན་བསྐལ་པ་མེ་འཇིག་ཆུ་འཇིག་གི་སྐོར། ཆགས་པའི་བསྐལ་པའི་སྐབས་གཞི་ནས་འབྱུང་བའི་འཕེལ་རིམ་གྱི་ཐོག་ནས་ཆགས་ཚུལ། དེ་རྗེས་བསྐལ་པ་ཡ་ཐོག་རིང་པོ་ནས་བཟུང་སྟེ་བར་གྱི་ཁུགས་པ་བཅོ་བརྒྱད་སོགས་ཀྱི་འགྲེལ་བཤད་རྣམས་ལ་ལྟ་སྐབས་ཧ་ལས་དགོས་པའི་ཞིབ་ཚགས་འདུག་སྙམ་ནས་ངོ་མཚར་སྐྱེ་གི་ཡོད། གཞན་ཡང་ཐོག་མར་མིའི་འགྲོ་བ་ཆགས་སྟངས་དང་། རིམ་བཞིན་གཟུགས་ཇེ་རགས་སུ་ཕྱིན་ཏེ་ས་ཞག་ལོངས་སུ་སྤྱོད་པ་དང་། རིམ་བཞིན་མ་རྨོས་ལོ་ཏོག་ལོངས་སུ་སྤྱོད་པ་སོགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་སྐོར་གསུང་སྐབས་ཀྱང་ཧ་ཅང་ཞིབ་ཚགས་འདུག་སྙམ་པ་དྲན་གྱི་ཡོད།
དེ་ལྟར་འཛམ་གླིང་ཡོངས་ཀྱི་མཐུན་སྣང་དུ་གྲུབ་པའི་གནས་ཚུལ་མང་པོ་ཞིག་རིམ་བཞིན་ཤེས་རྟོགས་ཡོང་སྐབས་སྔར་ཡིན་ཤག་ཏུ་བརྩིས་པ་མང་པོ་ཞིག་དེང་སྐབས་དངོས་ཡོད་གནས་ཚུལ་རེད་མི་འདུག །གལ་ཏེ་དེང་སྐབས་འཛམ་གླིང་ཐོག་བརྟག་དཔྱད་ཞིབ་འཇུག་གིས་ཚད་དང་རྩིས་བརྒྱབ་ནས་གཏན་ལ་ཕབ་ཅིང་། ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དེ་དག་མིན་པར་ང་ཚོའི་གཞུང་ལུགས་ནས་གསུངས་པ་ཁོ་ནའི་ཐོག་ཏུ་ཨུ་ཚུགས་བརྒྱབ་ནས་ཕྱིན་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མངོན་སུམ་ལ་བསྙོན་དགོས་པ་ཞིག་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་རུང་བ་ཤིན་ཏུ་དཀའ་ལ། རིགས་པ་དང་འགལ་ཚེ་མི་འགྲིགས་ན། མངོན་སུམ་ལ་བསྙོན་ན་དེ་བས་ཀྱང་སྨོས་ཅི་དགོས། དེ་དག་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།
དེ་ལས་རྙོག་དྲ་ཚ་བ་ཞིག་ལ། བསྐལ་པ་ཡ་ཐོག་རིང་པོ་ཞེས་པ་དེ་ཕལ་ཆེར་ཁག་པོ་རེད། འཛམ་གླིང་འདི་གྲུབ་ནས་ལོ་ཕལ་ཆེར་ཐེར་འབུམ་ཆུང་བ་ལྔ་ཙམ་ཕྱིན་ཡོད་ལ། འཛམ་གླིང་འདིའི་སྟེང་དུ་སྲོག་ཆགས་ཆག་ནས་ལོ་ངོ་ཐེར་འབུམ་ཆུང་བ་བཞི་ཙམ་ཕྱིན་ཡོད། དེ་རྗེས་སྲོག་ཆགས་ཀྱི་རིམ་པ་ནས་མིའི་འགྲོ་བ་གྲུབ་པའི་འཕེལ་རིམ་གྱི་དབང་ལས་མིའི་གཟུགས་དབྱིབས་གང་འཚམ་ཆགས་ནས་ལོ་ས་ཡ་གཅིག་ཡས་མས་ཕྱིན་ཡོད་ལས་ཆེ། དེས་ན་ང་ཚོའི་བསྐལ་པ་ཡ་ཐོག་རིང་པོ་བཤད་པ་དེ་ཧ་ཅང་ཁག་པོ་རེད། བསྐལ་པ་ཡ་ཐོག་རིང་པོ་བརྗོད་དཀའ་བར་གྱུར་པས་ན། བསྟན་འབར་མ་ལས52།
འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །
ཞེས་གསུངས་པ་ལྟར། འདས་པའི་སངས་རྒྱས་གསུམ་སྟེ། ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་འཁོར་བ་འཇིག་དང་། ཚེ་ལོ་གསུམ་ཁྲིའི་དུས་སུ་སངས་རྒྱས་གསེར་ཐུབ། ཚེ་ལོ་ཉིས་ཁྲིའི་དུས་སུ་སངས་རྒྱས་འོད་སྲུང་། ཚེ་ལོ་བརྒྱ་པའི་དུས་སུ་སྟོན་པ་ཤཱཀྱ་ཐུབ་པ་བཅས་བྱོན་པར་གསུངས་པ་རྣམས་སྒྲ་ཇི་བཞིན་པར་ཁས་ལེན་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། བསམ་བློ་བཏང་ན་དེ་དག་རྙོག་དྲ་ཚ་པོ་ཞིག་དང་། དེ་དག་ལ་བསམ་བློ་གཏོང་དགོས་པ་ཞིག་ཀྱང་རེད་འདུག །དེས་ན་ནམ་རྒྱུན་ང་ཚོས་ཡིན་ཤག་བྱས་དང་བྱེད་བཞིན་པ་མང་པོ་ཞིག་ཧ་ལམ་མེད་པར་ཐག་བཅད་ནས་བརྗོད་ཐུབ་པ་ཞིག་གི་ཐོག་ཏུ་སླེབས་ཡོད།
༤༽ ས་ལམ་གྱི་ཉམས་རྟོགས་དང་། དེང་གི་དུས་སྐབས།
གཉིས་ནས་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་འབྲས་བུར་ད་ལྟ་ང་ཚོས་དངོས་སུ་ལོངས་སུ་སྤྱོད་རྒྱུ་ཞིག་ཡོང་གི་ཡོད། ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་སོགས་ཀྱི་ཆོས་ཐོས་བསམ་གྱིས་གཏན་ལ་འབེབས་མཁན་ཁྲི་འབུམ་མང་པོ་ཞིག་ཡོད། མ་གཞི་ཡོན་ཏན་བུམ་ནང་གི་མར་མེ་བཞིན་སྦ་དགོས་པ་ཞིག་ཡིན་ནའང་། ས་ལམ་གྱི་རྟོགས་པ་བརྙེས་མཁན་གཅིག་ཀྱང་མཐོང་རྒྱུ་མེད་ན་རྙོག་དྲ་ཧ་ཅང་ཚ་པོ་ཡོད། འདིར་དགེ་འདུན་པ་མང་པོ་ཞིག་ཡོད་སྟབས། ངོས་ནས་སྦས་གསང་མེད་པར་བརྗོད་ཀྱི་ཡོད་པས་དགོངས་པ་བཞེས་དགོས་པ་ཡིན། ངོས་ནས་ད་དུང་རྣམ་རྟོག་ཅིག་བསླངས་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་ཡོན་ཏན་གཞི་གྱུར་མ་ལས53།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ཅེས་ང་ཚོས་རྒྱུན་དུ་སྨོན་ལམ་འདི་ལྟར་འདེབས་བཞིན་ཡོད། སྨོན་ལམ་འདི་ལྟར་བཏབ་པ་ལྟར། མི་ཚེ་འདིར་སྒྲུབ་པ་ཉམས་ལེན་བྱས་ཤིང་། དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཅུང་ཟད་ཅིག་ཡོད་ན། ཚེ་ཕྱི་མར་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལྟ་བུ་མིན་པ་དང་། ཅུང་ཟད་མངལ་གྲིབ་ལྟ་བུས་ཁྱད་པར་ཡོང་ཤས་ཆེ། འོན་ཀྱང་སྔར་སྦྱངས་པའི་སྐྱེས་སྟོབས་ཀྱི་ཡོན་ཏན་ཤུགས་ཆེ་ཡོད་པའི་ཐོག་སྣོན་མ་བརྒྱབ་ནས། ཚེ་སྔོན་མར་ཚོགས་ལམ་ཆུང་ངུ་ལྟ་བུ་ཞིག་ཏུ་སླེབས་ཡོད་ན། ཚེ་ཕྱི་མ་དེར་ཚོགས་ལམ་འབྲིང་རྙེད་ཐུབ་པ་དང་། ཚེ་གསུམ་པ་དང་བཞི་པ་སོགས་སུ་ཚོགས་ལམ་ཆེན་པོ་དང་། སྦྱོར་ལམ་དྲོད་དང་། རྩེ་མོ། བཟོད་པ། ཆོས་མཆོག་བཅས་སུ་འགྲོ་མཁན་ཞིག་གི་མཚན་གཞི་རག་ན་ཧ་ཅང་ཡག་པོ་འདུག །
བླ་མའི་ཡང་སྲིད་ལ་མཚོན་ན། སྐུ་ཚེ་སྔོན་མར་གྲུབ་པའི་ཡོན་ཏན་ནམ་ལུང་རྟོགས་ཀྱི་ཡོན་ཏན་ཡོད་པ་དེ་དག་ཡང་སྲིད་རྗེས་མ་ཕེབས་སྐབས་གཞི་ནས་སློབ་སྦྱོང་བྱེད་དགོས་པ་ལྟ་བུ་ཆགས་པ་དང་། སྐབས་རེ་སྐུ་ཚེ་སྔོན་མ་ལས་ཕྱི་མ་དེ་སྐྱོ་བ་ལྟ་བུ་ཡོང་སྐབས། ཧ་ལམ་ཡང་སྲིད་ཡིན་པ་དེ་ངེས་པ་གསལ་པོ་འཕྲོད་པ་ཞིག་ཡིན་ནའང་། ལུང་རྟོགས་ཀྱི་ཡོན་ཏན་གཞི་ནས་བསྐྱར་གསོ་བྱེད་དགོས་པ་དང་། སྐྱེ་བོ་ཕལ་པ་དང་གཅིག་མཚུངས་ལྟ་བུ་ལས། ཕལ་མོ་ཆེར་མི་འདྲ་བ་ཞིག་དེ་ཙམ་མཐོང་རྒྱུ་མི་འདུག །
སྔོན་གྱི་ལོ་རྒྱུས་ཐོག་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་། ༸རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་བཅས་ནི་སྐུ་ན་གཞོན་ནུའི་སྐབས་ནས་དམིགས་བསལ་ཞིག་ཡོད་པ་སྟེ། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོར་ཆ་མཚོན་ན། ལོ་ངོ་གཉིས་གསུམ་གྱི་གནས་སྐབས་ནས་ལྗགས་རྩོམ་གནང་རྒྱུར་ཐོགས་པ་མེད་པ་དང་། ལྷག་པའི་ལྷ་ཡི་སྣང་བ་བྲལ་མེད་དུ་ཡོང་བ་ཞིག་ཡོད་ལ། དེ་བཞིན་༸རྒྱལ་དབང་ལུང་རྟོགས་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལས་སྐུ་འཚོ་གཞེས་མ་ཐུབ་ཀྱང་། སྐུ་ན་ཆུང་སྲིད་ཀྱི་སྐབས་ནས་དག་པའི་སྣང་བ་ཧ་ཅང་མང་པོ་ཤར་བ་ཞིག་བྱུང་བའི་ལོ་རྒྱུས་ཡོད། འདི་ལྟ་བུ་འགའ་རེ་ཡོད་པ་ལས། དེ་མིན་ཕལ་མོ་ཆེ་སྐུ་ཐང་ཧ་ཅང་མཉེལ་པོ་འདུག །
ངོས་ནས་འདི་ལྟར་བརྗོད་ན་སྐྱོན་ཆེ་བ་མེད། གཞན་གྱིས་འདི་ལྟར་བརྗོད་མི་ནུས་ཤིང་། བརྗོད་ན་མགོ་ལ་དབྱུག་པ་གཟེད་རྒྱུའི་ཉེན་ཁ་ཡོད། དེས་ན་བླ་མའི་ཞབས་འདྲེན་བླ་མས་ཞུས་ན་སྐྱོན་མེད། མདོར་ན་འདི་ལྟར་དྲན་སྲིད་པ་ཡིན། དེས་མ་ཚད་ཆོས་ཞེས་པ་དེར་སྙིང་པོ་མེད་ཚུལ་དང་། སྡུག་ས་ནས་བརྗོད་ན་སྤྱི་ཚོགས་ཐོག་བཤུ་གཞོག་གཏོང་བའི་ལག་ཆ་རེད་ཟེར་བ་དང་། འདི་ལྟར་མ་བཤད་ཀྱང་དེའི་ཚེ་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་གྱི་གནས་ཚུལ་ཞིག་ཡིན་པ་ལས། ཆོས་ནས་བཤད་པ་དེ་དག་རྣམ་རྟོག་གི་སྒྲོ་བཏགས་པ་འབའ་ཞིག་རེད་སྙམ་པ་དྲན་སྲིད་པ་ཡིན། ད་ལྟ་འདི་ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཡོད།
དེས་ན། འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ཞེས་པ་ལྟར། དེང་སྐབས་ཀྱི་འཛམ་གླིང་འདི་བཞིན་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ། ཧ་ལམ་དངོས་པོ་ཡར་རྒྱས་ཀྱི་རིག་གཞུང་དང་། དངོས་པོ་ཡར་རྒྱས་ཀྱི་གོམས་གཤིས་སོགས་མདོར་ན་དངོས་པོ་ཁོ་ནར་བལྟས་པ་ཞིག་ཆགས་འདུག །དངོས་པོ་ཡར་རྒྱས་ཁོ་ནས་དཀའ་ངལ་སེལ་ཐུབ་ཐབས་མེད་པ་ཧ་ཅང་གསལ་པོ་ཡིན། ད་བར་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེ་དག་གིས་མི་གསོད་རྒྱུ་དང་། གཏོར་བཤིག་གཏོང་རྒྱུའི་ནུས་པ་ཧ་ལས་པའི་ཤུགས་ཆེར་ཕྱིན་པ་དང་། འཕྲུལ་ཆས་ཡར་རྒྱས་འགྲོ་རྒྱུ་དེ་ཧ་ཅང་གལ་གནད་ཆེ་བར་མ་ཟད། ཕན་ཐོགས་ཀྱང་ཆེན་པོ་ཡོད། འཕྲུལ་ཆས་ཡར་རྒྱས་ཀྱིས་འགྲོ་བསྐྱོད་ལ་སྟབས་བདེ་བ། ལག་ཐོགས་ཁ་པར་སོགས་འཕྲུལ་ཆས་ཀྱི་རིགས་རྣམས་ཀྱིས་ཕན་ཐོགས་ཤུགས་ཆེ་ལ། འཛམ་གླིང་འདི་ཡང་ཆུང་ཆུང་ཞིག་བཟོ་བཞིན་ཡོད། ངོས་རང་ལ་ཆ་མཚོན་ན། ཆུང་ངུའི་སྐབས་ནས་འཕྲུལ་ཆས་ཀྱི་རིགས་ལ་དགའ་མོས་ཆེན་པོ་ཡོད་ཀྱང་། དེང་གི་འཕྲུལ་ཆས་ཐོན་གསར་གྱི་རིགས་ཀྱི་འགྲོ་སྟངས་མི་ཤེས་ལ། དོ་སྣང་ཡང་དེ་ཙམ་བྱེད་ཀྱི་མེད། འཕྲུལ་ཆས་དེ་དག་གི་ཕན་ཐོགས་རླབས་ཆེན་ཞིག་ཡོང་གི་ཡོད།
དེ་བཞིན་དངོས་པོ་ཡར་རྒྱས་ཕྱིན་པ་དེ་དག་གིས་ང་ཚོའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་དང་། གཞན་ཡང་ཚེ་རིང་དུ་འགྲོ་བ་དང་། མཐུན་རྐྱེན་ལེགས་སུ་འགྲོ་གི་ཡོད། དེས་ན་འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་རྣམས་ང་ཚོར་དགོས་མཁོ་ཡོད་པ་ཞིག་ཡིན། འོན་ཀྱང་འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་ཁོ་ནས་འགྲིག་གམ་ཞེ་ན། གཏན་ནས་མི་འགྲིགས་པར་ནང་གི་བསམ་བློའི་ཐོག་ནས་ཞི་བདེ་ཡོང་བ་ཞིག་མ་བྱུང་ཚེ། དངོས་པོ་ཁོ་ནའི་ཐོག་ནས་མིའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཤིན་ཏུ་དཀའ་བ་ཡིན།
ལྷག་པར་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་རྒྱུའི་རིགས་དང་། ཡང་སྒོས་འཕྲུལ་ཆས་ཀྱི་ཐོག་ནས་ཞིབ་འཇུག་བྱེད་པའི་ནུས་པ་ཤུགས་ཆེར་ཕྱིན་པའི་ལམ་ནས་བརྟག་དཔྱད་མང་དུ་བྱས་པའི་གྲུབ་དོན་གཏན་ལ་ཕབ་པ་མང་པོ་ཐོན་དང་འཐོན་མུས་བཞིན་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ནའང་། ཕྱི་དངོས་པོའི་འདུ་ལོང་འཁྲུག་པའི་སྐབས་འདིར། རྗེ་བཙུན་མི་ལས། ཕྱི་ཆོས་པའི་གཟུགས་སུ་སྣང་བ་ལ་ནང་ཆོས་པར་མ་ངེས་པ་ནི་སྣང་ལ་མ་ངེས་པ་རེད་ཅེས་གསུངས་པ་ལྟ་བུ་ཡོང་བཞིན་ཡོད། དེ་ལྟར་ཡོང་བ་ནི་སངས་རྒྱས་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་ཞིག་ཡོད་ན། དེ་ལྟ་བུའི་སྒོ་ལྔའི་ཤེས་པར་བདེ་བ་སྟེར་བའི་རྣམ་གཡེང་འདུ་འཛིའི་རིགས་ལ་ཡིད་སྨོན་སྐྱེ་བ་ཞིག་མི་ཡོང་བ་ཡིན། འོན་ཀྱང་ང་ཚོ་མང་པོ་ཞིག་གིས་བློའི་ཟུར་ནས་ཡིད་སྨོན་གང་འཚམ་སྐྱེ་བཞིན་འདུག །
དེས་ན་མང་ཚོགས་དང་། དགེ་འདུན་པའི་ནང་ནས་ཀྱང་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཉུང་ཉུང་ཡིན། སངས་རྒྱས་ཀྱི་ཆོས་ལ་ལམ་དང་ལུགས་སྲོལ་དང་། ངའི་ཕ་མ་ནང་པ་ཡིན་པས་ང་ཡང་ནང་པ་ཡིན་ཟེར་བ་དང་། ངའི་ཕ་མ་ཁ་ཆེ་ཡིན་པས་ང་ཡང་ཁ་ཆེ་ཡིན། ངའི་ཕ་མ་བོན་པོ་ཡིན་པས་ང་ཡང་བོན་པོ་ཡིན་ཞེས་བརྗོད་ན་ཕ་མེས་ཀྱི་ཆོས་དེ་དད་པའི་སྒོ་ནས་བྱེད་ཀྱི་ཡོད་པ་འདི་ཡག་པོ་རེད། འོན་ཀྱང་སངས་རྒྱས་པའི་ཆོས་པ་ངོ་མ་ཞིག་བྱེད་དགོས་བྱུང་ན། ལམ་དང་ལུགས་སྲོལ་དང་། གོམས་གཤིས་ཀྱི་སྐད་ཆ་མིན་པར་སངས་རྒྱས་ཀྱི་ཆོས་ལེགས་པོ་ཞིག་ཤེས་པ་ལ་བརྟག་དཔྱད་བྱས་ཏེ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་ཡིན། དེར་བརྟེན་ལས་རིགས་གང་ཞིག་ཡིན་ནའང་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ཁ་ཡོད་ལག་ཡོད་ཅིག་བྱེད་དགོས་ལ། ཆོས་ཉམས་ལེན་བྱ་རྒྱུ་དེ་ཡང་ཁ་ཡོད་ལག་ཡོད་ཅིག་དགོས་པ་ལས། ཁ་ནས་འདྲ་ཆགས་བརྗོད་པ་ཙམ་ལས། དོན་དངོས་ལག་བསྟར་མེད་པའི་ཐོག་ཏུ་ཕྱིན་ན་གཞན་ལ་མགོ་སྐོར་བཏང་བར་མ་ཟད། རང་གིས་རང་ལའང་མགོ་སྐོར་གཏོང་གི་ཡོད། དེས་ན་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན།
༥༽ ཆོས་ཀྱི་ཕན་ཐོགས་དང་། ཆོས་ལུགས་མཐུན་ལམ།
རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། ཞེས་པ་ལྟར་སངས་རྒྱས་པའི་ཆོས་ཚུལ་འདི་ནི། ངོས་ནས་རྟག་ཏུ་བརྗོད་མུས་ལྟར། སངས་རྒྱས་པའི་ཆོས་འདི་ཆོས་ལེགས་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད། ཆོས་ཀྱི་ལེགས་ཉེས་ཞེས་པ་ནི། མི་རང་ཉིད་ཀྱི་ཁམས་མོས་དང་འཚམ་པའི་ཐོག་ནས་ཕན་ཐོགས་གང་ཞིག་ཆེ་བ་ཡོད་ན། ཆོས་དེ་ནི་མི་དེར་ལེགས་ཤོས་ཆགས་ཡོད། དཔེར་ན། སྨན་གཅིག་རྡོག་སྒྲུག་གིས་སྨན་འདི་ལེགས་ཤོས་རེད་ཅེས་བརྗོད་མི་ཐུབ་ཅིང་། སྨན་ལེགས་ཤོས་དེ་ཉིད་ནད་པ་འགའ་ཞིག་ལ་ཕན་རྒྱུའི་ཚབ་ཏུ་གནོད་ཉེན་ཡོད། སྨན་ཞེས་པ་ནི་ལུས་ཀྱི་ནད་སེལ་རྒྱུ་ཞིག་ཡིན། དཔེ་དེ་བཞིན་དུ་ཆོས་ཞེས་པ་དེ་ཡང་། སེམས་ཀྱི་དཀའ་ངལ་སེལ་རྒྱུ་ཞིག་ཡིན་པར་བརྟེན་འགྲོ་བའི་ཁམས་དང་། མོས་པ། དབང་པོའི་ཁྱད་པར་ལས་འགའ་ཞིག་ལ་ཕན་ཐོགས་ཤིན་ཏུ་ཆེ་ཡང་། ལ་ལར་ཕན་ཐོགས་དེ་ཙམ་མེད་པ་ལྟ་བུ་ཡོང་བ་ཡིན། དེས་ན་འཛམ་གླིང་འདིའི་ཐོག་ཏུ་ཆོས་ལུགས་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་འདི་ལེགས་ཤོས་རེད་ཅེས་ངོས་ནས་ནམ་ཡང་བརྗོད་ཀྱི་མེད།
འོན་ཀྱང་ཆོས་ལུགས་ཚང་མར་ཉམས་ལེན་བྱེད་རྒྱུའི་ཆོས་སམ། བླང་དོར་གྱི་གནད་སྟོན་པའི་ཆོས་ཀྱི་རྣམ་པ་གཅིག་དང་། དེའི་སྒྲུབ་བྱེད་ལྟ་གྲུབ་ཀྱི་རྣམ་གཞག་གཅིག །ཆོས་ལུགས་དེ་དང་དེ་ཐོག་མར་བྱུང་སྐབས་ཡུལ་དུས་གནས་སྟངས་ཀྱི་གོམས་གཤིས་སོགས་དང་བསྟུན་པའི་རིག་གཞུང་གི་ཆ་གཅིག་བཅས། མདོར་ན་ཆོས་ཀྱི་ཆ་གཅིག་དང་། རིག་གཞུང་གི་ཆ་གཅིག་དང་། ལྟ་གྲུབ་ཀྱི་ཆ་གཅིག་བཅས་ཆ་གསུམ་ཡོད་པ་ལས། ལྟ་གྲུབ་ཀྱི་རྣམ་གཞག་བརྗོད་སྐབས། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཆོས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད། ལྟ་གྲུབ་རྒྱ་ཆེན་པོ་ཆགས་ཏེ་དེང་སྐབས་ཚན་རིག་པའི་ནང་ནས་ཀྱང་སངས་རྒྱས་པའི་ལྟ་གྲུབ་དང་། དེའི་ནང་ནས་ཀྱང་རྟེན་འབྱུང་གི་ལྟ་གྲུབ་ལ་དོ་སྣང་དང་། དགའ་མོས་ཤུགས་ཆེ་བྱེད་བཞིན་ཡོད།
དེ་ཡང་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) སྟེང་ནས་ཧ་ཅང་འདྲ་མཚུངས་སུ་སླེབས་ཡོང་གི་ཡོད། དེ་བཞིན་དུ་སེམས་ཁམས་རིག་པའི་སྐོར་ལ་ཆ་མཚོན་ན། སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་བརྒྱུད་ཁག་ནས་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་གསུང་སྐབས་སེམས་ཁམས་རིག་པའི་སྐོར་རྣམས་ཐོན་ཡོང་གི་ཡོད། རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་སྐོར་རྣམས་ཧ་ཅང་རྒྱས་པོ་ཡོད་ལ། ལྷག་པར་དུ་སངས་རྒྱས་པའི་གཞུང་ལུགས་ཁག་ཏུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་རྒྱས་པོ་ཡོད། མདོར་ན་འཛམ་གླིང་འདིའི་ཐོག་སེམས་ཁམས་རིག་པའི་སྐོར་གྱི་རྣམ་གཞག་སྟོན་པའི་གཞུང་རྒྱས་ཤོས་དེ་ཆགས་ཡོད། དེས་ན་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་འཛམ་གླིང་འདིའི་ཐོག་སྤོབས་པ་མཐོན་པོའི་ཐོག་ནས་བཤད་ཐུབ་པ་ཞིག་ཡོད།
དེང་སྐབས་ཚན་རིག་པའི་ནང་ནས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་གཟུགས་ཅན་གྱི་ཆོས་གང་དང་གང་ཞིག་ཡིན་ནའང་། ཡུལ་གྱི་ངོས་ནས་མ་གྲུབ་པའི་ཐོག་མའི་བསམ་བློར་འཁོར་མཁན་དེ་རིགས་ཀྱིས་དངོས་པོ་གང་ཞིག་ཡིན་ནའང་དོན་གྱི་ངོ་བོ་ཞིག་ཡུལ་གྱི་ངོས་ནས་ཡོད་དགོས་པ་གཞིར་བཞག་གིས་བསམ་བློ་བཏང་སྟེ་རིམ་བཞིན་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་མཐར་གང་ཡང་མེད་པ་ཞིག་ཆགས་སྐབས་སེམས་ནང་ཡ་མཚན་སྐྱེ་བ་ལྟ་བུ་བྱུང་བའི་ལོ་རྒྱུས་ཡོད།
ང་ཚོའི་དབུ་མའི་གཞུང་ནས་བཏགས་དོན་འཚོལ་སྐབས་གཅིག་དུ་བྲལ་གྱི་རིགས་པ་དང་། མུ་བཞི་སྐྱེ་འགོག་གི་རིགས་པ། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་སོགས་ཀྱི་ཐོག་ནས་བཏགས་དོན་འཚོལ་བཞིན་ཡོད། དེ་ལྟར་རིམ་བཞིན་བཙལ་མཐར་མ་རྙེད་པ་དེ་མེད་པའི་དོན་མིན་པར་དངོས་པོ་དེ་དང་དེ་ཡོད་ཀྱང་། ཡོད་ལུགས་དེ་ཡུལ་གྱི་ངོས་ནས་མ་གྲུབ་པ་རེད་ཅེས་མཐའ་མའི་གཏན་འབེབས་དེ་ལྟར་དུ་བྱེད་བཞིན་ཡོད། ཡང་གཏན་ནས་མེད་པ་མིན་པར་ཕན་གནོད་འདྲེན་མཁན་ཞིག་ཡོད་པར་བརྟེན། རྐྱེན་ཉིད་འདི་པ་ཙམ་ཞེས་པའི་ཐ་སྙད་དེ་སླེབས་ཡོང་གི་ཡོད། གྲགས་པའི་དབང་གིས་ཡོད་པ་སྟེ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས།
དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་དབང་གིས་ཡོད་པ་ཡིན། །
ཞེས་གསུངས་པ་ལྟར་རྣམ་བདུན་གྱི་རིགས་པས་བཙལ་ན་རྙེད་རྒྱུ་མེད་ཅིང་། ཡོད་ལུགས་ནི་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཙམ་ཞིག་རེད། ཐོག་མར་བདག་ཅག་གི་སྟོན་པས་བཀའ་སྩལ་ཅིང་། དེ་རྗེས་ཀླུ་སྒྲུབ་ཡབ་སྲས་རྣམ་གཉིས་ལ་སོགས་པས་ཞིབ་ཚགས་ཀྱི་འགྲེལ་བཤད་གནང་ནས་གཏན་ལ་ཕབ་ཡོད།
དེང་གི་དུས་འདིར་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཡུལ་གྱི་ངོས་ནས་མེད་པ་དེ་ཉིད་མཐོང་ཞིང་། དེ་རྗེས་ཐ་སྙད་དུ་འཇོག་མཚམས་ཐད་ད་ལྟའི་ཆར་གསལ་པོ་གང་ཡང་འཇོག་མ་ཤེས་པར་ལྷག་ཡོད། དེའི་སྐོར་ངོས་རང་ཚན་རིག་པའི་དབར་སྔོན་ནས་གོ་བསྡུར་ཕྲན་བུ་བྱུང་ཡོད། བར་ལམ་ལོ་ངོ་གཅིག་གཉིས་གོང་ཀ་ལི་ཀ་ལའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ངོས་རང་སྐད་བཏང་བ་ལྟར་འགྲོ་སྐབས། གཙུག་ལག་སློབ་ཁང་དེའི་དགེ་རྒན་གྱི་ཁྲོད་དུ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་མཁས་དབང་ཞིག་འདུག་ལ། ངོས་རང་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ཏུ་དོ་སྣང་ཡོད་སྟབས། ཁོང་ལ་དུས་ཚོད་ཡོད་ཚེ་ངོས་དང་ཟུར་དུ་ཐུག་འཕྲད་བྱེད་ཀྱི་ཡིན་ཞེས་ངོས་གཉིས་ལྷོད་ལྷོད་ཐོག་ཐུག་འཕྲད་བྱས་པ་ཡིན། སྐབས་དེར་ཁོང་གིས་གཟུགས་ཅན་གྱི་ཆོས་རྣམས་ཡུལ་གྱི་ངོས་ནས་གྲུབ་མེད་ཚུལ་ཧ་ཅང་གསལ་པོ་ཞིག་གསུང་གི་འདུག །དེ་ལས་འཕྲོས་ཏེ་ཁོང་གི་གསུངས་གསལ་ལ། དངོས་པོ་གང་ཞིག་ཡིན་ནའང་དོན་གྱི་ངོས་ནས་གྲུབ་མེད་པས། དངོས་པོ་ཡོད་པའི་ཡོད་མཚམས་ནི་དེ་འཛིན་གྱི་བློ་ཡོད་པའི་རིང་ལ་དངོས་པོ་དེ་ཡོད་པ་དང་། དེ་འཛིན་གྱི་བློ་མེད་ན་དངོས་པོ་དེ་ཡང་མེད་པ་བཅས་ལྷན་ཅིག་དམིགས་ངེས་ཀྱི་འགྲོ་སྟངས་ལྟ་བུ་གསུང་གི་འདུག །
སེམས་ཙམ་པས་ཕྱི་དོན་འགོག་སྐབས་གཟུགས་སོགས་ཀྱི་ཆོས་རྣམས་ཕྱི་རོལ་ཡུལ་གྱི་ངོས་ནས་མ་གྲུབ་པར་བརྟེན་ཤེས་པའི་རང་སྣང་ངམ། རང་འཛིན་ཤེས་པའི་བག་ཆགས་སད་སྟོབས་ཀྱིས་སྣང་བ་ཙམ་ལས་ཕྱི་རོལ་དོན་དུ་གྲུབ་པ་མེད་ཅེས་སེམས་ཙམ་པས་ལྷན་ཅིག་དམིགས་ངེས་ཀྱི་རྒྱུ་མཚན་བཀོད་ནས་གསུངས་པ་དང་གཅིག་མཚུངས་བརྗོད་ཀྱི་འདུག །ཁོང་ནང་པ་མིན་ལ་ནང་པའི་དཔེ་ཆ་ཡང་བལྟས་མེད། བརྗོད་ལུགས་ནི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་གོང་རོལ་ནས་རྒྱ་གར་འཕགས་ཡུལ་དུ་ཡོད་པའི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ཞིབ་འཇུག་མཐར་ཕྱིན་གནང་ནས་གཏན་ལ་ཕབ་སྟེ་གསུངས་ཡོད། དེ་ནི་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་སུ་གཅིག་ལའང་འདི་ལྟར་བརྗོད་རྒྱུ་མེད། པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་དག་ལའང་འདི་ལྟར་གསུང་རྒྱུ་མེད། འདི་ལྟར་བརྗོད་རྒྱུ་ཡོད་པ་ང་ཚོ་བོད་མི་གཅིག་པུ་རེད་འདུག །དེ་དག་གི་འགྲེལ་བཤད་ཀྱང་བོད་ཡིག་གཅིག་པུ་ཡིན་པ་ལས། སྐད་ཡིག་གཞན་དག་སུ་གཅིག་གི་ནང་དུ་འདི་ལྟར་གསལ་མེད། རིང་མིན་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་དུ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་རྣམས་དང་ལྷན་དུ་ཚན་རིག་ཚོགས་འདུ་ཞིག་འཚོགས་འཆར་ཐུགས་གཏན་འཁེལ་ཡོད།
གཞན་ཡང་རྟགས་མཚན་གཅིག་ནི། དེ་དག་རྒྱུ་མཚན་ཤ་སྟག་གིས་གཏན་ལ་འབེབས་བཞིན་པ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པས་སོ་ཞེས་པའི་སྐད་ཆ་ཞིག་མིན། གཞལ་བྱའི་གནས་གསུམ་ཞེས་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ལས། ཤིན་ལྐོག་གི་རིགས་འགའ་ཞིག་ལུང་ལ་བརྟེན་ནས་འགྲོ་དགོས་པ་ཡོང་གི་ཡོད། འོན་ཀྱང་། ཚད་མ་རྣམ་འགྲེལ་ལས54།
གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །
ཞེས་གསུངས་པ་ལྟར། གཙོ་བོའི་དོན་རྣམས་རིགས་པས་དཔྱད་ནས་དེ་ལྟར་གསུང་མཁན་གྱི་སྟོན་པས་གསུངས་པ་དེ་དག་ལ་ཞེ་ས་མ་ཞུས་ན། ཞལ་རྫུན་གནང་དགོས་དོན་མེད་ལ། ཁོང་ཉིད་ཚད་མའི་སྐྱེས་བུ་ཡིན་སྟབས་རང་ལ་ཤིན་ལྐོག་ཏུ་གྱུར་པའི་དོན་ཞིག་ཡིན་ནའང་དེ་ལྟར་སྟོན་མཁན་གྱི་སྟོན་པས་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་གཉིས་ལས་གཙོ་བོ་ཅུང་ཟད་ལྐོག་གྱུར་གྱི་ནང་དུ་ཡང་ཡང་དཔྱད་མཐར་མཐོང་བ་མངོན་གྱུར་གྱི་ནང་དུ་རི་རབ་གསུངས་པ་དེ་ཁྱད་མཚར་ཞིག་ཆགས་གྲབས་བྱེད་ཀྱི་འདུག །འོན་ཀྱང་ང་ཚོར་རྒྱུ་མཚན་གཅིག་ཡོད་པ་ནི། ཤིན་ལྐོག་སྟོན་པའི་གཞུང་དེ་དག་སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ་ཞིག་དགོས་ཞེས་གསུངས་ཡོད། རི་རབ་ཀྱི་རྣམ་གཞག་སྐོར་འགའ་ཞིག་ནས་གྲུ་བཞི་དང་། ལ་ལར་ཟླུམ་པོ་སོགས་མི་འདྲ་བ་ཐོན་ཡོང་གི་ཡོད། རི་རབ་ལྟ་བུ་ཤིན་ལྐོག་སྟོན་པའི་གཞུང་གི་ནང་དུ་སྔ་ཕྱི་དངོས་ཤུགས་མི་མཐུན་པ་ཡོད། དེས་ན་ཏག་ཏག་འགྲོ་གི་མེད་པ་ལྟ་བུ་ཞིག་འདུག །
ཁྱེད་རང་རྣམས་ཀྱི་ཁྲོད་དུ་མཎྜལ་འབུལ་མཁན་ཡོད་ཤས་ཆེ། མཎྜལ་སོགས་སྔོན་འགྲོ་འབུམ་ལྔ་གྲངས་གསོག་གནང་མཁན་གྱི་རིགས་རྣམས་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རང་ཡོད། ཁྱེད་རང་ཚོ་རྣམ་རྟོག་བྱེད་དགོས་དོན་མེད། ༸རྒྱལ་བ་རིན་པོ་ཆེས་རི་རབ་མེད་ཅེས་གསུང་གི་འདུག་པས། ངས་མཎྜལ་འབུལ་བཞིན་པ་འདི་དག་གང་ཞིག་བྱེད་དགོས་སམ་སྙམ་པའི་བསམ་བློ་གཏོང་དགོས་དོན་མེད། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཞེས་དང་། བདག་པོས་བཟུང་དང་མ་བཟུང་དང་། །ཞེས་སོགས་གསུངས་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཚང་མའི་ཕུན་སུམ་ཚོགས་པའམ་ལེགས་པའི་ཆ་མཐའ་དག་བློ་ཡིས་བླངས་ནས་འབུལ་བ་ནི་འགྲིགས་པ་ཞིག་ཡིན། མངོན་པ་མཛོད་པ་གསུངས་པ་ཇི་མ་ཇི་བཞིན་ཁས་བླངས་དགོས་དོན་མེད།
དེ་ལྟར་ཤིན་ལྐོག་གི་རིགས་རྣམས་ལུང་ལ་བརྟེན་དགོས་ཀྱང་། སྒྲུབ་བྱེད་མང་དུ་བཀོད་ནས་སྒྲུབ་ཀྱི་ཡོད་སྟབས། སངས་རྒྱས་ཀྱི་གསུངས་དེ་དངོས་གནས་རིགས་པས་དཔྱད་བཟོད་པ་ཞིག་རེད་འདུག །ངོས་ནས་ཆོས་ལུགས་གཞན་དང་གཞན་ལ་མ་གུས་པའི་ཐོག་ནས་ཞུ་གི་མེད། འོན་ཀྱང་རིགས་པས་དཔྱོད་སྐབས། ངོས་ཀྱི་གྲོགས་པོ་རྒྱ་གར་བའི་ཆོས་པ་ཧ་ཅང་ཡག་པོ་ཞིག་ཡོད། ཁོང་གིས་ལྷག་བསམ་རྣམ་དག་ཐོག་འཛམ་གླིང་གི་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཀོད་པར་བརྟེན་བཅུད་ཀྱི་སེམས་ཅན་དང་། འགྲོ་བ་མི་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དེ་ལྟར་དཀོན་མཆོག་གིས་བཀོད་པའི་མིའི་ཁྲོད་དུ་མི་སྡུག་ཅག་གི་རིགས་མང་པོ་ཞིག་ཡོང་གི་འདུག་པ་དེ་དག་གང་ཞིག་བྱས་ནས་བྱུང་ངམ་ཞེས་སྐད་ཆ་དྲིས་བྱུང་བར། ངོས་ནས་ཕྱེད་ཀ་རྩེད་མོ་དང་། ཕྱེད་ཀ་དངོས་གནས་ཀྱི་ཚུལ་དུ་འདི་ལྟ་བུ་ཞིག་ལས་བརྗོད་རྒྱུ་མི་འདུག་པས། ཐོག་མར་དཀོན་མཆོག་གིས་དག་ཞིང་དང་། དམྱལ་ཁམས་གཉིས་བཀོད་ཟིན་ཅིང་། དཔེར་ན་ཁང་པ་རྒྱག་པར་ཐོག་མར་ཁང་པར་སྡོད་མཁན་གྱི་མི་ཞིག་དགོས་པ་ལྟར། དམྱལ་ཁམས་སུ་འགྲོ་མཁན་མེད་ན་དམྱལ་ཁམས་བཀོད་པའི་དགོས་པ་མ་བྱུང་བར་བརྟེན་དཀོན་མཆོག་གིས་བརྩེ་བ་ཆེན་པོས་མི་ལ་རང་དབང་གི་བསམ་བློ་གཏོང་རྒྱུ་གནང་བས། ང་ཚོ་འགྲོ་བ་མི་རྣམས་ཀྱིས་རང་དབང་གི་བསམ་བློ་དེ་བེད་སྤྱོད་ལོག་པར་བཏང་བས་དམྱལ་ཁམས་སུ་འགྲོ་མཁན་ཆགས་པར་བརྟེན། དམྱལ་ཁམས་བཀོད་པའི་དགོས་དོན་ཚང་བ་རེད། དེ་མིན་དཀོན་མཆོག་གིས་མ་མཁྱེན་པ་དང་། ཡང་ན་དཀོན་མཆོག་གིས་འབ་སུ་མ་འདུས་པ་རེད་ཅེས་བརྗོད་དགོས་པ་ལྟ་བུ་ཞིག་ཡིན། གཞན་ཡང་རྒྱུ་མེད་པ་ལས་སྐྱེས་པ་དང་། མི་མཐུན་པའི་རྒྱུ་ལས་སྐྱེས་ཞེས་བརྗོད་སྐབས་མི་བདེ་བ་ཆེན་པོ་ཡོད། ང་རང་ཚོའི་མངོན་པ་ཀུན་བཏུས་ལས། གཡོ་བ་མེད་པའི་རྐྱེན་དང་། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཞེས་གསུངས་སྐབས། དངོས་གནས་དངོས་ཡོད་གནས་ཚུལ་ལ་རན་པའི་འགྲེལ་བཤད་ཅིག་བསྐྱོན་ཡོང་གི་ཡོད།
དེ་ལྟར་ང་ཚོས་འཛམ་གླིང་ཐོག་ནང་ཆོས་སྤེལ་གྱི་མེད་པར་ཡུལ་གྲུ་རང་རང་གི་ཆོས་ལུགས་དེ་རང་བྱས་ན་ལེགས་པ་ལས། ཆོས་ལུགས་བརྗེས་བསྒྱུར་བྱས་ན་ཡག་པོ་མེད་ཅེས་ངོས་ནས་རྟག་ཏུ་བརྗོད་མུས་ཡིན། དེས་ན་ཆོས་ལུགས་སྤེལ་རྒྱུའི་བསམ་བློ་གཏན་ནས་མེད། འོན་ཀྱང་ང་རང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ནང་ཆོས་ཡིན་པས། ང་ཚོས་ནང་ཆོས་བདག་པོ་རྒྱག་དགོས་པ་ཡིན། གོང་དུ་རྒས་འཁོགས་རྣམས་ཐུག་འཕྲད་བྱུང་བའི་ཁྲོད་དུ་རྨོ་ཞིག་གི་རྒལ་པར་ར་ལྤགས་དྲེག་པས་འཚོས་པ་ཞིག་གྱོན་འདུག་པས། ངོས་ནས་ར་ལྤགས་དེ་ཁྱེད་རང་གི་མི་ཐོག་ལ་བཟོས་སམ། ཡང་ན་ཕ་མའི་དུས་སྐབས་ནས་ཡོད་དམ་ཞེས་དྲིས་པར། ཕ་མའི་དུས་སྐབས་ནས་ཡོད་ཅེས་བརྗོད་ཀྱི་འདུག །འོ་ན་ར་ལྤགས་དེ་མི་རབས་ཇི་ཙམ་ཕྱིན་མིན་དྲིས་པར་གསལ་པོ་དེ་ཙམ་བརྗོད་རྒྱུ་མི་འདུག །དེ་ལྟར་ང་ཚོས་ཅ་དངོས་རྙིང་པའི་རིགས་རྣམས་ང་ཚོའི་ཕ་མའི་དུས་ཀྱི་ཡིན་ཞེས་བདག་པོ་བརྒྱབ་པ་ལྟར། ནང་ཆོས་འདི་ཉིད་ཀྱང་ང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ཡིན་པས་དེ་བས་བདག་པོ་རྒྱག་དགོས་པ་ཡིན།
འོན་ཀྱང་ང་ཚོས་ནང་པ་མིན་པ་ཞིག་ལ་ནང་པ་བྱེད་དགོས་ཞེས་ནམ་ཡང་བརྗོད་ཀྱི་མེད་ལ། འདུལ་བའི་གཞུང་ནས་ཀྱང་། མ་གསོལ་བར་མི་བྱའོ། །ཞེས་གསུངས་པ་ལྟར། ཚུར་ཆོས་འཆད་རོགས་ཞེས་མ་བརྗོད་བར་དུ་མ་ཤོད་ཅེས་གསུངས་ཡོད། དེས་ན་ཕར་ཆོས་འཆད་པར་ཕྱིན་ནས་ཆོས་ལུགས་བསྒྱུར་རྒྱུ་དེ་རིགས་གཏན་ནས་མི་འགྲིགས་པ་ཞིག་ཡིན། དེ་ལྟར་ང་ཚོ་ནང་པས་བྱས་ན་མི་འགྲིགས་ལ། ཆོས་ལུགས་གཞན་གྱིས་སྐབས་རེ་དེ་ལྟར་བྱས་ནའང་མི་འགྲིགས། ཡེ་ཤུའི་ཆོས་པ་རྣམས་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་སོགས་ཕན་ཐོགས་བྱེད་རྒྱུའི་རིགས་ཧ་ལས་པ་རེད། ཡིན་ནའང་སྐབས་རེ་ཆོས་ལུགས་བསྒྱུར་རྒྱུ་ཕྲན་བུ་ཡོང་གི་ཡོད་པ་དེ་དག་གིས་སྐབས་རེ་རྙོག་དྲ་ཡོང་གི་ཡོད།
དེ་ལྟར་ཆོས་ལུགས་གཞན་རྣམས་ནི། བོད་པའི་གཏམ་དཔེར། རང་གི་སྒྲོལ་མ་རང་གིས་འདོན། །ཞེས་པ་ལྟར། རང་རང་གིས་ཐུགས་སྣང་དང་། ཐུགས་ཁུར་བཞེས་བཞིན་ཡོད་པས་ཧ་ཅང་ཡག་པོ་རེད། འཛམ་གླིང་འདིའི་ཐོག་ཡོད་པའི་མི་དུང་ཕྱུར་མང་པོ་ཞིག་གིས་ཆོས་ལུགས་སོ་སོར་དད་པ་རྩེ་གཅིག་ཏུ་བྱས་ཏེ་འགྲོ་བཞིན་ཡོད་པས། དེ་དག་ལ་ང་ཚོས་བྱུས་ཏོག་དེ་ཙམ་མེད། ཆོས་ལུགས་དེ་དག་གིས་མིག་མཐོང་ལག་ཟིན་ལྟར་མི་ལ་ཕན་ཐོགས་ཡོད་ལ། ཆོས་ལུགས་དེ་དག་ལ་ཉམས་ལེན་བསམ་པ་རྣམ་དག་བྱེད་མཁན་དེ་རིགས་ནི་སེམས་དུལ་ཞིང་། བྱམས་པ་དང་སྙིང་རྗེ་ལྡན་པ། བཟོད་སྲན་ཆེ་བ། ཆོག་ཤེས་མང་བ། འུ་ཐུག་གི་གནས་སྐབས་སུའང་རེ་བ་གཏན་བརླག་ཏུ་མ་སོང་བ་སོགས་ཡོང་གི་ཡོད། དེས་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་དང་། ལྷག་པར་བཅོས་སུ་མེད་པའི་སྡུག་བསྔལ་ཡོང་སྐབས། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ལ་ཡིད་ཆེས་ཀྱིས་བློ་བཅོལ་ཏེ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གིས་མཁྱེན་བསམ་པ་ལྟ་བུ་བྱེད་སྐབས་བློ་ལ་ངལ་གསོ་ཐོབ་པ་ལྟ་བུའི་ཕན་ཐོགས་ཡོང་གི་ཡོད།
སྤྱི་ཚོགས་ནང་ལ་ཆ་མཚོན་ན། (Mother Teresa) མ་ཐར་ཀྲེ་རི་ས་ལྟ་བུ་ནི་དངོས་གནས་ཉམ་ཐག་ཅིང་། དབུལ་ཞིང་ཕོངས་པའི་གང་ཟག་སྐྱབས་མེད་མགོན་མེད་རྣམས་ལ་ཞབས་འདེགས་ཇི་ལྟ་བུ་ཞིག་བསྒྲུབས་ཡོད་དམ། བྱམས་དང་སྙིང་རྗེས་ཀུན་ནས་བསླངས་པ་དང་། དེ་བཞིན་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གིས་བཀོད་པ་གཅིག་གྱུར་ལ་བལྟས་ཏེ་དཀོན་མཆོག་གི་ཞབས་འདེགས་བསྒྲུབས་པ་ཡིན་སྙམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དེ་དག་ནི་ཧ་ཅང་རླབས་ཆེན་ཡིན། ཕན་ཐོགས་ཡོད་པས་ཡག་པོ་རེད།
ཆོས་ལུགས་ཕན་ཚུན་དབར་ཚང་མས་གུས་ཞབས་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན། དད་པ་བྱ་རྒྱུ་ནི་རང་ཉིད་ཀྱི་ཆོས་ལུགས་ལ་བྱེད་དགོས་པ་ལས། ཆོས་ལུགས་གཞན་ལ་དད་པ་བྱ་རྒྱུ་ཞིག་མིན། གུས་ཞབས་ནི་ཆོས་ལུགས་ཚང་མར་བྱེད་དགོས་པ་ཞིག་ཡིན། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་ཡོད། དཔེར་ན། ངོས་རང་ལ་ཆ་མཚོན་ན། ཡེ་ཤུ་དང་། ཧིན་དྷུ། ཁ་ཆེ། འཇིའུ་སོགས་ཀྱི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། དེ་དག་ཧ་ཅང་ཡག་པོ་རེད་སྙམ་གྱི་ཡོད། ཆོས་ལུགས་དེ་དག་གིས་མི་འབུམ་ཕྲག་མང་པོར་ཕན་ཐོགས་ཡོད་པས་ཡག་པོ་རེད། སྐབས་རེ་བསམ་བློ་གུ་དོག་པ་དང་། འབྲེལ་བ་ཉུང་དྲགས་པའི་དབང་གིས་མགོ་རྙོག་ཕྲན་བུ་རེ་ཡོང་གི་ཡོད། དེ་ནི་ཆེས་ཉུང་ཤས་ཡིན་པར་མ་ཟད། དེ་དག་ཀྱང་ང་ཚོ་ཕན་ཚུན་འབྲེལ་བ་ཉུང་དྲགས་པའི་སྐྱོན་ཡིན་པ་ལས། འགལ་བ་ཆེ་བ་གང་ཡང་མེད། དེས་ན་ཚང་མར་གུས་ཞབས་བྱེད་བཞིན་ཡོད་ལ། དེ་ལྟར་གུས་ཞབས་བྱ་རྒྱུ་གལ་གནད་ཆེན་པོ་རེད་འདུག །
འོན་ཀྱང་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་། ནང་པ་འདྲ་འདྲའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་གཞན་དང་མི་འདྲ་བ་ཞིག་ཡོད་པ་དང་། དེ་ཡང་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་གང་དུའང་བརྟག་དཔྱད་ཞིབ་འཇུག་བྱས་པའི་ཐོག་ནས་ཡིན་ལུགས་ཀྱི་རྣམ་གཞག་གཏན་ལ་འབེབས་མཁན་ཞིག་དང་། ཡིན་ལུགས་ཀྱི་རྣམ་གཞག་དེ་ཡང་ཕྱིའི་ཤེས་བྱ་གཏན་ལ་ཕབ་པ་ཙམ་མིན་པར། ནང་གི་ཉོན་མོངས་པའི་སེམས་དང་། ཉོན་མོངས་དང་འབྲེལ་བ་ཇི་ལྟར་དུ་ཡོང་མིན་སོགས་ལ་ཧ་ཅང་ཞིབ་ཚགས་ཀྱིས་གཏན་ལ་ཕབ་ཡོད། དེར་བརྟེན་རྒྱུ་མཚན་ལ་བསམ་བློ་བཏང་ནས་བྱས་ན་སངས་རྒྱས་པའི་ཆོས་སྤྱི་དང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་ནི་རྣམ་དཔྱོད་ཅན་གྱི་མཁས་པ་ཤ་སྟག་རེད་འདུག །དེ་ཡང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གི་གཞུང་ལུགས་རྣམས་ལ་ལེགས་པར་བལྟས་ཚེ་ཤེས་རྟོགས་ཐུབ་པ་ཞིག་ཡིན།
༦༽ ནཱ་ལེནྡྲའི་སྲོལ་བཟང་དང་། ཚན་རིག་གི་གལ་གནད།
ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ལེགས་སྦྱར་གྱི་གཞུང་ནང་ཡོད་པའི་སངས་རྒྱས་ཀྱི་གསུང་བདེན་བཞི་གསུངས་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པར་སྒྲུབ་མཁན་གྱི་སྒྲུབ་བྱེད་མཐིལ་ཕྱིན་པ་དེ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ཡོད་པ་ལས། པཱ་ལིའི་སྐད་ཡིག་ཐོག་ཡོད་མེད་ཐེ་ཚོམ་གྱི་གཞི་ཡིན། དེས་ན་ལེགས་སྦྱར་གྱི་ཐོག་ཏུ་གནས་པའི་གཞུང་རྣམས་ཧ་ལས་པའི་གལ་གནད་ཆེན་པོ་རེད་འདུག །དེར་བརྟེན་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ལེགས་སྦྱར་སྐད་ཡིག་གི་ཆོས་བརྒྱུད་འཛིན་མཁན་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་གི་རྒྱུན་བཟང་ཉམས་མེད་འཛིན་རྒྱུ་དེ་བོད་པའི་ལས་འགན་རེད་འདུག །དེ་ཡང་། ཚད་མ་རྣམ་འགྲེལ་ལས55།
ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །
ཞེས་གསུངས་པ་ལྟར། ཐོག་མར་རང་ཉིད་ཀྱིས་རྣམ་རྟོག་ཡོངས་སུ་རྫོགས་པ་བསུས་པའམ། དོགས་པ་དང་ཐེ་ཚོམ་གྱི་རིགས་རྣམས་སྔོན་བསུས་ཀྱིས་ནང་པའི་གཞུང་ནས་གསུངས་པ་དེ་དག་གི་ཐོག་ཏུ་ཪིག་པའི་རྒྱ་བསྐྱེད་ནས་ང་རང་ཚོའི་ལོ་ངོ་སྟོང་ཕྲག་གི་རིང་ལ་དཔེ་ཆའི་ནང་དུ་གསུངས་པ་ཁོ་ནར་བསྐོར་བ་བརྒྱབ་ནས་བསྡད་པ་དང་། འུ་ཐུག་པའི་སྐབས་སུ་ལུང་ཞིག་དྲངས། ལུང་གཅིག་གི་རྗེས་སུ་ལུང་གཞན་ཞིག་དྲངས། ལུང་དྲངས་པའི་རྗེས་སུ་དམ་བཅའ་བས་ཁས་ལེན་གློད་ན་ཚ་ཞིག་བརྒྱབ་པའི་ཐོག་ཏུ་བཞག་ན་གཏན་ནས་འགྲིག་ཐབས་མེད། དཔེ་ཆའི་ནང་དུ་གསུངས་པ་རྣམས་ལྡེ་མིག་ལྟར་བྱས་ཏེ་དེ་ལས་ཚད་བརྒལ་ནས། གོང་དུ་བཤད་མ་ཐག་པ་བཞིན་དེང་སྐབས་དངོས་སུ་འཛམ་གླིང་འདིའི་ཐོག་བརྗོད་བཞིན་པ་དང་། གྲགས་ཤིང་གྲུབ་པའི་གནས་ཚུལ་རྣམས་དང་མི་འགལ་བའི་ཐོག་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ལས། ང་རང་ཚོ་ལུང་ཁས་ལེན་མཁན་ནང་ཚགས་ལ་ལུང་མང་པོ་ཞིག་བསྐོར་བ་བརྒྱབ་ནས་ལོ་ངོ་སྟོང་ཕྲག་མང་པོ་འདི་ལྟར་དུ་བསྡད་པ་རེད། དེས་ཕན་ཐོགས་ཆེ་བ་གང་ཡང་མེད།
དེ་རིང་འདིར་ངོས་ནས་བརྗོད་འདོད་པ་ཞིག་ལ། གདན་ས་ཁག་གི་ནང་ནས་སློབ་ཕྲུག་དྲག་སྒྲུག་བརྒྱབ་ནས་ཚན་རིག་སློབ་སྦྱོང་བྱེད་རྒྱུའི་འགོ་བཙུགས་ནས་ལོ་ཤས་ཕྱིན་པ་རེད། མུ་མཐུད་སློབ་སྦྱོང་འདི་ཉིད་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་། ཚན་རིག་གི་གནས་ཚུལ་ཆ་ཚང་མགོ་ཚོས་པ་ཞིག་བྱ་རྒྱུ་གལ་གནད་ཆེན་པོ་ཡིན། ཚན་རིག་ལོ་རེ་བཞིན་དུ་ཡར་རྒྱས་འགྲོ་བཞིན་ཡོད་པར་མ་ཟད། ཟླ་རེ་བཞིན་དུ་གནས་ཚུལ་གསར་པ་ཤེས་རྟོགས་ཡོང་གི་ཡོད། ང་ཚོས་དེ་དག་ཆ་ཚང་ཤེས་རྟོགས་ཐུབ་པའི་ཐོག་ནས་གོམ་པ་མདུན་སྤོས་བྱེད་དགོས།
དེ་ཡང་ཚན་རིག་གི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་ཅེས་བརྗོད་མཁན་སུ་གཅིག་ཀྱང་མེད། ལྷག་པར་ཚན་རིག་པ་རྣམས་ནི་བློ་གཟུ་བོར་གནས་པ་ཡིན་པས་ཚན་རིག་པ་རྣམས་ཀྱིས་མཐོང་བ་དེ་དག་ཁས་བླངས་ཤིང་། མ་མཐོང་བ་རྣམས་ཐེ་ཚོམ་གྱི་ངང་དུ་འཇོག་པ་ལས་མེད་ཅེས་བརྗོད་ཀྱི་མེད། དེ་ལྟར་བློ་གཟུ་བོར་གནས་པའི་ཚན་རིག་པ་དེ་དག་གིས་རྒྱང་འཕེན་པ་ལྟར་དུ་སྐྱེ་བ་སྔ་ཕྱི་མེད་པར་ཐག་མི་གཅོད་པར་སྐྱེ་བ་སྔ་ཕྱི་ནི་ཐེ་ཚོམ་རེད་ཅེས་བརྗོད་ཀྱི་ཡོད། དེས་ན་ཐེ་ཚོམ་གྱི་དྲ་བར་གནས་པ་དེ་དག་ལ་ང་རང་ཚོ་སྐྱེ་བ་སྔ་ཕྱི་འདོད་མཁན་རྣམས་ཀྱིས་ནམ་རྒྱུན་ཚད་མ་རྣམ་འགྲེལ་དང་། དབུ་མ་སྙིང་པོ་སོགས་རིགས་པ་སྟོན་ཚུལ་མི་འདྲ་བའི་གཞུང་འགའ་ཞིག་ཡོད་པ་དེ་དག་ལྡེ་མིག་གི་ཚུལ་དུ་བྱས་ཤིང་། དེ་ནས་རིག་པ་རྒྱ་བསྐྱེད་དེ་འགྲོ་དགོས་པ་ཡིན།
༧༽ སེམས་ཀྱི་རྣམ་གཞག་དང་། ཚན་རིག་པའི་ཤེས་ཚད།
དེ་ཡང་ད་ལྟ་ཚན་རིག་པས་ཤེས་པའི་རྣམ་གཞག་གི་གོ་བ་རྣམས་ཧ་ཅང་རགས་པ་ཡིན་ཅིང་། དཔེར་ན། རྟོག་པ་དང་རྟོག་མེད་གཉིས་ཀྱི་རྣམ་དབྱེ་ད་དུང་མི་ཕྱེ་ཞིང་། དེ་བཞིན་ཚད་མ་དང་ཚད་མིན་གྱི་དབྱེ་བ་ཡང་ཕྱེ་གི་མེད་པས་དེ་དག་ནི་ཧ་ཅང་རགས་པ་རེད། རྟོག་པ་རྟོག་མེད་དེ་ཙམ་ཞིག་ཡིན་ནའང་། ཚད་མ་དང་ཚད་མིན་གཉིས་ཀྱིས་ང་ཚོར་ཕན་གནོད་ཤུགས་ཆེ་འདྲེན་གྱི་ཡོད། འཛམ་གླིང་འདིའི་ཐོག་བྱིས་པ་ལོ་གཉིས་གསུམ་ཙམ་ནས་སློབ་སྦྱོང་སྤྲོད་པ་ནི་ཡང་དག་པའི་བློ་སྐྱེ་བ་དང་། ཚད་མའི་བློ་སྐྱེ་ཐབས་སུ་སློབ་སྦྱོང་སྤྲོད་བཞིན་ཡོད། དེ་ཡང་མི་ཚེ་འདི་ཉིད་ཇི་ལྟར་དུ་སྐྱེལ་དགོས་མིན་དང་། འཕྲོད་བསྟེན་ཇི་ལྟར་བྱེད་དགོས་པ། དཔལ་འབྱོར་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་སློབ་སྦྱོང་སྤྲོད་པའི་དགོས་དོན་ནི། དོན་ལ་མི་གནས་པའི་བློ་རྣམས་སེལ་ཞིང་། དོན་ལ་གནས་པའི་བློ་གསར་པ་སྒྲུབ་བཞིན་ཡོད། དེས་ན་ང་རང་ཚོའི་གཞུང་ནས་གསུངས་པ་དེ་དག་གིས་རྒྱ་བསྐྱེད་ནས་འགྲོ་དགོས་པ་ཡིན།
ཚད་མ་དང་ཚད་མིན་གཉིས་ལ་ཚན་རིག་པས་ད་ལྟ་དོ་སྣང་བྱེད་ཀྱི་མེད། ངོས་ནས་འདི་ལྟར་བརྗོད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་སྒྲུབ་རྒྱུ་དང་། ཚན་རིག་པ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་ཞེས་ངོས་ནས་ནམ་ཡང་བརྗོད་ཀྱི་མེད། དེ་ནི་གནས་ཚུལ་ཐ་དད་ཡིན། སྐྱེ་བ་སྔ་ཕྱིའི་ཐོག་སླེབས་སྐབས་དེ་ནི་ནང་པའི་གནས་ཚུལ་ཡིན་པ་ལས། ཚན་རིག་པ་རྣམས་ཀྱི་ཇུས་གཏོགས་བྱེད་ཡུལ་ཞིག་མིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ནང་པས་མཚོན་སྐྱེ་བ་སྔ་ཕྱི་འདོད་མཁན་ཞིག་གིས་དེ་དག་གི་ཐོག་ལ་ཉམས་ཞིབ་བྱེད་དགོས་པ་ཞིག་ཡིན། དེས་ན་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དང་། སྔ་ཕྱི་མེད་ན་འགལ་བ་གང་དག་ཡོད་པ་དང་། གནོད་པ་གང་དག་ཡོང་གི་ཡོད་མེད་སོགས་ཀྱི་ཐོག་ལ་ལེགས་བཤད་གསར་པ་བརྩམས་ནས་ཐོན་དགོས་པ་ཡིན།
དེ་བཞིན་ཐར་པ་སྒྲུབ་པ་སྟེ། དེ་ནི་ཉོན་མོངས་ཀྱི་སྟེང་ནས་སྐད་ཆ་བཤད་དགོས་པར་བརྟེན། ཅུང་ཟད་ལས་སླ་བ་མེད་དམ་སྙམ། དེ་དག་ཚང་མ་འཁྲིད་ས་རྟེན་འབྱུང་གི་ལྟ་བའི་ཐོག་ཏུ་འཁྲིད་ཡོང་གི་ཡོད། རྟེན་འབྱུང་གི་ལྟ་བར་དེང་སྐབས་ཚན་རིག་པ་དངོས་ཁམས་རིག་པ་ཕྲ་ཞིང་ཕྲ་བ་ཤོད་མཁན་རྣམས་ཀྱིས་རྒྱབ་སྐྱོར་ཆ་ཚང་སླེབས་ཀྱི་ཡོད། དཔེར་ན། ཕུང་པོ་ལས་དོན་གཞན་པའི་བདག་མེད་པ་སྟེ། ཕུང་པོའི་ནང་ནས་རང་རྐྱ་བའི་བདག་མེད་པ་ཞིག་ཚན་རིག་པས་གང་འཚམ་བརྗོད་བཞིན་ཡོད། དེས་ན་ཚན་རིག་པས་ཚུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ནང་པའི་གཞུང་དང་མཐུན་ཡོང་གི་ཡོད།
༨༽ རྟེན་འབྲེལ་ལྟོས་གྲུབ་དང་། གསར་རྩོམ་གྱི་གལ་གནད།
ལོ་ངོ་བཅུ་ཕྲག་གོང་རྒྱ་གར་བའི་ཚན་རིག་པ་མཁས་དབང་སྟེ། དངོས་ཁམས་རིག་པ་སྨྲ་བ་སྙན་གྲགས་ཅན་ཞིག་ཡོད་པ་ཁོང་སྐབས་ཤིག་ལྡི་ལིར་ཚོགས་འདུའི་སར་མཉམ་འཛོམས་བྱུང་ཞིང་། བར་སྐབས་ཤིག་ལ་ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུང་ཞིག་མཇལ་བྱུང་བས། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་རྣམས་ཆོས་ལུགས་གཞན་དང་གཏན་ནས་མི་འདྲ་བ་ཞིག་འདུག་ཅེས་གསུངས་བྱུང་། ཁོང་ནི་དངོས་ཁམས་རིག་པ་ལས་རྡུལ་ཕྲ་མོ་སྟེ། ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) ཐོག་ལ་མཁས་པ་ཞིག་རེད། དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) ནང་དུ་རྡུལ་ཕྲ་མོའི་སྐོར་ལ་བཤད་པ་སྟེ། མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ནང་རང་བཞིན་མེད་པའམ་དངོས་པོ་ཚུགས་ཐུབ་པའི་རང་བཞིན་མེད་པའི་སྐོར་ཧ་ཅང་གསལ་པོ་འདུག་པས་ཡ་མཚན་ཆེན་པོ་སྐྱེས་བྱུང་། དེང་སྐབས་དུས་རབས་ཉི་ཤུ་པའི་ནང་གསར་དུ་ཚན་རིག་པ་རྣམས་ཀྱིས་ཤེས་པ་ཞིག་མགོན་པོ་ཀླུ་སྒྲུབ་སོགས་རྒྱ་གར་གྱི་མཁས་དབང་དེ་དག་གིས་ལོ་ངོ་ཉིས་སྟོང་གི་གོང་རོལ་ནས་མཁྱེན་རྟོགས་ཐུབ་པ་དེ་ནི་ཧ་ལས་པ་ཞིག་རེད་ཅེས་གསུངས་བྱུང་། དེ་ལྟ་བུའི་ང་རང་ཚོའི་མཐུན་ཕྱོགས་མང་པོ་ཞིག་ཀྱང་སླེབས་བཞིན་ཡོད།
རྟེན་འབྲེལ་ལྟོས་གྲུབ་ཅེས་པ་དེ་སངས་རྒྱས་པའི་དབུ་མའི་གཞུང་ནས་དེང་དུས་ཀྱི་ཚན་རིག་པའི་ཐོག་ལ་ཕར་ཞལ་འདེབས་འབུལ་རྒྱུའི་ནུས་པ་ཆེ་ཤོས་ཤིག་མིན་ནམ་སྙམ། ཚན་རིག་པས་དངོས་པོའི་རང་བཞིན་ཕར་རིམ་བཞིན་འཚོལ་སྐབས་རྙེད་རྒྱུ་མེད་པ་ཞིག་བརྗོད་ཀྱི་ཡོད། རྙེད་རྒྱུ་མེད་པའི་ཐོག་ཏུ་བཏགས་ཡོད་དང་། དེའི་ནང་ཚན་ནས་བཏགས་ཡོད་མིང་རྐྱང་ཙམ་ཞེས་པའི་གོ་བ་དེ་སླེབས་མ་ཐུབ་ན་མེད་ཅེས་པའི་སྟེང་དུ་འགྲོ་གི་ཡོད། དེ་ལ་དབུ་མའི་གཞུང་ནས་ཞལ་འདེབས་ཆེན་པོ་རྒྱག་ཐུབ་པ་ཞིག་མིན་ནམ་སྙམ།
དེས་ན་ཐར་པ་སྒྲུབ་ཐུབ་ན་ཐམས་ཅད་མཁྱེན་པ་བསྒྲུབ་རྒྱུ་ལས་སླ་པོ་ཡིན། དེར་བརྟེན་ཐར་པ་སྒྲུབ་པའི་རིགས་པ་དང་། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་སོགས་ཀྱི་ཐད་ལ་གཞུང་ལུགས་གསར་པ་རྩོམ་མཁན་ཞིག་བྱུང་ན་སྙམ་པ་དྲན་གྱི་འདུག །ངོས་ནས་ཤེས་ཀྱི་མེད་ཀྱང་། ཕྱི་རྒྱལ་ཡུལ་ཁག་ཏུ་སློབ་གཉེར་བྱེད་མཁན་འགའ་ཞིག་ཡོད་ལ། ཪིམ་བཞིན་ཚན་རིག་སློབ་སྦྱོང་བྱ་རྒྱུའི་རིགས་རྣམས་རང་གར་ཤེས་བྱའི་རྣམ་གྲངས་བསླབས་པ་ལྟ་བུ་ཞིག་མིན་པར་ཚད་མའི་གཞུང་ལ་ཆ་མཚོན་ན། སློབ་དཔོན་དབྱིག་གཉེན་སོགས་ཀྱི་རྗེས་སུ་བྱུང་བའི་མུ་སྟེགས་པའི་འདོད་ཚུལ་འགའ་ཞིག་ལ་སློབ་དཔོན་ཕྱོགས་གླང་གིས་དགག་པ་བསྐྱོན་པ་དང་། ཡང་སློབ་དཔོན་ཕྱོགས་གླང་གི་རྗེས་སུ་མུ་སྟེགས་པའི་སྟོན་པ་གསར་པ་རྣམས་ལ་རིག་པ་གསར་རྙེད་བྱུང་བ་དེ་དག་ལ་དཔལ་ལྡན་ཆོས་གྲགས་ཀྱིས་གསལ་བཤད་དང་དགག་བཞག་གནང་བ་ལྟ་བུ་ཆགས་ཡོད། དེ་དག་གི་ནང་དུ་མ་གསལ་ཞིང་། དུས་ཕྱིས་སུ་བྱོན་པའི་མུ་སྟེགས་པའི་མཁས་པས་མཛད་པ་རྣམས་ལ་ཕལ་ཆེར་མཁན་ཆེན་ཞི་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་ནང་དུ་དགག་བཞག་མང་བ་གསལ་ཡོད་འདུག །དེ་ལྟར་སྔར་གྱི་ལོ་རྒྱུས་ཐོག་རྒྱ་གར་གྱི་སློབ་དཔོན་དེ་དང་དེའི་སྐུ་དུས་སུ་མེད་ཅིང་། ཕྱིས་སུ་རིག་པ་གསར་པ་རྙེད་པ་དེ་དག་ལ་རྗེས་སུ་བྱོན་པའི་ནང་པའི་སློབ་དཔོན་དེ་དག་གིས་དག་སེལ་དང་། དགག་སྒྲུབ་གནང་བ་བྱུང་ཡོད།
ད་ཆ་དུས་རབས་ཉེར་གཅིག་པའི་སྐབས་འདིར་ང་ཚོས་སྔར་གྱི་ལྟ་བ་དེ་དག་གི་སྐོར་བརྗོད་རྒྱུར་དཀའ་རྙོག་དེ་ཙམ་མེད་ཀྱང་། དེང་དུས་ཚན་རིག་པའི་ཐོག་ནས་ནང་པ་ལ་དགག་པ་བརྒྱབ་པ་མིན་ནའང་། བཤད་ཚུལ་མི་འདྲ་བ་ཡོད་པ་རྣམས་ལ་ནང་པ་ཞིག་གི་ངོས་ནས་ནང་པའི་རང་ལུགས་འཛིན་ནས་འགྲོ་ལུགས་འདི་ལྟར་ཡིན་ཞེས་པའི་འགྲེལ་བཤད་ངེས་པར་དུ་དགོས་པ་ཞིག་རེད་འདུག །འདིར་དགེ་འདུན་པ་མང་པོ་ཞིག་ཡོད་པར་བརྟེན། དེ་དག་ཁྱེད་རང་ཚོའི་སེམས་སུ་ངེས་པར་བྱེད་དགོས།
མ་གཞི་སྔར་ནས་ངོས་ཀྱིས་སྐབས་རེ་རྟགས་གསལ་གཏོང་སྐབས་ལུང་ལ་གཏན་ནས་མ་བརྟེན་པར་རིགས་པ་ཁོ་ནའི་ཐོག་ནས་སྒྲུབ་རྒྱུའི་རིགས་ལ་སྦྱོང་བརྡར་བྱས་ན་ལེགས་ཞེས་སྔར་ནས་ལན་མང་བརྗོད་ཟིན་པ་ཡིན། དེས་ན་ལོ་ངོ་སྟོང་ཕྲག་གི་རིང་ལ་བསྐྱར་ལྡབ་ཡང་ལྡབ་བྱས་པའི་ཐོག་ཏུ་མི་འཇོག་པར་ཅུང་ཟད་རྒྱ་བསྐྱེད་ནས་བསམ་བློ་གཏོང་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད་འདུག །ངོས་ལ་ཆ་མཚོན་ན་དེ་ཙམ་ཤེས་ཀྱི་མེད་ཀྱང་། ང་ཚོར་རྒྱུ་ཆ་ཏན་ཏན་ཡོད་པ་ཞིག་དང་། བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཞིག་ཡོད་པ་ལྟ་བུ་འདུག །དེས་ན་བསམ་བློ་བཏང་ནས་དཔྱད་པ་བྱེད་མིན་ལ་ཐུག་ཡོད། དཔྱད་པ་བྱས་ན་དཔྱོད་པའི་སྒོ་ནང་པའི་གཞུང་ལུགས་དེ་དག་ནས་ཧ་ལས་པ་ཞིག་གསུངས་ཡོད་འདུག །འདི་དག་གི་སྐོར་ཞུས་ན་སྙམ་པ་ཞིག་བྱུང་།
༩༽ གཟུར་གནས་བློ་ལྡན་དང་། ཕྱོགས་ལྷུང་གི་ཉེས་སྐྱོན།
གཟུ་བོའི་བློས། ཞེས་པ་ནི་བློ་གཟུ་བོར་གནས་པ་སྟེ། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས56། སྣོད་ལྡན་སློབ་མའི་མཚན་ཉིད་གསུང་སྐབས།
གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །
ཅེས་གསུངས་པ་ལྟར། བློ་གཟུ་བོར་གནས་པ་ཞིག་དགོས་པ་དང་། བློ་གཟུ་བོར་མི་གནས་པར་ཕྱོགས་སུ་ལྷུང་སྟེ། རང་ཕྱོགས་ལ་ཆགས་ཤིང་། གཞན་ཕྱོགས་ལ་སྡང་སེམས་བྱེད་པ་ལྟ་བུའི་ཐོག་ཏུ་ཕྱིན་ན། རང་ཉིད་ཀྱི་ཞེན་ཆགས་བྱེད་ཡུལ་དེའི་སྐྱོན་ཡང་སྐྱོན་དུ་མི་མཐོང་ཞིང་། ཕ་རོལ་པོའི་ཡོན་ཏན་ཡང་ཡོན་ཏན་དུ་མ་མཐོང་བ་ཡོང་བར་བརྟེན། ཐོག་མར་བློ་གཟུ་བོར་གནས་དགོས་པར་གསུངས་ཡོད། དེ་ཡང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་ལས57།
ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །
ཞེས་གསུངས་པ་བཞིན་བློ་ཕྱོགས་ལྷུང་ཅན་གྱིས་རང་ཉིད་ཀྱི་རྣམ་རྟོག་གིས་བསླད་དེ་བདེན་དོན་ཡང་དག་མཐོང་མི་ཐུབ། དཔེར་ན། རྒྱ་མི་གུང་ཁྲན་པ་རྣམས་རྣམ་རྟོག་གིས་བསླད་པར་བརྟེན་ང་ཚོས་གང་ཞིག་བྱས་པ་དེ་དག་སྐྱོན་འབའ་ཞིག་ཏུ་མཐོང་གི་ཡོད། ཡང༌ང་ཚོ་བོད་རིགས་ཁོང་ཁྲོ་དང་འཁོན་འཛིན་གང་འཚམ་ཡོད་མཁན་ཞིག་གིས་རྒྱ་མིས་བྱེད་ཚད་སྐྱོན་དུ་མཐོང་གི་ཡོད། དེ་དག་ནི་བློ་གཟུ་བོར་མི་གནས་པའི་རྟགས་རེད། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་ལས58།
གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །
ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །
དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །
སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །
ཅེས་གསུངས་པ་ལྟར། བློ་ཕྱོགས་སུ་ལྷུང་སྟེ་སོ་སོའི་རྣམ་རྟོག་གིས་བསླད་ནས་དོན་ཡང་དག་པའམ་དོན་དངོས་ཤེས་མི་ཐུབ། དཔེར་ན། མིག་ཤེལ་ཚོན་མདོག་མི་འདྲ་བ་ཞིག་བརྒྱབ་ཡོད་ན་དོན་དངོས་ཀྱི་ཚོན་མདོག་དེ་ཉིད་ཇི་མ་ཇི་བཞིན་ཤེས་རྟོགས་ཐུབ་མེད། དོན་དངོས་ཀྱི་ཚོན་མདོག་གང་ཡིན་ཤེས་རྟོགས་ཐུབ་པ་ལ་སྔོན་དུ་མིག་ཤེལ་ཚོན་མདོག་མི་འདྲ་བ་མེད་པ་ཞིག་གིས་བལྟ་དགོས་པ་བཞིན། བློ་གཟུ་བོར་གནས་རྒྱུ་ཧ་ཅང་གལ་ཆེ་ཞིང༌། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ལ་ཡང་བློ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས་ན་བདེན་དོན་ཤེས་ཐུབ། སོ་སོའི་རྣམ་རྟོག་གིས་འདི་སྐྱོན་རེད་ཅེས་ཐག་བཅད་ནས་དེའི་ངོས་ནས་བལྟས་ན་སྐྱོན་ལས་གཞན་མི་མཐོང་ལ། ཡང་འདི་ཡོན་ཏན་རེད་ཅེས་ཐག་བཅད་ཟིན་ན་གང་དུ་བལྟས་ཀྱང་ཡོན་ཏན་དུ་མཐོང༌བས་ན། བློ་གཟུ་བོར་མི་གནས་པ་ཆགས་ཡོད།
དཔེར་ན། སངས་རྒྱས་པའི་ཆོས་པ་ཞིག་གིས་ནང་པ་སངས་རྒྱས་པའི་གཞུང་ནས་གསུངས་པ་དེ་ཁོ་ན་བདེན་པ་ཡིན་ཞེས་རང་ལྟ་མཆོག་འཛིན་ལྟར་དུ་དཔྱད་པ་བྱས་ན་ཡོང་ཐབས་གཏན་ནས་མེད། གོང་ཞུས་ལྟར་ཐོག་མར་རི་རབ་ཡོད་ནའང་ཡོད། མེད་ནའང་མེད། ཉི་ཟླ་གཟའ་སྐར་རྣམས་ཀྱང་མངོན་པ་མཛོད་སོགས་ནས་གསུངས་པ་ལྟར་ཡིན་ནའང་ཡིན། མིན་ནའང་མིན་ཁྱད་པར་གང་ཡང་མེད། ཐོག་མར་དཔྱད་པ་ཁོ་ནའི་ཐོག་ནས་འགྲོ་རྒྱུ་དེ་གལ་གནད་ཆེ། དཔེར་ན། མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་དེ་དག་གིས་གཞན་ལྟ་ཅི་སྨོས། བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ནའང་། དཔྱད་པའི་གཞི་ལ་བཞག་ནས་ལུང་འདིས་དོན་འདི་ལྟར་བསྟན་ཡོད། ཅེས་གསུངས་པའི་ཕྱིར་མ་གསུངས་པར། བཅོམ་ལྡན་འདས་ཀྱི་བཀའ་ལའང་དགག་བྱ་དང་དགོས་པའི་དབང་གིས་མི་འདྲ་བ་ཡོད་ཅེས་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་དཔྱད་པ་འདི་ལྟར་དུ་གནང་ཡོད་ལ། ང་རང་ཚོས་ཀྱང་དེ་བཞིན་བྱས་ཏེ་དུས་རབས་ཉེར་གཅིག་པ་འདི་ཉིད་ཀྱི་ནང་དུ་རིག་གསར་གྱི་མཐོང་ཚུལ་གསར་པ་དང་། འགྲེལ་བཤད་གསར་པ་ཞིག་སླེབས་ནས་རི་རབ་ཡོད་པར་སྒྲུབ་ཐུབ་ཐབས་མེད་ལ། རི་རབ་ཡོད་པར་སྒྲུབ་དགོས་དོན་ཡང་མེད། རི་རབ་ཡོད་མེད་ལ་ཁྱད་པར་གང་ཡང་མེད། དེ་མིན་སྐྱེ་བ་སྔ་ཕྱི་ལ་སོགས་པ་དང་། དྲི་མ་ཟད་རུང་ཡིན་མིན་འདི་རིགས་སྒྲུབ་རྒྱུ་གལ་གནད་ཧ་ཅང་ཆེན་པོ་ཡིན། དེས་ན་གོ་རིགས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་རྒྱུ་གལ་གནད་ཆེ། ལྷག་པར་ཐེ་ཚོམ་གྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་ལམ་སང་ཡིད་ཆེས་བྱས་ནས་ཕྱིན་ན་ཡག་པོ་མེད། འགྲེལ་པ་དོན་གསལ་ལས59།
ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌།།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌།།
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།།
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ།།
ཞེས་བྱ་བ་གསུངས་སོ། །ཚིགས་སུ་བཅད་པ་འདིས་ནི་འདིའི་ཆེ་བའི་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པ་བརྗོད་དེ། དེ་ཐོས་ནས་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ནི་འདི་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དད་པ་སྐྱེའོ། །ཆོས་ ཀྱི་རྗེས་སུ་འབྲང་བ་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ནས། ཞེས་གསུངས་པ་ལྟར། སྤྱིར་ནང་པ་སངས་རྒྱས་པའི་གདུལ་བྱ་ལ་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་སུ་གསུངས་པ་ལས། དེ་ནི་དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་སྟངས་ཡིན་ཅིང་། དབང་རྟུལ་དད་པའི་རྗེས་འབྲང་ཡོད་ཀྱང་ཕན་ཐོགས་དེ་ཙམ་མེད་པས་དབང་རྣོན་ཆོས་ཀྱི་རྗེས་འབྲང་དགོས་ལ། ང་ཚོས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་ལུགས་བཞིན་དུ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས།
༡༠༽ ཡིད་གཉིས་ཐེ་ཚོམ་དང་། ཡིན་མིན་གྱི་བརྟག་དཔྱད།
དེ་ཡང་བརྟག་དཔྱད་བྱེད་པ་ལ་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་མེད་ན་དོགས་པ་མི་ཡོང་བ་དང་། དོགས་པ་མེད་ན་དྲི་བ་མི་ཡོང༌། དྲི་བ་མེད་ན་བརྟག་དཔྱད་མི་བྱེད། བརྟག་དཔྱད་མ་བྱས་ན་ལན་མི་རྙེད་པས། དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཡོང་བ་ལ་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་གྱི་ཐོག་ནས་དྲི་བ་སླེབས། དྲི་བའི་ཐོག་ནས་བརྟག་དཔྱད་བྱས། བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་། རྒྱུ་མཚན་མཐོང་ནས་ངེས་པ་རྙེད་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ཡིན། དེས་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་བཤད་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལམ་དུ་འགྲོ་དགོས་པ་ལས། དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་ལུགས་དེ་མིན། གང་ཟག་བྱེ་བྲག་གང་ཡང་མི་ཤེས་ཤིང་། ཅི་ཡང་མི་འཇོན་ཁར་བསླབས་ནས་ནུས་པ་གཏན་ནས་ཐོན་རྒྱུ་མེད་པ་ཞིག་ཡིན་ན། དབང་རྟུལ་དད་པའི་རྗེས་འབྲང་གི་འགྲོ་ལུགས་ལྟར་སྔགས་བགྲངས་པ་ལྟ་བུའི་ཐོག་ཏུ་འགྲོ་རྒྱུ་ལས་བྱ་ཐབས་གཞན་མེད།
དེས་ན། ཐེ་ཚོམ་གྱི་སྒོ་ནས། ཞེས་པ་ནི། ཐེ་ཚོམ་ལ་དོན་མི་འགྱུར་བའི་ཐེ་ཚོམ་དང་། དོན་འགྱུར་བའི་ཐེ་ཚོམ་དང༌། ཆ་མཉམ་པའི་ཐེ་ཚོམ་གསུམ་ཡོད་པ་ལས། ཡིན་ནམ་མིན་ཕལ་ཆེར་མིན་སྙམ་པའི་བློ་གཉིས་འཛིན་དེ་ལ་དོན་མི་འགྱུར་གྱི་ཐེ་ཚོམ་དང༌། ཕལ་ཆེར་ཡིན་ལས་ཆེ་སྙམ་པ་དེར་དོན་འགྱུར་གྱི་ཐེ་ཚོམ་ཞེས་བརྗོད་པ་འདི་གཉིས་ནི་བློ་ཕྱོགས་སུ་ལྷུང་བ་ཡིན་པས། ཆ་མཉམ་པའི་ཐེ་ཚོམ་ཁོ་ནའི་སྟེང་ནས་བརྟག་དཔྱད་བྱེད་དགོས་ཤིང་། སྐབས་འདིའི་ཐེ་ཚོམ་ནི་ཆ་མཉམ་པའི་ཐེ་ཚོམ་ལ་གོ་དགོས།
དེ་བཞིན་རྩ་ཉོན་དྲུག་སྟེ། མ་རིག་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། ལྟ་བ་བཅས་ཀྱི་ནང་ཚན་གྱི་ཐེ་ཚོམ་ནི་ཐེ་ཚོམ་ཉོན་མོངས་ཅན་ཡིན། དེས་ན་ཐེ་ཚོམ་ལ་ཐེ་ཚོམ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་ཐེ་ཚོམ་བཅས་སུ་དབྱེ་བ་འབྱེད་དགོས། སྤྱིར་ཐེ་ཚོམ་ཙམ་ནི་སྤང་བྱ་ལྟ་བུར་བརྩི་རྒྱུ་ཞིག་མིན་པར་བློ་ཕྱོགས་སུ་མ་ལྷུང་བར་གང་ལའང་འདི་རེད་འདི་མ་རེད་ཅེས་གཉིས་ཀའི་ཐོག་ཏུ་མ་འཁྱོག་པར་དྲང་པོ་དྲང་བཞག་གི་བློ་གཟུ་བོར་གནས་པའི་ཐེ་ཚོམ་གྱི་ངང་ནས་བརྟག་དཔྱད་བྱེད་པ་ཞིག་ཡིན།
གནས་ཚུལ་གང་ཞིག་ཡིན་ནའང་ཡིན་དང་ཡིན། བཀའ་ཕེབས་བཞིན། ལོས་བདེན་ཞེས་སོགས་བརྗོད་དེ་ལམ་སང་ཡིད་ཆེས་ཀྱི་ཐོག་ནས་འགྲོ་བ་ལྟ་བུ་མིན་པར། ཡིན་ནམ་མིན། ཡོད་དམ་མེད་སོགས་ཐེ་ཚོམ་གྱི་ངང་དུ་བཞག་ནས་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ཞིང་། ཐེ་ཚོམ་མེད་པར་ཡིན་ཤག་ཏུ་ངོས་འཛིན་བྱས་ན་བརྟག་དཔྱད་མི་བྱེད་པས། བརྟག་དཔྱད་བྱེད་པ་ལ་ཐེ་ཚོམ་དགོས་ཤིང་། དེ་ཡང་ཐེ་ཚོམ་གྱི་ཐོག་ནས་དོགས་པ་བསླངས། དོགས་པས་རྩད་གཅོད་བྱས། རྩད་གཅོད་བྱས་ཏེ་བདེན་དོན་ཤེས་ཐུབ་པ་ཞིག་ཡོང་བ་ཡིན། དེ་ལྟར་ཐེ་ཚོམ་ཡོད་ན་རྟོག་དཔྱོད་དང་། དྲི་བ། རྒྱུ་མཚན་འཚོལ་བའི་འདོད་པ་སོགས་སླེབས་ཤིང་། ཐེ་ཚོམ་མེད་ན་དེ་དག་ཡོང་ཐབས་མེད།
དེ་ལྟར་སངས་རྒྱས་ཀྱི་ཆོས་ལ་བསམ་བློ་ཡང་ཡང་གཏོང་བ་དང་། བསམ་བློ་གཏོང་རྒྱུ་དེ་ཡང་ཐོག་མ་ནས་ང་ཡིད་ཆེས་མེད་ཅེས་མི་བརྗོད་པར། བློ་གཟུར་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱེད་དགོས། ཡང་ང་ནང་པ་ཡིན། ངའི་ཕ་མ་ཡང་ནང་པ་ཡིན། སངས་རྒྱས་ཀྱིས་གསུངས་པ་དེ་བདེན་པ་རེད་བརྗོད་པ་དེ་ཡང་མིན་པར། བློ་གཟུ་བོར་གནས་ཤིང་། གང་ཡང་ཡོང་ཆོག་པའི་ཐོག་ནས་ཐེ་ཚོམ་དགོས་པ་ཡིན། མདོར་ན་བློ་རྩེ་གཉིས་སུ་གནས་པའི་ཐེ་ཚོམ་གྱི་བློ་ངེས་པར་དུ་དགོས་པ་ཞིག་ཡིན། འགྲེལ་པ་དོན་གྱི་དབུར་དགོས་སོགས་ཆོས་བཞི་གསུང་སྐབས། གཞུང་དེའི་བརྗོད་བྱ་གང་ཞིག་ཡིན་པ་དང་། བརྗོད་བྱ་དེ་ཤེས་ན་དགོས་པ་གང་ཞིག་ཡོད་པ། དགོས་པ་དེ་ཡང་འཕྲལ་གྱི་དགོས་པ་ཙམ་མིན་པར་ཉིང་དགོས་གང་ཞིག་ཡོད་མེད་ལ་རྩད་ཞིབ་བྱེད་ཀྱི་ཡོད། དེ་ལྟར་གཞུང་གི་བརྗོད་བྱ་མཐོང་བ་དང་། བརྗོད་དོན་དེ་དག་ཤེས་ན་དགོས་པ་ཞིག་མཐོང་བ་དང་། དགོས་པ་དེ་ཡང་འཕྲལ་གྱི་དགོས་པ་ཙམ་མིན་པར་ཕུགས་ཀྱི་དགོས་པ་ཞིག་དང་། དེ་དང་འབྲེལ་བ་ཡོད་པ་ཞིག་མཐོང་སྐབས་བསྟན་བཅོས་དེ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ཞིག་ཡོང་གི་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་ལྟར་ན་གཞུང་གི་དབུ་ནས་ཐེ་ཚོམ་དགོས་པར་གསུངས་ཡོད།
༡༡༽ ཞིབ་ཕྲའི་བརྟག་དཔྱད་དང་། འགྲན་བྲལ་གྱི་ལམ་སྲོལ།
ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། ཞེས་པ་ནི། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་། གསུང་བཟང་གང་ལ་བལྟས་ཀྱང་། འགྲེལ་པ་དོན་གསལ་དུ་གསུངས་པ་སྟེ། འཕགས་པ་གྲོལ་སྡེའི་སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གཞུང་གི་ལྟ་བ་དེ་རྣམ་རིག་པའི་ལུགས་སུ་དཀྲལ་བར་བརྟེན། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས60།
འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །
ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །
འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །
ཞེས་གསུངས་ཡོད། དེ་ནི་ངའི་དགེ་རྒན་གྱིས་གསུང་གི་འདུག་ཅེས་བརྗོད་རྒྱུ་ཞིག་མིན་པར། ངའི་དགེ་རྒན་རང་ཉིད་ཀྱི་ཐུགས་མོས་ཀྱི་ཆ་ནས་ཤེར་ཕྱིན་གྱི་མདོ་སྡེའི་དགོངས་པ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་ནི།
དེས་བྱས་བྱས་པ་མིན་མཐོང་ནས། །
ཞེས་པ་ལྟར། དེ་ནོར་འཁྲུལ་ཡིན་པ་གཟིགས་ནས་འཕགས་པ་གྲོལ་སྡེས་དབུ་མའི་ལུགས་སུ་བཀྲལ་གནང་བ་བཞིན་རྒྱལ་བའི་གསུང་སྣ་གཅིག་གི་སྟེང་ནས་འདི་ཡིན་པ་རེད་བསམས་ན་ནོར་བ་ཡིན། རྩ་བ་ཤེས་རབ་ཀྱི་ཚིག་གཅིག་དྲངས་ནས་ཀླུ་སྒྲུབ་ཀྱི་དགོངས་པ་འདི་རེད་ཅེས་བརྗོད་ཀྱང་ནོར་བ་ཡིན་པས། རྩ་བ་ཤེས་རབ་ཀྱི་མགོ་ནས་མཇུག་བར་ཤེས་པ་ཞིག་བྱེད་དགོས། ཀླུ་སྒྲུབ་ཀྱི་དགོངས་པ་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་དང༌། སངས་རྒྱས་བསྐྱངས་ཀྱིས་ཇི་ལྟར་བཀྲལ་བ། ཟླ་བ་གྲགས་པས་ཇི་ལྟར་བཀྲལ་བ་ཐམས་ཅད་གུང་བསྒྲིགས་ནས། རྗེ་རིན་པོ་ཆེས་རྟོགས་བརྗོད་མདུན་ལེགས་མ་ལས61།
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་ལྟར། གཞུང་གོང་འོག་བསྒྲིགས་ནས་དོན་དག་བཙལ་དགོས་པ་དེ་ཤིན་ཏུ་གལ་ཆེ། དཔེར་ན། རང་བཞིན་གྱིས་མེད་པ་ཞེས་པའི་ཚིག་འདི་ཁོ་ནའི་སྟེང་ནས་རང་བཞིན་གྱིས་མེད་པ་དེ་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ཅེས་ཁྲིད་ནས་ཕྱིན་ན། མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ལས62།
དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །
ཞེས་རང་བཞིན་མེད་པའི་ཚིག་མང་པོ་ཐོན་ཡོང་གི་ཡོད། དེས་ན་མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་གྱི་ནང་རང་བཞིན་མེད་དེ་ཞེས་བཀོད་ཡོད། འོན་ཀྱང་ཁོང་གིས་རང་བཞིན་མེད་པ་ཞེས་པ་དེ་དགོངས་པ་གང་ལ་བཞེས་མིན་ཞི་བ་འཚོའི་གཞུང་ཡོངས་རྫོགས་གོང་འོག་བསྒྲིགས་ནས་བལྟས་ན་ཤེས་ཐུབ།
སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལས་རང་བཞིན་མེད་ཅེས་གསུངས་པ་དེ་དང་འདི་གཉིས་གཅིག་པ་ཡིན་མིན་བསམ་བློ་གཏོང་རྒྱུ་ཡོད། དེ་བཞིན་དུ་དཔལ་ལྡན་ཟླ་བའི་གཞུང་དུ་ཆོས་རྣམས་ཀྱི་རང་བཞིན་དང་གཤིས་ལུགས་ཞེས་པ་དེ་ལྟར་ཐོན་ཡོང་གི་ཡོད་ལ། རང་བཞིན་ཡོད་ཟེར་བ་དང༌། དེ་མེད་ཟེར་བའང་ཡོང་གི་ཡོད། གཞུང་གོང་འོག་བསྒྲིགས་ནས་དོན་དག་ལེགས་པར་ཤེས་པ་ཞིག་མ་བྱུང་བར་ཚིག་གཅིག་ཁོ་ནར་བརྟེན་ནས་ཤེས་རྟོགས་ཐུབ་པར་དཀའ་བས་ན། ཞིབ་མོར་བརྟགས་ཤིང་ཞེས་བརྗོད་པ་ཡིན།
དེ་མིན་བཀའ་གང་གནང་དང་། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཞེས་པ་ལྟ་བུའི་ཐོག་ཏུ་ཕྱིན་ན་མི་འགྲིགས། དེ་ལྟར་འགྲིགས་ན་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་དེ་དག་གིས་གཞུང་ལུགས་མང་པོ་བརྩམས་དགོས་དོན་མེད། བཅོམ་ལྡན་འདས་ཀྱིས་གང་ཞིག་གསུངས་པ་དེ་རང་རེད་ཅེས་བརྗོད་ན་འགྲིགས། ཆོས་པ་གཞན་ལྟར་ང་ཚོ་དེ་ལྟར་མིན་པ་ཞིག་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཞག་རྩི་དེ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ར་འཕྲོད་ན་ཁས་བླངས། ར་འཕྲོད་ཀྱི་མི་འདུག་ན་གཡུག་ཞོག །དེ་བཅོམ་ལྡན་འདས་ལ་མ་གུས་པའི་སྐད་ཆ་མིན། དགག་བྱ་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་ཐོག་ནས་སྒྲ་ཇི་བཞིན་མིན་ཞེས་བརྗོད་ཆོག་པ་ནི་རླབས་ཆེན་ཞིག་རེད་འདུག །དེར་བརྟེན་ཐེ་ཚོམ་དགོས་པ་གལ་ཆེན་པོ་རེད། བླ་མའི་གསུང་ཡིན་ནའང་གསུང་ཚད་ལ་ཆ་འཇོག་མི་བྱེད་པར་བསམ་བློ་གཏོང་དགོས། དེ་ནི་མ་གུས་པའི་སྐད་ཆ་མིན་པར་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། དེས་ན་ཤེས་ནས་དད་པ་ཐོབ་པ་ནི་དགོས་གལ་ཤིན་ཏུ་ཆེ་ཞེས་པ་ལྟར་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ལ་རྩད་གཅོད་བྱེད་དགོས། རྩད་གཅོད་བྱེད་པ་ལ་ཐེ་ཚོམ་དགོས་ཤིང་། རྩད་གཅོད་མ་བྱས་པར་འཕྲལ་དུ་ཡིན་པར་ཐག་བཅད་ན་ཡོང་ཐབས་མེད། ཐེ་ཚོམ་དེ་ཡང་བློ་ཕྱོགས་སུ་ལྷུང་ན་མི་འགྲིགས།
༡༢༽ ཤེས་ནས་ཐོབ་པའི་དད་པ་དང་། རྣམ་ཤེས་ཀྱི་འགྲོ་ལུགས།
རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཞེས་པ་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་དེ་ནི་ཤེས་ནས་ཐོབ་པའི་དད་པ་དེ་ཡིན། དེ་ལྟར་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ལ་བླ་མ་ཞིག་གིས་གསུངས་པ་རེད་ཅེས་དང༌། ངའི་རྩ་བའི་བླ་མས་གསུངས་བྱུང་ཟེར་བས་ལ་དག་རྒྱུ་མེད། ཤེས་ནས་དད་པ་ཐོབ་པ་ལ་བརྟག་དཔྱད་ཡང་ཡང་བྱས་པའི་མཐར་འདི་ལ་རིགས་པའི་གནོད་པ་མེད་ཅིང་། རིགས་པའི་རྒྱབ་རྟེན་འདུག་སྙམ་པ་ཞིག་བློ་ངོར་འཆར་སྐབས། དེ་ལ་དད་པ་དང་ཡིད་ཆེས་སླེབས་ཡོང་བ་ཡིན།
དེ་ལྟར་སངས་རྒྱས་པའི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཆགས་ཡོད་ལ། དེ་བཞིན་སྙིང་རྗེ་དེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཞིག་ཆགས་ཡོད། རྒྱུ་མཚན་མེད་པར་དད་པ་ཁོ་ནའི་ཐོག་ཏུ་འགྲོ་བ་དང་། དཀོན་མཆོག་སྙིང་རྗེའི་བདག་ཉིད་ཅན་ཡིན་པ་དང་། དཀོན་མཆོག་གིས་སྙིང་རྗེ་བྱེད་དགོས་པར་གསུངས་ཡོད་ཅེས་པའི་སྐད་ཆ་ཙམ་མིན་པར་རྒྱུ་མཚན་ལ་བསམ་བློ་ཡང་ཡང་བཏང་སྟེ། དཔེར་ན། བདག་གཞན་མཉམ་བརྗེ་ཞེས་པ་ནི། སྤྱོད་འཇུག་ལས63།
བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །
སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །
ཅེས་གསུངས་ཡོད་ལ། དེང་གི་འཛམ་གླིང་འདིའི་ཐོག་རྙོག་དྲ་ཧ་ཅང་མང་པོ་ཞིག་ཡོད་པ་དེ་དག་འགྲོ་བ་མིས་བཟོས་པ་ཞིག་ཆགས་ཡོད། མི་སུ་ཞིག་ཡིན་ནའང་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཚང་མ་གཅིག་མཚུངས་ཡིན། འོན་ཀྱང་རྙོག་དྲ་མང་པོ་ཞིག་མིས་བཟོ་བཞིན་ཡོད། མིས་བཟོས་པའི་རྙོག་དྲ་དེ་དག་གི་རྩ་བ་ཐུག་ས་ང་དང་ང་ཚོ་ཞེས་པའི་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད། གཞན་ལ་བརྩེ་བ་བྱེད་པ་དང་། སེམས་ཅན་ཡིན་པ་གཅིག་མཚུངས་དང་། དེའི་ནང་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པས། རང་ཉིད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཇི་བཞིན་སྲོག་ཆགས་དེ་དག་ཀྱང་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་རེད་སྙམ་པའི་ཐོག་ནས་གཞན་ལ་བརྩེ་བ་བྱེད་པ་དང་། མིའི་ཚེ་སྲོག་ལ་བརྩི་མཐོང་སླེབས་ན་མི་གསོད་ཁྲག་སྦྱོར་གྱི་རིགས་རྣམས་མི་ཡོང་བ་ཡིན། དེ་མིན་དེང་སྐབས་མིའི་ཚེ་སྲོག་ལ་རྩེད་མོ་རྩེ་བཞིན་ཡོད། ཉིན་རེའི་འཛམ་གླིང་གི་གསར་འགྱུར་ཁག་ལ་བལྟས་ན། ཕན་ཚུན་གསོད་རེས་གཏོང་བ་སོགས་ཀྱི་ཡ་ངའི་གནས་ཚུལ་ཧ་ཅང་མང་པོ་ཞིག་ཐོན་བཞིན་པ་མ་ཟད། མི་གསོད་བྱེད་ཀྱི་གོ་ལག་ཇི་ཙམ་ནུས་པ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་དེ་དག་ལ་ངོ་མཚར་སྐྱེས་པ་ལྟ་བུ་བྱེད་བཞིན་ཡོད། དེ་དག་ནི་ཧ་ཅང་ཐབས་སྐྱོ་བའི་གནས་ཚུལ་ཡིན། དེ་དག་འཕྲུལ་ཆས་ཀྱིས་བྱས་པ་མིན་ལ། ཚན་རིག་གིས་ཀྱང་བྱས་པ་ཞིག་མིན། དེ་ནི་ང་རང་ཚོ་བེད་སྤྱོད་བྱེད་མཁན་གྱི་འགྲོ་བ་མི་རྣམས་ཀྱི་སེམས་རྒྱུད་མ་དུལ་བའི་ཐོག་ནས་བྱུང་བ་ཞིག་ཡིན། དེས་ན་སྤྱོད་འཇུག་ལས།
བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །
སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །
ཅེས་གསུངས་པ་དེ་ལྟར་ཡིན། དེར་སྤྱོད་འཇུག་ལས64།
འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །
ཞེས་གསུངས་པ་ལྟར་རང་ལས་གཞན་གཅེས་པར་འཛིན་ཞེས་པ་ནི། རང་ཉིད་ཧ་ཅང་ཡ་རབས་ཀྱི་ཐོག་ནས་རང་ཉིད་བློས་བཏང་སྟེ་གཞན་གྱི་བདེ་སྡུག་ཁོ་ནར་བསམ་བློ་བཏང་ནས་བྱས་པའི་གནད་དོན་ཞིག་མིན། རྣམ་དཔྱོད་དང་ཤེས་རབ་ཀྱི་ཐོག་ནས་བསམ་བློ་བཏང་ན། རང་ཉིད་ཀྱི་བདེ་བ་སྒྲུབ་ཅིང་། སྡུག་བསྔལ་སེལ་བའི་ཐབས་ལམ་ལེགས་ཤོས་ནི་གཞན་གཅེས་འཛིན་བྱས་ན་རང་ཉིད་ལ་ཁེ་ཕན་ལེགས་ཤོས་དེ་ཐོབ་ཀྱི་ཡོད།
མི་ཚེ་འདི་ཉིད་ལ་ཆ་མཚོན་ནའང་། གཞན་གྱིས་དགའ་པོ་བྱེད་པ་དང་། དེ་ལ་བརྟེན་ནས་གྲོགས་པོ་མང་པོ་ཡོང་བ། གྲོགས་པོ་དེ་དག་ཀྱང་བློས་ཐུབ་ཀྱི་གྲོགས་པོ་ཤ་སྟག་ཡོང་བ། བློས་ཐུབ་ཀྱི་གྲོགས་པོ་མང་པོ་ཞིག་བྱུང་ན། རང་ཉིད་སྐྱིད་པོ་ཡོང་ངེས་ཡིན། གྲོགས་པོ་ཇི་ལྟར་དུ་ཡོང་ངམ་ཞེ་ན། གཞན་ལ་བརྩེ་བ་དང་གུས་ཞབས་བྱས་ན་གྲོགས་པོ་ཡོང་བ་ལས། རང་ཉིད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་སྙམ་ནས་བསྡད་ན་གྲོགས་པོ་ཡོང་ཐབས་མེད། དེ་ནི་དུད་འགྲོ་རྣམས་ལ་བལྟས་ནའང་ཤེས་རྟོགས་ཐུབ་པ་ཞིག་ཡིན། ཁྱི་ཞིག་ལ་མཚོན་ན། ཁྱི་གཞན་ཞིག་ཡོང་ཚེ་མཇིང་པའི་སྤུ་རྣམས་གཟེངས་ཏེ་ངར་སྐད་འདོན་ནས་སྡོད་མཁན་དེ་ལ་གྲོགས་པོ་རག་གི་མེད། ཁྱི་ཞི་ཞིང་འཇམ་པོའི་ཐོག་ཏུ་སྡོད་མཁན་རྣམས་ནི་ཁྱི་གཞན་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ཀྱི་སྡོད་བཞིན་པ་མཐོང་གསལ་ཡིན། སྲོག་ཆགས་ཀྱི་རིགས་ཚང་མ་དེ་ལྟར་ཆགས་ཡོད། དེར་བརྟེན་འགྲོ་བ་མི་ལ་ཆ་མཚོན་ན། ཆོས་ཡོད་མེད་ཇི་ལྟར་ཡང་། ཇི་ཙམ་གྱི་གཞན་ཕན་གྱི་བསམ་བློ་ཡོད་པའི་མི་དེ་སེམས་སྐྱིད་པ་ཡོད་ལ། སེམས་སྐྱིད་པ་ཡོད་ན་གཟུགས་པོ་བདེ་བ་ཡོད། དེ་དག་ནི་ཆོས་ཕྱོགས་ཀྱི་སྐད་ཆ་མིན་པར་ཚན་རིག་པ་དག་གིས་ཀྱང་བརྗོད་ཀྱི་ཡོད།
གཞན་ཡང་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་དེ་བདེན་བཞིའི་ཐོག་ནས་གསུང་གི་ཡོད། དེས་ན་སྡུག་བསྔལ་བདེན་པའི་ཉེས་པ་མཐོང་ཞིང་། སྡུག་བསྔལ་བདེན་པ་ངོ་འཕྲོད་པ་དང་། དེའི་རྒྱུ་ཀུན་འབྱུང་བདེན་པ་ངོ་ཤེས། ཀུན་འབྱུང་གི་རྩ་བ་མ་རིག་པ་དེ་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པ་དང་། དེའི་འཛིན་སྟངས་ཀྱི་ཡུལ་ལ་རིགས་པས་གནོད་པར་བརྟེན། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས65།
སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །
ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཐོག་ནས་མ་རིག་པ་ཞེས་པ་དེ་སྤོང་ཐུབ་པ་ཞིག་ཡིན་པ་མཐོང་ན། མ་རིག་པ་བྲལ་བའི་བྲལ་བ་ཞེས་པ་ཞིག་སྤྱིར་ཤེས་བྱ་ལ་ཡོད་པ་དང་། ཡང་སྒོས་ང་རང་ཚོའི་རྒྱུད་སྟེང་ལ་སྒྲུབ་རུང་ཡིན་པ་ཞིག་མཐོང་ན་དེ་ལ་དོན་གཉེར་གྱི་བློ་སླེབས་ངེས་ཡིན། གཞན་གྱིས་བརྗོད་པ་དང་། ཕྱག་དཔེའི་ནང་དུ་འཁོད་པ་གཅིག་པུ་མིན་པར་བསམ་བློ་ཡང་ཡང་བཏང་ན་དེ་ནི་ཁྱད་མཚར་ཞིག་འདུག་སྙམ་པ་དྲན་ཐུབ་པ་ཡིན། དེ་ལྟ་བུའི་ཐོག་ནས་ཐར་པ་སྒྲུབ་པའི་ལམ་དེ་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ། དེའི་གཞི་རྟེན་ལ་ཏིང་ངེ་འཛིན་གྱི་བསླབ་པ། བསླབ་པ་དེ་གཉིས་ཀྱི་གཞི་རྩ་ཚུལ་ཁྲིམས་ཀྱི་བསླབ་པ་བཅས་བསླབ་པ་གསུམ་ལ་ངེས་པ་ཐོབ་ཐུབ་པ་ཞིག་ཡོང་བ་ཡིན།
སངས་རྒྱས་པའི་ཆོས་ནི་རིགས་པའི་ལམ་ནས་ཁུངས་སྐྱེལ་རྒྱུ་ཡོད་པ་ཞིག་དགོས་ཤིང་། དཔེར་ན། ང་ཚོས་སྐྱེ་བ་སྔ་ཕྱི་ཤོད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་ཞེས་པ་དེ་དངོས་པོ་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་བཞིན་ཡོད་པ་དང་། སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་ཀྱི་ཡོད་པ་དེ་རང་རང་གི་རྒྱུས་སྐྱེས་པ་ཞིག་དང་། ནང་པའི་གཞུང་གཙོ་ཆེ་བའི་དབང་དུ་བྱས་ན། དངོས་པོ་སྐད་ཅིག་སྐད་ཅིག་གིས་འཇིག་པ་དེ་སྐྱེ་བྱེད་ཀྱི་རྒྱུས་བྱས་པ་ལས། འཇིག་བྱེད་ཀྱི་རྒྱུ་གཞན་ཞིག་མི་དགོས་ཤིང་། དངོས་པོ་སྐྱེ་མ་ཐག་པའི་སྐད་ཅིག་དེ་ཉིད་དུ་འཇིག་པའི་བདག་ཉིད་དུ་གྲུབ་པས་དེས་ཕྲ་བའི་མི་རྟག་པའི་སྐོར་གསུང་གི་ཡོད། དེ་ནི་དེང་སྐབས་ཀྱི་ཚན་རིག་པའི་ཐོག་ནས་བཤད་ནའང་། ཕྱི་ཤེལ་སོགས་འཕྲུལ་ཆས་ཀྱི་ཐོག་ནས་བརྟག་དཔྱད་བྱས་ཏེ་རྡུལ་ཕྲན་གྱི་ཐོག་ཏུ་སླེབས་སྐབས། སྐད་ཅིག་སྐད་ཅིག་གིས་གཡོ་བ་ཞིག་མཐོང་གི་འདུག །དེས་ན། ནང་པ་སངས་རྒྱས་པའི་གཞུང་ལ་ཆ་མཚོན་ནའང་། བྱེ་བྲག་སྨྲ་བས་སྐྱེ་བ་དང་། གནས་པ། འགག་པ། འཇིག་པ་སྟེ་མཚན་ཉིད་སྐྱེ་སོགས་བཞི་ཞེས་གསུངས་ཡོད་ལ། མདོ་སྡེ་པ་ཡན་ཆད་ཀྱིས་སྐྱེ་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་འཇིག་པའི་བདག་ཉིད་དུ་སྐྱེས་པར་བརྟེན་གནས་བྱེད་ཅིག་དང་། འཇིག་བྱེད་གཞན་ཞིག་མི་དགོས་ཞེས་རང་བཞིན་གྱིས་འཇིག་པའི་བདག་ཉིད་དུ་གྲུབ་པར་གསུངས་ཡོད།
མདོར་ན། སྐད་ཅིག་སྐད་ཅིག་གི་འཇིག་པའི་བདག་ཉིད་དུ་གསུངས་པ་དེས་རྒྱུ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། རྒྱུའི་རྣམ་གཞག་བརྗོད་སྐབས་ཕན་འདོགས་བྱེད་དམ་སྐྱེ་བྱེད་ཀྱི་རྒྱུ་གང་ཞིག་སྐྱེ་བྱའི་འབྲས་བུའི་ངོ་བོར་འགྱུར་མཁན་ཞིག་དང་། འབྲས་བུ་དེ་འགྲུབ་པ་ལ་ཕན་འདོགས་པར་བྱེད་མཁན་གྱི་རྒྱུ་གཉིས་ཡོད་པ་དེ་གསལ་པོ་རེད། ཉེར་ལེན་གྱི་རྒྱུ་ཤོད་སྐབས། ཕྱིའི་གཟུགས་ཅན་གྱི་ཆོས་ལ་ཉེར་ལེན་གྱི་རྒྱུ་དེ་རྫས་རིགས་མཐུན་པ་ཞིག་གི་ཐོག་ནས་ཡོང་དགོས་པ་ལས། རྫས་རིགས་མི་མཐུན་པ་ཞིག་གི་ཐོག་ནས་ཡོང་ཐབས་མེད། སེམས་མེད་བེམ་པོའི་ཆོས་ལའང་ཉེར་ལེན་གྱི་རྒྱུ་དེ་ཉིད་རིགས་མཐུན་པ་ཞིག་གི་ཐོག་ནས་ཡོང་དགོས་པ་ལས། རིགས་མི་མཐུན་པ་ཞིག་གི་ཐོག་ནས་ཡོང་མི་ཐུབ། དེས་ན། ཤེས་པ་ཞེས་པ་དེ་གཟུགས་ཅན་དུ་མ་གྲུབ་པ་ཞིག་ཡིན་ཅིང་། ད་ལྟ་ཕན་ཆད་ལ་སྤྱིར་བཏང་ཚན་རིག་པ་དག་གིས་ཀླད་པ་ལས་ཟུར་དུ་ཤེས་པ་མེད་ཅེས་པའི་དམ་བཅའ་ཞིག་ཡོད།
ལོ་ཤས་སྔོན་ཨ་རིར་སྨན་པའི་ཚན་རིག་པ་འགའ་ཞིག་དང་མཉམ་དུ་བགྲོ་གླེང་གི་ཞོར་འཕྲོས་སུ་ངོས་ནས་དོགས་སློང་ཞིག་བྱས་པ་སྟེ། ང་ཚོའི་ཉིན་རེའི་ཉམས་མྱོང་གི་ཁྲོད་དུ་རིགས་འགའ་ཞིག་ལུས་ལ་འགུལ་བསྐྱོད་ཐེབས་པ་སྟེ། དཔེར་ན། དབང་པོའི་ཤེས་པའི་ཐོག་ནས་བཟང་ངན་ཞིག་མཐོང་བའི་དབང་གིས་ལུས་ལ་འགྱུར་བ་ཐེབས་པ་དང་། དེའི་རྐྱེན་གྱིས་སེམས་ལ་འགྱུར་བ་འགྲོ་བ་ཞིག་ཡོང་གི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། ཡང་རིགས་འགའ་ཞིག་ལ་སྒོ་ལྔའི་ཤེས་པ་དང་། ལུས་ལ་གཡོ་འགུལ་གང་ཡང་མེད་པར་ཡིད་བློ་ཁོ་ནའི་ཐོག་ནས་རྣམ་རྟོག་ཡུད་ཙམ་སྐྱེས་པའི་དབང་གིས་ལུས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གི་ཡོད། དེ་ལྟར་ཚན་རིག་གི་ཐོག་ནས་འགྲེལ་བཤད་ཇི་ལྟར་བྱེད་མིན་སྐད་ཆ་དྲིས་པར། དེ་ལྟར་ཡོད་པ་ལྟ་བུ་ཞིག་ཡོད། འོན་ཀྱང་དེ་ལྟར་ཡོང་མི་ཆོག །གང་ལགས་ཤེ་ན། ཤེས་པ་དེ་ཀླད་པ་ལས་སྐྱེས་པར་བཤད་པའི་དབང་གིས་ཡིན་ཞེས་བརྗོད་ཀྱི་འདུག །
འོན་ཀྱང་དེང་སྐབས་ཚན་རིག་པ་གང་འཚམ་ཞིག་གིས་བརྟག་དཔྱད་ཞིབ་མཇུག་རིམ་པར་བྱས་པའི་འབྲས་བུར་སྒོམ་བརྒྱབ་པ་དང་། སེམས་ལ་བཅོས་པའི་དབང་གིས་ཀླད་པའི་རྫས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ཞིག་བརྗོད་ཀྱི་ཡོད། དེས་ན་ཀླད་པར་འགུལ་བསྐྱོད་གཏོང་མཁན་སེམས་སམ། ནུས་པ། རྫས་ལྟ་བུ་ཞིག་ཡོད་པ་དེང་སྐབས་གཞི་ནས་མཐོང་ཡོང་གི་ཡོད། དེ་ལྟ་བུའི་སེམས་དེ་ཡང་གཡོ་བའི་རང་བཞིན་ཞིག་ཡིན་པ་ཤིན་ཏུ་གསལ་པོ་ཡིན། སེམས་དེ་གཟུགས་ཅན་དུ་མེད་ཀྱང་གཡོ་འགུལ་བྱེད་མཁན་ཞིག་ཡིན་སྟབས། དེ་ལ་ཉེར་ལེན་གྱི་རྒྱུ་ཞིག་ཡོད་དགོས་ཤིང་། དེས་ན་སེམས་ཀྱི་ཉེར་ལེན་གྱི་རྒྱུ་དེ་རང་བཞིན་གཅིག་པའི་ཤེས་པ་ཞིག་དགོས་པ་ལས། སེམས་མེད་བེམ་པོ་ཞིག་གིས་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱེད་ཐབས་མེད་ལ། ཤེས་པས་བེམ་པོའི་ཆོས་ཤིག་གི་ཉེར་ལེན་གྱི་རྒྱུ་བྱེད་མི་ཐུབ། དེར་བརྟེན་ཚད་མ་རྣམ་འགྲེལ་ལས66།
རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །
ཅེས་གསུངས་པའི་ཚིག་དེ་ནུས་པ་ཧ་ཅང་ཆེན་པོ་ཞིག་རེད་འདུག །རྣམ་ཤེས་མིན་པ་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་མི་བྱེད་པས་རྣམ་ཤེས་ལ་ཐོག་མ་མེད་ཅིང་། རྣམ་ཤེས་ལ་ཐོག་མ་བཞག་ན་རྣམ་ཤེས་སྐད་ཅིག་དང་པོ་དེ་མི་མཐུན་པའི་རྒྱུ་ལས་སྐྱེས་པར་འདོད་དགོས་པ་དང་། ཡང་ན་རྒྱུ་མེད་ལས་སྐྱེས་པར་འདོད་དགོས་པ་ཡིན། རྣམ་ཤེས་སྐད་ཡིག་དང་པོ་རྒྱུ་མེད་ལས་སྐྱེས་པ་དང་། མི་མཐུན་པའི་རྒྱུ་ལས་སྐྱེས་ཆོག་ན། ད་ལྟ་ད་ལྟའི་རྣམ་ཤེས་དེ་དག་ཀྱང་རྒྱུ་མེད་ལས་སྐྱེས་ཆོག་པ་ཡིན། འདི་ལྟར་དུ་དཔྱད་པ་བྱས་པའི་མཐར་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ལ་འབྲས་བུ་དང་རྗེས་སུ་མཐུན་པའི་རིགས་འདྲའི་རྒྱུ་ཞིག་སྔོན་དུ་འགྲོ་དགོས་པ་ཡིན།
དེ་ལྟར་རིགས་དེད་ཀྱིས་དཔྱད་པའི་མཐར་རྣམ་ཤེས་ལ་ཐོག་མ་འཇོག་མི་ཐུབ་ཅིང་། ཐོག་མ་བཞག་ན་རིགས་པས་གནོད་ཀྱི་ཡོད། དེས་ན་རྣམ་ཤེས་ལ་ཐོག་མ་འཇོག་མི་ཐུབ། དེར་བརྟེན་ཤེས་པའི་རྒྱུ་ལ་ཐོག་མ་མེད་ལ། ཤེས་པའི་རྒྱུ་ལ་ཐོག་མ་མེད་པར་བརྟེན་ཤེས་པའི་རྒྱུ་ལ་བརྟེན་ནས་བཏགས་པའི་ངའམ་གང་ཟག་དེར་ཡང་ཐོག་མ་མེད་ཅེས་དེ་དག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། བླ་མས་བཀའ་གནང་གི་འདུག་ཅེས་བརྗོད་རྒྱུ་ཞིག་མིན་པར་ཚང་མ་རིགས་པས་དཔྱད་ནས་འགྲོ་བཞིན་ཡོད། དེ་ནི་དཔེ་མཚོན་ཙམ་ཞིག་ཡིན་ལ། སངས་རྒྱས་པའི་གཞུང་ནས་གསུངས་པ་དེ་རྣམས་རིགས་པས་དཔྱད་མཐར་གཏུགས་ནས་གྲུབ་དོན་འདི་ལྟ་བུ་དང་། དངོས་ཡོད་གནས་ཚུལ་ལ་འདི་ལྟ་བུ་ཞིག་རེད་ཅེས་བརྗོད་པ་ཞིག་ཆགས་ཡོད།
༡༣༽ སྟོང་ཉིད་ཀྱི་ལྟ་བ་དང་། གཞི་ལམ་འབྲས་གསུམ།
འདི་ལྟར་བསམ་གཞིགས་བྱེད་སྐབས་སྟོང་པ་ཉིད་ཅེས་པ་དེ་ཡང་ཞེ་ས་མ་ཞུས་ན། བཅོམ་ལྡན་འདས་ཀྱིས་བདག་མེད་ཅེས་རང་གར་གསུངས་པ་ཞིག་དང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་ཀྱང་སྟོང་ཉིད་ཀྱི་སྐོར་སྤྲོས་ཏེ་གསུངས་པ་ཞིག་གཏན་ནས་མིན། ཡང་ཕྱོགས་གཅིག་ནས་དགོས་ངེས་ཀྱི་ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) ཞེས་པ་དེ་ཆོས་ཀྱི་སྐད་ཆ་མིན། ཕར་རིམ་བཞིན་འཚོལ་སྐབས་ཡུལ་གྱི་ངོས་ནས་མ་གྲུབ་པ་དང་། ཡུལ་གྱི་ངོས་ནས་རྙེད་རྒྱུ་མེད་པ་ཞིག་གཟུགས་ཅན་གཞིར་བཞག་གི་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) འགྲོ་ལུགས་དང་གཅིག་མཚུངས་ཆགས་ཡོད། ནང་པ་སངས་རྒྱས་པའི་གཞུང་ལ་ཆ་མཚོན་ནའང་། རྣམ་རིག་པའི་ཕྱི་དོན་འགོག་པ་དང་གཅིག་མཚུངས་ཡིན། དེ་ལྟ་བུའི་དངོས་ཡོད་གནས་ཚུལ་རྣམས་རྩད་ཞིབ་བྱས་ཏེ་གཏན་ལ་འབེབས་ཀྱི་ཡོད། དེ་ལྟར་དངོས་ཡོད་གནས་ཚུལ་དེ་དག་རྟོགས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་རྣམས་ཆགས་སྡང་གི་དབང་ལས་ཡོང་གི་ཡོད་པ་གསལ་པོ་ཡིན། མིང་ལ་ཆགས་སྡང་ཞེས་འདོགས་མིན་ཇི་ལྟར་ཡང་། སེམས་འཁྲུགས་པའི་དབང་གིས་མ་སྐྱིད་པ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་འདུག །
མདོར་ན། སྟོང་པ་ཉིད་ཀྱི་ལྟ་བ་ལྟ་བུར་ཆ་མཚོན་ན། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་དེ་དག་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་ཅིང་། དེའི་ཐོག་ནས་སྟོང་པ་ཉིད་ཅེས་པ་དེ་གསུངས་པ་ཡིན། དེ་ལ་དགོས་པ་གང་ཞིག་ཡོད་ཅེ་ན། ནང་གི་སེམས་རྒྱུད་མ་དུལ་བའི་ཆ་རྣམས་སྟོང་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བདེན་འཛིན་གྱི་བློས་བྱེད་བཞིན་ཡོད་པའི་འགྲེལ་བཤད་རྒྱག་སྐབས་རྒྱུ་མཚན་གྱི་ཐོག་ནས་ཡོང་གི་ཡོད། རྒྱུ་མཚན་དེ་ཡང་མཐར་ཐུག་རང་ཉིད་ཀྱིས་བསམ་བློ་བཏང་སྟེ་མྱོང་བ་ཅུང་ཟད་སྐྱེ་སྐབས་མྱོང་བ་ལ་གཏུགས་ནས་བརྗོད་ཐུབ་ཀྱི་འདུག །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་བཏང་སྟེ་མི་འདྲ་བ་ཞིག་མཐོང་སྐབས། དེ་གསུང་མཁན་གྱི་སྟོན་པ་བཅོམ་ལྡན་འདས་ལའང་མི་འདྲ་བ་ཞིག་ཡིན་པ་མཐོང་ཡོང་ངེས་ཡིན།
མདོར་ན། ཆོས་དཀོན་མཆོག་ཅེས་པ་དེ་རྩད་གཅོད་བྱས་ནས་དེ་ལ་རྒྱུ་མཚན་ཡང་དག་ཅིག་དང་། དགོས་པ་ཆེན་པོ་ཞིག་མཐོང་སྟེ། དེ་ལྟ་བུའི་རྒྱུ་མཚན་དང་ལྡན་པ་དང་། དགོས་པ་དང་ལྡན་པའི་ཆོས་དེ་གསུང་མཁན་གྱི་སྟོན་པ་ལ་ཡིད་ཆེས་དང་དད་པ་སྐྱེ་བ། དེ་ཚུལ་བཞིན་དུ་སྒྲུབ་མཁན་གྱི་དགེ་འདུན་དཀོན་མཆོག་ལ་དད་པ་སླེབས་པ་བཅས་ཡོང་བ་ཡིན། དེ་ལྟར་རྒྱུ་མཚན་ལ་རྩད་གཅོད་བྱེད་སྐབས་བློ་གཟུ་བོར་གནས་པ་ཞིག་དགོས་པ་ཡིན། དཔེར་ན། སངས་རྒྱས་པའི་ཆོས་ཡག་པོ་རེད་ཅེས་ཞེན་ཁོག་བྱེད་མཁན་ཞིག་ཡིན་ན། དཔྱད་ཞིབ་ལེགས་པོ་མི་ཡོང་བས། དེ་ལྟར་མིན་པར་བློ་གཟུ་བོར་གནས་པ་སྟེ། སློབ་དཔོན་བདེ་བྱེད་བདག་པོས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས67།
བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །
གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །
ཞེས་ཁོང་ཉིད་སངས་རྒྱས་པའི་ཆོས་ཀྱི་ཕྱོགས་ལ་མི་ཞེན་ཅིང་། མུ་སྟེགས་པའི་ཆོས་ལ་སྡང་བ་ཡང་མེད་པར་བློ་གཟུ་བོར་གནས་པའི་ཐོག་ནས་མུ་སྟེགས་གཞུང་ལུགས་གང་དག་ཡོད་པ་དང་། སངས་རྒྱས་པའི་གཞུང་ལུགས་གང་དག་ཡོད་པ་དེ་གཉིས་བསྡུར་ནས་དཔྱོད་སྐབས་མི་འདྲ་བ་ཞིག་མཐོང་ཞིང་། སངས་རྒྱས་པའི་ཆོས་དེ་འཚེ་བ་མེད་པ་ཤུགས་ཆེ་ཞིག་རེད་འདུག་པས། དེ་གསུང་མཁན་དེ་སྟོན་པར་འཛིན་པ་ལྟར། བློ་གཟུ་བོར་གནས་པ་ཞིག་དགོས་པ་ཡིན།
བློ་གཟུར་བོར་མི་གནས་པར་ཕྱོགས་སུ་ལྷུང་ན། བདེན་དོན་ཤེས་ཐབས་མེད། ངོས་ནས་སངས་རྒྱས་པའི་ཆོས་དེ་དངོས་ཐོག་བདེན་འཚོལ་ཆགས་ཡོད་ཅེས་བརྗོད་བཞིན་ཡོད། དངོས་ཐོག་བདེན་འཚོལ་ཞེས་པ་ནི་དེང་སྐབས་རྒྱ་མིས་བརྗོད་བཞིན་པའི་ཐ་སྙད་གསར་པ་ཞིག་ཡིན་ནའང་། སངས་རྒྱས་པའི་ཆོས་ཀྱིས་དངོས་ཐོག་བདེན་འཚོལ་བྱས་ཏེ་དངོས་ཡོད་གནས་ཚུལ་ལམ། དངོས་ཡོད་ཀྱི་བདེན་དོན་གང་ཞིག་ཡོད་པ་དེ་འཚོལ་མཁན་ཞིག་ཆགས་ཡོད།
དེས་ན་སངས་རྒྱས་པའི་ཆོས་ནང་གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ཞེས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདེན་བཞིའི་ཆོས་འཁོར་ཐོག་མར་གསུང་སྐབས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །ཞེས་པའི་སྡེ་པ་དང་པོ་དེ་བདེན་བཞིའི་ངོ་བོ་ལ་བཟླས་ཤིང་། དེ་ནི་གཞི་དངོས་པོའི་གནས་ཚུལ་རྣམས་གསུངས་པ་ཞིག་ཡིན།
དེ་ནས་ལམ་བགྲོད་པའི་རིམ་པ་ནི། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་སྒོམ་པར་བྱ། འགོག་པ་མངོན་དུ་བྱ། ཞེས་པ་ནི་བདེན་བཞིའི་བྱ་བ་ལ་བཟླས་པ་སྟེ། དེས་བླང་དོར་གྱི་གནས་རྣམས་གསུང་གི་ཡོད། དེ་ལྟ་བུའི་ལམ་བགྲོད་ནས་ཕན་ཐོགས་གང་ཞིག་ཡོད་ཅེ་ན། སྡུག་བསྔལ་ཟད་ཐུབ་པ་ཞིག་ཡོད། གང་ཡིན་ཞེ་ན། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་ཐུབ་པར་བརྟེན། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། ལམ་སྒོམ་པར་བྱ་སྟེ་སྒོམ་པར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད་ཅེས་འབྲས་བུ་ལ་བཟླས་པ་བཞིའི་ཐོག་ནས་མདོར་ན་སྡུག་ཀུན་ཉེ་བར་ཞི་བའི་ཉེར་ཞི་མངོན་དུ་བྱས་ཟིན་ན་སླར་མངོན་དུ་བྱ་རྒྱུ་མེད་པའི་འབྲས་བུ་དེ་ལྟ་བུ་ཞིག་ཡོད་པར་གསུངས་ཡོད། དེ་དག་བརྟག་ཅིང་དཔྱད་ནས་འགྲོ་དགོས་པ་ཡིན།
གཟུ་བོའི་བློ་མེད་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་ལས68།
ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །
ཞེས་གསུངས་པ་ལྟར་ཡིན། དེའི་ཐོག་བརྟག་དཔྱད་བྱེད་སྐབས་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་མེད་ན་དཔྱད་པ་མི་བྱེད་པས། གང་ལའང་ཡིན་མིན་གྱི་ཡིད་གཉིས་ཐེ་ཚོམ་དགོས་པ་ཡིན། དེས་ན། གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་དང་། སྙིང་རྗེ་སྐྱེ་བ་བཅས་ཀྱི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་འདི་ལྟ་བུ་ཞིག་ཡིན། རྒྱུ་མཚན་འདི་ལྟར་ལ་བརྟེན་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་བྲིས་པ་ཡིན།
༡༤༽ གསོལ་འདེབས་ལྗགས་རྩོམ་དང་། བྲིས་སྐུ་གསར་བཞེངས།
ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། ཞེས་པ་ནི། རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་སོགས་སྔར་ནས་བོད་ལ་ཡོད་ཅིང་། དེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། འཕགས་པ་གྲོལ་སྡེ་ལ་སོགས་པ་རྣམས་ཚུད་མེད། སློབ་དཔོན་དེ་དག་གི་གཞུང་ལུགས་རྣམས་ང་ཚོས་འཆད་ཉན་ཤུགས་ཆེ་བྱེད་བཞིན་ཡོད། དེ་དག་ཡོད་པའི་ཐོག་ནས་མཐའ་མ་པཎ་གྲུབ་བཅུ་བདུན་ལ་གཏན་འཁེལ་བ་ཞིག་ཡིན། དེ་དག་གི་ནང་དུ་མཛོད་འགྲེལ་མཛད་མཁན་སོགས་མང་པོ་ཞིག་འདིར་ཚུད་མེད་ཀྱང་། འདིར་གཙོ་བོ་ཟབ་རྒྱས་ཀྱི་གདམས་པ་གཙོ་བོར་གསུང་མཁན་རྣམས་ངོས་ཀྱིས་སྣོན་མ་བརྒྱབ་པ་སྟེ། ཀླུ་སྒྲུབ་ཀྱི་རྗེས་འབྲང་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨའི་ངང་ཚུལ་བཅས་དང་། འཕགས་པ་ཐོགས་མེད་ཀྱི་རྗེས་འབྲང་སྟེ། མངོན་རྟོགས་རྒྱན་གསུང་མཁན་གྱི་རྒྱ་ཆེན་སྤྱོད་ཀྱི་འཕགས་པ་གྲོལ་སྡེ་ལ་སོགས་པ་སྟེ། སློབ་དཔོན་སེངྒེ་བཟང་པོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང་། ཞེས་པ་ནི། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཡོད་པ་དེ་དག་དེ་སྔ་བོད་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་འབྲི་སྲོལ་ཞིག་ཡོད་པ་དེའི་ནང་གི་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་གཞུང་རྣམས་ང་ཚོས་འཆད་ཉན་བྱེད་བཞིན་ཡོད། དེར་བརྟེན་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་གཙོ་ཆེ་བ་ལྟ་བུ་མཐོང་བྱུང་བས། ཐོག་མར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་བྲིས་པ་དང༌། དེ་དང་བསྟུན་ནས་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་འབྲི་སྲོལ་བཅས་བཟོས་ཡོད།
བོད་བརྒྱུད་ནང་བསྟན་ནི། བཀའ་བསྟན་གྱི་གཞུང་ལུགས་ལ་ཞིབ་ཏུ་མཇལ་ན། སྔར་རྒྱ་གར་འཕགས་པའི་ཡུལ་གྱི་མེས་པོ་གོང་མ་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལྟ་གྲུབ་ཟབ་ཅིང་རླིང་བ། དེ་ཡང་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། ལྷག་པར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་དེ་དག་ནི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཞིག་ཡིན་པ་ཁོང་རྣམས་ཀྱི་ལོ་རྒྱུས་གཅིག་པུའི་སྐད་ཆ་མིན་པར་དངོས་སུ་མཐོང་ཆོས་སུ་ཡོད་པའི་གསུང་རབ་ཁག་ལ་བལྟས་ན་ཕུལ་དུ་ཕྱིན་པའི་རྣམ་དཔྱོད་ལྡན་པ་ཤ་སྟག་ཡིན་པ་ཤེས་རྟོགས་ཐུབ་པར་མ་ཟད། དེ་བཞིན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་མངའ་དབང་འབྱོར་བ་ཞིག་ཀྱང་ཡིན་པ་མཐོང་ཐུབ་པ་ཡིན། རྒྱུ་མཚན་དེ་ལྟར་ལ་བརྟེན་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དེ་ཉིད་བྲིས་པ་དང་། དེ་ཡང་ཤོ་ལོ་ཀ་རེ་རེའི་ནང་དུ་པཎ་གྲུབ་དེ་དང་དེའི་དམིགས་བསལ་བསྟན་པའི་མཛད་རྗེས་གང་དང་གང་ཞིག་ཡོད་པ་རྣམས་བཀོད་ཡོད་པས། པཎ་གྲུབ་ཀྱི་གསོལ་འདེབས་འདོན་སྐབས་མཛད་རྗེས་དེ་དག་བློ་ངོར་དྲན་པའི་ཐོག་ནས་གསུང་དགོས་པ་ཡིན།
མདོར་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ཧ་ཅང་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་བ་དང༌། དེའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཡོད་པ་ནི་ཕལ་ཆེར་བོད་གངས་ཅན་གྱི་ལྗོངས་མ་གཏོགས་གཞན་ལ་མེད་པ་ལྟ་བུ་ཞིག་རེད་འདུག །རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་འབྲི་བཞེངས་གནང་བའི་ནང་མགོན་པོ་ཀླུ་སྒྲུབ་ལ་གཙུག་ཏོར་དང༌། སྦྲུལ་གྱི་གདེངས་ཀ་ཡོད་སྟབས་དབུ་ཞྭ་བསྒྲོན་སྲོལ་མེད་པ་ལས། དེ་མིན་པཎ་གྲུབ་ཚང་མར་དབུ་ཞྭ་དམར་པོ་རེ་བསྒྲོན་སྲོལ་ཡོད། དེ་ནི་པཎ་གྲུབ་དེ་དག་དཔལ་ནཱ་ལེནྡྲར་བཞུགས་སྐབས་དབུ་ཞྭ་དེ་ལྟར་བཞེས་སྲོལ་ཕལ་ཆེར་ཨེ་ཡོད་སྙམ། བོད་ས་བབ་མཐོ་ལ་གནམ་གཤིས་གྲང་བས་ཞྭ་མོར་དགའ་པོ་ཡོད། བོད་མི་རང་ཉིད་ཞྭ་མོ་གྱོན་དགོས་པར་བརྟེན་པཎ་གྲུབ་བཅུ་བདུན་རྣམས་ལའང་དབུ་ཞྭ་བསྒྲོན་པ་ཞིག་མིན་ནམ། ཡང་ན་མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་རྣམ་གསུམ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་བཞུགས་གནང་སྐབས་བོད་ལ་གནམ་གཤིས་གྲང་ངར་ཆེ་བས་དབུ་ཞྭ་བཞེས་པ་དང་། དེ་ལ་བརྟེན་ནས་དུས་ཕྱིས་རིམ་བཞིན་རྒྱ་གར་ཚ་བའི་ཡུལ་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་མཁས་དབང་ཚང་མར་དབུ་ཞྭ་དམར་པོ་རེ་བསྒྲོན་པ་ཞིག་ཀྱང་མིན་ནམ་སྙམ།
དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ཐོག་ཏུ་སྦྲུལ་གྱི་གདེངས་ཀ་ཞིག་ཡོད་པ་གང་ཞིག་ཡིན་ནམ། ཀླུ་ཡུལ་ནས་ཡུམ་མདོ་གདན་དྲངས་པའི་སྐོར་ནམ་རྒྱུན་གསུང་སྲོལ་ཡོད། སློབ་དཔོན་ཐོགས་མེད་སོགས་པཎ་གྲུབ་གཞན་རྣམས་ལ་དབུ་ཞྭ་བསྒྲོན་བཞིན་ཡོད། མགོན་པོ་ཀླུ་སྒྲུབ་ལ་སྦྲུལ་མགོའི་གདེངས་ཀ་ལས་དབུ་ཞྭ་བཞེས་མེད། སྦྲུལ་མགོའི་གདེངས་ཀ་དེ་གང་ཡིན་ཞེས་འབྲི་སྐབས། མགོན་པོ་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་རི་སོགས་སུ་བཞུགས་སྐབས་དུག་སྦྲང་མང་བར་བརྟེན་དུག་སྦྲང་འགོག་བྱེད་དུ་སྦྲུལ་གྱི་གདེངས་ཀ་བྱུང་བ་རེད་ཅེས་ངོས་ཀྱི་རྩེད་མོ་དང་བཅས་བརྗོད་ཀྱི་ཡོད། མདོར་ན་ང་ཚོས་མགོན་པོ་ཀླུ་སྒྲུབ་ཀྱི་སྣང་བརྙན་འབྲི་སྲོལ་གང་ཞིག་ཡིན་ནའང་ཁྱད་པར་མེད། ཁོང་གི་གསུང་རྣམས་ལ་བལྟས་ན་ཧ་ལས་པ་ཞིག་རེད་འདུག །
གཞན་ཡང་བོད་གངས་ཅན་གྱི་ལྗོངས་ནི་ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བས། མཁན་ཆེན་ཞི་འཚོ་བོད་དུ་ཕེབས་སྐབས་སྐུ་བསིལ་ནས་གདིང་བ་ལྟེབ་ཚིགས་བསྐྱོན་ཏེ་སྐུ་སྟོད་ལ་བཞེས་ནས་བཞུགས་དགོས་བྱུང་བས། ད་ལྟ་ང་ཚོ་རབ་ཏུ་བྱུང་བ་དག་གིས་བཞེས་པའི་སྟོད་འགག་འདི་ཉིད་ཐོག་མ་དེ་ནས་བྱུང་ཞེས་གསུང་སྲོལ་ཡོད་ཀྱང་བདེན་མིན་མི་ཤེས། རྒྱ་གར་གྱི་དགེ་སློང་རྣམས་ལ་སྟོད་འགག་མེད་ལ། འདུལ་བའི་གཞུང་དུའང་སྟོད་འགག་སྐོར་གསལ་མེད།
༡༥༽ ཞུ་སྐུལ་མཛད་པ་པོ་དང་། ལྗགས་རྩོམ་མཛད་ལོ།
དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། གང་ཡང་ཤེས་ཀྱི་མེད་ཀྱང་ཅུང་ཟད་དེ་ལྟར་ལོས་ཡིན་སྙམ་པའི་སྒོ་ནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གི་འདུག །མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། གོང་དུ་བརྗོད་པའི་གཞུང་དེ་དག་ལས་འགའ་ཞིག་མཇལ་མྱོང་ཡོད་ཀྱང་ཆ་ལག་ཚང་བ་ངོས་ནས་མཇལ་མྱོང་མེད། ཡང་ལ་ལ་གོ་ཐོས་ཙམ་ལས་དངོས་སུ་མཇལ་ཁོམ་མ་བྱུང་ཞིང་། དུས་ཁོམ་བྱུང་ན་བསྟན་འགྱུར་ཚར་བཅུ་དྲུག་ཀློག་མཁན་ཨ་ལགས་བཀྲ་ཤིས་ཞུ་བ། སྐྱེས་ཡུལ་གར་ཞྭའི་གཡས་གཡོན་ནས་ཡིན་པའི་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་ངོ་ཤེས་ཤིག་ཡོད། ཁོང་གིས་དེང་སྐབས་བཀའ་འགྱུར་ཚར་བཅོ་བརྒྱད་པ་དེ་ཀློག་བཞིན་པ་བཅས་ཧ་ལས་པ་རེད། དེ་ལྟ་བུའི་ཚར་མང་པོ་ཀློག་འདུག །ད་དུང་མིག་ཡག་པོ་འདུག་ཀྱང་། གོ་བ་ཇི་འདྲ་ཡོད་མེད་མི་ཤེས། དེ་མིན་ཧ་ལས་པ་རེད།
ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག། །།
༡༦༽ མཇུག་བྱང་གི་གལ་གནད་དང་། བཀའ་བསྟན་གྱི་སློབ་དེབ།
མཇུག་བྱང་འདི་ཁྱེད་རང་ཚོ་རང་ཚང་མས་ལེགས་པར་ལྟ་དགོས་པ་ཡིན། ཞིབ་ཕྲ་བལྟས་ཚེ་གཞི་ནས་སངས་རྒྱས་པའི་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་ཞིག་ཡིན། རྒྱུ་མཚན་ལ་དཔྱད་པ་གཏན་ནས་མི་བྱེད་པར་དེང་གི་ཐ་སྙད་སྡུག་པ་ཞིག་གི་ཐོག་ནས་བརྗོད་ན། རྨོངས་དད་ཅེས་བརྗོད་པ་ལྟར། རྒྱུ་མཚན་གང་ཡང་མེད་པའི་དད་པ་ནི་ཧ་ལམ་རྨོངས་དད་ཡིན་ཅིང་། ནང་པ་སངས་རྒྱས་པའི་ཆོས་རང་ཉིད་རྨོངས་དད་མིན་ནའང་། ཆོས་བྱེད་པ་པོ་རང་ཉིད་ཀྱིས་ཆོས་ཀྱི་གནས་ལུགས་གང་ཡང་མ་ཤེས་པར་དད་པ་ཙམ་གྱི་དབང་དུ་ཕྱིན་ན་རྨོངས་དད་ཆགས་ཡོད། དེས་སངས་རྒྱས་པའི་བསྟན་པ་ཡུན་དུ་མི་གནས་ལ། སྤྱིར་བཏང་གི་ཤེས་ཡོན་ཇི་ཙམ་གོང་མཐོར་ཕྱིན་པའི་ཚོད་ཀྱིས་རྨོངས་དད་ཇེ་ཉུང་དུ་འགྲོ་ངེས་ཡིན། རྒྱུ་མཚན་ལྡན་པའི་ཆོས་ཤིག་ཡིན་ན། ཇི་ཙམ་གྱི་ཤེས་ཡོན་ཡོད་པ་དེ་ཙམ་གྱིས་དེར་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་ཡོད།
དེས་ན་ཁྱེད་རང་ཚོ་ཁ་ཤས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བློར་བཟུང་ནས་འདོན་གྱི་འདུག་པས་རྗེས་སུ་ཡི་རང་ཡོད། སྨོན་ལམ་བཏོན་པ་ལྟར་སྐུ་ཐང་ཡང་གསར་བཞེངས་གནང་འདུག །དེ་ལས་འདི་དག་གི་གཞུང་ལ་སློབ་གཉེར་བྱ་རྒྱུ་གལ་གནད་ཆེ་ཞིང་། པཎ་གྲུབ་དེ་དག་གི་རྗེས་འཇུག་རྣལ་མ་ཞིག་བྱེད་ཐུབ་ན་ལེགས། དཔེ་ཆ་བ་རྣམས་ཀྱིས་ཤེས་རྟོགས་ཡོད་མུས་ལྟར། དྲང་ངེས་ལེགས་བཤད་སྙིང་པོ་ནི་མཁས་པ་འདི་དག་གི་མཇུག་མཐུད་པ་ཞིག་སྟེ། རྒྱ་ཆེ་བའི་ལམ་གྱི་རིམ་པ་མིན་ནའང་། ཟབ་མོའི་ལམ་གྱི་རིམ་པ་དེ་མཁས་པའི་དབང་པོ་འདི་དག་ལ་ཁུངས་གཏུགས་ནས་གསུངས་པ་ཞིག་ཡིན་པ་དྲང་ངེས་ལེགས་བཤད་སྙིང་པོའི་ནང་ཧ་ཅང་གསལ་པོ་ཡོད།
མདོར་ན། སངས་རྒྱས་པའི་ཆོས་བྱེད་མཁན་སུ་ཞིག་ཡིན་ན་དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས་ཞེས་ངོས་ནས་འབོད་སྐུལ་བྱས་དང་བྱེད་མུས་ཡིན། བོད་པ་གཙོ་གྱུར་གྱི་སངས་རྒྱས་པའི་ཆོས་བྱེད་ཚང་མས་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས། དུས་རབས་ཉེར་གཅིག་པའི་ཆོས་པ་ཞེས་པ་གང་ཞེ་ན། བོད་པར་ཆ་མཚོན་ན། དངོས་གནས་བྱས་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་རྣམས་ང་ཚོའི་སློབ་དེབ་ཡིན། ང་ཚོས་མཆོད་འབུལ་བྱེད་ཡུལ་ལྟ་བུ་རྩ་ཆེར་བརྩིས་ཏེ་ང་ཚོའི་དགོན་པ་དང༌། གཙུག་ལག་ཁང་། ལྷ་ཁང༌། ཁྱིམ་ཚང་འདི་དང་འདིར་བཀའ་བསྟན་ཆ་ཚང་བཞུགས་ཡོད་ཅེས་སྐབས་རེ་རྒྱུ་ངོམ་བྱེད་པ་ལྟ་བུ་དང༌། སྐབས་རེ་ཕྱག་དང་མཆོད་འབུལ་བྱེད་ཡུལ་དུ་བརྩིས་པ་ལྟ་བུ་བྱེད་པ་ནི་ནོར་བ་ཡིན། བཀའ་བསྟན་རྣམས་ཕྱག་དང་མཆོད་འབུལ་གྱི་ཡུལ་ཡིན་པ་སྨོས་ཅི་དགོས། འོན་ཀྱང་དེ་དག་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱེད་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན།
གཞུང་དེ་དག་ནས་སངས་རྒྱས་པའི་ཆོས་ངོ་སྤྲོད་གནང་སྐབས། དཔེར་ན། རྒྱ་གར་མཁས་པའི་གཞུང་ལས་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དང༌། ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་དང༌། དབུ་མ་སྙིང་པོ་རྩ་འགྲེལ། མཁན་ཆེན་ཞི་བ་འཚོའི་ཚད་ཆེན་སོགས་ཀྱི་རྩ་འགྲེལ་དེ་དག་ནང་རྒྱ་གར་འཕགས་པའི་ཡུལ་དུ་དེའི་ཚེ་དེའི་དུས་སུ་ཡོད་པའི་ནང་པའི་གྲུབ་མཐའ་མིན་པའི་གྲུབ་མཐའ་གཞན་ལའང་དཔྱད་ཞིབ་གནང་ཡོད། དེ་ཡང་ཕྱི་རོལ་པའི་གྲུབ་མཐར་དཔྱད་ཞིབ་གནང་སྐབས་ལུང་ཁས་མི་ལེན་ཞིང་། རིགས་པ་ཁོ་ནའི་ཐོག་ནས་འགྲོ་དགོས་པ་ལས་ལུང་གི་སྒྲུབ་བྱེད་འགྲོ་ཐབས་མེད། དེར་བརྟེན་རྒྱ་གར་གྱི་གྲུབ་མཐའ་ཧ་ཅང་མང་པོའི་ཁྲོད་ནས་སངས་རྒྱས་པའི་ལྟ་གྲུབ་ཚར་ལོངས་བྱུང་བས་ན། གཞུང་དེ་དག་ཚད་དང་ལྡན་པ་ཆགས་ཡོད་ལ། གཞུང་ལུགས་དེ་དག་མཛད་པ་པོའི་སློབ་དཔོན་རྣམས་ཀྱང་རིགས་པ་སྨྲ་བའི་ཁྱུ་མཆོག་ཤ་སྟག་ཆགས་ཡོད། སློབ་དཔོན་དེ་དག་གིས་ལུང་ཙམ་ལ་ཆ་འཇོག་མི་བྱེད་པར་རིགས་པ་ཁོ་ནའི་ཐོག་ནས་བརྡར་ཤ་བཅད་པ་གནང་ཡོད་ལ། ལུང་ལའང་སྒྲ་ཇི་བཞིན་པ་ཁས་བླང་དུ་རུང་བ་དང་མི་རུང་བའི་རྣམ་དབྱེ་འབྱེད་བཞིན་ཡོད། དེ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་བཅོམ་ལྡན་འདས་ཉིད་ཀྱིས་རྒྱལ་བའི་བཀའ་ཉིད་ལ་བརྟག་དཔྱད་བྱེད་དགོས་ལ། བརྟག་དཔྱད་བྱས་ནས་ངེས་པ་རྙེད་པ་ཞིག་འདུག་ན་ཉམས་སུ་བླངས་དགོས་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་ཙམ་གྱིས་ཁས་ལེན་དགོས་དོན་མེད་ཅེས་གསུངས་པ་ལྟར། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་རྒྱལ་བའི་བཀའ་ལ་དཔྱད་པ་གནང་ཡོད།
དེ་ཡང་རྒྱལ་བའི་བཀའ་ཉིད་ལ་བཀའ་གང་ཞིག་ལ་རིགས་པས་གནོད་ཀྱི་འདུག་ན་སྒྲ་ཇི་བཞིན་པར་ཁས་མི་ལེན་པ་དང༌། བཀའ་གང་རུང་ཞིག་གི་ལུང་དོན་ལ་རིགས་པའི་གནོད་པ་མེད་པར་རིགས་པའི་སྒྲུབ་བྱེད་དང་ལྡན་ན་སྒྲ་ཇི་བཞིན་པར་ཁས་བླངས་པའི་ཐོག་ཏུ་འགྲོ་བཞིན་ཡོད། དེས་ན་རང་གི་སྟོན་པའི་བཀའ་ལ་དཔྱད་པ་བྱེད་བཞིན་ཡོད་ན། སྟོན་པ་གཞན་གྱི་བཀའ་ལའང་དཔྱད་པ་གནང་བ་ཆོས་ཉིད་ཡིན། དཔྱད་པ་བྱས་ཏེ་རིགས་པས་བཀག་པ་དང་། རིགས་པས་སྒྲུབ་པའི་ཐོག་ཏུ་འགྲོ་བཞིན་ཡོད་པ་འདི་དག་ལེགས་པར་ཤེས་ན། དུས་རབས་ཉེར་གཅིག་པའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞེས་པ་ཞིག་ཡོང་ཐུབ་པ་ཡིན། དེ་མིན་སྐྱབས་སུ་མཆི་ཞེས་དང༌། ངའི་ཕ་མ་ནང་པ་ཡིན་པས་ང་ཡང་ནང་པ་ཡིན་ཞེས་བརྗོད་ན་བརྟན་པོ་གང་ཡང་མེད།
རྒྱུ་མཚན་དེ་ལྟར་ཡིན་ལ། དེང་སྐབས་ང་རང་ཚོ་འདི་ལྟར་ཡོང་གྲབས་བྱེད་བཞིན་ཡོད། དེ་ཡང་ང་ཚོ་བོད་རིགས་ཀྱི་ཁྲོད་ནས་དེང་དུས་ཤེས་ཡོན་ཕྱི་ཡི་ཁྲ་ཁྲ་ཟང་ཟིང་མང་པོ་ཞིག་མཐོང་བ་དང་། ཚུར་ངོས་ཆོས་ཕྱོགས་ཀྱི་ཐོག་ལ་བསམ་བློ་གཏོང་སྐབས། དེ་སྔའི་བོད་ཀྱི་སྤྱི་ཚོགས་ནང་དབང་རྟུལ་དད་པའི་རྗེས་འབྲང་གི་རྨོངས་དད་ཀྱི་འགྲོ་སྟངས་ལྟ་བུ་ཞིག་མཐོང་བ་ལས། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་སྐུར་བ་འདེབས་མཁན་དེང་སྐབས་ཀྱང་ཡོང་གི་འདུག །མི་ཤེས་པ་རྣམས་ཀྱི་ཁྲོད་ནས་སྐུར་བ་འདེབས་ཀྱི་མེད་པར་ཤེས་ཡོན་ཅུང་ཟད་ཡོད་པའི་ཁྲོད་ནས་སྐུར་བ་འདེབས་བཞིན་ཡོད། དེ་དག་གིས་དབང་རྟུལ་དད་པའི་རྗེས་འབྲང་གིས་ཡིད་མ་འཚིམས་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་བར་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཆེ་མཐོང་དེ་ཙམ་མི་བྱེད་མཁན་ཡོང་གི་ཡོད། དེ་དག་ལ་ཁག་མེད་པར་མ་ཤེས་པའི་དབང་གིས་བྱུང་བ་ཡིན། ད་ལྟ་མི་རབས་རྣམས་དེ་ལྟ་བུའི་ཐོག་ཏུ་སླེབས་བཞིན་ཡོད། འདི་ལྟའི་མི་རབས་ཀྱི་ཐོག་ཏུ་སླེབས་སྐབས། ད་ལྟ་ཁྱེད་རང་ཚོའི་མི་རབས་དེ་དག་གིས་གཟབ་ནན་ཐོག་དཔེ་ཆ་ལྟ་རྒྱུ་དང་། དཔེ་ཆ་དེ་ཡང་རང་གར་ལྐུག་པ་ཨུ་ཚུགས་དང་། རྨོངས་དད་ཀྱིས་བལྟས་པ་ལྟ་བུ་མིན་པར་བསམ་བློའི་སྒོ་ཡོངས་སུ་ཕྱེ་བའི་ཐོག་ནས་སློབ་གཉེར་བྱེད་དགོས་པ་ཡིན། སྤྱིར་ནང་པའི་གཞུང་ཆེན་མོ་ལྟ་རྒྱུ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཐོག་མར་བློ་མིག་འབྱེད་ཅིང་། དེ་རྗེས་དཔྱད་ཞིབ་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
དངོས་ཡོད་གནས་ཚུལ་ལའང་ཕྱོགས་གཅིག་ནས་བལྟས་ན། ད་བར་ངོས་ཀྱིས་འཇོན་མིན་ཇི་ལྟར་ཡང་འདི་ལྟར་བྱེད་བཞིན་ཡོད། ད་ཆ་ངོས་རང་ལོ་ན་ ༨༠ བརྒལ་ནས་ ༨༡ ཐོག་ཏུ་སླེབས་བཞིན་ཡོད། གཟུགས་པོ་ཅུང་ཟད་ཐང་ཆད་ཀྱི་འདུག །ད་དུང་ལོ་བཅུ་བསྡད་ན་ལོ་ ༩༠ དང་། དེ་ནས་ལོ་ ༡༠ བསྡད་ན་ལོ་ ༡༠༠ དེ་ནས་སྡོད་ཀྱི་མ་རེད། དེ་ནི་གཏན་འཁེལ་བ་ཞིག་ཡིན། ད་ནི་ཁྱེད་རང་ཚོ་མི་རབས་གཞོན་པ་རྣམས་ཀྱིས་འགན་འཁྱེར་དགོས་པ་ཡིན། རིམ་བཞིན་ངོས་རང་མེད་པ་ཆགས་འགྲོ་གི་རེད། ད་བར་མི་མང་པོ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་བཞུགས་ཡོད་པས་བསྟན་པ་འཛིན་གྱི་རེད་ཅེས་སོགས་བརྗོད་པ་དེ་ལྟར་མིན། ག་ལེར་ངོས་རང་མེད་པ་ཆགས་ཚར་ན། ཁྱེད་རང་ཚོའི་མི་རབས་དེ་དག་གིས་འགན་འཁྱེར་བའི་དུས་སུ་སླེབས་ཡོད། དེར་བརྟེན་ད་ལྟ་སློབ་གཉེར་བྱེད་བཞིན་པ་འདི་དག་བོད་སྤྱིའི་བསྟན་པ་ཧ་ཅང་ཕྱུག་པོ་ཞིག་ཡོད་པ་དེ་དག་མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལས་འགན་ཁྱེད་རང་ཚོས་འཁྱེར་དགོས་པ་དང་། ལྷག་པར་བོད་པའི་རབ་བྱུང་མ་རྣམས་ཀྱང་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག །དེ་དག་ཁྱེད་རང་ཚོའི་སེམས་ལ་བཅངས་དགོས། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་མཐོང་སྟེ། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འབྲི་དགོས་དོན་འདི་ལྟར་ཡིན།
པར་བྱང་སྨོན་ཚིག
རྣམ་གྲོལ་ཞི་བའི་རྒྱ་མཚོར་རོ་གཅིག་ཏུ། །
གཞོལ་བའི་མཐའ་ཡས་ཆོས་ཚུལ་དལ་འབབ་ཀླུང༌། །
ཚིག་གི་གཟེགས་མ་རེས་ཀྱང་དུག་གསུམ་གྱི། །
དྲི་མ་ཡོངས་འཁྲུད་ལེགས་བཤད་བདུད་རྩི་འདི། །
དཔར་དུ་བསྐྲུན་པའི་རྣམ་དཀར་ཕུང་པོའི་མཐུས། །
ཡང་དག་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ། །
གདངས་ཏེ་རྒྱུད་ལྔའི་འགྲོ་བ་མ་ལུས་པ། །
ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །
ཅེས་པ་འདི་ཡང་དེང་དུས་ཡིད་སྲུབས་ཀྱིས་རྒྱུད་བརླམས་པའི་ཀླ་ཀློའི་སྡིག་སྤྱོད་མི་བཟད་པས་གངས་ལྗོངས་ཆོས་ལྡན་གྱི་ཞིང་དུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཉིན་མོའི་སྣང་བ་ལྟར་འབར་བ་དེ་ནི་མིང་གི་ལྷག་མ་ཙམ་དུ་ཉམས་ཉེས་པར་བྱས། ཕྱོགས་དང་ཕྱོགས་ན་རྡུལ་ཕྲན་མཚོན་ཆ་སོགས་གདུག་པའི་གནོད་འཚེ་གྱ་གྱུའི་སྦྱོར་བ་ནི་ཉིན་རེ་བཞིན་དུ་དར་བ་སོགས་སྒོ་ཀུན་ནས་ལྔ་བདོའི་རྒུད་ཚོགས་མཚོ་ལྟར་བརྡོལ་བ་འདི་དག་ལྷག་མེད་དུ་ཞི་ཞིང༌། བྱང་ཕྱོགས་བོད་ཁ་བ་ཅན་དུ་བསྟན་པའི་མེ་རོ་སླར་ཡང་སྔར་བཞིན་གསོས་ཏེ་རྒྱ་གར་འཕགས་པའི་ལྗོངས་འདིར་ཡང་ཐུབ་པའི་བཞེད་དགོངས་དྲི་མ་མེད་པ་དར་རྒྱས་སུ་འཕེལ་བ་དང༌། འཛམ་གླིང་ཡངས་པའི་ཁྱོན་ལ་འཚེ་མེད་ཞི་བའི་ལམ་སྟོན། རྣམ་འདྲེན་ཤཱཀྱ་སེངྒེའི་རིང་ལུགས་སྒོ་ཀུན་ནས་རྒྱས་པ་སོགས་འཕྲལ་ཡུན་ལེགས་ཚོགས་དུ་མའི་ཆེད་དུ་དམིགས། ནང་བསྟན་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་དཔར་དུ་བསྐྲུན་དང་བསྐྲུན་འགྱུར་གང་ལའང་སྦྱར་ཆོག་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོས་སྦྱར་བའོ། །དགེའོ།། །།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་གསུང་འབུམ།
པོད་ཐ་པ།
མཛད་པ་པོ། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
སྤྱིའི་དེབ་ཕྲེང་གྱ་གཅིག་པ།
ཕྱོགས་སྒྲིག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
དེབ་གཞི་འཆར་འགོད་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
ཞུ་དག་པ། དགེ་བཤེས་བློ་བཟང་འཇིགས་མེད།
མདུན་ཤོག་འཆར་འགོད་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞི། ཕྱི་ལོ་ ༢༠༡༦ ལོར་པར་གཞི་དང་པོ་བསྒྲིགས།
པར་ཐེངས། ཕྱི་ལོ་ ༢༠༡༦ ལོར་པར་ཐེངས་དང་པོ་བཏབ།
པར་གྲངས། པར་ཐེངས་དང་པོར་པར་གྲངས། ༣༠༠ བཏབ།
དེབ་ཚད། 7×9.5 ཡིག་གཟུགས། སྨོན་ལམ་བོད་ཡིག
དེབ་ཨང་། ISBN 978-93-83091-47-8 ཡིག་ཨང་། 15
དཔར་འགྲེམས། རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མདོ་སྔགས་སློབ་ཐོན་པ་སྐབས་བཅུ་དྲུག་པའི་སློབ་ཐོན་པ་ཐུན་མོང་ནས་དཔར་འགྲེམས་ཞུས་པ་དགེ་ལེགས་འཕེལ།།
1 གཞུང་ཆེན་བཅུ་གསུམ་ནི། གཞུང་ཆེན་བཅུ་གསུམ་གྱི་འཆད་ཐབས་དང་མཚན་དོན་བློ་གསལ་ངག་གི་རྒྱན་ལས། འདིར་མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད། རྩ་འཇུག་བཞི་སྤྱོད་ཟབ་མོ་ལྟ་བའི་གཞུང་། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་མདོ་སྡེའི་གཞུང་སྟེ། སྐབས་ཀྱི་དགོངས་འགྲེལ་གཙོ་བོ་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། ཞེས་གསལ་ལོ།།
2 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༣
3 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག ༣༨༨
4 བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཡུ༽ དེབ་ཨང་ ༩༡ པའི་ཤོག་གྲངས་ ༡༥༧
5 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༥༨
6 བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼སུ༽ དེབ་ཨང་ ༤༦ པའི་ཤོག་གྲངས་ ༩༧༧
7 སྔགས་རིམ་ཆེན་མོ། རྣམ་རྒྱལ་གྲྭ་ཚང་། ༢༠༠༥ ལོའི་ཐེ་ཝན་པར་མ། ཤོག ༥༣
8 འཕགས་པའི་་ཡུལ་དུ་ཐེག་པ་ཆེ་ཆུང་གི་ཆོས་གྲྭ་དཔག་ཏུ་མེད་པ་བྱུང་ཡང་སྔགས་ཀྱི་ཆོས་གྲྭ་ཡོངས་སུ་གྲགས་པ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་རྫོགས་པའི་ཕྱིས་སུ་པཱ་ལའི་རིགས་ཅན་བཅུ་བཞི་བྱུང་བའི་བཞི་པ་རྒྱལ་པོ་དྷརྨ་པཱ་ལ་ཞེས་མངའ་ཐང་ཤིན་ཏུ་ཆེ་བ་དེས་མ་ག་དྷཱའི་བྱང་ངོས་གངྒཱའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བཞེངས་པ་བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་ཞེས་པའི་མཚན་གྱིས་བསྔགས་པའི་གཙུག་ལག་ཁང་ཆེན་པོར་བསྟན་པ་གསལ་བྱེད་ཀྱི་པཎྜི་ཏ་དང་། ཡེ་ཤེས་ཞབས་སོགས་སྔགས་ཀྱི་སློབ་དཔོན་ཆེ་བ་མང་པོ། མཁས་པ་སྒོ་དྲུག་ཏུ་གྲགས་པ་རྣམས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྩོད་དུས་ཀྱི་སངས་རྒྱས་གཉིས་པ་ཨ་བྷ་ཡ་ཀ་ར་གུཔྟ། མ་བྱོན་སངས་རྒྱས་བདུན་པ་པཎ་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རིམ་པར་བྱོན་པ་རྣམས་ཀྱི་མདོ་སྔགས་ཀྱི་བསྟན་པ་ཟུང་འབྲེལ་དུ་བསྐྱངས་སོ། །ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༡༤ ཐོག་གསལ།
9 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༣
10 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༥༡
11 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༣
12 རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༨
13 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༢༦
14 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པའི་ཤོག་གྲངས་ ༧༧༡
15 བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པའི་ཤོག་གྲངས་ ༢༩༥
16 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༢༦
17 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༣༧
18 རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༨༡
19 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༦༩༨
20 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པའི་ཤོག་གྲངས་ ༢༠༠
21 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག ༣༨༨
22 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པའི་ཤོག་གྲངས་ ༩༠༢
23 འདུལ་སྡོམ། སེར་སྨད་དཔེ་མཛོད། ༢༠༠༩ ལོའི་ཐེ་ཝན་པར་མ། ཤོག་གྲངས་ ༦
24 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༢༠
25 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༣
26 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག ༣༩༠
27 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག ༣༩༠
28 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པའི་ཤོག་གྲངས་ ༢༠༥
29 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པའི་ཤོག་གྲངས་ ༥༢༩
30 བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ངས་བཀའ། །བླང་བར་བྱ་ཡི་མོས་པའམ། །གཞན་གྱི་མཁས་པ་འཇུག་མི་བྱ། །ཞེས་པའི་ལུང་འདི་ནི། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། པེ་ཅིང་བཀའ་འགྱུར་ ༼རྒྱུད་ང་པ།༽ ཤོག་གྲངས་ ༣༤བ༡ ༢བར་དང་། སྡེ་དགེ་བཀའ་འགྱུར། ༼རྒྱུད་ག་པ།༽ ཤོག་གྲངས་ ༢༡༦ བར་བཞུགས་ནའང་། ཡོངས་གྲགས་སུ་གསུངས་པའི་ “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །” ཞེས་པའི་ཚིག་རིས་ཇི་བཞིན་བཀའ་འགྱུར་དུ་གཏན་ནས་མི་སྣང་ཚུལ་ཝཱ་ཎ་མཐོ་སློབ་སོགས་ན་ཡོངས་གྲགས་ལགས། འོན་ཀྱང་གནས་བརྟན་སྡེ་པའི་མདོའི་ནང་དུ་དོན་འདྲ་བ་ཞིག་ཡོད་སྐད་ཀྱང་དོན་འདྲ་བ་ནི་སྟོབས་ཆེའི་རྒྱུད་དུ་མཆིས་པ་འདིའོ། །སྤྱིར་ལུང་འདི་མཁས་པ་ཕལ་མོ་ཆེས་མདོ་ལས་ཞེས་བཀོད་པ་དང་། ངག་དབང་ཀུན་དགའ་བསོད་ནམས་ཀྱིས་གསུང་འབུམ་ལས། རྒྱན་སྟུག་པོ་བཀོད་པའི་ལུང་དུ་ཡོད་པར་བཤད་ཀྱང་བཀའ་འགྱུར་རང་དུ་མི་སྣང་། དེ་བཞིན་ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱི་ཆོས་མངོན་པའི་མདོ་ལས་ཞེས་བཀོད་ཡོད་ཀྱང་། མངོན་པ་ཀུན་བཏུས་ནང་མི་སྣང་ངོ་།།
31 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པའི་ཤོག་གྲངས་ ༢༠༥
32 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པའི་ཤོག་གྲངས་ ༥
33 གཞི་གསུམ་གྱི་ཆོ་ག ༼སྡོམ་གསུམ།༽ ཤིང་པར་དཔེ་ཐུང་། ཤོག ༢༥ མདུན་ཕྲེང་། ༦
34 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པའི་ཤོག་གྲངས་ ༥
35 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༤༢
36 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པའི་ཤོག་གྲངས་ ༥༢༡
37 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པའི་ཤོག་གྲངས་ ༥
38 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༢༦
39 བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཙ༽ དེབ་ཨང་ ༥༧ པའི་ཤོག ༣༣
40 རྒྱལ་བའི་བཀའ་འགྱུར། ཞོལ་པར། མདོ་སྡེ། ༼ན༽ ཤོག་གྲངས་
41 རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༨
42 རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༢
43 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༣
44 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པའི་ཤོག་གྲངས་ ༥
45 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པའི་ཤོག་གྲངས་ ༤
46 རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༨༦
47 བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པའི་ཤོག་གྲངས་ ༣༠༢
48 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པའི་ཤོག་གྲངས་ ༥༩༠
49 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༣
50 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༥༨
51 བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པའི་ཤོག་གྲངས་ ༢༠
52 བསྟན་འབར་མ་འདི་ཟླ་བ་སྒྲོན་མའི་མདོ་ཡི་སྨད་ཆ་བོད་དུ་མ་འགྱུར་བ་སོགས་ཀྱི་ནང་ནས་ཀླུ་སྒྲུབ་ཀྱིས་བཏུས་པ་ཡིན། ཞེས་ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ་གླེགས་བམ་གཉིས་པ། ཤོག་གྲངས་ ༦༠༩ གསལ།
53 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག ༣༩༩
54 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༤༨༩
55 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༥༡༢
56 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༥༡༢
57 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པའི་ཤོག་གྲངས་ ༩
58 བྱང་ཆུབ་ལམ་རིམ་ཆེན་མོ། དགའ་ལྡན་བྱང་རྩེ། ༡༩༩༩ ལོའི་ཐེ་ཝན་པར་མ། ཤོག ༢
59 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པའི་ཤོག་གྲངས་ ༢༠༦
60 བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པའི་ཤོག་གྲངས་ ༢༠༥
61 བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག གླེགས་བམ་གཉིས་པ། ལོ། ༢༠༡༢ ཤོག་གྲངས་ ༣༩༠
62 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པའི་ཤོག་གྲངས་ ༨༩༥
63 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པའི་ཤོག་གྲངས་ ༡༠༡༡
64 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པའི་ཤོག་གྲངས་ ༡༠༡༡
65 བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༨༡༥
66 བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པའི་ཤོག་གྲངས་ ༥༡༥
67 བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོའི་ཤོག་གྲངས་ ༡༢༠
68 བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོའི་ཤོག་གྲངས་ ༡༢༠
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།