༄༅། །རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ། །

༄༅། །རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ།

 ༄༅༅། །རྒྱ་གར་སྐད་དུ། བཛྲ་མཧཱ་ཀཱ་ལ་ཨཥྚ་ཀ་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ། ཨོཾ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱ་ཧཱ་ཧཱུཾ་མཛད་ཀི་ལི་ཀི་ལི་སྒྲོགས་པའི་སྒྲ༌[1]ཡིས་འབྱུང་པོའི་ཚོགས་པ་རྣམ་པར་འཐག །ཧཱུཾ་ཧཱུཾ་སྒྲོགས་པའི་ཞལ་རྣམས་ཀྱིས་ནི་མི་ཡི་ཤ་ཟ་རྒྱུ་མའི་ཕྲེང་བ་འཁྲུག་པའི་སྐུ། །ཕྱག་ན་ཁ་ཊྭཱཾ་ག་དང་མདུང༌[2]ཐུང་མི་ཡི་ལག་པའི་མཚན་པ་འཛིན་ཅིང་མཛེས་པའི་གཟུགས། །

མི་སྡུག་གཟུགས་ཅན་སྤྱན་དང་དབུ་སྐྲ་དམར་སེར་དུར་ཁྲོད་ལ་དགྱེས་ཞིང་སྐྱོང་ཀུན་ནས་སྲུངས།[3] །ཞལ་དང་ཞལ་ནས་ཕེཾ་ཕེཾ་ཕཊ་ཅེས་སྒྲོགས་པས་སོ་སོར་བསྐྱེད་པའི་མེ་དཔུང་ཆེན་པོ་ཡི། །ཕྲེང་བ་རབ་ཏུ་འབར་བའི་དབུས་ན་བཞུགས་ཤིང་སྐུ་ལ་བརྒྱན་པས་ཡན་ལག་ཉེ་བར་མཛེས། །གསོད་བྱེད་དྲག་པོའི་ཕྱག་གིས་མི་ཡི་ཁྲག་འཛག་རྒྱུན་དུ་བཏུང་ཞིང་སྦྲུལ་གྱི་ཕྲེང་བས་བརྒྱན། །དམྱལ་བར་བསྲེག་པ་སེལ་ཞིང་ས་སྟེང་ཞིང་རྣམས་སྐྱོང་བ་ཁྱོད་ནི་རོལ་ཞིང་རོལ་པར་མཛོད། །དྲི་མེད་རྫོགས་པའི་བྱང་ཆུབ་བརྙེས་ཀྱང་སྲིད་པ་གསུམ་པོ་ཁེངས༌[4]པར་འགེངས་ནུས་འོ་དོད༌[5]ཀྱིས། །ཧཱུཾ་ཧཱུཾ་ཕཊ་ཅེས་མ་རུངས་དགྲ་ཡིས་ཉིན་བཞིན་འཇིག་རྟེན་ཕྱུགས་རྣམས་ཀྱི་ནི་བགེགས་འཇོམས་ཤིང་། །ཧཱ་ཧཱ་ཨཊྚ་དགོད་པ༌[6]ཡིས༌[7]ནི་དུས་རྣམས་ཀུན་དུ་ཤིན་ཏུ་རབ་ཏུ་འཇིགས་པར་བྱེད། །མགོ་སྐྱེས༌[8]རལ་པ་སྨ་ར་ཤིན་ཏུ་དམར་སེར་ཉེ་བར་འཕྲོ་བའི་ཞིང་སྐྱོང་སྲུང་བར༌[9]མཛོད། །སྒེག་ཅིང་རོལ་པའི་འཇོ་སྒེག་དང་ལྡན་གསུས་པ་འཕྱང་བ་ཕྱག་ན་རལ་གྲི་ཁཾ་ཁཾ་ཁཾ། །རཀྟ་འཐུངས་པའི་སྤྱན་དང་ཕྱག་ནི་ཁྲག་ལྟར་དམར་བ་རཾ་རཾ་ཏི༌[10]དང་རུ་རུ་རུ། །ངོ་མཚར་སྣང་མཛད་གཏུམ་པོའི་ཤུགས་ཅན་ཁྲོ་བོའི་ལྟ་བས་ཁྲོ་གཉེར་མཛོད་ཅིག་ཀྲུཾ་ཀྲུཾ་ཀྲུཾ། །འཁོར་བཅས་སྐྱོང་བའི་ཞིང་སྐྱོང་མ་ལུས་བདུད་དང་རོ་ལངས་འདུལ་བར་མཛད་པ་ཊཾ་ཊཾ་ཊཾ། །ངེས་པར་གནོད་པའི་བདུད་དང་ཉོན་མོངས་བག་ཆགས་གཅོད་བྱེད་གྲི་གུག་འཛིན་པ་ཧྲིཾ་ཧྲིཾ་ཧྲིཾ། །ནག་པོའི་མཆུ་དང་འདྲ་བའི་སྐུ་ནི་རྩོད༌[11]དང་ཉེས་འཕྲོག་ཐོད་པའི་ཕྲེང་ཅན་ཀཾ་ཀཾ་ཀཾ །རྨད་བྱུང་འོད་ཀྱིས་འཇིག་རྟེན་གཡོ་ཞིང་སྣང་བར་མཛད་པ་གཏུམ་པོའི་ཤུགས་ཅན་ཙཾ་ཙཾ་ཙཾ། །ལྷ་མཆོག་དམ་ཚིག་ལྡན་པ་ཁྱོད་ཀྱིས༌[12]ཚོགས་ཀྱི༌[13]མཆོག་དང་ཞིང་རྣམས་སྐྱོངས་ཤིག་སཾ་སཾ་སཾ། །འགྲོ་བ་སྣ་ཚོགས་དྲི་མེད་ཆུ་བཞིན་གཟིགས་ནས་ངེས་པར་གཤིན་རྗེ་འགོག་བྱེད་ཡཾ་ཡཾ་ཡཾ། །རླུང་གི་ཤུགས་བཞིན་མྱུར་དུ་རྒྱུ་བས་ཉོན་མོངས་འཇིག་རྟེན་སྣང་བར་མཛད་པ་བཾ་བཾ་བཾ། །སྨིན་མ་གྱ་གྱུའི་ཁྲོ་གཉེར་བསྙེར་བས་འཇིགས་པར་མཛད་ཀྱང་འཇིགས་ལས་ཐར་བྱེད་བྷྲུཾ་བྷྲུཾ་བྷྲུཾ། །སྒྲུབ་པོ་རྣམས་ལ་ཕན་དང་བདེ་མཛད་གནོད་པའི་སྒོ་རྣམས་བསྲུང་བའི་ཞིང་སྐྱོང་ཀྵཾ་ཀྵཾ་ཀྵཾ། །བཟོད་པའི་ལུས་ཅན་ཀྵིཾ་ཀྵིཾ་ཀྵིཾ་ཞེས་གདུག་པ་རྣམས་ཀྱིས་བཟོད་པར་དཀའ་བའི་ཅ་ཅོ་སྒྲོག །ཀ་ཧ་ཀ་ཧའི་གསུང་གི་རྒྱུན་དང་ཆར་སྤྲིན་སྔོན་པོའི་ལུས་ཅན་གཅིག་བུས་ཐམས་ཅད་གནོན། །ཧྲཱིཾ་ཀླཱིཾ་ཤྲཱིཾ་གིས་སྔགས་དང་པ་ཙ་པ་ཙའི་སྔགས་རྣམས་ཀྱིས་ནི་ལུས་ཅན་ཐལ་བར་བྱེད། །སྒྲུབ་པོ་རྣམས་ལ་ཀུན་དུ་གཅོད༌[14]པའི་གེགས༌[15]རྣམས་ཉེ་བར་ཞི་བར་མཛོད་ཅིག་ཞིང་སྐྱོང་ཆེ། །ཀླཾ་ཀླཾ་ཀླཾ་ཞེས་རྟག་ཏུ་ཉོན་མོངས་གྱུར་པའི་ལུས་ཅན་སྲིད་གསུམ་འགྲོ་བའི་ཉོན་མོངས་རྣམས། །རྣམ་པར་བསལ༌[16]ནས་ཕྱག་གི་ཞགས་པས་སྐྱོང་ཞིང་སྲུང་བ་ལ་ཕན་ཕྱུགས་བདག་པཾ་པཾ་པཾ། །སྔགས་ཀྱི་བདག་ཉིད་སྔགས་ཀྱི་སྐུ་ཅན་སྔགས་མྱོས་སྔགས་ཀྱིས་ཞི་བའི་བདེ་སྟེར་འབྲས་བུའི་ཕྱག །མཐའ་དག་རྒྱལ་བའི་སྐུ་བཞིན་མཛེས་པ་ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་དེ་རྣམས་སྲུངས། །སྒྲུབ་པ་པོའམ་སློབ་དཔོན་གང་ཞིག་དམ་ཚིག་དགེ་མཆོག་མཁས་པའི་བློ་ཅན་ཐུན་གསུམ་དུ། །སྔགས་ཀྱི་བསྟོད་པ་བརྒྱད་པོ་ཀློག་བྱེད་དེ་རྣམས་བསོད་ནམས་ལྡན་ཞིང་རྒྱལ་བར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་འབྱོར་ལྡན་མཉམ་མེད་སྟོབས་ཀྱིས་རྣམ་པར་གནོན་པའི་གཟི་བརྗིད་རྒྱས། །ཐམས་ཅད་ཤེས་ཤིང་དེ་ཡིས༌[17]ཉིན་མཚན་རྟག་ཏུ་བགེགས་ཀྱི་ཚོགས་ནི་མྱོས་ཤིང་ཉམས་པར་འགྱུར། །རྡོ་རྗེ་ནག་པོ་ཆེན་པོའི་བསྟོད་པ་བརྒྱད་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའོ། །

 

བསྡུར་མཆན།

[1] སྒྲ་ ༼སྣར། པེ།༽ དགྲ་

[2] མདུང་ ༼པེ།༽ གདུང་

[3] སྲུངས། ༼སྣར། པེ།༽ བསྲུངས།

[4] ཁེངས་ ༼སྣར། པེ།༽ ཁེང་

[5] འོ་དོད་ ༼སྣར། པེ།༽ འོད་འདོད་

[6] དགོད་པ་ ༼སྣར། པེ།༽ རྒོད་པ་

[7] ཡིས་ ༼སྣར། པེ།༽ ཡི་

[8] སྐྱེས་ ༼སྣར། པེ།༽ སྐྱེ་

[9] སྲུང་བར་ ༼སྣར། པེ།༽ བསྲུང་བར་

[10] ཏི་ ༼སྣར། པེ།༽ རཾ་

[11] རྩོད་ ༼སྣར། པེ།༽ རྩོ་

[12] ཁྱོད་ཀྱིས་ ༼སྣར། པེ།༽ ཁྱོད་ཀྱི་

[13] ཀྱི་ ༼སྣར།༽ ཀྱིས་

[14] དུ་གཅོད་ ༼སྣར། པེ།༽ ཏུ་གནོད་

[15] གེགས་ ༼སྣར། པེ།༽ བགེགས་

[16] བསལ་ ༼སྣར། པེ།༽ གསལ་

[17] དེ་ཡིས་ ༼སྣར། པེ།༽ དེ་ཡི་

Leave a Reply

Your email address will not be published. Required fields are marked *