ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།

ཨཱརྱ་བྷཊྚ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་།

 

༄༅། །ཡིག་ཐོག་ཏུ་བཀོད་པའི་དྲི་བ་འདི་གལ་ཆེན་པོ་རེད། དྲི་བ་འདིའི་ནང་། ཁ་སང་ངས་ཨཱརྱ་བྷཊྚའི་སྐོར་ཞུས་པ་ཡིན། ཨཱརྱ་བྷཊྚ་ (Aryabhata) ནང་པ་དང་ནཱ་ལེནྡྲ་ནས་མིན་པར། ཏཀྵ་ཤིལ་ནས་ཡིན་པ་གསུང་མཁན་འདུག་པས། དེ་གང་འདྲ་ཡིན་ནམ་ཞེ་ན།

དེ་དངོས་གནས་རེད། ད་ལྟའི་གནས་སྐབས་ལ་རྒྱ་གར་ནང་ཨརྱ་བྷ་དྲ་ནང་པ་ཡིན་པ་ཁས་ལེན་ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད། བྷེང་ལོར་དུ་ཡོད་པའི་ཚན་རིག་སློབ་གྲྭ་ཆེན་པོ་ཞིག་གི་ནང་དུ་ཨཱརྱ་བྷཊྚ་ཡི་འདྲ་སྐུ་ཡོད་ལ། འདྲ་སྐུ་དེ་ཡང་བྲམ་ཟེ་ཞིག་གི་རྣམ་པར་བཞེངས་ཡོད་པ་ལས་རབ་ཏུ་བྱུང་བའི་རྣམ་པར་བཞེངས་མེད།

ཨཱརྱ་བྷཊྚ་རྩིས་དང་ཚན་རིག་གི་མཁས་པ་ཆེན་པོ་ཞིག་ཡིན་པས། ནང་པའི་སྤྱི་ཚོགས་ནས་སློབ་ཚན་དེ་དག་གི་སྐོར་ལ་དེ་ཙམ་དོ་སྣང་མ་བྱས་པའི་དབང་གིས་བརྗེད་ནས་བདག་པོ་རྒྱག་མཁན་མ་བྱུང་བ་རེད། ནང་པའི་བསྟན་པ་ཉམས་ནས་དུས་ཡུན་རིང་པོ་ཕྱིན་པའི་རྗེས་སུ་ཨཱརྱ་བྷཊྚའི་གསུང་རྒྱུན་རྣམས་རྙེད་སྐབས་ཕྱི་རོལ་པས་བྲམ་ཟེ་ཡིན་ཤག་བྱས་ནས་བཤད་པ་རེད།

ལྷག་པར་ཨཱརྱ་བྷཊྚ་བྱུང་བའི་དུས་ནི། བརྒྱ་ཕྲག་ལྔ་པ་དང་དྲུག་པའི་འགོ་སྟོད་ཙམ་སྟེ། མང་ཆེ་བ་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་ནང་ཡིན། དེང་སྐབས་བྱུང་རབས་སྨྲ་བ་མང་པོ་ཞིག་གིས། ནཱ་ལེནྡྲའི་གཙུག་ལག་སློབ་ཁང་དེ་དུས་རབས་ལྔ་པའི་རྗེས་སུ་བྱུང་བ་ཤོད་ཀྱི་ཡོད། ནཱ་ལེནྡྲའི་གཙུག་ལག་སློབ་ཁང་དུས་རབས་ལྔ་པའི་རྗེས་ལ་བྱུང་བ་བཤད་པར་བརྟེན། དུས་རབས་ལྔ་པའི་གོང་ལ་བྱུང་བའི་མཁས་པ་རྣམས་ནཱ་ལེནྡྲའི་མཁས་པའི་གྲས་སུ་མི་བརྩི་བ་ལྟ་བུ་ཞིག་ཆགས་ཡོད།

ང་ཚོ་ནང་པའི་སྤྱི་ཚོགས་ནང་གནས་ཚུལ་དེ་དག་ལ་ཉམས་ཞིབ་དེ་ཙམ་མ་བྱུང་བ་ལས། ཨཱརྱ་བྷཊྚ་ནང་པའི་མཁས་པ་ཡིན་པ་དེ། སྐབས་དེར་ཨཱརྱ་བྷཊྚ་ལ་དགག་པ་རྒྱག་མཁན་གྱི་ཕྱི་རོལ་བའི་བསྟན་བཅོས་རྩོམ་མཁན་མང་པོ་བྱུང་བ་དེ་དག་གིས་ཤེས་ཐུབ། བསྟན་བཅོས་རྩོམ་མཁན་དེ་དག་གིས་ཨཱརྱ་བྷཊྚ་ཕྱོགས་སྔར་བཟུང་ནས་དགག་པ་རྒྱག་སྐབས། དགེ་སྦྱོང་མགོ་རེག་ཅེས་ཁ་རྡུང་བཏང་ཡོད། དགེ་སྦྱོང་མགོ་རེག་ཅེས་ཕྱི་རོལ་བས་ཁ་རྡུང་གཏོང་ས་དེ་ནང་པ་ཤ་སྟག་ཡིན། ནང་པའི་དགེ་འདུན་པ་རྣམས་དབུ་སྐྲ་བཞར་གྱི་ཡོད་པས། བྲམ་ཟེ་རྣམས་ལ་ངས་རྔ་མ་མགོ་ལ་ཡོད་པ། ཞེས་ཀུ་རེ་དང་བཅས་བརྗོད་ཀྱི་ཡོད། བྲམ་ཟེ་རྣམས་ཀྱིས་ངེས་པར་དུ་མགོ་ལ་གཙུག་ཕུད་འཇོག་དགོས་པ་ཡིན། དེས་ན་གཙུག་ཕུད་མེད་མཁན་རྣམས་ལ་མགོ་རེག་ཅེས་བརྗོད་པ་སྟེ། གདུགས་དཀར་ལས། དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཞེས་པ་ལྟ་བུ་རེད། དེས་ན་སྐབས་དེར་ཁོང་དང་དུས་མཉམ་པའི་ཕྱི་རོལ་བའི་མཁས་པ་དགག་པ་རྒྱག་མཁན་དེ་དག་གིས། ཨཱརྱ་བྷཊྚ་ནང་པ་ཡིན་ཤག་བྱས་ནས་བཤད་ཡོད།

བྱུང་རབས་གཞན་གྱི་ནང་དུ་ཨརྱ་བྷ་དྲ་ཡི་དུས་དང་། དེ་ལས་སྔ་བའི་སྐབས་ནས་སྐར་ཚོགས་བརྟག་དཔྱད་བྱེད་པའི་འཕྲུལ་ཆས་དང་ཁང་པ། དེང་སྐབས་དབྱིན་སྐད་དུས་ (Planetarium) ཞེས་གཞུ་དབྱིབས་འདྲ་བའི་ཐོག་པང་ཅན་གྱི་ཁང་པའི་ནང་ཉི་ཟླ་གཟའ་སྐར་སོགས་ཀྱི་བགྲོད་ཚུལ་འཕྲུལ་འཁོར་ལ་བརྟེན་ནས་སྟོན་ས་ཡོད། ནཱ་ལེནྡྲའི་གཙུག་ལག་ཁང་དུ་དེ་ལྟར་ཆེན་པོ་ཞིག་ཡོད་པའང་གསལ་གྱི་ཡོད།

སྤྱིར་བཏང་ནཱ་ལེནྡྲ་དང་ཏཀྵ་ཤིལ་གཉིས་ས་ཐག་རིང་པོ་ཡོད་ཀྱང་། སྔར་གྱི་སྐབས་སུ་གཙུག་ལག་སློབ་ཁང་ཕན་ཚུན་འབྲེལ་བ་དང་། རིག་གཞུང་བརྗེ་ལེན་མང་པོ་ཡོད་བཞིན་པ་རེད། ཨཱརྱ་བྷཊྚ་ཏཀྵ་ཤི་ལར་ཕེབས་མྱོང་མེད་ཅེས་བརྗོད་རྒྱུ་ཁག་པོ་རེད། གཅིག་བྱས་ན་ཏཀྵ་ཤི་ལར་ཨཱརྱ་བྷཊྚ་ཕེབས་མྱོང་ཡོད་སྲིད། འོན་ཀྱང་ཨཱརྱ་བྷཊྚ་ནཱ་ལེནྡྲའི་མཁས་པ་ཡིན་པ་དེ་ལོ་རྒྱུས་ཀྱི་དཔང་པོའི་ཡིག་ཆའི་ནང་དན་རྟགས་རྙེད་རྒྱུ་ཡོད། དེའི་སྐོར་ལ་འབྲུག་པའི་ཨཱ་ཅཱརྱ་ཞིག་གིས་ཝཱ་རཱ་ཎ་སཱིར་ཉམས་ཞིབ་བྱས་ཏེ་དེབ་མཐུག་པོ་ཞིག་བརྩམས་ཡོད། འོན་ཀྱང་ད་ལྟ་པར་དུ་ཐོན་མི་འདུག །དེའི་ནང་ནས་ལུང་དྲངས་ཏེ་ང་ཚོའི་ཚན་རིག་ཀུན་བཏུས་ནང་དེའི་སྐོར་ཟུར་ཙམ་བཀོད་ཡོད།

འོན་ཀྱང་དེང་སྐབས་ཨཱརྱ་བྷཊྚ་བྲམ་ཟེས་བདག་པོ་བརྒྱབ་ཟིན་པ་ལྟ་བུ་ཆགས་ཡོད། དེ་ལ་ང་ཚོས་རྩོད་པ་རྒྱག་དགོས་དོན་མེད། ཨཱརྱ་བྷཊྚ་ཡི་གཟུགས་བརྙན་ཡོད་ས་གང་དུ་ཕྱིན་ཀྱང་བྲམ་ཟེའི་སྣང་བརྙན་ཅན་ཞིག་ཡོད་པ་ལས། དགེ་སྦྱོང་གི་སྣང་བརྙན་ཅན་ཞིག་མེད། གོང་དུ་ཞུས་པ་ལྟར། ཕྱོགས་སྔར་བཀོད་པའི་སྐབས་སུ། དགེ་སྦྱོང་མགོ་རེག་གི་ངོ་བོར་བཀོད་པར་བརྟེན། ཁོང་ནང་པ་ཡིན་པ་ཞིག་བསྟན་ཡོད།

ནཱ་ལེནྡྲ་ཞེས་པ་དེ་གྲོང་གསེབ་ཅིག་ཡིན། སངས་རྒྱས་མ་བྱོན་པའི་གོང་ལ་རྒྱབ་པོའི་ཁབ་ཀྱི་རྒྱལ་པོ་དེ་དག་གིས། ཁོང་རང་ཚོའི་རྒྱལ་ཁབ་ཀྱི་ནང་དུ་རྩོད་པ་བྱས་ནས་རྒྱལ་མཁན་དེ་དག་ལ་རྒོལ་བའི་ལོངས་སྤྱོད་ཅེས་གཞིས་ཀ་ལྟ་བུར་སྤྲོད་པའི་ལམ་སྲོལ་ཡོད། རྗེས་སུ་ཤཱ་རིའི་བུ་སྐུ་འཁྲུངས་ནས་རབ་ཏུ་བྱུང་ཞིང་། དགྲ་བཅོམ་པའི་གོ་འཕང་ཐོབ་རྗེས། ཤཱ་རིའི་བུས་ནཱ་ལེནྡྲར་དགེ་འདུན་གྱི་སྡེ་བཙུགས་པས། ནཱ་ལེནྡྲར་དགེ་འདུན་གྱི་སྡེ་རྣམས་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་ཡོད་པ་ཞིག་ཡིན། དེ་ལྟ་བུའི་དགེ་འདུན་གྱི་སྡེ་དེ་དག་རིམ་བཞིན་གཙུག་ལག་སློབ་གཉེར་ཁང་གི་ངོ་བོར་བསྒྱུར་བ་རེད།

དུས་རབས་ལྔ་པའི་རྗེས་ལ་བྱུང་བ་རེད་ཅེས་བརྗོད་པ་དེ་གང་ཡིན་ཞེ་ན། ད་ལྟ་ས་འོག་ནས་དངོས་རྫས་རྙིང་པ་སྔོག་འཚོལ་བྱེད་མཁན་དེ་དག་ལ་རྙེད་པའི་ཅ་ལག་གི་ནང་དུ་དུས་རབས་ལྔ་པ་མན་ཆད་ལས། དུས་རབས་ལྔ་པའི་གོང་གི་དངོས་རྫས་རྙེད་མེད། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པ་དེ་ཚང་མར་སྦྱོར་དགོས། ཁོང་ཚོར་མ་རྙེད་པ་དེས་མེད་པར་སྒྲུབ་མི་ཐུབ།

སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ནས་ནཱ་ལེནྡྲར་དགེ་འདུན་གྱི་སྡེ་ཡོད་པ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་མ་བྱུང་བའི་སྔོན་ནས་ནཱ་ལེནྡྲ་དེ་མཁས་པའི་བཞུགས་གནས་ཤིག་ཡིན། མཁས་པའི་སྐལ་བ་ལྟ་བུ་ཞིག་ཡིན་པ་དང་། སྐབས་དེར་རྒྱ་གར་ནང་བྲམ་ཟེ་དེ་དག་གིས་ཀྱང་རྒྱལ་པོའི་སར་ཕྱིན་ནས་རྩོད་པ་རྒྱག་པའི་ལམ་སྲོལ་མང་པོ་ཡོད་པས། རྩོད་པ་ཐོབ་མཁན་ལ་གསོལ་རས་རེ་གནང་དགོས། དེས་ན་རྒྱལ་པོའི་ཁབ་ཀྱི་རྒྱལ་པོའི་བློན་པོ་དེ་དག་གིས། རྩོད་པ་ཐོབ་མཁན་ཚང་མར་རྒོལ་བའི་ལོངས་སྤྱོད་གནང་ན། ང་ཚོའི་མི་སེར་གྱི་ས་ཞིང་རྫོགས་འགྲོ་བའི་ཉེན་ཁ་ཡོད་པས། ནཱ་ལེནྡྲ་དེ་རྒོལ་བའི་ལོངས་སྤྱོད་དུ་བཞག་ནས། སུ་ལ་རྩོད་པ་ཐོབ་ཀྱང་སྔ་མའི་ས་ནས་ཚུར་བླངས་ཏེ་ཕྱི་མ་ཐོབ་མཁན་ལ་གནང་ན་ལེགས་ཚུལ་བརྗོད་པ་ལྟར། མི་རབས་འགའ་ཞིག་གི་རིང་ལ་ཤཱ་རིའི་བུས་མེས་པོ་དེ་དག་གི་སྐབས་ནས་ཁོང་ཚོར་དག་པའི་རྒོལ་བའི་ལོངས་སྤྱོད་ཅིག་ཡིན། དེའི་སྐབས་ནས་མཁས་པ་འདུ་བའི་གཞི་གཅིག་དང་། དེ་རྗེས་ཤཱ་རིའི་བུས་ནཱ་ལེནྡྲའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་བསྐྲུན་པ་ནས་བཟུང་སྦྱོང་གཉེར་བྱེད་པའི་གཞི་རྩ་ཞིག་ཆགས་ཡོད།

དེས་ན་ནཱ་ལེནྡྲ་རང་ལ་ཨཱརྱ་བྷཊྚ་ཡི་སྐབས་ནས་ (Planetarium) ཡོད་པ་དེ། མ་འོངས་པར་བྱུང་རབས་ཀྱི་ཉམས་ཞིབ་བྱེད་མཁན་རྣམས་ཀྱིས་གཅིག་བྱས་ན་གསལ་པོར་མཐོང་ཐུབ་པའི་རེ་བོད། སྤྱིར་བཏང་ནཱ་ལེནྡྲའི་ས་ཆ་སྔོག་འདོན་བྱེད་པ་ནི་ལྔ་ཆ་གཅིག་ཙམ་ལས་བསྔོགས་མེད། ནཱ་ལེནྡྲའི་གཙུག་ལག་ཁང་གི་ཁྱབ་ཁོངས་གང་ཡོད་པ་དེ་ལས། འགའ་ཞིག་གྲོང་གསེབ་ཆགས་ཡོད་པ་དང་། ལ་ལ་ཞིང་ས་ལྟ་བུ་ཆགས་ཏེ་བསྔོག་ཐབས་མེད་པའམ་སྔོག་མི་བདེ་བར་གྱུར་ཡོད་པས། ད་ལྟ་བསྔོགས་ནས་དོན་པ་རྣམས་སྤྱིར་ནཱ་ལེནྡྲའི་གཙུག་ལག་ཁང་གི་ལྔ་ཆ་གཅིག་ཙམ་ལས་མེད། མ་འོངས་པར་སྔོག་པའི་གོ་སྐབས་གསར་པ་རག་ན། ནཱ་ལེནྡྲའི་གནས་ཚུལ་གསར་པ་མང་པོ་རྙེད་སྲིད།

འོན་ཀྱང་དེང་སྐབས་རྒྱ་གར་གྱི་མི་གཅིག་ལ་དྲིས་ན། ཨཱརྱ་བྷཊྚ་བྲམ་ཟེ་རེད་བརྗོད་པ་ལས། ནང་པ་རེད་ཅེས་ལབ་ཀྱི་མ་རེད། ཁོང་ཉིད་བྱུང་བའི་དུས་ཚོད་ལ་བརྟེན་ནས་ནཱ་ལེནྡྲའི་མཁས་པ་མིན་ཞེས་བརྗོད་པའི་ཉེན་ཁ་ཡོད། འོན་ཀྱང་དེ་ནི་གནད་ཆེན་པོ་ཞིག་མིན་པས། ང་ཚོས་དེ་ལ་རྩོད་པ་རྒྱག་དགོས་དོན་མེད། དེའི་གནས་ཚུལ་མཁྱེན་འདོད་ཡོད་ན། ཨཱརྱ་བྷཊྚ་ཡིས་བརྩམས་པའི་བརྩམས་པའི་རིག་པའི་གཞུང་ལུགས་ཨཱརྱ་བྷཊྚཱི་ཡམ་ཞེས་པ་ཞིག་ཡོད། དེ་ལ་དགག་པ་བརྒྱབ་པའི་རིག་པའི་གཞུང་ལུགས་མང་པོ་ཞིག་ད་ལྟ་ལེགས་སྦྱར་གྱི་སྐད་དུ་མ་དཔེ་རག་གི་ཡོད། དེ་དག་ལ་གཟིགས་ན་་ཨཱརྱ་བྷཊྚ་གང་ཡིན་པ་དེ་གསལ་པོར་མཁྱེན་ཐུབ་པ་ཞིག་ཡིན།

མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ལས་ཡིག་འབེབས་ཞུས་པའོ།།

 

 

 

 

Leave a Reply

Your email address will not be published. Required fields are marked *