རྩོམ་སྒྲིག་པའི་སྔོན་གླེང་། (གསུང་འབུམ།)

རྩོམ་སྒྲིག་པའི་སྔོན་གླེང་།

ཀ༽ གསུང་འབུམ་རྩོམ་སྒྲིག་གི་དམིགས་ཡུལ།

རྒྱན་དྲུག་མཆོག་གཉིས་སློབ་དཔོན་སངས་རྒྱས་བསྐྱངས། །

ལེགས་ལྡན་ཟླ་གྲགས་ཞི་ལྷ་འཕགས་སེང་དང་། །

ཞི་བ་འཚོ་དང་པདྨའི་ངང་ཚུལ་ཞབས། །

ཨ་ཏི་ཤ་བཅས་པཎ་གྲུབ་རྣམས་ལ་འདུད། །

འཛམ་གླིང་མཛེས་རྒྱན་པཎ་གྲུབ་བཅུ་བདུན་གསུང་། །

རྣམ་དཔྱོད་མིག་སྦྱིན་པོད་ཕྲེང་དགའ་ཚལ་དུ། །

ཐུགས་བསྐྱེད་དམ་བཅའ་རྣམ་བཞིའི་དཔལ་འབར་བས། །

ཕན་བདེའི་སྤྱི་ནོར་སྲིད་མཐར་གནས་ཕྱིར་འབུལ། །

ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ལས་གཞིའི་དམིགས་ཡུལ་ནི། དེ་ཡང་སྔར་དམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་དག་ཏུ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། པཎ་གྲུབ་བཅུ་བདུན་ཞེས་མ་གྲགས་ཀྱང་། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །དཔལ་ནཱ་ལེནྡྲའི་བརྒྱུད་འཛིན་པ་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་དགོངས་རྒྱ་ཆེ་བཞེས་དང་། ཕུགས་རྒྱང་རིང་གཟིགས་ཀྱིས། པཎ་གྲུབ་བཅུ་བདུན་ཞེས་པ་སྲོལ་བཟང་གསར་གཏོད་བཀའ་དྲིན་བསྐྱངས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་གསལ་སྟོན་མཛད་པས་ན། བོད་བརྒྱུད་ནང་བསྟན་འདི་ཉིད་སངས་རྒྱས་ཀྱི་ཆོས་རྣལ་མ་མིན་པར་བླ་མའི་ཆོས་ལུགས་ཙམ་དུ་སྨྲ་བའི་ལོག་རྟོག་གི་དྲི་མ་བསལ་ཏེ། དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ལག་ཡོངས་སུ་ཚང་བ་ཞིག་ཏུ་ངོས་འཛིན་ཐུབ་པ་དང་གཅིག །གཉིས་ནས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ལས་མཆེད་པའི་རིང་ལུགས་གཅིག་གྱུར་ཡིན་སྟབས། ཆོས་ལུགས་ཆོས་བརྒྱུད་དང་བཅས་པ་ནང་ཕན་ཚུན་མཐུན་ལམ་དམ་ཟབ་ཏུ་གྱུར་ཏེ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་འདི་ཉིད་བྱུང་ཡོད། ནང་དོན་རིག་པའི་གཞུང་ལུགས་ལ་མཚོན་ན། བོད་ཀྱི་སྐད་ཡིག་ཏུ་བཞུགས་པའི་རྒྱལ་བའི་བཀའ་འགྱུར་དང་། དགོངས་འགྲེལ་བསྟན་འགྱུར། བོད་ཀྱི་མཁས་པའི་གསུང་འབུམ་བཅས་སྡེ་ཚན་ཆེན་པོ་གསུམ་གྱི་བདག་ཉིད་ཅན་འདི་དག་ནི། བོད་གངས་ཅན་པས་ལུས་ཀྱི་སྟོབས་ཤུགས་དང་། སེམས་ཀྱི་ནུས་རྩལ། དངོས་པོའི་འགྲོ་གྲོན་བཅས་ཅིག་ཏུ་སྤུངས་ཏེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་འབྲས་བུ་ལགས་ཤིང་། དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པའི་བོད་བརྒྱུད་ནང་བསྟན་འདི་ཉིད་ད་ཆ་འཛམ་གླིང་ཐོག་ནང་ཆོས་ཀྱི་ཆ་ལག་ཚང་ཤོས་དང་སྤུས་ཚད་ལེགས་ཤོས་སུ་ངོས་འཛིན་གནང་བཞིན་ཡོད། ལྷག་པར་དུ་བཀའ་བསྟན་གཉིས་དང་། ཡང་སྒོས་པཎ་གྲུབ་བཅུ་བདུན་གྱི་གསུང་རབ་རྣམས་ནི་ནང་པའི་ལྟ་གྲུབ་ཀྱི་ཁུངས་གཏུག་ས་དང་གཞི་འཛིན་ས་གཙོ་བོ་ཉག་ཅིག་ཏུ་གྱུར་ཏོ།།

པཎ་གྲུབ་བཅུ་བདུན་གྱི་རྨད་བྱུང་ལེགས་བཤད་བོད་དུ་འགྱུར་བ་རྣམས་ལ། སྐད་ཡིག་དང་། རིག་གཞུང་། ལྟ་གྲུབ་བཅས་གསོན་པོ་གསུམ་གྱི་ཁྱད་ཆོས་ཡོངས་སུ་ཚང་ཞིང་། བཀའ་བསྟན་གསུང་འབུམ་གྱི་གླེགས་བམ་རྣམས་ནི་རི་བོའི་གཏོས་ལྟར་བརྗིད་ཅིང་རྒྱ་མཚོའི་ཁྱོན་ལྟར་ཟབ་པ་ཤ་སྟག་ལགས་པས། རང་གིས་མཇལ་ན་དད་པའི་སྤུ་ལོང་གཡོ་ཞིང་། གཞན་ལ་ངོམས་ན་ངོམ་རིན་ཆོག་པ་ཞིག་ཡིན། འདི་དག་གིས་བོད་ཀྱི་ཆོས་རིག་ལོ་རྒྱུས་ནི་མན་ངག་གིས་ཕྱུག་ཅིང་ནང་དོན་གཏིང་ཟབ་པ་ཞིག་ཡིན་པ་ར་སྤྲོད་གསལ་པོར་བྱས་ཡོད། དེས་ན་དུས་རབས་ཉེར་གཅིག་པའི་སྐབས་འདིར། གསུང་རབ་རིན་པོ་ཆེ་འདི་དག་ཚོང་ཟོང་དང་བྱེ་བྲག་པའི་ཁེ་ཕན་གྱི་ཡོ་བྱད་དུ་མ་སོང་བར། ཕྱོགས་རིས་ཀྱི་ལྟ་བ་རིང་དུ་དོར་ནས་མི་རིགས་ཀྱི་ཡིད་བཞིན་ནོར་བུ་ལྟ་བུའི་རིག་གཞུང་ལ་གཅེས་སྤྲས་དང་། རིས་མེད་སློབ་གཉེར་བ་ཁྲི་ཕྲག་མང་པོའི་ཤེས་རབ་ཀྱི་ཟས་མཆོག་དང་རྣམ་ཤེས་ཀྱི་བཅུད་དུ་སྨིན་པའི་ཀུན་སློང་རྣམ་དག་གིས་མྱུར་སྐྱོབ་དང་ལེགས་སྒྲིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

བོད་བརྒྱུད་ནང་བསྟན་ནི་བོད་ཀྱི་གཅེས་ནོར་ཙམ་མ་ཟད། འཛམ་གླིང་གི་སྤྱི་ནོར་ཞིག་ཀྱང་ཡིན་པས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་དགོས་ཤིང་། སྔོན་བྱོན་རིས་མེད་སྐྱེས་ཆེན་དམ་པ་རྣམས་ཀྱིས་གསུང་འབུམ་པོ་ཏི་ཁྲི་ཕྲག་ལྗགས་རྩོམ་མཛད་པ་ཙམ་མ་ཟད། རྩ་བ་བློ་འཛིན་དང་། འགྲེལ་པ་ཞིབ་གཉེར། རིགས་ལམ་ནས་མཐའ་དཔྱོད་དེ་སྒྲོ་འདོགས་བཅད་ཐོག །དབང་ལུང་ཁྲིད་གསུམ་གྱི་རྒྱུན་མི་ཉམས་པར་བསྐྱངས་པ་འདི་ནི། ནང་པའི་ཡུལ་གྲུ་གཞན་ལ་མེད་པའི་བོད་གངས་ཅན་གྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཏུ་གྱུར་ལ། ཡང་སྒོས་སྔ་འགྱུར་རྙིང་མའི་གཞུང་ཆེན་བཅུ་གསུམ་དང་། དཔལ་ལྡན་ས་སྐྱའི་གྲགས་ཆེན་བཅོ་བརྒྱད། མཉམ་མེད་བཀའ་བརྒྱུད་པའི་གཞུང་ཆེན་ཉེར་ལྔ། རི་བོ་དགེ་ལྡན་པའི་གཞུང་ཆེན་བཀའ་པོད་ལྔ་སོགས་དབྱེ་སྒོ་སྣ་ཚོགས་པའི་རིས་མེད་བཤད་གྲྭ་ཁག་གི་བསླབ་གཞིའི་གཞུང་ཆེན་ཁག་གི་རྩ་བ་དང་འགྲེལ་པ་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་ལྗགས་རྩོམ་མཛད་པའི་ལེགས་བཤད་ཀྱི་བསྟན་བཅོས་ཤ་སྟག་ཏུ་གྱུར་ཡོད། དེ་ལྟར་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བཤད་སྒྲུབ་གཉིས་ལྡན་གྱི་གདན་ས་ཁག་ཏུའང་གཞུང་ཆེན་སློབ་གཉེར་གནང་དང་གནང་བཞིན་པའི་བསླབ་གཞིའི་གཞུང་ལུགས་ནི། གཙོ་བོ་རྒྱ་གཞུང་ཁག་དང་། ཡང་སྒོས་རྣམ་དཔྱོད་ཀྱི་མིག་སྦྱིན་པར་བྱེད་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ཡིན་པར་བརྟེན། བཀའ་བསྟན་ཞེས་ཆོས་རྩིག་གི་ཚུལ་དུ་མ་ལུས་པར་པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་རྣམས་གདན་ས་ཆེ་ཁག་དང་། ཆོས་རིག་གི་ལྟེ་གནས་ཁག་གི་སློབ་གཉེར་བ་རྣམས་ལ་ལྟ་ཀློག་བྱ་རྒྱུའི་སློབ་དེབ་ཀྱི་ཚུལ་དུ་མཐུན་རྐྱེན་སྐྲུན་གལ་ཤིན་ཏུ་ཆེ་བར་མཐོང་ཞིིང་། འཛམ་གླིང་ལ་ཕན་ཐོགས་ཡོད་པའི་བོད་གངས་ཅན་ལྗོངས་ཀྱི་གཅེས་ནོར་འདི་དག་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་གནད་ཆེ་ལ། དེ་ལྟར་ངོས་འཛིན་ཐུབ་པའི་ཐོག་ནས་གཅེས་ཉར་བརྒྱུད་སྤྲོད་བྱ་དགོས་ཤིང་། བདག་སྤྲོད་བྱེད་ལུགས་དེ་ཡང་ཐོས་བསམ་སློབ་གཉེར་གྱི་ཐོག་ནས་བདག་གཅེས་དང་། འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ཞིག་ཡིན་པས་ན། དེའི་མཐུན་རྐྱེན་གྱི་སླད་དུ་ལྷ་སྐུ་ཆེན་པོ་བཞེངས་པ་ལས། ལེགས་བཤད་ཀྱི་བསྟན་བཅོས་རྣམས་ཕྱོགས་བསྒྲིགས་ཀྱིས་དོན་གཉེར་ཅན་རྣམས་ལ་འཆད་ཉན་ལྟ་ཀློག་བྱ་རྒྱུའི་མཐུན་རྐྱེན་ཞིག་བསྐྲུན་ཐུབ་ན། བསྟན་འགྲོ་སྤྱི་བྱེར་ཕན་ཐོགས་དང་དགེ་མཚན་ཆེ་བར་མཐོང་། དེ་ཡང་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་ནི། རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་བློ་བཟང་རྒྱལ་བསྟན་མ་ལས[1]། ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། །རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །ཞེས་གསུངས་པ་ལྟར། ལུང་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་བྱས་ཏེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པར་བརྟེན། དེའི་དགོས་མཁོའི་མཐུན་རྐྱེན་དུ་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཞུས་པ་ཞིག་ཀྱང་ཡིན། ལྷག་པར་རྒྱལ་བསྟན་ཡུན་གནས་ཆེད་པཎ་གྲུབ་བཅུ་བདུན་གྱི་གསུང་ལ་ཐོས་བསམ་སློབ་གཉེར་བྱ་དགོས་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས[2]།

པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ང་ཚོར་རྣམ་དཔྱོད་ཀྱི་མིག་སྦྱིན་མཁན་ལྟ་བུ་ཡིན་པས། གཞུང་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། གཞུང་དེ་དག་ལ་རྒྱུས་མངའ་ཅུང་ཟད་ཡོད་པ་ཞིག་བྱུང་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་བ་དང་། དེ་མིན་ཕ་མ་དང་མི་ཐོག་གོང་མ་དག་གིས་སྐྱབས་སུ་མཆིའོ་ཞེས་བརྗོད་པ་དེ་གའི་ཐོག་ཏུ་མུ་མཐུད་ཕྱིན་ན་དབང་རྟུལ་དད་པའི་རྗེས་འབྲང་ཆགས་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་ན། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་ཅིང་། མ་འོངས་པར་དུས་རབས་ཉི་ཤུ་རྩ་གཉིས་པ་དང་། རྩ་གསུམ་པ། རྩ་བཞི་པ། རྩ་ལྔ་པ་སོགས་སུ་མུ་མཐུད་ནས་སངས་རྒྱས་པའི་ཆོས་འདི་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་ཐོག་ཏུ་ཕྱིན་ན། མི་ཐོག་གཅིག་ཙམ་གྱི་རྗེས་ནས་རིམ་བཞིན་ཉམས་དམས་འགྲོ་རྒྱུའི་ཉེན་ཁ་ཡོད། ཡོ་རོབ་སོགས་སྔར་ནང་ཆོས་མ་དར་བའི་ཡུལ་གྲུ་རྣམས་ཀྱི་མཁས་པ་རྣམ་དཔྱོད་ཅན་དང་། དེ་བཞིན་ཚན་རིག་པ་སོགས་མང་པོ་ཞིག་ལ་པཎ་གྲུབ་བཅུ་བདུན་གྱི་གཞུང་གི་བརྗོད་དོན་བཤད་པ་བྱེད་སྐབས་དགའ་མོས་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག །དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་སྐྱེ་དགོས་པ་ཞིག་ཡིན། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཞེས་ངོས་ཀྱིས་ཁ་སང་བརྗོད་པའི་རྒྱུ་མཚན་འདི་རེད། ཁྱེད་རང་ཚོ་ཚང་མས་དེ་སྔོན་དགོན་པ་སོ་སོའི་ཆོ་ག་ཕྱག་ལེན་འདོན་པ་དང་། གྲོང་ཆོག་རྒྱུག་པ་སོགས་བྱས་པ་ལྟ་བུ་མིན་པར་གཞུང་ལ་སློབ་གཉེར་བརྒྱབ་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་བདེན་གཉིས་ནས་བསླངས། དེ་ནས་བདེན་བཞིའི་རྣམ་གཞག་གི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཏན་ལ་འབེབས་པ་དེ་རིགས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །

ཅེས་བཀའ་སྩལ་པ་ལྟར། ནང་པ་རྣམས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་པ། བོད་རིགས་རྣམས་ཀྱང་མཁས་བཙུན་བཟང་གསུམ་འཛོམས་པའི་བོད་མི་ཤ་སྟག་ཡོང་ཐབས་དང་། བོད་ཕྲུག་རྣམས་ཀྱང་འདབ་ཆགས་གཤོག་པ་གཉིས་ལྡན་ལྟར་གནའ་དེང་གི་ཤེས་ཡོན་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་བ་ཞིག་བྱ་དགོས་སྐོར་མགོན་པོ་གང་ཉིད་ནས་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྔ་ཕྱིར་གལ་ཆེ་ནན་ཕེབས་ཀྱི་རླབས་ཆེན་གྱི་དགོངས་གཞིའི་ཆ་ཤས་སུ་ལེགས་སྐྱེས་ཕྲན་ཙམ་འབུལ་ཐུབ་ཐབས་སོགས་ལ་དམིགས་པ་དང་། འདི་ལྟ་བུའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་རྣམས་ཕྱོགས་བསྒྲིགས་དཔར་འགྲེམས་ཞུ་ཐུབ་ན། མགོན་པོ་གང་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་བཞི་པོར་གཅིག་གོ་གཉིས་ཆོད་དང་། གཅིག་ཆོག་ཀུན་བསྡུས་ལྟ་བུའི་ཞབས་ཞུ་བླ་ན་མེད་པ་ཞིག་ཏུའང་འགྱུར་ངེས་སོགས་སུ་དམིགས་པ་སྟེ། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་བཞི་ནི། ༡༽ ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་སྤྱོད་བཟང་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཅིང་། དེ་ནི་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་སུ་བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་འདོད། ༢༽ ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཅིང་། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང་། བྱམས་པ་དང་། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་སོགས་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པར་མ་ཟད། མི་ཚེའི་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་འདོད། ༣༽ ངོས་རང་བོད་མི་ཞིག་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་བཅས་ལ་སེམས་ཁུར་དང་། བཙན་འོག་ཏུ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་བྱ་རྒྱུ་དེ་ངོས་ཀྱི་འགན་ཁུར་ཡིན། ༤༽ ངོས་རང་རྒྱ་གར་གནའ་རབས་ཀྱི་རིག་གཞུང་གི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག །ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་རྒྱ་གར་ནང་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཐུབ་ན་སྙམ། ཞེས་བཀའ་སྩལ་པ་ལྟར། མགོན་པོ་གང་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་བཞི་དང་དཔལ་ནཱ་ལེནྡྲའི་རིང་ལུགས་བར་འབྲེལ་བ་དམ་ཟབ་ཡོད། དེ་ཡང་ཐུགས་བསྐྱེད་དམ་བཅའ་དང་པོའི་དབང་དུ་བྱས་ཚེ། དམ་པ་ལྷ་ཆོས་དང་མ་འབྲེལ་བའི་འཇིག་རྟེན་མི་ཆོས་གོང་མཐོར་གཏོང་ཐབས་དེ་ཡིན་ལ། དེ་ཡང་འབྱུང་ཁུངས་ཀྱི་ཆ་ནས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་སུ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་གཉིས་ཀ་རྒྱས་པར་བསྟན་ཡོད། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (C150-250) ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཤེས་རབ་བརྒྱ་པ་ལས[3]། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་ལ། དེ་བཞིན་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་ལས[4]། དཀར་པོའི་ཆོས་རྣམས་ཡིད་ལ་མི་འཇོག་སྐྱེ་བོ་རྣམས་ལ་ནི། །མི་ཆོས་ཕུལ་དུ་བྱུང་བ་ཡིད་ལ་འཇོག་པ་ཉིད་ལ་ནི། །ཅུང་ཞིག་དགེ་བར་འགྱུར་སྙམ་ནས་ནི་འདི་རྣམས་བྲིས་པ་ཡིན། །དགེ་བས་བླུན་པོ་མ་ལུས་གྲོལ་ཞིང་ཡུན་དུ་གནས་པར་ཤོག །ཅེས་ལུགས་ཀྱི་བསྟན་བཅོས་མང་དུ་མཛད་པ་དག་ལས་འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་རྒྱས་པར་གསུངས་ཤིང། གཞན་ཡང་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས་[5]ཀྱང་། འཇིག་རྟེན་ཚུལ་ལུགས་གང་དང་གང་། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་པས་ཀྱང་། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་། །ཞེས་སོགས་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་ཡ་རབས་སྤྱོད་བཟང་གི་རྣམ་གཞག་ཀྱང་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་ཁག་ཏུ་རྒྱས་པར་གསུངས་ཡོད།

གཉིས་པ། ཆོས་ལུགས་ཕན་ཚུན་མཐུན་ལམ་གོང་མཐོར་གཏོང་རྒྱུ་དེ་ཡིན་ལ། དེའི་སླད་དུ་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ཞེས་སྲོལ་བཟང་གསར་གཏོད་བཀའ་དྲིན་བསྐྱངས་པ་ཡོངས་སུ་གྲགས་ཤིང་གྲུབ་ལ། གསུམ་པ། བོད་ཀྱི་བདེན་དོན་འཐབ་རྩོད་དང་། ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་མཚོན་ནའང་། གཙོ་བོ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཡིན་ཅིང་། རིང་ལུགས་འདི་ཉིད་བོད་གངས་ཅན་ལྗོངས་ཀྱི་གཅེས་ནོར་དང་། འཛམ་གླིང་གི་སྤྱི་ནོར་ཡིན་ཚུལ་བཀའ་སྩལ་པ་ལྟར་རོ།།

བཞི་པ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་དགོངས་བཞེད་ཀྱང་གཙོ་བོ་དཔལ་ནཱ་ལེནྡྲའི་ཆོས་རིག་ཡིན་ལ། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་བརྗོད་གཞིར་མཚོན་ནའང་། ཚད་རྡུལ་དངོས་ཁམས་རིག་པ་དང་། ནང་གི་སེམས་ཁམས་རིག་པ། ཕྱི་ནང་གི་ལྟ་གྲུབ་ཀྱི་རྣམ་གཞག །ཚད་མ་རིག་པའི་རྣམ་གཞག་རྣམས་ཀྱང་ཐོག་མར་སྲོལ་བཟང་བཏོད་ཅིང་། བར་དུ་གཞུང་ལུགས་བརྩམས། མཐའ་མར་སྲོལ་བཟང་འཛིན་པ་པོ་གཙོ་བོ་ནི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཡིན་པས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་དང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་། གསུང་འབུམ་དེ་དག་གི་དཀར་ཆག་དང་བཅས་པ་ཕྱོགས་གཅིག་ཏུ་ཞུ་བསྒྲིགས་བྱེད་ཐུབ་ན། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དམ་བཅའ་རྣམ་བཞིར་གཅིག་གོ་གཉིས་ཆོད་ལྟ་བུའི་དོན་དམ་པའི་ཞབས་ཞུ་ཞིག་ཡིན་པར་ངོས་འཛིན་ཞུས་ཆོག་པ་ཞིག་ཡིན། པཎ་གྲུབ་བཅུ་བདུན་གྱི་ལེགས་བཤད་བསྟན་བཅོས་དག་ལ་སློབ་གཉེར་བྱ་དགོས་པའི་གལ་གནད་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་གསལ[6]།

ང་ཚོས་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་སྡེ་ཚན་ལོགས་སུ་བཟོས་ནས་ཕྱོགས་བསྒྲིགས་བྱེད་རྒྱུར་བསམ་བློ་གཏོང་བཞིན་ཡོད། འདི་ལྟར་བྱུང་ན་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་བཅས་ཡོད་མུས་ལྟར། པཎ་གྲུབ་དེ་དང་དེས་མཛད་པའི་གཞུང་རྣམས་ཁེ་གཙང་ཟུར་འདོན་བྱས་ཏེ་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ཞིག་བྱུང་ན་ཧ་ཅང་ཡག་པོ་འདུག །བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་བཞུགས་པ་དེ་དག་ལ་ལྟ་དགོས་བྱུང་ན་ཧ་ཅང་ཕོན་འབོར་ཆེན་པོ་ཆགས་ཡོད། པཎ་གྲུབ་བཅུ་བདུན་གྱི་གསུང་ལོགས་སུ་བཏོན་པ་དེ་དག་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་དང་། དེའི་ནང་ནས་འདུལ་བ་དང་མངོན་པའི་གཞུང་ལ་སློབ་སྦྱོང་བྱ་རྒྱུ་དང་། ཛ་དྲག་གི་གལ་གནད་ཆེ་བ་ནི། ས་ལམ་གྱི་རྣམ་གཞག་ཤེས་པ་ལ་ཕར་ཕྱིན་གྱི་གཞུང་ལ་ལྟ་དགོས་ཤིང་། ཉོན་མོངས་ཀྱི་དངོས་ཀྱི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ཡིན་པ་ལས། གཞན་དག་གང་གིས་ཀྱང་གཉེན་པོའི་གླགས་རྙེད་པ་ཞིག་མེད། དེར་བརྟེན་དབུ་མའི་གཞུང་ལ་སློབ་སྦྱོང་བྱ་དགོས་པ་དང་། དབུ་མ་ཐལ་རང་གི་ཁྱད་པར་དེ་དག་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག །

ཅེས་དང་། དེ་བཞིན་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་གི་ལས་གཞིའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་དོན[7]། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་གི་ལས་གཞི་འགྲོ་བཞིན་པ་ལྟར། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ནང་གཞུང་ཆེན་ལས་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ཆ་ཚང་ཡོད་པས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་བྱེད་ཐུབ་ན་ཤིན་ཏུ་ལེགས། དེ་ནི་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་དང་། ལྷག་པར་པཎ་གྲུབ་བཅུ་བདུན་གྱི་ཞབས་འདེགས་དངོས་གནས་རེད། དེ་མིན་ང་ཚོས་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་ཞེས་བརྗོད་པ་ལས། དེ་དག་ལ་ཕྱག་རྗེས་ཀྱི་གསུང་རྩོམ་གང་དག་ཡོད་མེད་ཙམ་ཡང་ཞིབ་ཕྲ་ཤེས་ཀྱི་མེད་ཅིང་། གདན་ས་ཁག་གིས་ཀྱང་སོ་སོའི་ཡིག་ཆ་གཙོ་བོར་ལྟ་བ་ལྟ་བུ་ཆགས་ཡོད།

ཅེས་ལམ་སྟོན་གྱི་བཀའ་བཟང་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པ་ལྟར། དེ་ལྟའི་གལ་གནད་ལ་བརྟེན་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་དང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་ཁང་ཐུན་མོང་ནས་མ་བསྒྲིགས་ལྷུན་གྲུབ་དང་། མ་བགྲོས་བསམ་པ་གཅིག་མཐུན་ཐོག་ཕྱི་ལོ་ ༢༠༡༢ ཙམ་ནས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་པར་སྐྲུན་ཞུ་རྒྱུའི་ལས་གཞི་འདི་ཉིད་དབུ་འཛུགས་ཞུས་པ་ཞིག་ཡིན།

དེ་ཡང་རང་ཉིད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་མཛོད་འགན་འཛིན་གྱི་ཞབས་ཞུ་སྒྲུབ་སྐབས་ལས་བྲེལ་ཆེ་བ་དེ་ཙམ་མེད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞིའི་ཞབས་ཞུར་དམིགས་ཏེ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཞུ་རྒྱུའི་ལས་འགོ་བརྩམས་ཏེ་ཞར་ཞོར་དུ་ཡིག་འཇུག་དང་། མ་ཡིག་ཐབས་འཚོལ་སོགས་ཀྱི་ལས་གཞི་འགྲོ་མུས་ཀྱི་རེས་གཟའ་ཉི་མར་རི་རྩེའི་ནགས་ཁྲོད་དུ་བག་ཡངས་སུ་བསྐྱོད་སྐབས་ཤིག་ལ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཕེབས་ལམ་དུ་ངོ་མཇལ་བྱུང་བར། ཁོང་གིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཞུ་འཆར་བཞིན་གློག་ཀླད་དུ་ཡིག་འཇུག་དང་། ཞུ་དག་དཔེ་བསྡུར། པར་སྐྲུན་མ་གནས་སོགས་སྔོན་རྩིས་ལས་འཆར་སྐོར་བཀའ་འདྲི་གནང་བར། གུས་ནས་ཀྱང་ལས་འཆར་ལག་བསྟར་འགྲོ་མུས་ལགས་ན། ལྷ་རབས་བྱུང་ན་མཉམ་འབྲེལ་གནང་ཐུབ་ཚེ། འགྲོ་གྲོན་གཉིས་བརྩེགས་དང་ངལ་བ་འབྲས་མེད་དུ་མི་འགྱུར་ཞིང་། ལས་ཆོད་ཆེ་ཞིང་སྤུས་ཚད་ལེགས་པ། གཅིག་གྱུར་ཡོང་རྒྱུར་དགེ་མཚན་ཆེ་ལུགས་བཅས་ཞུས་པར་ཀ་ཀོར་མེད་པར་མཉམ་ལས་ཞུ་རྒྱུར་གཉིས་མོས་བྱུང་སྟེ། ལས་གཞི་འདི་ཉིད་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་དང་། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་གཉིས་མཉམ་འབྲེལ་ཐོག་དབུ་འཛུགས་ཞུས་ཤིང་། ལས་གཞི་འདིའི་ཐོག་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་མངའ་རིས་དགེ་བཤེས་བློ་བཟང་ཡོན་ཏན་ལགས་དང་། ཀླུ་འབུམ་བློ་བཟང་བསྟན་འཕེལ་ལགས། ཀླུ་འབུམ་ཕུན་ཚོགས་དར་རྒྱས་ལགས། ཀླུ་འབུམ་བསྟན་འཛིན་འཕྲིན་ལས། ཀླུ་འབུམ་དགེ་བཤེས་སྐལ་བཟང་རྒྱ་མཚོ་ལགས་བཅས་དཔེ་མཛོད་འགན་འཛིན་སྔ་ཕྱི་རིམ་བྱུང་ཚང་མས་རྒྱབ་སྐྱོར་དང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཟུར་བློ་བཟང་རྒྱལ་མཚན་མཆོག་དང་། མཁན་རིན་པོ་ཆེ་འཇིགས་མེད་རྒྱ་མཚོ་མཆོག་ནས་ལེགས་ཆེའི་ལམ་སྟོན་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། མཁན་པོ་བློ་བཟང་བསམ་གཏན་མཆོག་རྣམ་གཉིས་ནས་ཀྱང་ཐུགས་ཁུར་ཆེ་བཞེས་ཀྱིས་ལམ་སྟོན་དང་ཕན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། འདི་ལྟའི་ཞབས་ཞུའི་གོ་སྐབས་རང་ཉིད་ལ་ཐོབ་པ་ནི་ཤིན་ཏུ་སྐལ་བ་བཟང་ལ། གཟི་བརྗིད་ལྡན་པའི་འོས་འགན་ཞིག་ཏུ་བརྩིས་ཏེ་འབད་བརྩོན་ཆེན་པོས་སྙུགས་བསྲིངས་ཤིང་། དཀའ་ཚེགས་དུ་མ་ཁྱད་བསད་ཀྱིས་མཇུག་སྐྱོང་ཐུབ་ལེགས་གྲུབ་པ་ནི་དགའ་བ་གང་གིས་མཚོན།

 

ཁ༽ གསུང་འབུམ་ཕྱོགས་སྒྲིག་གི་ལམ་སྟོན་བཀའ་སློབ།

 

རྨོངས་དད་དོར་ནས་རིགས་པའི་ལམ་བཟང་གིས། །

དངོས་པོའི་གནས་ལུགས་འབྱེད་པའི་ལྡེ་མིག་མཆོག །

ཚན་རིག་འགྲོས་མཐུན་པཎ་གྲུབ་བཅུ་བདུན་གཞུང་། །

རྣམ་དཔྱོད་མིག་སྦྱིན་རྒྱལ་བསྟན་གསལ་བྱེད་ལགས། །

པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་བསྒྲིགས་ཐོག་ལམ་སྟོན་བཀའ་སློབ་ཕེབས་གསལ[8]། དེ་ཡང་ཆོས་འཁོར་ལ་སངས་རྒྱས་ཀྱིས་གདུལ་བྱ་ཐུན་མོང་བར་ཡོངས་གྲགས་བྱས་ནས་གསུངས་པ་ཁག་གཅིག་དང་། གཞན་གདུལ་བྱ་ལས་དག་འགའ་ཞིག་ལ་སྩལ་པ་དང་། དེ་བཞིན་རྣལ་འབྱོར་པ་ཚད་ལྡན་ལ་དག་སྣང་དུ་བྱུང་བའི་ཆོས་སྐོར་བཅས་ཡོད། དུས་རབས་མང་པོའི་གོང་ནས་ཏཀྵ་ཤཱི་ལཱ་དང་། ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལྟ་བུ་ཚད་ལྡན་གྱི་མཁས་གྲུབ་མང་དག་ཅིག་ཐོན་ཡོད། ཐེག་པ་ཆེན་པོའི་ཆོས་དར་ས་ཉི་ཧོང་དང་། ཝི་ཏི་ནམ། ཀོ་རི་ཡ། རྒྱ་ནག །བོད་བཅས་སུ་མགོན་པོ་ཀླུ་སྒྲུབ་རྒྱུས་མངའ་མེད་མཁན་ཕལ་ཆེར་མེད། སངས་རྒྱས་ཀྱིས་བཀའ་མང་དག་ཅིག་སྤྱིར་བཏང་གི་བཀའ་མོལ་གྱི་ཚུལ་དུ་གསུངས་ཡོད་པས། སྐབས་འགར་ཉིས་ལྡབ་ཀྱི་རྣམ་པ་ཐོན་གྱི་ཡོད་པའང་རྒྱུ་མཚན་དེ་ལ་བརྟེན་ནས་ཡིན། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་གི་བརྗོད་དོན་སྙིང་པོ་གཅིག་ཏུ་བསྒྲིལ་ཏེ་གཞུང་ཆེན་རྣམས་མཛད། དེ་ཡང་ཆོས་འཁོར་གྱི་བརྒྱུད་པར། དཔལ་མགོན་ཀླུ་སྒྲུབ་ནས་བརྒྱུད་པ་ཟབ་མོ་ལྟ་བརྒྱུད་དང་། ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་རྒྱ་ཆེན་སྤྱོད་བརྒྱུད་བཅས་བརྒྱུད་པ་གཉིས་ཡོད། ཐོགས་མེད་སྐུ་མཆེད་ཀྱི་གསུང་ནང་སེམས་ཙམ་པའི་ལྟ་བའི་སྐོར་རྒྱས་ཤོས་ཡོད། འོན་ཀྱང་འདི་སངས་རྒྱས་ཀྱི་མཐར་ཐུག་གི་དགོངས་པ་མིན་པས་དེ་སྐབས་གཞན་དུ་བཀག་ཡོད། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་གསུང་བསྟན་འགྱུར་རྣམས་དུས་ད་ལྟ་བར་མི་ལོ་སྟོང་ཕྲག་རིང་བོད་པས་ཉར་ཚགས་ཐུབ་པ་བྱུང་ཡོད་ཅིང་། ངོས་རང་ནས་དེ་དག་ལ་ལྟ་ཀློག་ཡང་ཡང་བྱེད་བཞིན་ཡོད། གསུང་དེ་དག་ལས་གཙོ་བོ་ནི་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་ཡིན། དེར་བརྟེན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཤིག་ཀྱང་བྲིས་པ་ཡིན། པཎ་གྲུབ་བཅུ་བདུན་གྱི་གསུང་ཕྱོགས་བསྡུས་ཀྱི་ལས་གཞི་ད་ལྟ་འགྲོ་བཞིན་པ་ལྟར་ཡིན་ལ། གསུང་དེ་དག་དམ་ཆོས་དོན་གཉེར་གྱི་སློབ་གཉེར་བ་རྣམས་དང་། ཉམས་ལེན་པ་ཚད་ཐུབ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། གྲོང་ཆོག་པ་རྣམས་ལ་འདི་དག་དགོས་མཁོ་མེད། གསུང་དེ་དག་གི་ནང་དོན་རྣམས་བསྡུ་ན། ཤེས་པའི་སྐོར་དང་། རྡུལ་ཕྲན་གྱི་སྐོར་སོགས་ཡོད་པ་རྣམས་ཀྱིས་དེང་སང་ཚན་རིག་གི་འགྲོས་དང་མཐུན་པར་གཞིའི་གནས་ཚུལ་གཏན་ལ་འབེབས་ཀྱི་ཡོད། སྤྱིར་ནང་པའི་ཆོས་ནི་གཞིའི་གནས་ཚུལ་གཏན་ལ་ཕབ་ནས་དེ་མཚུངས་ཀྱི་ཉམས་ལེན་བྱ་དགོས་ཤིང་། ཆོས་བྱེད་པའི་དགོས་པ་ཡང་སེམས་ལ་ཕན་དགོས་པ་ཡིན་པས། ཚུལ་ཇི་ལྟ་བུས་སེམས་ལ་འགྱུར་བ་གཏོང་དགོས་མིན་གྱི་འགྲེལ་བཤད་ཀྱང་ནང་ཆོས་ནང་ཤིན་ཏུ་ནས་རྒྱས་པོ་ཡོད། དེང་སྐབས་ཚན་རིག་པ་ཚད་ཐུབ་མང་པོས་ནང་ཆོས་ལ་དོ་སྣང་བྱ་དགོས་དོན་ཡང་། སྤྱིར་བཏང་ཡ་མཚན་མཚན་དང་ཨ་གསར་གྱིས་དོ་སྣང་བྱས་པ་ལྟ་བུ་མིན་པར་རང་གི་ཤེས་ཚད་ཡར་རྒྱས་གཏོང་ཆེད་དང་། ཉོན་མོངས་སོགས་ཤེས་པ་ཕྲ་རགས་ཀྱི་རྣམ་གཞག་དང་། དེ་དག་གི་དབྱེ་བ་དང་། ཕན་གནོད་ཀྱི་རྣམ་གཞག་སོགས་ལ་དོ་སྣང་བྱེད་བཞིན་ཡོད། འདི་དག་ནི་དགེ་མི་དགེའི་རྣམ་གཞག་བཤད་པ་མིན་པར་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས་ཀྱི་ཡོད། གཞིའི་གནས་ཚུལ་དེ་དག་གཞིར་བཟུང་སྐད་ཅིག་གིས་འཇིག་པའི་མི་རྟག་པ་དང་། རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དེ། ཡུལ་སྟེང་ནས་རྡུལ་ཙམ་ཡང་རྙེད་རྒྱུ་མེད་པར་མཐར་གཏུགས་ན་མིང་ཙམ་མམ། ཡུལ་ཅན་བློའི་དབང་གིས་བཏགས་ཙམ་མ་གཏོགས་མེད་པའི་སྟོང་པ་དང་རྟེན་འབྱུང་ངོ་བོ་གཅིག་ཏུ་གནས་པའི་ལྟ་གྲུབ་དེ་ཐོན་པ་ཡིན། ནང་པའི་ལྟ་གྲུབ་རྣམས་གཙོ་བོ་དངོས་ཡོད་གནས་ཚུལ་དང་མཐུན་པར་གཏན་ལ་འབེབས་ཀྱི་ཡོད། ལྟ་གྲུབ་དེ་དག་འཇིག་རྟེན་བཀོད་པ་པོས་སྩལ་པ་ལྟ་བུ་མིན་པར་རིགས་པས་དཔྱད་པ་བྱས་པའི་དཔྱད་མཐར་གྲུབ་པ་ཁོ་ན་ཡིན། དེ་བཞིན་ཐར་པའི་རྣམ་གཞག་ཀྱང་རིགས་པའི་ལམ་ནས་གཏན་ལ་ཕབ་སྟེ་གྲུབ་པ་ཡིན། ལྟ་གྲུབ་དེ་དག་གཞིར་བཟུང་ཉོན་མོངས་དང་སྡུག་བསྔལ་ཟད་རུང་ངམ། ཐར་པའི་བདེ་བ་འཐོབ་རུང་ཡང་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་ལྟར་ཉོན་མོངས་དང་སྡུག་བསྔལ་སྤོང་དུ་རུང་བ་དང་། ཐར་པ་ཡོད་པ་ཚད་མས་གྲུབ་རྗེས། དེའི་ཆེད་དུ་ཚུལ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཁྲིམས་ཀྱི་རྣམ་གཞག་དང་། དེ་ལ་བརྟེན་ནས་བསམ་གཏན་གྱི་ཉམས་ལེན་སོགས་ཡོང་གི་ཡོད། ལྟ་གྲུབ་ཀྱི་གོ་བ་བརླིང་པོ་དང་འབྲེལ་ན་ཆོ་ག་ཕྱག་ལེན་གྱི་ཉམས་ལེན་ཡང་གནད་དུ་སྨིན་པ་ཡོང་ངེས་ཡིན། ཆོ་ག་ནི་ལྟ་གྲུབ་གཏན་ལ་ཕབ་རྗེས་བསྒྲུབ་བྱ་མཐར་ཐུག་ཤེས་པའི་སྒོ་ནས་ལམ་ཉམས་སུ་ལེན་པའི་ཡན་ལག་ཡིན་ལ། དེ་ལྟར་མ་བྱས་ན་དེ་ལ་ཟབ་རྒྱུ་དེ་ཙམ་མེད། དེ་ཡང་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས། དེ་བཞིན་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱི་གསུང་ནང་ཤེས་པའི་སྐོར་ཤིན་ཏུ་ཟབ་པོ་ཡོད། དེ་བཞིན་འཕགས་པ་ལྷ་དང་། སློབ་དཔོན་ལེགས་ལྡན་འབྱེད། གཞན་ཡང་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་ནང་མུ་སྟེགས་པའི་ལྟ་བའི་སྐོར་རྒྱས་པོ་ཡོད། དེང་སྐབས་ཧིན་དྷུའི་ཁྲོད་མཁས་པ་རེ་གཉིས་ལས་རང་གི་ལྟ་གྲུབ་བརླིང་པོ་ཤེས་མཁན་མེད་པ་ལྟ་བུར་གྱུར་ཡོད། གསུང་དེ་དག་རྒྱ་གར་གྱི་ནང་པ་མིན་པའི་སྔར་གྱི་གྲུབ་མཐའི་འདོད་ཚུལ་གཏན་ལ་འབེབས་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། དེར་བརྟེན་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་གལ་ཆེན་པོ་ཡིན། གཞུང་དེ་དག་ནི་རང་གི་བསམ་བློའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུར་གྱུར་ཡོད་ལ། ཆོས་བྱེད་སྐབས་རྨོངས་དད་ཁོ་ན་ལ་བལྟོས་པ་ལྟ་བུ་མིན་པར་དེ་དག་ལ་བརྟེན་ནས་དཔྱད་སྟོབས་ཀྱིས་བསམ་བྱུང་གོང་འཕེལ་དུ་བཏང་སྟེ་བྱ་དགོས་ཀྱི་ཡོད། ཚན་རིག་གི་བསགས་རྡུལ་ཕྲ་མོའི་སྐོར་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་བཤད་པ་རྣམས་ཕན་ཐོགས་ཆེན་པོ་ཡོད། ཚད་མ་རྣམ་འགྲེལ་གྱི་ལེའུ་གསུམ་པའི་སྐབས་ནས་བྱུང་བ་ལྟར་རྟོག་པ་དང་རྟོག་མེད་ཀྱི་སྐོར་ལ་དེང་སྐབས་ཀླད་པའི་ཚན་རིག་པ་རྣམས་དང་ཞིབ་ཕྲའི་བགྲོ་གླེང་བྱུང་ན་དགེ་མཚན་ཆེན་པོ་ཡོད།

ཅེས་ལམ་སྟོན་གྱི་བཀའ་བཟང་སྤྱི་བོར་ཕེབས་པ་ལྟར་དང་། དེ་བཞིན་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་ཆེད་བརྗོད་བཀའ་ཡིག་ལས་[9]ཀྱང་། ངོས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་བསམས་ཏེ་དད་པ་ཙམ་མིན་པར་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དུ་རིགས་པའི་ལམ་ནས་རང་གི་སྟོན་པར་ངེས་པ་དྲངས་པའི་ཚུལ་དེ་ཉིད་འབད་པས་སྒྲུབ་ཅིང་། དེ་ལ་ནི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ལེགས་བཤད་ཆེན་པོ་དེ་དག་མེད་མི་རུང་དུ་མཐོང་བས་སྔར་ཡོད་ཀྱི་རྒྱན་དྲུག་མཆོག་གཉིས་ཀྱི་བྲིས་སྐུ་བཞེངས་སྲོལ་ལ་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། འཕགས་པ་གྲོལ་སྡེ། ཟླ་བ་གྲགས་པ། ཞི་བ་འཚོ། སེངྒེ་བཟང་པོ། ཀ་མ་ལ་ཤཱི་ལ། ཞི་བ་ལྷ། ཇོ་བོ་རྗེ་བཅས་བསྣན་ནས་པཎ་གྲུབ་བཅུ་བདུན་དུ་བྱས་ཏེ་བྲིས་སྐུའང་ཆེད་དུ་གསར་བཞེངས་ཞུས། དེ་ཡང་རང་རེ་བོད་དུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་གནང་མཁན་ཀུན་གྱིས་གཞུང་ཆེན་ལ་ཐོས་བསམ་བྱེད་སྐབས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་དང་། གོང་སྨོས་དབུ་ཕར་གྱི་སློབ་དཔོན་དེ་དག་གི་གཞུང་བསླབ་བྱའི་གཞུང་གཙོ་བོར་མཛད་དེ་གཟིགས་བཞིན་ཡོད་པར་མ་ཟད། སློབ་དཔོན་དེ་དག་གི་གཞུང་ནི་རྒྱལ་བའི་དགོངས་པ་འགྲེལ་བ་ལ་བློ་གྲོས་ཀྱི་མིག་སྦྱིན་པར་མེད་མི་རུང་གི་གཞུང་ཤ་སྟག་ཏུ་གྱུར་ཡོད་པ་དང་། རྒྱལ་བའི་བསྟན་པ་ལ་རྣམ་དཔྱོད་དང་ལྡན་པ་དག་གིས་གཟུ་བོའི་བློས་དཔྱད་པ་ན་འགལ་བ་དང༌། མ་ངེས་པ་དང་། མ་གྲུབ་པའི་གནོད་པ་ཅུང་ཟད་ཀྱང་འབབ་ཏུ་མེད་པར་དཔྱད་གསུམ་གྱིས་ཡོངས་སུ་དག་པའི་ཚུལ་ཁོང་དུ་ཆུད་པ་ལའང་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་མེད་མི་རུང་དུ་གྱུར་པས་དུས་རབས་ཉེར་གཅིག་པ་འདིར་དགོས་གལ་ཆེན་པོར་མཐོང་ནས་པཎ་གྲུབ་བཅུ་བདུན་དུ་བྱས་པ་ཡིན། ཞེས་བཀའ་སྩལ་བ་ལྟར་རོ།།

 

ག༽ པཎ་གྲུབ་གསུང་འབུམ་ཕྱོགས་སྒྲིག་གི་ལས་ཀའི་བརྒྱུད་རིམ།

སྡེ་དགེ་གཞི་བཟུང་པར་མ་ཁག་ལྔ་དང་། །

མི་དབང་གསེར་བྲིས་བསྟན་འགྱུར་དཔེ་བསྡུར་ཏེ། །

མཉེན་ཆས་རིམ་བརྒྱད་ཞུ་དག་དཔྱད་གསུམ་གྱིས། །

བཅོས་བསླད་མེད་པའི་གསུང་རབ་དག་མར་བསྒྲིགས། །

དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ཤིང་དཔར་དུ་འཁོད་པའི་དགོངས་འགྲེལ་གྱི་བསྟན་འགྱུར་ལ་དཔེ་གཞི་བཞི་སྟེ། སྡེ་དགེ་བསྟན་འགྱུར་དང་། པེ་ཅིན་བསྟན་འགྱུར། སྣར་ཐང་བསྟན་འགྱུར། ཅོ་ནེ་བསྟན་འགྱུར་བཅས་པར་མ་བཞི་ལས། སྡེ་དགེ་བསྟན་འགྱུར་ནི། པར་གཞི་དག་ཅིང་ཡིག་སྐྱོན་ཉུང་བ་དང་། ཡིག་སྒྲོས་གཙང་ཞིང་སྤུས་དག་པ། ཆ་ལག་ཚང་ཞིང་རྒྱས་པ། གྲགས་ཆེ་ཞིང་ཀུན་གྱིས་ཁས་ལེན་པ་སོགས་རྒྱུ་མཚན་དུ་མ་མངའ་བས། འདིར་བསྡུར་གཞིའམ་གཞུང་ཡིག་ཏུ་བྱས་ཏེ་སྡེ་དགེ་བསྟན་འགྱུར་གཞི་རྩར་བཟུང་སྟེ། ཐོག་མར་བསྟན་བཅོས་ཀྱི་མ་ཡིག་ཡོངས་རྫོགས་གློག་ཀླད་ཐོག་འཇུག་འགོད་ཞུས་རྗེས་གློག་ཀླད་ཀྱི་ཐོག་ནས་སྨར་ཞུས་དང་། བསྐྱར་ཞུས། ཡང་ཏིག །གཟིགས་འབེབས་བཅས་ཞུ་དག་གི་རིམ་པ་བཞི་དང་མཐུན་པར་ཞུ་དག་ཐེངས་བཞི་དང་། དེ་རྗེས་གདན་ས་ཁག་དང་བཅས་པའི་དགེ་བཤེས་བཅུ་གྲངས་ཤིག་གིས་ཤོག་ཐོག་ཏུ་དཔེ་བསྡུར་གྱི་ཞུ་དག་ལན་གཅིག་ཞུས་ཤིང་། དེ་རྗེས་ནང་བསྟན་སྲི་ཞུ་ཁང་གི་བཀའ་བསྟན་དཔེ་བསྡུར་སྡེ་ཚན་གྱི་འགན་འཛིན་རླངས་ཚང་བསྟན་འཛིན་རབ་བརྟན་དང་། གཡུ་སྒང་དོན་གྲུབ་སྐྱབས། མགར་ཚེ་ཚེ་རིང་ལགས་ཀྱིས་དབུས་སྔ་ཕྱིར་ལས་ཞུགས་མི་སྣ་ ༥༠ ལྷག་གིས་ཕྱི་ལོ་ ༢༠༡༤ ཟླ་བ་ ༤ ཚེས་ ༡ ནས་བཟུང་ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༡༦ བར་སྡེ་དགེ་བསྟན་འགྱུར་པོད་ ༢༡༣ དང་ཡིག་ལྡེབ་ ༦༤༥༡༢ དང་། པེ་ཅིང་བསྟན་འགྱུར་པོད་ ༢༢༥ དང་ཆོས་ཚན་ ༤༢༠༩། སྣར་ཐང་བསྟན་འགྱུར་པོད་ ༢༢༥ དང་ཡིག་ལྡེབ་ ༧༦༨༨༣། ཅོ་ནེ་བསྟན་འགྱུར་པོད་ ༢༠༨ དང་ཡིག་ལྡེབ་ ༦༥༤༢༥ བསྟན་འགྱུར་པར་མ་བཞི་དང་། བསྟན་འགྱུར་དཔེ་བསྡུར་མ་བཅས་ཁག་ལྔ་དང་། དེ་མིན་བསྟན་འགྱུར་བྲིས་མ་ཁག་ལས། ཕྱི་ལོ་ ༡༧༣༤ ཙམ་ལ་གསེར་ཞུན་མས་བྲིས་པའི་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་གསེར་བྲིས་བསྟན་འགྱུར་སྲིད་ཞིའི་རྒྱན་གཅིག་པོད་ ༢༢༥ ཅན་ལ་ཆོས་ཚན་ ༣༩༣༤ དང་ཤོག་གྲངས་ ༩༨༤༥༡ ཅན་གྱི་གསེར་བྲིས་བསྟན་འགྱུར་དང་དཔེ་བསྡུར་གྱིས་སླར་ཡང་ཞིབ་ཕྲའི་ཞུ་དག་བཅས་ཞུ་དག་རིམ་པ་དྲུག་ཙམ་ཞུས་པའོ།།

ལྷག་པར་ཞུ་དག་སྐྱོན་མེད་ཞིབ་ཚགས་ཡོང་སླད་དེང་རབས་ཀྱི་འཕྲུལ་ལས་དང་སྲོལ་རྒྱུན་གྱི་ཞུ་དག་གཉིས་ཟུང་འབྲེལ་ཞུས་པ་སྟེ། སྒྲུབ་ཆེན་རྡོ་རྗེ་ལགས་ནས་གློག་ཀླད་མཉེན་ཆས་གསར་བཟོ་ཞུས་ཏེ་མཉེན་ཆས་ཀྱི་ལམ་ནས་ཡིག་ནོར་དང་ཆད་ལྷག་འཚོལ་ཞིབ། དེ་བཞིན་གཟུངས་སྔགས་ཀྱི་རིགས་ལ་ཞུ་དག་ཞུ་སླད་དམིགས་བསལ་གློག་ཀླད་མཉེན་ཆས་གཉིས་པ་ཞིག་ཀྱང་གསར་བཟོའི་ལམ་ནས་སླར་ཡང་མཉེན་ཆས་ཞུ་དག་པ་བསྟན་འཛིན་སྐལ་ལྡན་དང། བསྟན་འཛིན་མཁྱེན་རབ། བཀྲ་ཤིས་ཚེ་རིང་བཅས་ཀྱིས་ཞུ་དག་གི་རིམ་པ་གཅིག་བཅས་ཞུ་དག་གི་རིམ་པ་བརྒྱད་ཙམ་ཞུས་ཤིང་། འདི་ལྟའི་ལས་གཞིར་མཐུན་འགྱུར་མཛད་པོ་སྐྱོ་བྲག་དགོན་གྱི་འབའ་རོམ་སྤྲུལ་སྐུ་ཚོགས་གཉིས་འོད་ཟེར་དང་། འབའ་རོམ་མཁན་པོ་འཇིག་དགའ་རྣམ་གཉིས་དང་། ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་ནས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་བསྟན་འགྱུར་དུ་བཞུགས་པ་རྣམས་ལ་དཔེ་བསྡུར་གྱི་ལས་གཞིའི་ཐོག་ཏུ་མཉམ་ལས་ཕན་གྲོགས་བླ་མེད་གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞེས་ཞུ། དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་བསྟན་འགྱུར་དུ་བཞུགས་པ་རྣམས་བསྟན་འགྱུར་དཔར་མ་ཁག་བསྡུར་ཏེ། མ་དཔེའི་ནང་དུ་ཆོས་ཚན་དང་། ལེའུ། ཚིག་འབྲུ་སོགས་ཆད་ལྷག་དང་མི་འདྲ་བ་ཇི་ཡོད་རྣམས་བསྡུར་མཆན་གྱི་ཚུལ་དུ་ཤོག་བུ་སོ་སོའི་ཞབས་མཆན་དུ་གསལ་བར་བཀོད་པ་སོགས་ཆ་ལག་ཚང་ཞིང་། སྤུས་ཚད་ལྡན་པ་ཞིག་ཡོང་ཐབས་ལ་དམིགས་པ་དང་། ནང་དོན་ཐོག་བཅོས་བསླད་གཏན་ནས་མེད་པ་རྩ་བར་བཟུང་ཐོག །པར་སྐྲུན་ཐད་དེང་རབས་ཀྱི་དགེ་མཚན་ལྡན་པའི་ཡིག་འབེབས་དང་། དཀར་ཆག་གསར་བསྒྲིགས་ཀྱིས་དེབ་གཟུགས་སུ་པར་སྐྲུན་ཞུས་ཡོད།

 

ང༽ པཎ་གྲུབ་གསུང་རྣམ་དཔེ་ཚོགས་ཀྱི་གོ་རིམ་སྒྲིག་ཚུལ།

བྱུང་རབས་རྣམ་ཐར་བསྟོད་ཚོགས་བཀའ་ཁྲིད་དང་། །

ཟབ་རྒྱས་གཞུང་དང་དཀར་ཆག་སྡེ་ཚན་བདུན། །

བརྒྱ་དང་བཅུ་གསུམ་པོད་ཕྲེང་ལེགས་བསྟར་ཏེ། །

བསྟན་འགྱུར་སྒྲིག་སྲོལ་ཇི་བཞིན་ཕྱོགས་འདིར་བསྒྲིགས། །

ཀ༽ བསྟན་པའི་འབྱུང་ཁུངས་ཀྱི་ཆ་ནས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་པོད་སྟོད་སྨད་ ༢ དང་། ཁ༽ ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པའི་ཆ་ནས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན་པོད་ ༧། ག༽ སྔར་ཡོད་རྣམ་ཐར་གྱི་ཆ་ནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་པོད་ ༢། ང༽ རྒྱབ་ལྗོངས་བྱུང་རབས་ཀྱི་ཆ་ནས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས་པཎ་གྲུབ་མཛེས་རྒྱན་པོད་ ༢། ཅ༽ པཎ་གྲུབ་བཅུ་བདུན་གསར་གཏོད་དར་སྤེལ་མཛད་པ་པོའི་ཆ་ནས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་པོད་ ༡། ཆ༽ གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པའི་ཆ་ནས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་པོད་ ༩༣། ཇ༽ བསྟན་འགྱུར་གྱི་གོ་རིམ་སྒྲིག་ཚུལ་གྱི་ཆ་ནས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན་པོད་སྟོད་སྨད་བར་ ༣། ཉ༽ པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་རྒྱ་ཧིན་ཨིན་གསུམ་སྒྲ་སྒྱུར་པོད་ ༣ བཅས་བཀྲ་ཤིས་གྲངས་ལྡན་གྱི་སྡེ་ཚན་ཆེན་པོ་བདུན་ལ་པོད་ཕྲེང་ཁྱོན་བསྡོམས་ ༡༡༣ བཞུགས་པ་རྣམས་གོ་རིམ་འདི་ལྟར་དུ་ཕྱོགས་བསྒྲིགས་ཞུས་ཡོད་ལ། མགོན་པོ་གང་ཉིད་མཐའ་ཀླས་བསྟན་འགྲོའི་མགོན་དཔུང་དམ་པར་དགུང་གྲངས་ ༡༡༣ བར་འཚོ་གཞེས་རྟེན་འབྲེལ་སླད་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ཀྱང་ཧིན་དྷི་དང་། ཨིན་ཇི། རྒྱ་སྐད་བཅས་སྐད་རིགས་ཆེན་པོ་གསུམ་ཐོག་སྒྲ་སྒྱུར་ཞུས་ཏེ་པོད་ཕྲེང་ ༡༡༡ ནས་ ༡༡༣ བར་ཕྱོགས་བསྒྲིགས་པར་སྐྲུན་ཞུས་ཡོད། བསྟན་འགྱུར་གྱི་སྒྲིག་རིམ་ནི། ཐོག་མར་བསྟན་འགྱུར་སྤྱིའི་མཆོད་བརྗོད་ཀྱི་ཚུལ་དུ་ཡུལ་དམ་པ་ལ་ཚིགས་སུ་བཅད་པས་བསྔགས་པ་བསྟོད་པའི་ཚོགས་དང་། དེ་ནས་བསྟན་བྱ་སྙིང་པོ་མཆོག་དང་དམན་པའི་གོ་རིམ་གྱི་དབང་དུ་བགྱིས་ཏེ། ཐོག་མར་ནང་རིག་པའི་བསྟན་བཅོས་ནས་དབུ་བརྩམས་ཤིང་། དེ་ལའང་རིམ་པར་ཐེག་ཆེན་ཐུན་མིན་དང་ཐུན་མོང་། ཐེག་ཆུང་གི་བསྟན་བཅོས་རྣམས་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའམ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་སྡེ་ཚན་ཉེར་གསུམ་དང་། རྒྱུ་མཚན་ཉིད་ཐེག་པའི་སྐོར་ལ། ཤེར་ཕྱིན་དང་། དབུ་མ། མདོ་སྡེ། སེམས་ཙམ། མངོན་པ། འདུལ་བ། སྐྱེས་རབས་བཅས་ཆོས་སྐོར་ཆེན་མོ་བདུན་དང་སྤྲིང་ཡིག་སོགས་སུ་ཕྱེ་སྟེ་བསྒྲིགས་ཤིང་། དེ་ནས་ཚད་མ་དང་། སྒྲ། གསོ་བ། བཟོ་རིག་པ་སྟེ་རིག་པའི་གནས་ཆེན་རྣམས་བཅས་དགོངས་འགྲེལ་བསྟན་འགྱུར་སྒྲིག་རིམ་གྱི་ལམ་སྲོལ་ལྟར་ཕྱོགས་བསྒྲིགས་ཞུས་ཡོད།

ལྷག་པར་སྡེ་དགེ་བསྟན་འགྱུར་ལྟར་ན། ༡ བསྟོད་ཚོགས་དང་། ༢ རྒྱུད་འགྲེལ། ༣ ཤེར་ཕྱིན། ༤ དབུ་མ། ༥ མདོ་སྡེ། ༦ སེམས་ཙམ། ༧ མངོན་པ། ༨ འདུལ་བ། ༩ སྐྱེས་རབས། ༡༠ སྤྲིང་ཡིག །༡༡ ཚད་མ། ༡༢ སྒྲ་མདོ། ༡༣ གསོ་རིག །༡༤ སྣ་ཚོགས་བཅས་སྡེ་ཚན་བཅུ་བཞིར་ཕྱེ་ཞིང་། དེ་རྗེས་དཀར་ཆག་བཅས་བསྟན་འགྱུར་གྱི་སྒྲིག་རིམ་འདི་ལྟར་དུ་བསྒྲིགས་པ་གནང་ཡོད། དེ་ཡང་སྡེ་དགེ་བསྟན་འགྱུར་ལ་པོད་ ༢༡༤ བཞུགས་པ་ལས། སྡེ་ཚན་སོ་སོའི་པོད་གྲངས་དང་གོ་རིམ་ནི། ༡ བསྟོད་ཚོགས་ཀ་པ་ལ་པོད་གཅིག་དང་། ༢ རྒྱུད་ཀ་ནས་ཚུ་བར་པོད་བདུན་ཅུ་དོན་བརྒྱད། ༣ ཤེར་ཕྱིན་ཀ་ནས་མ་བར་པོད་བཅུ་དྲུག །༤ དབུ་མ་ཙ་ནས་གི་བར་པོད་བཅུ་བདུན། ༥ མདོ་སྡེ་ངི་ནས་པི་བར་པོད་བཅུ། ༦ སེམས་ཙམ་ཕི་ནས་ཧི་བར་པོད་བཅུ་དྲུག །༧ མངོན་པ་ཨི་ནས་ཐུ་བར་པོད་བཅུ་གཅིག །༨ འདུལ་བ་དུ་ནས་སུ་བར་པོད་བཅོ་བརྒྱད། ༩ སྐྱེས་རབས་ཧུ་ནས་གེ་བར་པོད་ལྔ། ༡༠ སྤྲིང་ཡིག་ངེ་པ་ལ་པོད་གཅིག ། (ལ་ལར་སྐྱེས་རབས་པོ་ཏི་གཉིས་དང་། དཔག་བསམ་འཁྲི་ཤིང་པོ་ཏི་གཉིས། སྤྲིང་ཡིག་པོ་ཏི་གཉིས་ཞེས་བྱུང་།) ༡༡ ཚད་མ་ཅེ་ནས་ཡེ་བར་པོད་ཉི་ཤུ་(ལ་ལར་ཉེར་གཅིག་གསལ།)། ༡༢ སྒྲ་མདོ་རེ་ནས་སེ་བར་པོད་བཞི། ༡༣ གསོ་རིག་ཧེ་ནས་གོ་བར་པོད་ལྔ། ༡༤ སྣ་ཚོགས་ངོ་ནས་པོ་བར་པོད་བཅུ། (བཟོ་རིག་གི་སྐོར་ནི་སྣ་ཚོགས་ངོ་པའི་ནང་དུ་བཞུགས་སོ།།) ༡༥ དཀར་ཆག་ཤྲཱི་པོད་གཅིག་བཅས་[10]སུ་དབྱེ་ནས་ཕྱོགས་བསྒྲིགས་མཛད་ཡོད་པ་ལྟར། པཎ་གྲུབ་སོ་སོའི་གསུང་འབུམ་རྣམས་ཀྱང་བསྟན་འགྱུར་སྒྲིག་ཚུལ་གྱི་གོ་རིམ་ལྟར་བསྒྲིགས་ཡོད། འོན་ཀྱང་པཎ་གྲུབ་འགའ་ཞིག་གི་གསུང་ནང་ཆོས་ཚན་ཉུང་ཞིང་། པོད་ཕྲེང་སྤམ་ཆུང་བ་རྣམས་ལ་བསྟོད་ཚོགས་དང་། རྒྱུད། དབུ་སེམས་ལྟ་བུ་པོད་ཕྲེང་གཅིག་ནང་སྡེ་ཚན་གཉིས་གསུམ་མཉམ་དུ་ཕྱོགས་བསྒྲིགས་ཞུས་ཡོད།

དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་གྱི་གོ་རིམ་སྒྲིག་ཚུལ་ཡང་། སྡེ་ཚན་དབྱེ་འབྱེད་ཐད་སྤྱིར་དགོངས་འགྲེལ་བསྟན་འགྱུར་དང་། བོད་ཀྱི་གསུང་འབུམ་གཉིས་ཀའི་ཁྱད་ཆོས་ལྡན་པ་ཞིག་ཡོང་ཐབས་ལ་བསམ་གཞིགས་ཀྱིས། དང་པོ། བོད་ཀྱི་གསུང་འབུམ་སྒྲིག་ཚུལ་ལྟར་མགོན་པོ་ཀླུ་སྒྲུབ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བར་ཟབ་རྒྱས་ཀྱི་སྡེ་ཚན་གཉིས་སུ་ཕྱེ་བ་ལྟར། པཎ་གྲུབ་བྱོན་སྔ་ཕྱིའི་གོ་རིམ་བཞིན་དུ་པཎ་གྲུབ་སོ་སོའི་གསུང་རྩོམ་ཇི་ཡོད་ཕྱོགས་བསྒྲིགས་ཞུ་རྒྱུ་དང་། གསུང་རྩོམ་ནང་གསེས་ཀྱི་སྡེ་ཚན་རྣམས་བསྟན་འགྱུར་གྱི་གོ་རིམ་སྡེ་ཚན་དབྱེ་བགོས་ལྟར་རིམ་པར་ཕྱོགས་བསྒྲིགས་གནང་ལམ་གཅིག་དང་། གཉིས་པ། བོད་ཀྱི་མཁས་གྲུབ་སྐྱེས་ཆེན་དམ་པའི་གསུང་འབུམ་དང་། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་སྒྲིག་སྲོལ་ལྟར། པཎ་གྲུབ་བཅུ་བདུན་རྣམས་ལ་ཟབ་རྒྱས་ཀྱི་སྡེ་ཚན་གཉིས་སུ་མ་ཕྱེ་བར། པཎ་གྲུབ་བཅུ་བདུན་རྣམས་བྱོན་སྔ་ཕྱིའི་གོ་རིམ་བཞིན་དུ་གསུང་འབུམ་དང་། དཀར་ཆག །རྣམ་ཐར་བཅས་ཕྱོགས་བསྒྲིགས་ཞུ་རྒྱུའི་ཐབས་ལམ་གཅིག་བཅས་རིགས་གཉིས་ཡོད་པ་ལས། པཎ་གྲུབ་བཅུ་བདུན་ཞེས་པའི་སྲོལ་བཟང་གཏོད་པ་པོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་ལ། མགོན་པོ་གང་ཉིད་ཀྱིས་མཛད་པའི་པཎ་གྲུབ་བསྟོད་ཆེན་ལྟར་ན། ཟབ་མོ་ལྟ་བརྒྱུད་ཀྱི་རིམ་པ་དང་། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རིམ་པ་བཅས་ཟབ་རྒྱས་ཀྱི་སྡེ་ཚན་ཆེན་པོ་གཉིས་སུ་ཕྱེ་བའི་ནང་གསེས་སུ་པཎ་གྲུབ་བྱོན་སྔ་ཕྱི་ལྟར་བསྒྲིག་རྒྱུ་འདི་ཉིད་དགོས་པ་དང་དགེ་མཚན་ཆེ་ཤོས་སུ་མཐོང་བས་འདི་ཉིད་གཞིར་བཟུང་ཕྱོགས་བསྒྲིགས་ཞུས་ཡོད།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་རེའུ་མིག

ཨང་། མཛད་པ་པོ་དང་གསུང་འབུམ། ཆོས་ཚན་གྲངས། པོད་ཕྲེང་།
༡ འཕགས་པ་ཀླུ་སྒྲུབ་ཀྱི་གསུང་འབུམ། ༢༣༢ ༡༡
༢ སློབ་དཔོན་འཕགས་པ་ལྷའི་གསུང་འབུམ། ༣༨ ༢
༣ སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་འབུམ། ༡ ༡
༤ སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་འབུམ། ༩ ༦
༥ དཔལ་ལྡན་ཟླ་བ་གྲགས་པའི་གསུང་འབུམ། ༡༩ ༦
༦ རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་གསུང་འབུམ། ༡༤ ༢
༧ མཁན་ཆེན་ཞི་བ་འཚོའི་གསུང་འབུམ། ༢༡ ༣
༨ སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་འབུམ། ༢༠ ༦
༩ འཕགས་པ་ཐོགས་མེད་ཀྱི་གསུང་འབུམ། ༡༧ ༡༡
༡༠ མཁས་མཆོག་དབྱིག་གཉེན་གྱི་གསུང་འབུམ། ༣༩ ༡༢
༡༡ སློབ་དཔོན་ཕྱོགས་གླང་གི་གསུང་འབུམ། ༡༩ ༢
༡༢ དཔལ་ལྡན་ཆོས་གྲགས་ཀྱི་གསུང་འབུམ། ༡༦ ༤
༡༣ འཕགས་པ་གྲོལ་སྡེའི་གསུང་འབུམ། ༡ ༡
༡༤ སློབ་དཔོན་སེངྒེ་བཟང་པོའི་གསུང་འབུམ། ༥ ༨
༡༥ སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་འབུམ། ༧ ༧
༡༦ སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འབུམ། ༢ ༡
༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ༢༧༢ ༡༠
བསྡོམས། པཎ་གྲུབ་བཅུ་བདུན་གྱི་གསུང་རབ། ༧༣༢ ༩༣

བཅས་ཐོག་མར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནས་བཟུང་སྟེ་སློབ་དཔོན་པདྨའི་ངང་ཚུལ་བར་ཟབ་མོ་ལྟ་བརྒྱུད་ཀྱི་པཎ་གྲུབ་བརྒྱད་པོ་རྣམས་བྱོན་སྔ་ཕྱི་ལྟར་དང་། དེ་རྗེས་རྒྱལ་སྲས་ཐོགས་མེད་ནས་འདུལ་འཛིན་ཡོན་ཏན་འོད་བར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་པཎ་གྲུབ་བརྒྱད་པོ་རྣམས་ཀྱང་བྱོན་སྔ་ཕྱི་ལྟར་ཕྱོགས་བསྒྲིགས་ཞུས་ཤིང་། མཇུག་མཐར་ཟབ་རྒྱས་གཉིས་ཀའི་གདམས་པ་གང་ཟག་གཅིག་གི་ཉམས་ལེན་དུ་མངའ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་གསུང་བཟང་བསྟན་འགྱུར་དུ་བཞུགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་། དེ་ནས་བསྟན་འགྱུར་དུ་མ་འཁོད་པའི་གསུང་ཐོར་བུའི་རིགས་སོགས་མདོར་ན་པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་ཆོས་ཚན་ ༧༣༢ ཀྱི་མ་དཔེ་བཞུགས་པ་རྣམས་གོ་རིམ་བཞིན་པོད་ཕྲེང་ ༩༣ ལ་ཕྱེ་སྟེ་ཕྱོགས་བསྒྲིགས་ཞུས་ཡོད། དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་ ༥༣༦ ཡོད་པ་རྣམས་ཐོག་མར་ཕྱོགས་བསྒྲིགས་དང་། བསྟན་འགྱུར་པར་མ་བཞི་པོ་གང་དུའང་མ་འཁོད་པའི་གསུང་གི་རིགས་ལས། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཆོས་ཚན་ ༧༥ དང་། སློབ་དཔོན་འཕགས་པ་ལྷའི་གསུང་ཆོས་ཚན་ ༤། རྒྱལ་སྲས་ཞི་བ་ལྷའི་གསུང་ཆོས་ཚན་ ༡ མཁན་ཆེན་ཞི་བ་འཚོའི་གསུང་ཆོས་ཚན་ ༡། ཇོ་བོ་རྗེའི་གསུང་ ༡༡༢ བཅས་ཁྱོན་བསྡོམས་བསྟན་འགྱུར་དུ་མ་འཁོད་པའི་ཆོས་ཚན་ ༡༩༣ དང་། རྒྱ་དཀར་ནག་གི་སྐད་ནས་བསྟན་བཅོས་གསར་དུ་བསྒྱུར་བ་ལས་ཀླུ་སྒྲུབ་ཀྱི་གསུང་གསར་དུ་བསྒྱུར་བ་ ༢ དང་། ཟླ་བ་གྲགས་ཀྱི་གསུང་ ༡ བཅས་གསར་དུ་བསྒྱུར་བའི་བསྟན་བཅོས་ ༣ བཅས་ཀྱང་ཞལ་སྐོང་གི་ཚུལ་དུ་པཎ་གྲུབ་སོ་སོའི་གསུང་འབུམ་གྱི་མཇུག་མཐར་ཕྱོགས་བསྒྲིགས་ཞུས་ཡོད། མདོར་ན། པཎ་གྲུབ་བཅུ་བདུན་གྱིས་ལྗགས་རྩོམ་མཛད་པའི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ ༡༠༣༨ མཚན་བྱང་ཙམ་རྙེད་སོན་བྱུང་བ་ལས། སྔོན་བྱོན་བོད་ཀྱི་ལོ་པཎ་མཁས་གྲུབ་དམ་པ་རྣམས་ཀྱིས་རྒྱལ་བའི་བཀའ་བསྟན་ཞེས་སྡེ་ཚན་ཆེན་པོ་གཉིས་སུ་ཕྱེ་ནས་ཕྱོགས་བསྒྲིགས་མཛད་པ་དེས་པཎ་གྲུབ་བཅུ་བདུན་ཁོ་ནའི་དབང་དུ་བྱས་ཀྱང་བསྟན་བཅོས་བསྟན་འགྱུར་དུ་བཞུགས་པ་གྲངས་ ༥༣༦ དང་། གསར་དུ་བསྒྱུར་བའི་བསྟན་བཅོས་གྲངས་ ༣། ལེགས་སྦྱར་སྐད་ནས་བོད་དུ་མ་འགྱུར་བའི་བསྟན་བཅོས་ ༡༡། རྒྱ་ནག་གི་སྐད་ནས་བོད་སྐད་དུ་མ་འགྱུར་བའི་བསྟན་བཅོས་གྲངས་ ༦༤། དེ་མིན་བསྟན་འགྱུར་དུ་མ་འཁོད་པའི་བསྟན་བཅོས་གསར་རྙེད་བྱུང་བ་གྲངས་ ༡༩༣ བཅས། མདོར་ན་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ཁྱོན་བསྡོམས་གྲངས་ ༡༠༣༨ མཛད་པའི་མཚན་བྱང་རྙེད་སོན་བྱུང་བའི་ཁྲོད་ནས། བསྟན་བཅོས་དངོས་བོད་ཡིག་ཐོག་མཇལ་སྐལ་དུ་བཞུགས་པ་གྲངས་ ༧༣༢ ཕྱོགས་བསྒྲིགས་ཞུས་ཡོད་ཀྱང་། དེ་འཕྲོས་བསྟན་བཅོས་གྲངས་ ༢༣༡ ཡི་མཚན་བྱང་ཙམ་ལས་བསྟན་བཅོས་དངོས་ཀྱི་མ་ཡིག་རྙེད་སོན་དཀའ་བའི་གནས་སུ་གྱུར་པ་ནི་ཤིན་ཏུ་ཕངས་པའི་གནས་ལས་ཅི། དེས་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[11]། དེའི་སྟེང་དུ་ཕྱིས་འགྱུར་བ་དང་། དགོན་པ་སོ་སོའི་དཔེ་ཅི་རིགས་པར་མཐོང་བའི་ནང་ནས། མ་ཆུད་པ་ཇི་སྙེད་དང་། ཚད་མར་གྱུར་པའི་ངག་ལས་ཐོས་པ་རྣམས་བསྣན་ནས། དཀར་ཆག་ཏུ་བྲིས་པའོ། །འདི་ལ་དོར་བར་བྱ་བ་ཤིན་ཏུ་ཉུང་ཞིང་། དྲི་མ་མེད་པའི་བཀའ་བསྟན་བཅོས་རྙེད་ན་ད་དུང་མང་དུ་བསྣན་པར་བྱའོ། །ཞེས་གསུངས་པ་ལྟར་མ་འོངས་པར་གསར་དུ་བསྒྱུར་བའི་རིགས་དང་། མ་ཡིག་མ་རྙེད་པ་ཚད་ལྡན་གྱི་བསྟན་བཅོས་རྙེད་སོན་བྱུང་མཚམས་བསྣན་པར་འཚལ་ལོ་ཞེས་ནན་ཏན་དུ་ཞུའོ།།

ད་ལན་པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཔར་འགྲེམས་ཞུས་པ་འདིས་དོན་གཉེར་ཅན་རྣམས་ལ་ལྟ་ཀློག་གི་མཐུན་རྐྱེན་བསྐྲུན་པ་དང་གཅིག །བསྟན་བཅོས་རྣམས་ཁ་ཐོར་བོར་བརླག་མི་འགྲོ་བ་དང་གཉིས། གསུམ་ནས་ཞིབ་འཇུག་པ་དག་ལ་དཔྱད་གཞིའི་ཡིག་ཆ་ཕྱོགས་གཅིག་ནས་ལྟ་ཀློག་གི་མཐུན་རྐྱེན་བསྐྲུན་ཐབས་བཅས་ལ་དམིགས་ནས་བསྟན་འགྱུར་དུ་བཞུགས་པའི་གྲུབ་མཐའ་བདུན་པ་དང་། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་སོགས་ཀྱི་ནང་དུ་བཞུགས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་དཔེ་རྙིང་འཐོར་བསྡུ་དང་། ཞུ་དག་གིས་ད་ལམ་ཆབས་ཅིག་ཕྱོགས་བསྒྲིགས་ཞུས་ཡོད།

 

ཅ༽ པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་རྩོད་ཅན།

མཚན་གཡར་རྩོད་ཅན་གསུང་གི་དཀྱིལ་འཁོར་ལ། །

ལུང་རིགས་དཔྱད་གསུམ་རྣོ་བའི་མཚོན་བསྣམས་ཏེ། །

ཡིན་མིན་ཐག་གཅོད་མཁས་པའི་བཞེད་ལུགས་བཀོད། །

དོགས་སློང་དཔྱད་རྩོམ་དག་པས་མཛེས་པར་བྱས། །

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་གསལ[12]།

ངོས་ནས་གསལ་པོར་དྲན་པ་ཞིག་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་ཅེས་དཔལ་གསང་བ་འདུས་པའི་དཀྱིལ་ཆོག་ཅིག་ཡོད་ཅིང་། དེ་རྗེ་བདག་ཉིད་ཆེན་པོས་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་མིན་པའི་ཐག་གཅོད་གཙང་མ་གནང་ཡོད། དེ་བཞིན་རྩ་བ་ཤེས་རབ་ཀྱི་རང་འགྲེལ་ག་ལས་འཇིགས་མེད་བོད་སྔ་རབས་པ་རྣམས་ཀྱིས། བསྟན་འགྱུར་གྱི་དཀར་ཆག་ནང་དུ་མགོན་པོ་ཀླུ་སྒྲུབ་ཀྱི་རང་འགྲེལ་ཡིན་པར་བཀོད་ཡོད་ཀྱང་། རྗེ་བདག་ཉིད་ཆེན་པོས་མིན་པར་ཐག་བཅད་པ་གནང་ཡོད། དེ་རིགས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ནང་དུ་ཕྱོགས་སྒྲིག་བྱས་པ་གང་ཞིག་ལ། མཁས་པ་འགས་ཐེ་ཚོམ་གྱི་གཞིར་གསུང་ཚུལ་གཤམ་དུ་མཆན་བཀོད་ན་ལེགས། ཞེས་དང་། ཕྱོགས་ཡོངས་ནས་བཤད་ན་བཀའ་འགྱུར་བོད་ལས་རྒྱ་ནག་ཏུ་བསྒྱུར་བ་མང་བ་ཡོད་ཚུལ་བརྗོད་ཀྱི་འདུག་ཀྱང་། བསྟན་འགྱུར་རྒྱ་ནག་ལས་བོད་ཡིག་ཏུ་བསྒྱུར་བ་མང་བ་ཆགས་ཡོད། རྒྱ་ཡིག་ནང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་པ་པོད་བརྒྱ་ཙམ་ཡོད་པ་ཞིག་སྔར་ཉི་ཧོང་དུ་བསྐྱོད་སྐབས་དཔེ་མཛོད་ཁང་ཞིག་ཏུ་འདུག་ཅིང་། དེ་ལྟར་ཀླུ་སྒྲུབ་ཀྱིས་མཛད་པའི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་རྒྱས་པོ་དེ་ལྟ་བུ་ཞིག་ཡོད་ན། སློབ་དཔོན་འཕགས་པ་ལྷ་དང་། སངས་རྒྱས་བསྐྱངས་ལ་སོགས་པ་དེ་དག་གིས་ཞལ་འཕངས་དང་། ལུང་འདྲེན་གནང་ངེས་ཡིན་ནའང་། དེ་ལྟར་གནང་བ་ཚིག་གཅིག་ཀྱང་གོ་རྒྱུ་མེད། དེ་ནི་ཡང་དག་མིན་པ་ཧ་ཅང་གསལ་པོ་ཡིན། ད་ནི་ཧ་ཅང་ཡག་པོ་བྱུང་འདུག །བསྟན་པའི་ཞབས་འདེགས་དང་། བོད་མི་རིགས་ཀྱི་ཞབས་འདེགས་ཀྱང་ཆགས་ཡོད།[13]

ཅེས་དང་། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དང་རྣམ་ཐར་ཕྱོགས་བསྒྲིགས་ཀྱི་ཆེད་བརྗོད་བཀའ་ཡིག་ལས་[14]ཀྱང་། པཎ་གྲུབ་སོ་སོའི་གཞུང་རྩོད་མེད་རྣམས་ནི་སྨོས་མེད་ཀྱང་པཎ་གྲུབ་སོ་སོའི་མཚན་གཡར་བའང་དུ་མ་ཡོད་པས་དེ་དག་ལ་དཔྱད་པ་ནན་ཏན་དགོས། དཔེར་ན། བསྟན་འགྱུར་ཁྲོད་མགོན་པོ་ཀླུ་སྒྲུབ་ཀྱི་མཚན་འཁོད་པའི་སཱ་ལུ་ལྗང་པའི་མདོ་འགྲེལ་ཆེ་ཆུང་གཉིས་ཡོད་ཀྱང་དེ་ནི་ཀླུ་སྒྲུབ་ཀྱི་མིན་པ་ཤིན་ཏུ་གསལ་བས་དེ་ལྟ་བུ་དག་ནི་ཀླུ་སྒྲུབ་ཀྱི་གསུང་དུ་ཕྱོགས་གཅིག་ཏུ་སྒྲིག་ཐབས་མེད། གཞན་ཡང་བསྟོད་ཚོགས་དང་སྔགས་ཀྱི་ཆོ་གའི་ཁོངས་སུ་ཀླུ་སྒྲུབ་ཀྱི་མཚན་འཁོད་པ་དེ་དག་ལའང་དཔྱད་དགོས་པ་ཡོད་པས་དོན་གཉེར་ཅན་དག་གིས་ཡིད་འཇགས་དགོས།

ཞེས་ལམ་སྟོན་གྱི་བཀའ་བཟང་སྤྱི་བོར་ཕེབས་པ་ལྟར། པཎ་གྲུབ་སོ་སོའི་བསྟན་བཅོས་ཡིན་མིན་རྩོད་གཞི་ཅན་དང་། ཁ་གཡར་གྱི་རིགས་རྣམས་ཀྱང་པཎ་གྲུབ་རྣམས་ཀྱི་རྣམ་ཐར་དང་། གསུང་འབུམ་དཀར་ཆག་གི་སྐབས་སོ་སོར་འཕགས་བོད་ཀྱི་མཁས་པ་སྤྱི་དང་། རྗེ་བདག་ཉིད་ཆེན་པོ་གཙོ་གྱུར་རིས་མེད་མཁས་གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་རྩ་འགྲེལ་ཡང་འགྲེལ་དང་བཅས་པ་མཛད་པར་མ་ཟད། གསུང་བཟང་རྣམས་ལ་ཉམས་ལེན་དང་། དཔྱད་ཞིབ་མཐར་ཕྱིན་པར་མཛད་དེ་པཎ་གྲུབ་དེ་དང་དེའི་གསུང་ཡིན་མིན་གྱི་དོགས་སློང་དང་། ལུང་རིགས་ཀྱི་ལམ་ནས་དགག་སྒྲུབ་ཇི་ལྟར་མཛད་པ་རྣམས་གཞི་རྩར་བཟུང་བ་ལས། རང་ཉིད་ནས་ཡིན་བཞིན་དུ་མ་ཡིན་པར་སྒྲུབ་ཐབས་དང་། མ་ཡིན་བཞིན་དུ་ཡིན་པར་སྒྲུབ་ཐུབ་ཐབས་ལ་བརྩོན་པ་མ་བསྟེན་པར་གཙོ་བོ་ཡིན་མིན་ཐད་སྔོན་བྱོན་ལོ་པཎ་མཁས་གྲུབ་དམ་པ་རྣམས་ཀྱིས་བཞེད་ལུགས་ཇི་ལྟར་ཡོད་པ་རྣམས་བཀོད་ཅིང་། གསུང་དངོས་རང་ཉིད་ནས་ཡིན་མིན་ཐག་གཅོད་མ་བྱས་པར་ཡིག་འཇོག་དང་། དཔྱད་གཞི་མཁོ་འདོན་ཐུབ་ཐབས་ལ་འབད་བརྩོན་ཞུས་ཏེ་དཔྱད་རྩོམ་གྱི་རྣམ་པའི་ཐོག་ནས་ཞིབ་ཕྲ་འགོད་ཅི་ཐུབ་ཞུས་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་གསལ[15]།

ཇོ་བོའི་ལམ་རིམ་སོགས་ཀྱི་སྐོར་ནི། སྤྱིར་གསུང་ལ་ལ་པཎ་གྲུབ་དེ་དང་དེའི་མིན་ནའང་། པཎ་གྲུབ་འགའ་ཞིག་གི་མཚན་བཀོད་པ་ལྟ་བུ་ཡོང་གི་ཡོད། དེ་རིགས་བརྗོད་བྱ་ལ་ཞིབ་འཇུག་བྱས་ཏེ་བཀོད་ན་ལེགས། འོན་ཀྱང་དེ་ལ་རྙོག་དྲ་ཆེ་ཙམ་ཡོད། སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས་སོགས་བསྟན་འགྱུར་དུ་མ་འཁོད་པ་རྣམས་ཕྱོགས་སྒྲིག་བྱེད་ཐུབ་ན་ཧ་ཅང་ཡག་པོ་འདུག །བསྟན་པའི་ཞབས་འདེགས་སུ་འགྲོ་ངེས་ཡིན། གསར་དུ་བསྒྱུར་བའི་གསུང་གི་ཁྲོད་ནས་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ། འདི་ཉིད་ནང་ཚིག་འགའ་ཞིག་སླ་པོ་ལྟ་བུ་འདུག་ཀྱང་། ཀླུ་སྒྲུབ་ཀྱི་གསུང་ཡིན་འདུག །ངོ་སྤྲོད་བྱས་པ་ལྟར་ཞིབ་འཇུག་བྱས་པ་ཧ་ཅང་ཡག་པོ་བྱུང་འདུག །ཉམས་ཞིབ་བྱས་ཏེ་དོ་སྣང་བྱུང་བ་རྣམས་ཡིན་སྟབས་པཎ་གྲུབ་ཀྱི་གསུང་ཁོངས་སུ་བཀོད་ན་འགྲིག །

ཅེས་གསུངས་པ་ལྟར་བསྟན་འགྱུར་དུ་མ་འཁོད་པའི་གསུང་རྣམས་ཀྱང་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཐབས་འཚོལ་ཞུས་ཏེ་གཏོང་ཕོད་ཅན་གྱི་སྦྱིན་བདག་གི་མཐུན་རྐྱེན་འཛོམས་ཤིང་། མ་འོངས་བསྟན་བཅོས་དེ་དག་ཐོག་ཞིབ་འཇུག་གནང་མཁན་དག་ལའང་དཔྱད་གཞིའི་ཡིག་ཆ་མཁོ་འདོན་གྱི་མཐུན་རྐྱེན་སོགས་ལ་དམིགས་ཏེ་རྩོད་ཅན་ཁ་གཡར་གྱི་རིགས་དང་། བསྟན་འགྱུར་དུ་མ་འཁོད་པའི་པཎ་གྲུབ་རྣམས་ཀྱི་མཛད་བྱང་གསལ་བའི་བསྟན་བཅོས་རྣམས་ཀྱང་ད་ལན་ཆབས་ཅིག་ཕྱོགས་བསྒྲིགས་ཞུས་ཡོད་པས་དེ་དོན་དགོངས་འཇགས་འཚལ།

 

ཆ༽ པཎ་གྲུབ་གསུང་འབུམ་གྱི་གླེགས་བམ་གྱི་མཚོན་དོན།

 

སྐུ་གསུང་ཐུགས་རྟེན་པད་གདན་པཎ་ཞྭས་བརྒྱན། །

གླེགས་བམ་རེ་རེར་རྟེན་འབྲེལ་མཚོན་དོན་རྫོགས། །

འཕྲུལ་གྱི་ལམ་ནས་ཀུན་ཁྱབ་འོད་སྣང་འགྱེད། །

མཛེས་རྒྱན་དཔེ་ཚོགས་བསྟན་འགྲོའི་དཔལ་དུ་ཤར། །

དེ་ལྟར་ཕྱོགས་བསྒྲིགས་ཞུས་པའི་གསུང་འབུམ་གྱི་གླེགས་བམ་རྣམས་སུ་སྐུ་གསུང་ཐུགས་ཀྱི་མཚོན་དོན་ཚང་སླད། ཐོག་མར་གསུང་འབུམ་རྣམས་ཀྱི་དབུར་སྐུའི་མཚོན་དོན་དུ་མཛད་པ་པོ་པཎ་གྲུབ་སོ་སོའི་སྐུ་པར་བྱོན་གཙང་རེ་དང་། བར་དུ་གསུང་འབུམ་དངོས་ཀྱིས་གསུང་མཚོན་ཞིང་། མཐའ་མར་ཐུགས་ཀྱི་མཚོན་དོན་དུ་བྱང་ཆུབ་མཆོད་རྟེན་གྱི་རི་མོ་བཞུགས་སུ་གསོལ་ནས་གསུང་འབུམ་པོད་རེར་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཚང་བའི་མཚོན་དོན་གྱི་བཀོད་པ་བྱས་ཡོད་ལ། གླེགས་བམ་གྱི་མདུན་ངོས་སུ་པཎ་ཞྭ་དང་གླེགས་བམ་པད་གདན་དང་བཅས་ལས་གྲུབ་པའི་མཚོན་རྟགས་གསར་བཟོ་ཞུས་ཏེ་པཎ་ཞྭས་པཎ་གྲུབ་ཀྱི་རྣམ་ཐར་མཚོན་པ་དང་། གླེགས་བམ་གྱིས་གསུང་འབུམ་བཅས་གསུང་རྣམ་གཉིས་མཚོན་པར་བྱས་པར་མ་ཟད། གླེགས་བམ་དེ་ཉིད་ཀྱང་པད་གདན་གྱི་སྟེང་དུ་བཞུགས་སུ་གསོལ་ཏེ། པད་གདན་གྱིས་གསུང་འབུམ་རྣམས་སྐྱོན་གྱི་དྲི་མས་མ་གོས་ཤིང་། ལྷག་པར་པཎ་གྲུབ་བཅུ་བདུན་ཞེས་པ་འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་གཏོད་མཛད་པ་ཞིག་ཡིན་པས། དེ་དག་གི་མཚོན་དོན་དུ་བཀོད་པའི་པཎ་ཞྭའི་དབུས་སུ་སྒོར་ཁྱིམ་ནང་པཎ་གྲུབ་སོ་སོའི་གསུང་རྣམ་གྱི་པོད་ཕྲེང་ཇི་ཡོད་ཀ་ཕྲེང་ལྟར་དང་། གླེགས་བམ་སྤྱིའི་པོད་ཕྲེང་བརྒྱ་དང་བཅུ་གསུམ་ཡོད་པའི་མཚོན་བྱེད་ཨིན་ཡིག་གི་ཨང་གྲངས་ 1/113 བཅས་བཀོད་ཡོད། འདི་ལྟའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྱུང་རབས་སྲིད་ཞིའི་མཛེས་རྒྱན་དང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་པཎ་གྲུབ་མཛེས་རྒྱན། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་སོགས་རིན་ཐང་བྲལ་བའི་ཡིག་ཆ་རྣམས་རིན་མེད་ཐོག་དོན་གཉེར་ཅན་དང་། ཞིབ་འཇུག་པ་སོགས་ལ་ཐུགས་ཕན་སོས་རེར་དམིགས་ནས་དཔལ་ནཱ་ལེནྡྲ་ https://shrinalanda.com/ ཞེས་པའི་དྲ་རྒྱ་ཞིག་གསར་བཟོ་ཞུས་ཏེ། དྲ་རྒྱ་འདིའི་ཐོག་ནས་ཡིག་ཆ་རྣམས་ལྟ་ཀློག་ཕབ་ལེན་ཞུ་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་ཡོད།

 

ཇ༽ ལས་གཞི་འདིའི་གཏོང་ཕོད་ཅན་གྱི་སྦྱིན་བདག །

 

གོང་གསལ་ལས་འཆར་འདིའི་ཐོག་མའི་ཡིག་འཇུག་དང་། བར་གྱི་ཞུ་དག་གི་འགྲོ་གྲོན་ཨ་རིར་གནས་བཞུགས་ཕུག་ཇོརྗེ་ཉཱའུ་ཡེན་ (Phuc George Nguyen & Family) ལགས་ནས་ཐབས་འཚོལ་རོགས་རམ་གནང་ཞིང་། གསུང་རྣམ་དངོས་གཞིའི་པར་སྐྲུན་སྦྱིན་བདག་པོད་ཕྲེང་སོ་སོའི་དབུ་ཞབས་གཉིས་སུ་བཀོད་པ་ལྟར་གཏོང་ཕོད་ཆེན་པོས་ཆོས་སྦྱིན་གྱི་མཐུན་འགྱུར་གནང་བ་ལས་དཔར་གྲངས་ ༣༠༠ ཐམ་པ་པར་སྐྲུན་ཞུས་ཏེ་རྒྱ་བལ་འབྲུག་གསུམ་གྱིས་མཚོན་རིས་མེད་ཀྱི་ཆོས་སྡེ་ཁག་དང་། ཆོས་རིག་གི་བསྟི་གནས། རིག་གཞུང་ཞིབ་འཇུག་པ། སློབ་གྲྭ་ཆེ་འབྲིང་གི་དཔེ་མཛོད་ཁང་སོགས་སུ་རིན་མེད་འགྲེམས་སྤེལ་ཞུས་པའི་རྣམ་དཀར་དགེ་ཚོགས་ཀྱི་བྱིན་མཐུ་ལས། རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ལྷག་པར་པཎ་གྲུབ་བཅོ་བརྒྱད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ། གཏོང་ཕོད་མཆོག་ཏུ་ཡངས་པའི་བསྟན་པའི་ཆོས་སྦྱིན་འབྲེལ་ལྟོས་དང་བཅས་པ་སྟོན་མཆོག་དོན་ཀུན་གྲུབ་པ་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན། པཎ་གྲུབ་བཅོ་བརྒྱད་པ་༸གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་དང་བཅས་པས་མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།།ཅེས་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་རྩོམ་སྒྲིག་པ་གུས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༤ དགེ་བར།།  །།

 

[1] དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༥༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༩༣

[2] ཕྱི་ལོ་ ༢༠༡༩ ཟླ་བ་ ༨ ཚེས་ ༡༤ ཉིན་མ་ནཱ་ལིར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་ཀྱི་མཇུག་མཐར་སྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།

[3] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༢༠༠༤ ལོ། ཤོག་གྲངས་ ༡༣༠༡

[4] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༣༤༢

[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༧༩༩

[6] ཕྱི་ལོ་ ༢༠༡༥ ཟླ་བ་ ༡༢ ཚེས་ ༡༨ ཉིན་སེ་ར་ཚོགས་ཆེན་དུ་རྟོགས་བརྗོད་མདུན་ལེགས་མའི་བཀའ་ཆོས་སྨིན་སྩལ་ལས་ཟུར་འདོན་ཞུས་པའོ།།

[7] ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ ཉིན་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང་། སྒོ་མང་དགེ་བཤེས་བློ་བཟང་ཡོན་ཏན། གསུང་འབུམ་པར་སྐྲུན་གྱི་དད་སྦྱིན་འབྲེལ་ཡོད་རྣམས་ནས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ཕྱོགས་སྒྲིག་ལས་འཆར་ལྷ་སྙན་སྒྲོན་འབུལ་གྱི་གཟིམ་ཆུང་མཇལ་ཁའི་སྐབས་སུ་དབྱིན་སྐད་ཐོག་སྩལ་པའི་བཀའ་སློབ་ལམ་སྟོན་བརྙན་འཕྲིན་ནས་སྙིང་དོན་ཡིག་འབེབས་བོད་བསྒྱུར་ཞུས་པའོ།།

[8] ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ ཉིན་དབྱིན་སྐད་ཐོག་སྩལ་པའི་བཀའ་སློབ་ལམ་སྟོན་བརྙན་འཕྲིན་ནས་སྙིང་དོན་ཡིག་འབེབས་བོད་བསྒྱུར་ཞུ་བ་པོ་ནི་དགེ་བཤེས་ངག་དབང་བསོད་ནམས་སོ།།

[9] ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ཟླ་ ༡༠ ཚེས་ ༢༠ ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ ལ།།

[10] བསྟན་འགྱུར་ལ་སྡེ་དགེ་ལྟར་ན་ཁྱོན་བསྡོམས་པོ་ཏི་ ༢༡༣ དང་། དཀར་ཆག་བརྩིས་པས་ ༢༡༤ ལ་བུ་སྟོན་ཆོས་འབྱུང་ལྟར་ན་ཆོས་ཚན། ༢༣༣༧ ཡོད་པར་གསལ་བས། པཎ་གྲུབ་བཅུ་བདུན་གྱི་གསུང་བསྟན་འགྱུར་དུ་བཞུགས་པ་ཁོ་ནའི་དབང་དུ་བྱས་ཀྱང་ཆོས་ཚན་ ༥༣༦ མཆིས་པས་བསྟན་འགྱུར་གྱི་བཞི་ཆ་གཅིག་ཙམ་ཟིན་ཡོད།

[11] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༡༤

[12] ཕྱི་ལོ་ ༢༠༡༣ ཟླ་བ་ ༡༡ ཚེས་ ༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཚན་རིག་ཀུན་བཏུས་ཆེན་མོ་བགྲོ་གླེང་ཐོག་སྩལ་པའི་བཀའ་སློབ་ལས་ཟུར་འདོན་ཞུས་པའོ།།­

[13] ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ལས་གཞིའི་སྐོར་གུས་འབངས་ཕྱོགས་སྒྲིག་པ་ཐུབ་བསྟན་ཡར་འཕེལ་སྙན་སྒྲོན་ལམ་སྟོན་ཞུ་སླད་གཟིམ་ཆུང་མཇལ་བཅར་སྐབས་སྩལ་པའི་ལམ་སྟོན་བཀའ་སློབ།

[14] ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཁྱི་ཟླ་ ༡༠ ཚེས་ ༢༠ ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༧ ལ།།

[15] ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ལས་གཞིའི་སྐོར་གུས་འབངས་ཕྱོགས་སྒྲིག་པ་ཐུབ་བསྟན་ཡར་འཕེལ་སྙན་སྒྲོན་ལམ་སྟོན་ཞུ་སླད་གཟིམ་ཆུང་མཇལ་བཅར་སྐབས་སྩལ་པའི་ལམ་སྟོན་བཀའ་སློབ།

Leave a Reply

Your email address will not be published. Required fields are marked *