༄༅། །དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ། །

༄༅། །དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་མ་ཧཱ་ཀཱ་ལ་སཱ་དྷ་ན་ཀྲ་མ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཞེས་བྱ་བ། [1]དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པ།[2] །ནག་པོ་དེ་ལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་འདོད་རྣམས་ཀྱིས། །དོན་བསྡུས་པ་ནི་བཤད་པར་བྱ། །བླ་མ་བརྙས༌[3]བྱས་སེམས་ཅན་འཚེ། །དམ་ཚིག་སྨོད་དང་བསྟན་པ་བཤིག །དེ་རྣམས་བསྒྲལ༌[4]བར་བྱ་བ་ཡིན། །

གཞན་དུ་ནམ་ཡང་བྱ་བ་མིན། །དང་པོ་གནས་བཙལ་བརྟག་པར་བྱ། །སྐྱེ་གནས་སྒོ་ཅན་དབང་ལྡན་ལྷ། །རིའམ་ཚང༌[5]ཚིང་ཕུག་དག་གམ།[6] །དུར་ཁྲོད་དག་གམ་ལམ་ཅན་ནམ། །མཚན་མ་གཅིག་པ་དག་ཏུ་བྱ། །རང་སྙིང་ཧཱུཾ་བསྒོམས་འཕྲོ་འདུ་ལས། །དེ་ལས་ལྷ་ཚོགས་རང་སྣང་འགྱུར། །སྣ་ཚོགས་མཆོད་པ་རྣམ་གསུམ་བྱ། །བཤགས་པ་བྱེད་དང་སྡོམ་པ་དང་། །ཡོངས་སུ་བསྔོ་དང་ལམ་ལ་གནས། །དེ་ནས་བྱམས་དང་སྙིང་རྗེ་དང་། །དགའ་དང་བཏང་སྙོམས་བསྒོམ་པར་བྱ། །དེ་ནས་སྟོང་པ་ཉིད་བསྒོམས་ལ། །སྔགས་འདི་ཡིས་ནི་བརྟན་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སེམས་དེ་རཾ་ལས་ཉི་མར་གྱུར། །པཾ་ལས་སྣ་ཚོགས་པདྨར་བསྐྱེད། །དེ་སྟེང་ཧཱུཾ་ནི་མཐིང་ག་ལས། །གྲི་གུག་སྔོན་པོ་དག་ཏུ་གྱུར། །ཕར་འཕྲོས་ཚུར་ནི་འདུས་པ་ལས། །གཟས་པ་བསྒྱེལ་བའི་གདན་སྟེང་ན། །སྐུ་མདོག་ནག་པོ་འཇིགས་པ་ཆེ། །ཁམས་གསུམ༌[7]མ་ལུས༌[8]ཟ་བར་བྱེད། །ཞབས་རྣམས་ས་ལ་རྡེབས༌[9]མཛད་ཅིང་། །ལྷ་དང་ལྷ་མིན་སྡིགས་པར་བྱེད། །ཞལ་བཞི་པ་ལ་ཕྱག་དྲུག་པ། །གཡས་པ་དཀར་ལ་གཡོན་པ་དམར། །རྒྱབ་ནི་སེང་གེའི་ཞལ་དང་ལྡན། །རྩ་བའི་ཞལ་ནི་ནག་པོ་སྟེ། །རྩ་བའི་ཕྱག་ནི་གྲི་གུག་དང་། །ཐོད་པ་ཁྲག་གིས་བཀང་བ་འཛིན། །བར་མ་གཉིས་ན་དབྱུག་ཏོ་དང་། །གླང་པོ་ཆེ་ཡི་པགས་པ་འཛིན། །གསུམ་པ་དགྲ་སྟ་ཞགས་པ་འཛིན། །སྟག་གི་པགས་པས༌[10]སྨད་དཀྲིས་ཤིང་། །འཛག་པའི་མགོ་བོས་དོ་ཤལ་བྱས། །ཤིན་ཏུ་འཇིགས་སུ་རུང་བ་བསྐྱེད། །གཡས་སུ་གཏུམ་མོ་སྔོན་མོ་སྟེ། །གཡས་ན་ཐོད་པ་གཡོན་དར་ནག །གཡོན་དུ་གཡུང་མོ་དམར་མོ་སྟེ། །ལུ་གུ་རྒྱུད་ཀྱི་ཞགས་པ་བསྣམས། །རཀྵ་སི་དང་སིངྒ་ལ། ། མོན་མོ་ནག་པོའི་ཚུལ་དུའོ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་སྤྱན་དྲངས་ཏེ།[11] །གནས་ནས་འོངས་ནས་དེ་ལ་ཐིམ། །ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བྱ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །བརྟན་པར་བྱིན་གྱིས་བརླབ་པར་བྱ། །མེ་ཏོག་ནག་པོ༌[12]འབྲས་བུ་དང་། །མི་དབང་འབྲས་དང་དཀར་དམར་དང་། །ཀླད་པ༌[13]ན་ཚེ་དམར་བཞི་དང་། །བདུད་རྩི་ལྔ་དང་དབང་པོ་ནི། །ཨ་ལས་བྱུང་བའི་ཀ་པཱ་ལར། །ཟླ་བ་ཉི་མའི་བར་དུ་ནི། ས་བོན་ལྔ་དང་ལྕགས་ཀྱུ་ལྔ། །འོག་ཏུ་མེ་སོགས༌[14]འབར་བ་ནི། །དྲི་མ་རྣམ་པར་དག་བྱས་ནས། །མི་སྡུག་དྲི་དང་རྣམ་རྟོག་ནི། །ཧ་དང་ཧྲཱིཿདང༌[15]ཧོས་སྦྱངས་ནས། །དེ་ནས་ཆོ་གས་ལྕེ་མྱང་བྱས།[16] །དེ་ལ་དབུལ་བའི་སྔགས་ནི། ཨོཾ་བཛྲ་གྱིང་ནི་ཛཿཧཱུཾ་བཾ་ཧོཿ། ཨོཾ་མ་ཧཱ་ཀཱ་ལ་ཨི་དཾ། དྷཱུ་པ། པུཥྤ། དཱི་པཾ། གནྡྷཾ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་ཏིཥྛ། བནྡྷ་བནྡྷ། པ་ཙ་པ་ཙ། ཧཱུཾ་ཕཊ་བྱ་བའི་སྔགས་ཀྱིས་དབུལ། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡི། །དབེན་པའི་སྔགས་ཀྱིས་གླུ་བླང་ཞིང་། །བསྟོད་པ་འདི་ཡིས་ཡང་དག་བསྟོད། །ཧཱུཾ་སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ།[17] །གྲོང་ཁྱེར་སུམ་བརྩེགས་འཇིག༌[18]པར་བྱེད། །ལེགས་ལྡན་ཁྱེད༌[19]ལ་ཕྱག་འཚལ་བསྟོད། །བདག་གིས་བཙུན་པར་ཁྱོད་བསྟོད་དོ། །འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་སྨྲས་པ་ལྟར། །བཀྲ་ཤིས་མཆོག་བསྒྲུབ༌[20]སེམས་པ་དེར། །ཡིད་མྱུར་གཟུགས་ཅན་ཀུན་དུ་གྲགས། །མགོན་པོ་བྱེད་ཅིང་འཇིག་རྟེན་སྐྱོང་། །འཐབ་པའི་ཚེ་ན་རྟག་ཏུ་རྒྱལ། །གཤིན་རྗེ་མ་མོ་མངོན་པར་བསྟོད། །དར་གྱི་སྟོད་གཡོགས་སྔོན་པོ་ཅན། །སྡུག་དང་མི་སྡུག་ལུས་སུ་སྟོན། །མིག་གིས་ཐམས་ཅད་རྔམ་པར་བྱེད། །མཆོག་བསྒྲུབ་དཔག་མེད་སེམས་བདེར་བྱེད། །སྙིང་དང་ལྡན་ཞིང་རབ་ཏུ་དཔའ། །རྟག་ཏུ་ཁྱོད་ལ་བདག་གིས་བསྟོད། །བདག་གི་ཉི་མའི་དཀྱིལ་དུ་ནི། །ཕྲེང་བའི་ཚུལ་དུ་གནས་པ་ལ། །བདག་གི་སྙིང་གི་དཀྱིལ་དུ་ནི། །རཾ་ལས་ཉི་མའི་འོད་པདྨ། །གྲི་གུག་དབུས་ནས་ཕྲེང་བ་བྱ། །ཁ་ནས་ལྟེ་བར་འཁོར་ཚུལ་དུ། །འབུམ་ལ་སོགས་པ་ཅི་ནུས་བཟླས། །དེ་ལས་སྔགས་ལས་གྲི་གུག་འགྱུར། །དེ་ཡིས་བཅད་ཅིང་གཏུབས༌[21]པར་བསམ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཨེ་ཀ་ཛ་ཊཱི་ཧཱུཾ་ཕཊ། དེ་ནས་རྟགས་ནི་འབྱུང་བར་འགྱུར། །རྟགས་ནི་བརྟན་པར་གྱུར་པ་དང་། །གསད་པའི༌[22]ལས་ལ་འཇུག་པར་བྱ། ། གོང་གི་སྔགས་དང་སྦྱོར་བ་ཡིས། །གྲུ་གསུམ་དཀྱིལ་འཁོར་གྲུ་གསུམ་ལ། །བྱུགས་ལ་རལ་གྲི་གྲི་གུག་བྲི། །གྲུ་གསུམ་མདུང༌[23]རྩེ་མདའ་དང་གཞུ། །ཁ་དོག་ནག་པོ་བྱས་ནས་སུ། །དགྲ་བོའི་གཟུགས་བརྙན་ཁོ་ཅི་འདྲ། །ཆུས་སྦྲུས་པ་དང་ཆུ་ངོགས་ལ། །རྐང་རྗེས་དུར་ཁྲོད་ཐལ་བ་དང་། །བདུད་རྩི་ལྔ་དང་བག་ཕྱེ་དང་། །ཁྲག་གིས་སྦྲུས༌[24]ལ་སོར་བརྒྱད་པ། །བྱས་ལ་སྙིང་གར་འཁོར་ལོ་གཞུག །སྔགས་ཀྱི་འོད་ཟེར་ལ་གནོད་སྦྱིན། །མོ་རྣམས་ཀྱིས་ནི་དགུག་པར་བྱ། །ཁུགས་ནས་གདུག་པ་ཅན་ལ་གདབ། །ཡང་ན་རབས་ཆད་ཐོད་པ་རུ། །འཁོར་ལོ་ཁྲག་གིས་བྲི་བར༌[25]བྱ། །དེ་ཡི་དབུས་སུ་གྲི་གུག་བྲི།[26] །སྔགས་དང་མིང་སྤེལ་དུག་གིས་དགང་། །ཀླུ་ཡོད་གནས་སུ་མཛེ་ཡིས་འཛིན། །ཁྲག་བཀང་དུར་དུ་སྦས་གྱུར་ན། །རིགས་རྒྱུད་རྩད་ནས་འཆད་པར་འགྱུར། །ཞིང་ལ་སྦས་ན་མི་སྐྱེ་འགྱུར། །ཕུར་བུས་གདབ་ཅིང་ཉི་ཟླའི་བར། །གཡུང་དྲུང་གཙུག༌[27]གི་འུག་པ་རུ། །གསོད་པའི༌[28]སེམས་ཀྱིས་གསོད་པར་འགྱུར། །ཁྲག་དང་དུག་དང་སྐེ་ཚེ་དང་། །ཚ་གསུམ་མྱོས༌[29]བྱེད་བདུད་རྩི་སྦྱར། །ལུས་ཀུན་ལ་ནི་བྱུགས་གྱུར་ན། །རིམས་ནད་ཀུན་གྱིས་ཐེབས་པར་འགྱུར། །ཐོད་ཁྲག་བཀང་ལ་ལྷ་རྟེན་ལ། །བཟླས་པ་འབུམ་བྱས་ཕུར་པས་གདབ། །གྲོང་ཁྱེར་ངེས་པར་འཁྲུག་པར་འགྱུར། །ཁྲག་དང་དུག་གིས་རབ་བཀང་ལ། །འགྲམ་རྩ་དག་ཏུ་སྦས་གྱུར་ནས། །གྲོང་ཁྱེར་འཇིག་པར་ཐེ་ཚོམ་མེད། །ཉི་མ་ཡི་ནི་ཚེས་དག་ལ། །ཚ་བའི་མར་ཁུ་རབ་སྦྱར་ནས། །རྐང་པ་གཉིས་ལ་བྱུགས་བྱས་ན། །བྱ་རོག་ཆེན་པོའི་སྐེད་བཅིངས་ན། །སྐྲོད་པ་དག་ཏུ་འགྱུར་བ༌[30]ཡིན། །གྲོག་མཁར་དག་གི་ས་དང་ནི། །གུར་ཀུམ་གི་ཝང༌[31]ཡུང་བ་ལ། །སྲིན་ལག་ཁྲག༌[32]གིས་སྦྱར་བྱས་ལ། །འཁོར་ལོ་ལེགས་པར་བྲིས་ནས་ནི། །སྤྲ་ཚིལ༌[33]ལིངྒ་བཅུག་བྱས་ནས། །ཁ་ནི་ནུབ་ཏུ་བལྟས་འགྱུར༌[34]ཏེ། །ཞག་བདུན་དག་གི་ཆོ་ག་ཡིས། །བརྒྱ་བྱིན་ཀྱང༌[35]ནི་དབང་དུ་འགྱུར། །ད་དུ༌[36]ར་ཡི་ཕྱེ་མ་དང་། །ཤིང་སྲིན་ཟོས་པའི༌[37]ཕྱེ་མ་ཡིས། །ཤ་ཆེན་དག་ལ་སྦྱར་བྱས་ནས། །ཁ་རུ་བླུགས་པར་གྱུར་པ་ན། ། ངེས་པར་སྨྱོ་བ་དག་ཏུ་འགྱུར། །གྲི་ཡིས་བཏུབ་ཅིང་བཅད་པ་དང་། །ཧོམ་ཁུང་སྦྱིན་སྲེག་ཆོ་ག་བྱ། །རྡོ་ལ་རྟེན༌[38]བཅས་དར་གྱིས་དཀྲིས། །དབེན་པའི་གནས་སུ་བཞུགས་ནས་ནི། །མེ་ཏོག་ནག་པོ་ལ་སོགས་པ། །ཤ་ཆེན་སྤོས་དང་གཏོར་མས་མཆོད། །དམ་ཚིག་ལྡན་པས་བྱས་གྱུར་ན། །རང་སེམས༌[39]ཅི་འདོད་འགྲུབ་པར་འགྱུར། །དཔལ་ལྡན་མགོན་པོ་ནག་པོ་ཡི། །སྒྲུབ༌[40]ཐབས་བྱས་པའི་ཕན་ཡོན་གྱིས། །དེ་ནི་སྒྲུབ༌[41]ལ་དགའ་བ་དང་། །[42]མྱུར་བར་དངོས་གྲུབ་ཐོབ་པར་འགྱུར། །དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་བའོ། །

 

བསྡུར་མཆན།

[1] པ་ཞེས་བྱ་བ། ༼སྣར། པེ།༽ པ་

[2] འཇིགས་བྱེད་པ། ༼སྣར། པེ།༽ འཇིགས་བྱེད་པས།

[3] བརྙས་ ༼སྣར། པེ།༽ རྙས་

[4] བསྒྲལ་ ༼སྣར། པེ།༽ སྒྲལ་

[5] རིའམ་ཚང་ ༼སྣར། པེ།༽ མ་ཚང་

[6] དག་གམ། ༼སྣར།༽ དག་གིསགིས ༼པེ།༽ གི།

[7] གསུམ་ ༼སྣར། པེ།༽ གཉིས་

[8] ལུས་ ༼སྣར། པེ།༽ འདུས་

[9] རྡེབས་ ༼སྣར། པེ།༽ རྡེབ་

[10] པགས་པས་ ༼སྣར།༽ པགས་པ་

[11] དྲངས་ཏེ། ༼སྣར། པེ།༽ དྲང་སྟེ།

[12] ནག་པོ་ ༼སྣར། པེ།༽ ན་ག་

[13] ཀླད་པ་ ༼སྣར། པེ།༽ གླ་བ་

[14] མེ་སོགས་ ༼སྣར། པེ།༽ མེ་ཏོག་

[15] དང་ ༼སྣར། པེ།༽ ཧྲི་དང་

[16] བྱས། ༼སྣར། པེ།༽ བྱ།

[17] གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། ༼སྣར། པེ།༽ གདུག་པ་ཅན།

[18] འཇིག་ ༼སྣར། པེ།༽ འཇིགས་

[19] ཁྱེད་ ༼སྣར། པེ།༽ ཁྱོད་

[20] བསྒྲུབ་ ༼སྣར། པེ།༽ བསྒྲུབས་

[21] གཏུབས་ ༼སྣར། པེ།༽ བཏུབས་

[22] གསད་པའི་ ༼སྣར། པེ།༽ གསང་བའི་

[23] མདུང་ ༼སྣར།༽ གདུང་

[24] སྦྲུས་ ༼སྣར། པེ།༽ བྲུས་

[25] བྲི་བར་ ༼སྣར། པེ།༽ བྲིས་པར་

[26] བྲི། ༼སྣར། པེ།༽ བྲིས།

[27] གཙུག་ ༼སྣར། པེ།༽ རྩུག་

[28] གསོད་པའི་ ༼སྣར། པེ།༽ གསེད་པའི་

[29] མྱོས་ ༼སྣར།༽ སྙོས་ ༼པེ།༽ སྙོམ་

[30] འགྱུར་བ་ ༼སྣར།༽ གྱུར་པ་

[31] གུར་ཀུམ་གི་ཝང་ ༼སྣར། པེ།༽ གུར་གུམ་གྷི་ཧང་

[32] ཁྲག་ ༼སྣར། པེ།༽ དག་

[33] སྤྲ་ཚིལ་ ༼སྣར། པེ།༽ པྲ་ཚིལ་

[34] འགྱུར་ ༼སྣར། པེ།༽ གྱུར་

[35] བརྒྱ་བྱིན་ཀྱང་ ༼སྣར། པེ།༽ བརྒྱ་བྱིན་ཡང་

[36] ད་དུ་ ༼སྣར། པེ།༽ དྷ་དྷུ་

[37] ཟོས་པའི་ ༼སྣར། པེ།༽ བྲོས་པའི་

[38] རྟེན་ ༼སྣར། པེ།༽ རྟན་

[39] སེམས་ ༼སྣར། པེ།༽ གི་སེམས་ལ་

[40] སྒྲུབ་ ༼སྣར། པེ།༽ བསྒྲུབ་

[41] སྒྲུབ་ ༼སྣར། པེ།༽ བསྒྲུབ་

[42] དང་། ། ༼སྣར། པེ།༽ དག །

Leave a Reply

Your email address will not be published. Required fields are marked *