སྣང་ས་འོད་འབུམ་གྱི་རྣམ་ཐར།

༄༅། །རིགས་བཟང་གི་མཁའ་འགྲོ་མ་སྣང་ས་འོད་འབུམ་གྱི་རྣམ་ཐར་བཞུགས་སོ། །

 

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། །

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་། །

གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །

གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །

ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །

པོ་ཏཱ་ལ་ཡི་གནས་མཆོག་ནས། །

ཏཱམ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །

ཏཱམ་ཡིག་བོད་ཀྱི་འགྲོ་བ་སྒྲོལ། །

སྒྲོལ་མའི་ཡུམ་ལ་ཕྱག་འཚལ་ལོ། །

ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །

དྲི་ཟ་དག་དང་མི་ཡི་སྐད་རྣམས་དང་། །

འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །

ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །

དེ་ཡང་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པ། ཀུན་ལ་ཉེ་རིང་མེད་པ་རྗེས་སུ་བརྩེ་བ་དེས་གདུལ་བྱ་རྣམས་ཀྱི་སོ་སོའི་བློ་དང་འཚམས་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་མདོར་བསྡུས་ན་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་འདུས་ཤིང་། དེ་ཡང་བདག་དང་བདག་འདྲ་བ་ལྷ་ཆོས་ཀྱི་བརྗོད་དོན་མི་རྟོགས་པ་རྣམས་ལ་ནི་འཇིག་རྟེན་ཆོས་དང་བསྟུན་ཏེ་སྒྲུང་དང་གཏམ་རྒྱུད་གཉིས་སུ་མཛད་པའི་ནང་གི་བྱ་སྒྲུང་དང་། རོ་སྒྲུང་དང་། སྤྲེའུ་ཧ་ལོད་ཀྱི་གོང་། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་སོགས་དང་། གཞན་ཡང་རྒྱལ་པོ་ར་མ་ཎའི་གཏམ་རྒྱུད་དང་། ལྷ་མོ་ཡིད་འཕྲོག་མའི་གཏམ་རྒྱུད། ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་གཏམ་རྒྱུད་སོགས་འདུལ་བ་ལུང་ལས་བསྟན་བཅོས་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས། ཉི་མ་དེ་རིང་གི་དུས་སུ་གཙོ་བོར་མགོ་འདྲེན་གྱི་དཔོན་པོ་དང་། ཡང་སྒོས་རྒྱལ་སྡེ་ཁྲོམ་པ་རྣམས་ལ་གཟིགས་ཕུད་འབུལ་རྒྱུའི་ལེའུ་འདི་ནི། འདོད་སྲེད་ཅན་རྣམས་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་བློ་ཁ་ཆོས་ལ་བསྒྱུར་ཐབས་སུ་སྣང་ས་འོད་དེ་འབུམ་པའི་རྣམ་ཐར་ནས་འབུལ་རྒྱུ་ཡིན་ཅིང་། སྣང་སའི་རྣམ་ཐར་དེ་ལ་ཡང་། སྣང་ས་ལྷ་ཡུལ་མ་དང་། སྣང་ས་ཤ་ལུས་སོགས་མི་འདྲ་བ་ཁ་ཤས་ཡོད་ཀྱང་། ད་ལམ་སྐབས་སུ་བབ་པ་ནི་རིགས་བཟང་གི་མཁའ་འགྲོ་མ་གཟུགས་མཛེས་སྣང་ས་འོད་འབུམ་འདི་ཉིད་མིར་སྐུའི་སྐྱེ་བ་བཞེས་པའི་སྔོན་གྱི་བྱུང་བ་བརྗོད་པའི་ཆོས་མཚམས་ནས་འབུལ་བ་ལགས་པས་ཚང་མས་སྙན་གྱི་དབང་པོ་མ་ཡེངས་པར་གསན་པར་ཞུ།

དེ་ཡང་བོད་འདིར་སྟོད་མངའ་རིས་བསྐོར་གསུམ། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རུ་བཞིར་དབྱེ་བའི་ནང་ཚན་ནས་གཡས་རུ་གཙང་གི་ཡ་གྱལ་མྱང་སྟོད་རྒྱལ་རྩེ་ཡུལ་ལྗོངས་ཞེས་བྱ་བ་ན་ལྗང་ཕད་ཁུད་ནང་པ་ཞེས་པ་མི་ཁྱིམ་ཕལ་བ་ཞིག་ཡོད་པ་ལས། དེ་ལ་ཡབ་ཀུན་བཟང་བདེ་ཆེན་དང་། ཡུམ་མྱང་ཚ་གསལ་སྒྲོན་བྱ་བ་གཉིས་ཡོད་པ་ལས། ཡབ་ཡུམ་གཉིས་པོ་རྒྱུན་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་ཉིན་མཚན་ཀུན་ཏུ་ཆག་མེད་མཛད་ཅིང་བཞུགས་པ་ལས་དེའི་མཐུ་ལ་བརྟེན་ནས་སྒྲོལ་མ་འབུམ་ཕྲག་སོང་མཚམས་སུ་ནུབ་གཅིག་ཡུམ་ལ་རྨི་ལམ་ངོ་མཚར་ཤིན་ཏུ་ཆེ་བ་འགའ་ཞིག་བྱུང་འདུག་པ་རྣམས་ཡབ་ལ་འདི་སྐད་ཞུས་པ།

རྒྱལ་ཀུན་འཕྲིན་ལས་ལྷ་མོའི་སྐུར་བསྟན་མ། །

སེང་ལྡེང་ནགས་ཀྱི་སྒྲོལ་མར་གུས་ཕྱག་འཚལ། །

ལས་ཀྱིས་བཀོད་པའི་ཚེ་གང་གཏན་གྱི་གྲོགས། །

ཡབ་ཆེན་ཀུན་བཟང་བདེ་ཆེན་བདག་ལ་གསོན། །

ཁོ་མོས་མདངས་སུམ་ཉལ་བའི་རྨི་ལམ་ལ། །

ངོ་མཚར་ཆེ་བའི་ཁྱད་ཆོས་འདི་ལྟར་བྱུང་། །

གཡུ་ལོ་བཀོད་པའི་ཞིང་ཁམས་དམ་པ་ན། །

དུང་ལོ་འབར་བའི་རིན་ཆེན་ཁྲི་སྟེང་ནས། །

འཇིགས་པ་ཀུན་སྐྱོབས་དུས་གསུམ་སངས་རྒྱས་མ། །

རྒྱལ་ཡུམ་སྒྲོལ་མའི་ཐུགས་ཀའི་ཏཱམ་ཡིག་ནས། །

འོད་འཕྲོས་བདག་གི་སྤྱི་བོའི་ཚངས་བུགས་ལ། །

དབུ་མའི་ལམ་བརྒྱུད་སྙིང་དབུས་ཐིམ་པ་རྨིས། །

བདག་གི་ལུས་ལ་མེ་ཏོག་པད་མ་སྐྱེས། །

པད་སྡོང་དེ་ལ་མཁའ་འགྲོས་མཆོད་པ་རྨིས། །

ཕྱོགས་མཚམས་ཀུན་ནས་བུང་ཚོགས་འདུས་ཏེ། །

པད་མའི་ཟེའུ་འབྲུའི་བཅུད་ཀྱིས་ཚིམས་པ་རྨིས། །

རྨི་ལམ་དེ་འདྲ་བཟང་བ་ལོས་ཀྱང་ཡིན། །

རྨི་ལམ་དོན་འབྲས་ཡབ་ཀྱིས་གསུང་དུ་གསོལ། །

ཞེས་ཞུས་པས། ཡབ་ཤིན་ཏུ་དགྱེས་ཏེ་ལན་འདི་ལྟར་གསུངས་སོ། །

ཚེ་རབས་ཀུན་གྱི་གཏན་གྲོགས་བཞིན་བཟང་མ། །

ཡུམ་ཆེན་མྱང་ཚ་གསལ་སྒྲོན་བདག་ལ་ཉོན། །

རྨི་ལམ་མི་བདེན་འཁྲུལ་བ་ཡིན་མོད་ཀྱང་། །

ད་རེས་འདི་ནི་མ་འོངས་ལུང་བསྟན་ཡིན། །

རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་ཏཱམ་ཡིག་ལས། །

འོད་ཟེར་ཁྱོད་ཀྱི་སྙིང་དབུས་ཐིམ་པ་དེ། །

དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །

སྒྲོལ་མའི་བྱིན་རླབས་སྙིང་ལ་ཞུགས་པའི་རྟགས། །

ཁྱོད་ལུས་མེ་ཏོག་པད་མ་སྐྱེས་པ་དེ། །

མཁའ་འགྲོ་ཀུན་གྱི་གཙོ་མོ་ཡིན་པའི་རྟགས། །

ཕྱོགས་མཚམས་ཀུན་ནས་བུང་བའི་ཚོགས་འདུས་པར། །

སྨྲ་བའི་ཟེའུ་འབྲུར་རོ་བཅུད་སྟེར་བ་དེ། །

དག་དང་མ་དག་གདུལ་བྱའི་ཚོགས་རྣམས་ལ། །

ལུས་ངག་ཡིད་གསུམ་འགྲོ་དོན་མཛད་པའི་རྟགས། །

ན་གཞོན་སོ་དཀར་དུས་སུ་བུ་མེད་ཀྱང་། །

ན་རྒས་སྐྲ་དཀར་དུས་སུ་བུ་མོ་ཞིག །

འཁྲུངས་ནས་བུ་ལས་ལྷག་པ་ཡོད་ངེས་པས། །

ཕྱོགས་རྣམས་ཀུན་ཏུ་རིམ་གྲོ་སྒྲུབ་པར་མཛོད། །

རྨི་ལམ་བཟང་ངོ་མྱང་ཚ་གསལ་སྒྲོན་མ། །

བློ་སེམས་བདེའོ་ཀུན་བཟང་བདེ་ཆེན་པ། །

ཞེས་གསུངས་ཏེ་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ། བར་དགེ་འདུན་ལ་བསྙེན་བཀུར་བཅས་རྒྱ་ཆེར་མཛད་པའི་མཐུ་ལས་ས་ཕོ་རྟ་ཡི་ལོ་སྤྲེལ་གྱི་ཟླ་བའི་ཡར་ངོ་མཁའ་འགྲོ་འདུ་བའི་དུས་ཆེན་ཚེས་བཅུ་རེ་གཟའ་ཕུར་བུ་དང་། རྒྱུ་སྐར་རྒྱལ་གཉིས་འགྲོགས་པའི་སྒྲུབ་སྦྱོར་ཉིན་སྐུ་བལྟམས་སོ། །འཁྲུངས་མ་ཐག་ཏུ་ཡུམ་གྱི་ནུ་ཞོའི་ཕུད་ནས་ནམ་མཁའ་ལ་གཏོར་བཞིན་དུ་ཕྱག་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསུངས་སོ། །

དུས་གསུམ་རྒྱལ་བ་སྐྱེས་པའི་ཡུམ་མཆོག་མ། །

རྗེ་བཙུན་སྒྲོལ་མར་མཆོད་ཅིང་ཕྱག་ཀྱང་འཚལ། །

ང་ནི་འགྲོ་བའི་དོན་དུ་གནང་བ་ཡིན། །

ས་སྟེང་འདི་ན་བཀྲ་ཤིས་བདེ་ལེགས་ཤོག །

འཕྲིན་ལས་འོད་ཟེར་ཕྱོགས་ཀུན་སྤྲོས་ནས་ཀྱང་། །

འགྲོ་བ་འབུམ་ཕྲག་ཆོས་ལ་འགོད་པར་ཤོག །

ཅེས་གསུངས་པས་སྲས་མོ་དེའི་མཚན་ལ་ཡང་གོང་གི་ཚིགས་བཅད་དེ་རྣམས་བསྡུས་ཏེ་བུ་མོ་སྣང་ས་འོད་འབུམ་ཞེས་ཡུལ་མི་ཀུན་གྱིས་མགྲིན་གཅིག་ཏུ་མཚན་གསོལ་ཞིང་། བྱིས་པ་གཞན་གྱི་ལོ་བསྐྱེད་ལས་དེའི་ཟླ་བསྐྱེད་ཆེ། གཞན་གྱི་ཟླ་བསྐྱེད་ལས་དེའི་ཞག་བསྐྱེད་ཆེ་ཞིང་། སྐུ་འབྲས་མཛེས་པ། ཐུགས་རྒྱུད་དལ་བ་སོགས་མིའི་བུ་མོ་མི་འདྲ་བ་ལྷའི་སྲས་འདྲ་བ་ཞིག་བྱུང་བ་ལ་བརྟེན་ནས་ཡབ་ཡུམ་ཤིན་ཏུ་མཉེས་ཏེ་སྲས་མོ་དེའི་སྐུ་གསུང་ཐུགས་ལ་བསྟོད་པ་འདི་ལྟར་ཕུལ་ལོ། །

ཕ་བཟང་གི་བུ་མོ་རིགས་བཟང་མ། །

མ་བཟང་གི་བུ་མོ་བཞིན་བཟང་མ། །

ཁྲོམ་ལྷ་མི་ཚོགས་པའི་རྒྱུན་གཅིག་མ། །

བུ་མོ་སྣང་ས་འོད་འབུམ་ཚུར་ལ་གསོན། །

འཇིག་རྟེན་འདི་ཡི་མཛེས་པའི་དངོས་པོ་ཀུན། །

གཅིག་ཏུ་བསྡུས་ནས་ཁྱོད་ལ་རྒྱན་དུ་སྟེར། །

མཐོང་བ་ཙམ་གྱིས་མིག་ལ་དགའ་སྟེར་བས། །

གཟུགས་མཛེས་ལྷ་མོའི་སྐུ་ལ་བདག་བསྟོད་དོ། །

ཀ་ལ་པིང་ཀ་འཇོལ་མོ་ཁུ་བྱུག་སོགས། །

ཀུན་གྱིས་འགྲན་ཟླ་མི་ནུས་ཚངས་པའི་དབྱངས། །

ཐོས་པ་ཙམ་གྱིས་རྣ་བར་དགའ་སྟེར་བས། །

རབ་སྙན་སྣང་སའི་གསུང་ལ་བདག་བསྟོད་དོ། །

བླ་མ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་གུས། །

རྣམ་དག་འགྲོ་བ་ཀུན་ལ་ལྷག་པར་བྱམས། །

དྲན་པ་ཙམ་གྱིས་ཡིད་ལ་དགའ་སྟེར་བ། །

བུ་མོ་སྣང་སའི་ཐུགས་ལ་བདག་བསྟོད་དོ། །

མགྲིན་བཟང་བོང་བུའི་རིགས་ལ་སྨུག་ཆུང་དྲེལ། །

གླང་རྒན་རོག་པོའི་རྒྱུད་ལ་ཁྱུང་དཀར་མཛོ། །

བདག་ཅག་ཕ་མ་རྒན་འཁོགས་གཉིས་པོ་ལ། །

ལྷ་མོ་ཁྱོད་འདྲ་འཁྲུངས་པ་ངོ་མཚར་ཆེ། །

ཞེས་ཞུས་པ་ན་སྣང་སས་ལན་གསུངས་པ།

དུས་གསུམ་རྒྱལ་ཀུན་སྐྱེས་པའི་བཕྲིན་ལས་མ། །

བཅོམ་ལྡན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །

ཚུར་ལ་གསོན་དང་བུ་མོའི་ཡབ་ཡུམ་གཉིས། །

བུ་མོ་སྣང་ས་བདག་ལ་གསན་པར་ཞུ། །

བུ་མོ་བདག་ལ་ཕ་མ་ལོས་ཀྱང་ཡོད། །

ཡོད་པས་མི་ཆོག་ཕྱི་ནང་གསང་གསུམ་ཡོད། །

ཕྱི་ཡི་ཡབ་ནི་ཀུན་བཟང་བདེ་ཆེན་ཡིན། །

ཡུམ་ནི་དྲིན་ཅན་མྱང་ཚ་གསལ་སྒྲོན་ཡིན། །

ནང་གི་ཡབ་ནི་སྤྱན་རས་གཟིགས་དབང་ཡིན། །

ཡུམ་ནི་རྗེ་བཙུན་སྒྲོལ་མ་དཀར་སྔོན་ཡིན། །

གསང་བའི་ཡབ་ནི་ཐེག་མཆོག་བདེ་ཆེན་དང་། །

ཡུམ་ནི་ཤེས་རབ་གསལ་ཞིང་སྟོང་པ་ཡིན། །

ཕྱི་ནང་གསང་བའི་ཡབ་ཡུམ་ཐམས་ཅད་ལ། །

བདེ་སྟོང་ཟུང་འཇུག་ཡོངས་ནས་གུས་ཕྱག་འཚལ། །

ཞེས་ཡབ་ཡུམ་ལ་བསྟོད་ཕྱག་འབུལ་བ་དང་ལྷན་ཅིག་ཉིན་མཚན་ཀུན་ཏུ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་པ་དང་སྒྲོལ་མ་དཀར་སྔོན་གྱི་བསྟོད་པ་ཆག་མེད་མཛད་ཅིང་། སྙིང་རྗེ་ཤེས་རབ་བརྩོན་འགྲུས་གསུམ་ཆེ་ལ། སྒྲིབ་པ་ཁེངས་པ་རྟོག་པ་གསུམ་ཆུང་བས་ལྷ་ཆོས་མདོ་རྒྱུད་ཀྱི་དགོངས་དོན་མཐའ་དག་ཀྱང་རྟོགས་ཤིང་། དེ་མཚུངས་འཇིག་རྟེན་གྱི་བྱ་བ་ལའང་སྔ་དྲོ་ལངས་པའི་སྔ་མ། དགོང་མོ་ཉལ་བའི་རྟིང་མ་བྱས་ནས་ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་ལ་སོགས་པར་བརྩོན་ཞིང་མཁས་པར་གྱུར་པས་ལྗང་ཕད་ཁུད་ཀྱི་ཁྱིམ་དེ་ནི་ལོངས་སྤྱོད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་བྱུང་ངོ་། །དེ་ནས་བུ་མོ་སྣང་ས་འོད་འབུམ་དེ་དགུང་ལོ་ལྔ་གསུམ་བཅོ་ལྔ་ཙམ་ལོན་པའི་ཚེ་དབུས་གཙང་དྭགས་ཀོང་ཚང་མར་བུ་མོའི་སྙན་གྲགས་ཀྱིས་ཁྱབ་པ་ལ་བརྟེན་ནས་སྣང་ས་སློང་མི་མང་པོ་བྱུང་ཡང་། གཙོ་བོར་བུ་མོ་སྣང་ས་རང་ཡང་དམ་པའི་ལྷ་ཆོས་ཤིག་རང་བྱེད་རྒྱུ་བྱུང་ན་བསམས་པ་མ་གཏོགས་འཇིག་རྟེན་གྱི་འདུན་མར་འགྲོ་འདོད་གཏན་ནས་མེད་པའི་ཁར་ཡབ་ཡུམ་གཉིས་ལའང་སྲས་སྲོས་གཞན་གཅིག་ཀྱང་མེད་པའི་ཐོག་ཏུ་བུ་མོ་སྣང་ས་འདི་བུ་བརྒྱ་ཡོད་པ་ལས་ལྷག་པས་ཆོས་དང་འཇིག་རྟེན་གཉིས་ཀར་མཁྱེན་ཡངས་ཆེ་སྟབས་སློང་མི་བྱུང་ཚད་ཚང་མར་མ་བྱིན་པར་ཡབ་ཡུམ་གཉིས་རང་གི་རྒས་གཡོག་ཏུ་ཡོད་ཙ་ན། དུས་ནམ་ཞིག་ན་རྒྱལ་རྩེ་རི་ནང་མཚོ་ཆེན་དུ་དཔོན་པོ་སྒྲ་ཆེན་པ་བྱ་བ་མེ་ལས་དབལ་ཚ་བ། ཆུ་ལས་རྦ་དྲག་པ། རྔ་མ་ལས་ཉག་ཕྲ་བ། རྒྱ་གཡེར་ལས་ཁ་ཚ་བ། སྲན་མ་ལས་རྡོག་འགྲིལ་བ། བག་ཕྱེ་ལས་ཕྱི་ཞིབ་པ་གཅིག་ཡོད་པ་དེ་ལ་ཇོ་མོ་བསོད་ནམས་རྒྱལ་མོ་བྱ་བ་ཞིག་ཡོད་པར་བུ་གཅིག་འཁྲུངས་པ་དཔོན་པོ་གྲགས་པ་བསམ་གྲུབ་ཅེས་འབོད་ཅིང་བུ་མོ་གཅིག་ཡོད་པ་དེ་ལ་སྙིད་མོ་ནེ་ཙོ་ཞེས་མིང་འབོད་པ་གཉིས་ཡོད་ཀྱང་། དེ་ནས་མི་འགྱངས་པར་ཡུམ་དེ་ཚེ་ཡི་དུས་བྱས་པས་ཡབ་སྲས་གཉིས་ཀར་བཙུན་མོ་མེད་པར་བརྟེན་ཡབ་ཀྱི་ཐུགས་དགོངས་ལ། ངའི་བུ་འདི་ལ་ཕ་བཟང་གི་བུ་མོ་བཞིན་བཟང་མ་གཅིག་ལེན་དགོས་དགོངས་ནས་ཐུགས་ལ་ཡོད་དུས་གནས་སྙིང་གཟུངས་སྒྲུབ་ཀྱི་ལོ་དུས་ཀྱི་ལྟད་མོ་བལྟ་བ་དང་། ཁྲོམ་དང་བྱིན་རླབས་ཞུ་བར་རྒན་སྐྲ་དཀར་མན་ནས་གཞོན་སོ་དཀར་ཡན་གྱི་ཕོ་མོ་སེར་སྐྱ་ཕལ་ཆེར་འགྲོ་སྲོལ་བཅས། དཔོན་སྒྲ་ཆེན་པ་དང་དཔོན་གཡོག་མང་པོ་ཡང་རྒྱན་གོས་གཟབ་མཆོར་ཕུན་སུམ་ཚོགས་པ་བྱས་ནས་གནས་སྙིང་གཟུངས་སྒྲུབ་ཀྱི་ལོ་དུས་ཀྱི་ལྟད་མོ་བལྟ་བ་དང་། ཁྲོམ་དབང་གི་བྱིན་རླབས་ཞུ་བར་བྱོན་ནོ། །དེའི་དུས་སུ་བུ་མོ་སྣང་ས་འོད་འབུམ་ཡང་། དེ་སྔོན་ནས་གནས་སྙིང་གཟུངས་སྒྲུབ་ཀྱི་ལྟད་མོ་ལྟ་བ་དང་། ཁྲོམ་དབང་གི་བྱིན་རླབས་ཞུ་བར་འགྲོ་མ་མྱོང་བའི་ཁར་བུ་མོ་རང་ཡང་འགྲོ་འདོད་ཡོད་པའི་ཐོག་སྐྱེ་འབྲས་དྭངས་ལ། རྒྱན་གོས་འཛོམས་པ་བཅས་ཡབ་ཡུམ་གཉིས་ནས་ཀྱང་བུ་མོ་སྣང་ས་ཁྲོམ་ཐོག་གཅོད་ཕྱིར་གཏོང་འདོད་མཛད་དེ། ཞལ་རས་ཟླ་བའི་དཀྱིལ་འཁོར་ཉ་གང་པ་དེ་དང་། དབུ་སྐྲ་སེ་ལིང་ལྗང་པ་འདྲ་བ་དེ་དག་འཁྲུད་བརྡར་བྱེད་བཅུག་ཐོག རྒྱན་གོས་ཕུན་སུམ་ཚོགས་པས་སྐུ་ལ་མཛེས་པར་བརྒྱན་ཏེ། གནས་སྙིང་གི་སྐུ་གསུང་ཐུགས་རྟེན་རྣམས་ལ་མཆོད་འབུལ་གྱི་དགོས་ཆ་དང་སྙན་དར། བླ་མར་དབང་གི་འབུལ་བ། བུ་མོ་དཔོན་གཡོག་གི་བཟའ་ཆས་སོགས་སྣེ་འཛོམས་པར་གཡོག་མོ་འཛོམས་པ་སྐྱིད་ལ་བསྐུར་ཏེ་སྣང་ས་དཔོན་གཡོག་གཉིས་ཀྱིས་ཀྱང་གནས་སྙིང་གཟུངས་སྒྲུབ་ཀྱི་ལྟད་མོ་དང་། ཁྲོམ་དབང་ལ་བྱོན་ནས་བླ་མར་འབུལ་བ་ཕུལ་ཏེ་དབང་ཞུས། རྟེན་རྣམས་ལ་ཕྱག་བསྐོར་དང་མཆོད་འབུལ་བྱས་མཇུག་དུས་སྟོན་གར་འཆམ་ལྟད་མོ་བལྟ་བར་བྱོན་ནས་བུ་མོ་རྣམས་དང་ལྷན་ཅིག་ཁྲོམ་མི་མང་གི་དབུས་ན་བཞུགས་པ་དང་། རི་ནང་དཔོན་པོ་སྒྲ་ཆེན་དཔོན་གཡོག་རྣམས་ཀྱང་གནས་སྙིང་བླ་བྲང་རབ་གསལ་ནང་ནས་གཟིགས་མོ་མཛད་དུས། དཔོན་པོ་སྒྲ་ཆེན་པ་ནི་གར་འཆམ་སོགས་གཞན་གང་ལ་ཡང་མི་གཟིགས་པར་བུ་མོ་སྣང་ས་རང་གར་སོང་གར་ཡོད་ཀྱི་རྗེས་ལ་སྤྱན་མ་ཡེངས་པར་གཟིགས་ནས་ཐུགས་སེམས་དབང་མེད་དུ་ཤོར་ཏེ། དེ་མ་ཐག་བློན་པོ་བསོད་ནམས་དཔལ་བསྐྱེད་ཟེར་བ་དེ་ལ་བཀའ་བསྒོས་པ་བཞིན་དུ་བློན་པོས་ཀྱང་དེ་འཕྲལ་ལ་ཁྲོམ་མི་མང་ཚོགས་པའི་དབུས་ནས་སྣང་ས་འོད་འབུམ་དེ་བྱེའུ་ཁྲས་བཟུང་བའམ། རི་བོང་བྱ་གླག་གིས་ཁྱེར་བ་བཞིན་དུ་འཁྲིད་ཡོང་སྟེ་དཔོན་སྒྲ་ཆེན་པས་ལག་པ་གཡོན་གྱིས་སྣང་སའི་ཐུ་གཤམ་ནས་བཟུང་། ལག་པ་གཡས་ཀྱིས་ཆང་འཐུང་འཕྲོ་ཕོར་པ་གང་པོ་དེ་སྣང་ས་ལ་སྤྲོད་པ་དང་ལྷན་ཅིག་འདི་སྐད་ཅེས་གསུངས་སོ། །

གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མཆོག་མངར། །

རེག་བྱ་འཇམ་པ་འདོད་ཡོན་ལྔ་ལྡན་ཁྱོད། །

ལྷ་ཀླུ་དྲི་ཟ་མི་སོགས་སུའི་བུ་མོ། །

མ་གསང་དྲང་པོའི་གཏམ་གཅིག་ང་ལ་ཤོད། །

བུ་མོའི་ཕ་ཡི་མིང་ལ་ཇི་སྐད་ཟེར། །

བུ་མོའི་མ་ཡི་མིང་ལ་ཇི་སྐད་ཟེར། །

བུ་མོ་ཁྱོད་རེའི་མིང་ལ་ཇི་སྐད་ཟེར། །

ཡུལ་དང་ཁྱིམ་གྱི་མིང་ལ་ཇི་སྐད་ཟེར། །

ང་ནི་མྱང་སྟོད་རི་ནང་ས་སྐྱོང་རྗེ། །

དཔོན་པོ་སྒྲ་ཆེན་འབྲུག་ལྟར་གྲགས་པ་ངའི། །

ང་ཡི་རིགས་རྒྱུད་གྲགས་པ་བསམ་གྲུབ་དེ། །

ཕྱི་ཡི་ལྕགས་རི་ནང་གི་ནོར་བུ་ཡིན། །

ཕོ་ལོ་དྲུག་གསུམ་བཅོ་བརྒྱད་སླེབས་ནས་ཡོད། །

ཁྱོད་ཀྱིས་དེ་ཡི་ཁྱིམ་ཐབ་མི་བྱེད་དམ། །

ཞེས་སྨྲས་མ་ཐག་ཏུ་བུ་མོ་སྣང་སའི་ཐུགས་ལ་ངའི་ཁ་སྒོ་སྐྱེ་འབྲས་འདི་དགྲ་ལ་ལངས་ཏེ་འདོད་པ་དམ་པའི་ལྷ་ཆོས་འདོད་ཀྱང་། ཡོང་བ་འཇིག་རྟེན་ཁྱིམ་ཐབ་གཅིག་ཡོང་བ་འདྲ་ད་ནི་ཅི་དྲག་དགོངས་ཏེ་གླུ་འདི་གསུངས་སོ། །

རྒྱལ་བའི་ཡུམ་མཆོག་རྗེ་བཙུན་སྒྲོལ་མ་ཡིས། །

བུ་མོ་ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །

ཚུར་ལ་གསོན་དང་དཔོན་པོ་སྒྲ་ཆེན་ལགས། །

བུ་མོ་སྣང་སའི་ཕྱོགས་ལ་རྣ་བ་གསོན། །

ང་ཡི་ཡུལ་ནི་མྱང་སྟོད་རྒྱལ་རྩེ་ཡིན། །

ཡུལ་གྱི་མིང་ལ་ལྗང་གི་ཕད་ཁུད་ཟེར། །

ཕ་ཡི་མིང་ལ་ཀུན་བཟང་བདེ་ཆེན་ཟེར། །

ཨ་མའི་མིང་ལ་མྱང་ཚ་གསལ་སྒྲོན་ཟེར། །

ང་རེའི་མིང་ལ་སྣང་ས་འོད་འབུམ་ཟེར། །

མི་ཁྱིམ་ཕལ་པ་གཅིག་གི་བུ་མོ་ཡིན། །

དུག་ཤིང་སྟག་མ་ཁ་དོག་མཚར་ན་ཡང་། །

མཆོད་གཤོམ་མཛེས་པའི་བུམ་རྒྱན་གང་ནས་ཡོང་། །

དོ་ལོ་སྔོན་མོ་ཁ་དོག་མཚར་ན་ཡང་། །

གྲུ་དམར་གཡུ་དང་མཐུན་སྡེབས་ཅི་ལ་ཡོང་། །

བྱེའུ་ལྕོག་མོ་གཤོག་འགྱུར་མཁས་ན་ཡང་། །

ཐང་དཀར་རྒོད་འདྲའི་ནམ་འཕང་ཆོད་དོགས་མེད། །

བུ་མོ་སྣང་ས་སྐྱེ་འབྲས་ལེགས་ན་ཡང་། །

མི་ཆེན་དཔོན་པོའི་བཙུན་མོ་གང་ནས་ཡོང་། །

བུ་མོ་སྣང་ས་ཅིས་ཀྱང་གཏོང་གྲོགས་མཛོད། །

འོད་དེ་འབུམ་པ་མི་སྡོད་ཆོས་ལ་འགྲོ །

ཞེས་ཞུས་པས། བློན་པོ་བསོད་ནམས་དཔལ་བསྐྱེད་དེས་རྒྱལ་པོའི་བླ་གཡུ་མཐིང་འོད་འཁྱིལ་བ་དེ་ལ་དར་དམར་པོའི་འདོགས་ལུང་བརྒྱུས་པ་དེ་དང་། མདའ་དར་ཚོས་སྣ་ལྔ་པ་ཞིག་དཔོན་པོ་སྒྲ་ཆེན་པའི་ཕྱག་ཏུ་ཕུལ་བ་དང་ལྷན་ཅིག་འཇིག་རྟེན་གྱི་གཏམ་དཔེར། མི་དགའ་དགའ་མདོག་བྱེད་པ་དེ། ཕོ་གསར་དམག་ལ་འགྲོ་བའི་རྟགས། མི་སྡུག་སྡུག་མདོག་བྱེད་པ་དེ། མོ་གསར་བག་མར་འགྲོ་བའི་རྟགས། ཞེས་ཟེར་བ་ཡིན་པས་བུ་མོ་འདི་ལ་ཁྱིམ་ཐབ་འཇིག་རྟེན་ལ་ཨེ་འགྲོ་ཞེས་དཔོན་པོས་བཀའ་འདྲི་གནང་ན་སེམས་ཀྱི་གཏིང་ནས་འགྲོ་འདོད་ཡོད་ཀྱང་མི་མང་ཚོགས་སར་འགྲོ་འདོད་མེད་པའི་སྤམ་རྫུ་ལོས་བྱེད། དེ་ལས་གཡུ་བརྒྱབ་མདའ་དར་བཙུགས་ནས་འཕྲལ་དུ་ཐག་གཅོད་པ་གནང་ན་མི་འཐད་དམ་ཞུས་པ་དང་། ཡང་དཔོན་པོ་སྒྲ་ཆེན་པས་ཀྱང་གཏམ་དེ་བདེན་པར་མངོན་ཏེ་སྣང་ས་ལ་སླར་ཡང་འདི་སྐད་གསུངས་སོ། །

ལྟ་བས་མི་ངོམས་ལྷ་ཡི་བུ་མོ་འདྲ། །

གཟུགས་མཛེས་སྣང་ས་འོད་འབུམ་ང་ལ་ཉོན། །

དཔོན་པོ་སྒྲ་ཆེན་འབྲུག་ལྟར་གྲགས་པ་ང་། །

འཇིག་རྟེན་འདི་ན་དབང་ཆེན་དཔོན་པོ་ཡིན། །

དབང་ཆེན་དཔོན་པོའི་བཀའ་ལ་མི་ཉན་ན། །

བུ་མོ་སྤྱང་གྲུང་འཛོམས་ཀྱང་གླེན་མ་རེད། །

བུ་མོ་ཆོས་འདོད་ཆོས་ལ་གཏོང་རྒྱུ་མིན། །

བུ་མོ་གཞིས་སྡོད་གཞིས་ལ་འཇོག་རྒྱུ་མིན། །

མཐོ་བ་ནམ་མཁའི་ལམ་གྱི་ཉི་མ་དང་། །

དམའ་བ་ས་ཡི་སྟེང་གི་པད་མ་གཉིས། །

མཐོ་དམན་ཐུག་པའི་ཁྱད་པར་ཡོད་ན་ཡང་། །

ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད། །

རིང་བའི་མདའ་མོ་མཚལ་ལྟོང་རྒོད་སྒྲོ་དང་། །

ཐུང་བའི་གཞུ་མོ་ར་རྒོད་འཁྱིལ་བ་གཉིས། །

རིང་ཐུག་ཐུག་པའི་ཁྱད་པར་ཡོད་ན་ཡང་། །

ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད། །

ཆེ་བ་མཐའ་ཡི་རྒྱ་མཚོ་ཆེན་པོ་དང་། །

ཆུང་བ་ལྟོ་དཀར་ཉ་ཆུང་གསེར་མིག་གཉིས། །

ཆེ་ཆུང་ཐུག་པའི་ཁྱད་པར་ཡོད་ན་ཡང་། །

ལས་དབང་མཐུན་པས་ཕན་ཚུན་མཛའ་གྲོགས་བྱེད། །

དབང་ཆེན་དཔོན་པོ་གྲགས་པ་བསམ་གྲུབ་དང་། །

ཕལ་པའི་བུ་མོ་སྣང་ས་འོད་འབུམ་གཉིས། །

མངའ་ཐང་མི་མཉམ་ཁྱད་པར་ཡོད་ན་ཡང་། །

ལས་དབང་ཡོད་པས་ཅིས་ཀྱང་བག་མར་འགྲོ །

ལག་ཏུ་བཟུང་བའི་མདའ་དར་སྣ་ལྔ་དང་། །

མཐིང་འོད་འཁྱིལ་བའི་བླ་གཡུ་འདི་གཉིས་པོ། །

སྣང་ས་འོད་འབུམ་སྤྱི་བོར་བཙུགས་ནས་ཀྱང་། །

མྱང་སྟོད་རི་ནང་དཔོན་པོའི་བག་མར་ལེན། །

འདིར་ཚོགས་ཁྲོམ་གྱི་ལྷ་མི་ཀུན་ཉོན་ཅིག །

མྱང་སྟོད་རི་ནང་གྲགས་པ་བསམ་གྲུབ་ལ། །

བུ་མོ་སྣང་ས་བག་མར་སློང་ཚར་བས། །

ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ། །

དབང་ཆེན་མི་ཡིས་བུ་མོ་འཕྲོག་ས་མེད། །

དབང་ཆུང་རྣམས་ཀྱིས་བུ་མོ་རྐུ་ས་མེད། །

བར་པ་རྣམས་ཀྱིས་བུ་མོ་སློང་ས་མེད། །

མཐོ་བ་གནམ་ལ་འཕུར་སོང་ཟེར་ས་མེད། །

དམའ་བ་ས་ལ་འཛུལ་སོང་ཟེར་ས་མེད། །

རི་ནང་དཔོན་པོས་བུ་མོ་སྣང་ས་ནི། །

བདག་པོ་སྤྲད་ཡོད་ཀུན་གྱིས་གོ་བར་གྱིས། །

ཞེས་སྨྲས་ཏེ། བུ་མོ་སྣང་སའི་སྤྱི་གཙུག་ལ་གཙུག་གཡུ་དང་། མདའ་དར་གྱིས་བརྒྱན་ཏེ་བཏང་ངོ་། །དེ་ནས་སྣང་ས་འོད་འབུམ་དང་། གཡོག་མོ་འཛོམས་པ་སྐྱིད་གཉིས་པོས་མདའ་དར་དང་། གཙུག་གཡུ་སྦས་ཏེ་ཡབ་ཡུམ་གྱི་དྲུང་དུ་ཕྱིན་པ་དང་གསོལ་བ་ཞབས་ཏོག་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་དེ་བཞུགས་སོ། །དེའི་དུས་དཔོན་པོ་སྒྲ་ཆེན་དཔོན་གཡོག་རྣམས་ཀྱང་མྱང་སྟོད་རི་ནང་དུ་ལོག་སྟེ། སླར་ཡང་སྣང་ས་བག་མར་ལེན་པའི་སློང་ཆང་དང་། རྒྱན་འདོགས་པ། ནུ་རིན་སྤྲོད་པ་བཅས་ལ་དཔོན་སྒྲ་ཆེན་པ་དཔོན་གཡོག་གཉིས་པོས་ལྗང་ཕད་ཁུད་ཀྱི་ཁྱིམ་དུ་སྟབས་བདེར་བྱོན། བློན་པོ་བསོད་ནམས་དཔལ་བསྐྱེད་ཀྱིས་སྒོ་བརྡུངས་པ་ནི། ཡུམ་མྱང་ཚ་གསལ་སྒྲོན་གྱིས་གཟིམ་ཆུང་ནང་ནས་གཟིགས་པས། རི་ནང་དཔོན་པོ་སྒྲ་ཆེན་པ་དཔོན་གཡོག་གཉིས་ཡིན་པ་མཁྱེན་ཏེ། དེ་མ་ཐག་ཏུ་ཡུམ་གྱིས་ཡབ་ཀུན་བཟང་བདེ་ཆེན་ལ་འདི་སྐད་ཞུས་སོ། །

ཚུར་ལ་གསོན་དང་ཀུན་བཟང་བདེ་ཆེན་ལགས། །

མྱང་ཚ་གསལ་སྒྲོན་ཕྱོགས་ལ་སྙན་གསོན་དང་། །

རང་རེའི་ཁྱིམ་གྱི་སྒོ་དྲུང་མ་གི་ན། །

དཔོན་པོ་སྒྲ་ཆེན་དཔོན་གཡོག་ཕེབས་ནས་འདུག །

ཆིབས་ཁ་བླངས་ཏེ་ནང་དུ་སྤྱན་དྲངས་ནས། །

བསྙེན་བཀུར་ཞབས་ཏོག་ཞུས་ན་མི་ལེགས་སམ། །

ཞེས་ཞུས་པས་ཡབ་ནས་འདི་སྐད་གསུངས་སོ། །

ཚུར་ལ་ཉོན་དང་མྱང་ཚ་གསལ་སྒྲོན་མ། །

ཀུན་བཟང་བདེ་ཆེན་ཕྱོགས་ལ་རྣ་བ་ཉོན། །

དཔོན་པོ་སྒྲ་ཆེན་སྒོ་རྩར་འབྱོར་པ་དང་། །

སྲིང་བྱ་ཐོག་ཁར་བབས་པ་ཁྱད་ཅི་མེད། །

ཁ་ཡ་གཏམ་ལན་ཡ་བོ་ངས་མི་ཡོང་། །

ད་ནི་བསྡད་མེད་གྱིས་ལ་ཕར་ལ་སློག །

གལ་ཏེ་སྐུ་དབང་བཙན་པས་མི་འགྲོ་ན། །

སྐུ་དོན་གང་ཡིན་ཁྱོད་ཀྱིས་ལེགས་པར་དྲིས། །

ཞེས་གསུངས་པས་ཡུམ་མྱང་ཚ་གསལ་སྒྲོན་ནས་ཆང་དམ་བི་གང་དང་ཁ་བཏགས་ཤིག་ཁྱེར་ནས་སྒོ་དྲུང་དུ་ཕེབས་པ་ན། དཔོན་པོ་སྒྲ་ཆེན་པ་དཔོན་གཡོག་གཉིས་ནས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་པར་གསུངས་པས། ཡུམ་དགའ་དྲགས་ཏེ་དེ་མ་ཐག་ཡབ་ཀྱི་དྲུང་དུ་ཕྱིན་ནས་ལོ་རྒྱུས་རྣམས་བཤད་པས་ཡབ་ཤིན་ཏུ་དགའ་སྟེ་རི་ནང་དཔོན་གཡོག་གཉིས་དོན་གཞན་གང་ཡང་མེད་པར་སྣང་ས་སློང་བ་ལ་ཡིན་འདུག་ན་བུ་མོ་སྟེར་ས་ཡག་འདུག ཡུལ་འདི་ན་མྱང་སྟོད་རི་ནང་པ་ལས་ལྷག་པ་ནི་སུ་ཡང་མེད་པས་ཅིས་ཀྱང་ཁས་ལེན་བྱེད་དགོས་པས་དཔོན་གཡོག་གཉིས་ནང་དུ་སྤྱན་དྲངས་པ་དགའ་ཞེས་གསུངས། རི་ནང་དཔོན་པོ་སྒྲ་ཆེན་དཔོན་གཡོག་གཉིས་ནང་དུ་སྤྱན་དྲངས་དེ། སྣེ་ལེན་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་ཤིང་། དཔོན་པོ་སྒྲ་ཆེན་དཔོན་གཡོག་ནས་ཀྱང་སྣང་སའི་ཡབ་ཡུམ་ལ་སློང་ཆང་དང་ནུ་རིན། བུ་མོ་སྣང་ས་རང་ལ་ཡང་རྒྱན་འདོགས་བསམ་གྱི་མི་ཁྱབ་པ་མཛད་དེ་འདི་ལྟར་གསུངས་སོ། །

བུ་མོ་སྣང་ས་འོད་དེ་འབུམ་པ་དང་། །

སྣང་སའི་ཡབ་ཡུམ་གཉིས་པོ་ཚུར་ལ་གསོན། །

ཡབ་ཡུམ་གཉིས་ཀྱི་བུ་མོ་སྣང་ས་འདི། །

ད་ལྟ་ཉི་མ་དེ་རིང་ནས་བཟུང་སྟེ། །

རི་ནང་དཔོན་པོ་སྒྲ་ཆེན་རིགས་ཀྱི་བུ། །

གྲགས་པ་བསམ་གྲུབ་ཀྱི་བག་མར་སློང་ཚར་བས། །

མཐོ་བ་ནམ་མཁར་འཕུར་སོང་ཟེར་ས་མེད། །

དམའ་བ་ས་ལ་འཛུལ་སོང་ཟེར་ས་མེད། །

དབང་ཆེན་དཔོན་པོས་འཕྲོག་སོང་ཟེར་ས་མེད། །

དབང་ཆུང་འཁྱམ་པོས་བརྐུས་སོང་ཟེར་ས་མེད། །

ཡབ་ཡུམ་གཉིས་པོས་མི་གཏོང་ཟེར་ས་མེད། །

བུ་མོ་སྣང་སས་མི་འགྲོ་ཟེར་ས་མེད། །

ད་ནི་རི་ནང་རྒྱལ་པོའི་བཙུན་མོ་ཡིན། །

ཉི་མ་སང་དང་གཅིག་བྱས་གནངས་དང་གཉིས། །

གཞེས་ལྷ་ཉིན་དཀར་པོའི་དུས་ཚོད་ལ། །

བསུ་མི་རྟ་པ་ལྔ་བརྒྱ་གཏོང་རྒྱུ་ཡིན། །

བུ་མོའི་ནོར་སྐལ་རྣམས་ཚོ་རྫོང་གྲབས་གྱིས། །

ཡང་གཅིག་གསོན་དང་སྣང་ས་འོད་འབུམ་མ། །

ཁྱོད་ནི་གནས་སྙིང་ལྟད་མོར་ཡོང་བའི་དུས། །

རྒྱུ་སྐར་དབུས་ནས་ཟླ་བ་ཤར་བ་དང་། །

ཁྲོམ་ཚོགས་ནང་ནས་མཛེས་མ་ཁྱོད་མཐོང་སྟེ། །

གཙུག་གཡུ་མདའ་དར་བཙུགས་པ་མི་དྲན་ནམ། །

དེ་ཚོ་གར་ཡོད་ད་ལྟ་ཁྱེར་ནས་ཤོག །

ཅེས་གསུངས་པས། སྣང་སས་ཞུས་པ། ཁྱོད་དཔོན་གཡོག་ནས་དབང་ཡོད་མཛད་པ་ཐུགས་ཀྱིས་མི་དགོངས་པར་ཡབ་ཡུམ་གྱི་ཐུགས་ལ་བདག་གིས་མགོ་ཡང་བྱས་འདུག་དགོངས་ཏེ་བཀའ་བཀྱོན་དགོངས་འཚོམ་བྱུང་དོགས་སྦས་ནས་བཞག་ཡོད་ཞུས་པས། འོ་ན་ད་ལྟ་རང་ཁྱེར་ཤོག་གསུངས་པ་དང་། གཙུག་གཡུ་མདའ་དར་སྣང་ས་རང་གིས་བླངས་ཏེ་དཔོན་པོའི་ཕྱག་ཏུ་ཕུལ་མ་ཐག་སླར་ཡང་སྣང་སའི་གཙུག་ཏུ་བཀོད་དེ་རི་ནང་པའི་དཔོན་གཡོག་གཉིས་ཕྱིར་ལོག་གོ །དེའི་ཚེ་བུ་མོ་སྣང་ས་འཇིག་རྟེན་གྱི་བག་མར་འགྲོ་འདོད་མེད་ཅིང་། ཆོས་ལ་འགྲོ་འདོད་པས་ཡབ་ཡུམ་གཉིས་ལ་ཞུ་བ་འདི་ལྟར་ཕུལ་ལོ། །

དྲིན་ཅན་རང་ལུས་སྐྱེས་པའི་ཡབ་ཡུམ་གཉིས། །

བུ་མོ་སྣང་སའི་ཕྱོགས་ལ་ཚུར་གསོན་དང་། །

འདུས་མཐའ་བྲལ་བའི་གྲོགས་པོ་མཐོང་ཙ་ན། །

གྲགས་པ་བསམ་གྲུབ་གཏན་གྲོགས་ང་མི་འདོད། །

འདུ་བྲལ་མེད་པའི་དཀོན་མཆོག་རྣམ་གསུམ་ལ། །

བུ་མོས་གཏན་གྲོགས་བཅོལ་ནས་ལྷ་ཆོས་བྱེད། །

བསགས་མཐའི་ཟད་པའི་ནོར་རྫས་མཐོང་ཙ་ན། །

རི་ནང་དཔོན་པོའི་ནོར་བདག་ང་མི་འདོད། །

འཕེལ་འགྲིབ་མེད་པའི་འཕགས་ནོར་བདུན་པོ་ལ། །

བུ་མོས་ནོར་བདག་བཅོལ་ནས་ལྷ་ཆོས་བྱེད། །

བརྩིགས་མཐའ་ཞིག་པའི་ཁང་པ་མཐོང་ཙ་ན། །

རི་ནང་དཔོན་པོའི་ཁྱིམ་འཛིན་ང་མི་འདོད། །

ཞིག་རལ་མེད་པའི་དབེན་པའི་བྲག་ཕུག་ལ། །

བུ་མོའི་ཁང་ཁྱིམ་བྱས་ནས་ལྷ་ཆོས་བྱེད། །

དྲིན་ཅན་རང་ལུས་སྐྱེས་པའི་ཡབ་ཡུམ་གཉིས། །

ཅིས་ཀྱང་བུ་མོ་ཆོས་ལ་གཏོང་བ་ཞུ། །

ཞེས་ཞུས་པས། ཡབ་ཡུམ་གཉིས་ཀྱིས་ལན་གསུངས་པ།

མི་ཡི་བུ་མོ་ལྷ་ཡི་མཚར་སྡུག་ཅན། །

གཟུགས་མཛེས་སྣང་ས་འོད་འབུམ་ཚུར་ལ་གསོན། །

རི་ནང་དཔོན་པོ་གྲགས་པ་བསམ་གྲུབ་དེ། །

མེ་ལས་དབལ་ཚ་ཆུ་ལས་རྦ་ཡང་དྲག །

ས་སྟེང་འདི་ན་གྲགས་པའི་དབང་ཆེན་ཡིན། །

བུ་མོ་བག་མར་མི་འགྲོ་མ་ཟེར་ཅིག །

ཅིས་ཀྱང་བུ་མོ་ལྷ་ཆོས་བྱེད་ངེས་ན།

རི་ནང་དཔོན་པོས་ཕ་མ་གཉིས་པོ་གསོད། །

ཕ་མ་བསད་ནས་བུ་མོས་ཆོས་བྱས་ཀྱང་། །

ཐར་པའི་ལམ་སྣ་ཟིན་པ་ག་ནས་ཡོང་། །

བུ་མོ་ཆོས་ལ་འགྲོའོ་མ་ཟེར་བར། །

རི་ནང་དཔོན་པོའི་ཇོ་མོར་འགྲོ་རོགས་མཛོད། །

ཅེས་ཡབ་ཡུམ་གཉིས་ནས་བཀའ་ནན་ཆེ་བར་མཛད་སྟབས་རེ་ཞིག་ཡབ་ཡུམ་གཉིས་ཀྱི་གསུངས་ནན་མ་ལྡོག་པར་མྱང་སྟོད་རི་ནང་པའི་ཁྱིམ་ཐབ་བྱེད་པ་ཞལ་གྱིས་བཞེས་པ་ན། མྱང་སྟོད་རི་ནང་པའི་ཁྱིམ་ནས་སྣང་ས་བག་མར་བསུ་མི་རྣམས་ཀྱང་འབྱོར་ཞིང་། ཡབ་ཡུམ་གཉིས་ནས་སྣང་ས་ལ་ནོར་སྐལ་དང་། རྫོང་བ་རྒྱ་ཆེན་པོ་དང་བཅས་ཞལ་སློབ་འདི་ལྟར་མཛད་དོ། །

བུ་བརྒྱ་ལས་ལྷག་པའི་བུ་མོ་སྣང་ས་མ། །

འོད་དེ་འབུམ་པ་ཡབ་ཡུམ་གཉིས་ལ་གསོན། །

སྣང་ས་རི་ནང་བག་མར་འགྲོ་བའི་དུས། །

ཁྱོད་ལ་ནོར་སྐལ་རྫོང་བ་འདི་ལྟར་ཡོད། །

གཡུ་ཡི་སྒྲོལ་མ་གསུང་བྱོན་གཙོ་བྱས་པའི། །

སྐུ་གསུང་ཐུགས་རྟེན་བུ་མོ་ཁྱོད་ལ་སྟེར། །

གསེར་དངུལ་གཡུ་བྱུར་མུ་ཏིག་ལ་སོགས་པའི། །

རིན་ཆེན་རིན་ཐང་གཞལ་མེད་རྫོང་བ་ཡོད། །

དར་དང་གོས་ཆེན་སྣམ་བུ་ལ་སོགས་པའི། །

གོས་ཀྱི་རིགས་རྣམས་བུ་མོའི་ནོར་སྐལ་ཡིན། །

གྲོ་ནས་སྲན་མ་ལ་སོགས་འབྲུ་སྣའི་རིགས། །

བུ་མོ་བག་མར་འགྲོ་བའི་སྐལ་རྫོང་ཡིན། །

འཛོམས་པ་སྐྱིད་སོགས་གཡོག་མོ་འདི་དག་ཀྱང་། །

སྣང་ས་མི་སྒོ་འགྲིམ་པའི་གཡོག་མོར་གཏོང་། །

གདང་གི་བྱ་ཕོ་འདི་ལ་དཔེ་ལོང་ལས། །

ཞོགས་པ་ལངས་པའི་སྔ་མ་བུ་མོས་མཛོད། །

སྒོ་རྒྱབ་ཁྱི་མོ་འདི་ལ་དཔེ་ལོང་ལས། །

དགོང་མོ་ཉལ་བའི་རྗེས་མ་བུ་མོས་མཛོད། །

ཡབ་སྲས་གཉིས་ལ་གུས་ཞབས་སྤྱི་བསམ་ཆེ། །

གསར་འགྲོགས་ཆུང་ལ་ཁྲེལ་གཞུང་ཆེ་བ་མཛོད། །

ལས་ཀྱིས་བསྐོས་པའི་ཚེ་གང་གཏན་གྲོགས་ལ། །

བསྙེན་བཀུར་ཞབས་ཏོག་གུས་ཞེན་ཆེ་བར་མཛོད། །

འཁོར་དུ་བསྡུས་པའི་ཕྱག་ཕྱི་ཕོ་མོ་ལ། །

ཉེ་རིང་མེད་པའི་བྱམས་སྐྱོང་ཆེ་བར་མཛོད། །

ཕ་མ་རྒན་རྒོན་བུ་མོ་སྣང་ས་བཅས། །

ཡང་ཡང་མཇལ་བའི་བཀྲ་ཤིས་སྨོན་ལམ་འདེབས། །

ཞེས་གསུངས་ནས་ནོར་སྐལ་དང་རྫོང་བ་རྣམས་མ་ཚང་བ་མེད་པ་བྱིན་ཏེ་བསུ་མི་རྣམས་དང་ལྷན་ཅིག་མྱང་སྟོད་རི་ནང་ཕྱོགས་སུ་སྣང་ས་དཔོན་གཡོག་རྣམས་ཆས་པ་ན་བྲོ་གཞས་གླུ་གར་ལ་སོགས་པ་དགའ་སྤྲོ་བསམ་གྱིས་མི་ཁྱབ་པས་བསུས་ཏེ་བག་མའི་དགའ་སྟོན་རྒྱ་ཆེར་བྱས་སོ། །དེ་ནས་དཔོན་མོ་སྣང་ས་འོད་འབུམ་དེ་མྱང་སྟོད་རི་ནང་པའི་ཁྱིམ་དུ་འབྱོར་ནས་ལོ་ངོ་བདུན་ཙམ་སོང་བ་ན། དཔོན་མོ་སྣང་ས་དེ་ལ་མིའི་བུ་མི་འདྲ་བ་ལྷའི་སྲས་འདྲ་བ་ཞིག་སྐུ་འཁྲུངས་ནས་མཚན་ལའང་བུ་ཆུང་ལྷའུ་དར་པོ་ཞེས་གསོལ་ཏེ་བུ་སྐྱེས་ཀྱི་སྟོན་མོ་ཡང་རྒྱ་ཆེ་བར་མཛད་དོ། །ལྷག་པར་དཔོན་མོ་སྣང་ས་དེ་ནི་བུད་མེད་ཀྱི་སྐྱོན་ལྔ་སྤངས་ཤིང་། མཛངས་མའི་ཡོན་ཏན་རྣམ་པ་བརྒྱད་དང་ལྡན་པའི་དབང་གིས་མྱང་སྟོད་རི་ནང་པའི་དཔོན་པོ་ཡབ་སྲས་གཉིས་ཀྱི་ཕྱག་ཕྱི་ཞབས་ཏོག་སྒྲུབ་ལ་བརྩོན་པ། གུས་ཞེན་སྐུ་བསོད་ཆེ་བ། ནང་འཁོར་གྱི་གཡོག་ཕོ་མོ་དང་། མངའ་འབངས་མི་སེར་ཐམས་ཅད་ལའང་ཉེ་རིང་མེད་པའི་བྱམས་གཟིགས་སྐྱོང་བརྡར་མཛད་མཁས་པ། ཞིང་ལས་དང་སྣམ་ལས་བཟའ་བཏུང་གི་གཡོས་སྦྱོར་སོགས་ལའང་ལག་འབྲས་གཙང་ཞིང་། ལས་ཆོད་ཆེ་བ་བཅས་ལ་བརྟེན་ཏེ་རི་ནང་གི་དཔོན་གཡོག་བྱིངས་ཚང་མ་ནི་མཆོག་ཏུ་མོས་ཤིང་ལྷག་དོན་དཔོན་མོ་སྣང་ས་བུ་སྐྱེས་ཀྱི་ཨ་མ་ཡིན་པ་ཙམ་མ་ཟད། བྱ་བྱེད་རྣམ་འགྱུར་ཐམས་ཅད་ཡིད་དུ་འོང་ཞིང་། སྐུའི་སྐྱེ་འབྲས་མཚར་བ་ལ་བརྟེན་ནས་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་གཉིས་ནི་དཔོན་མོ་སྣང་ས་དང་ཆུ་ཚོད་ཙམ་ཡང་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་གདུང་ཆེ་བ་མཛད་ནས་བང་མཛོད་ཀྱི་ལྡེ་མིག་ཐམས་ཅད་སྣང་ས་ལ་སྤྲད་དེ་ཐུགས་བློས་འགེལ་རྩིས་མཛད་ཀྱང་། དེ་ཕན་ཆད་ཨ་ནེ་སྙིད་མོ་ནེ་ཙོ་ལེགས་རང་ནས་བང་མཛོད་ཀྱི་ལྡེ་མིག་བདག་པོ་བྱས་ཏེ་ཕྱི་ནང་ཚང་མའི་གཏོང་ཚོད་ཁ་བཀོད་བྱེད་བཞིན་པ་ཡིན་པའི་བབ་ཀྱིས་མོ་རང་གི་དབང་འདི་སྣང་ས་ལ་ཤོར་དོགས་དང་། ལྷག་དོན་སྣང་སས་ཨ་ནེ་སྙིད་མོ་རང་ལ་དཔོན་པོ་ཡབ་སྲས་དང་ཁྱད་མེད་གུས་ཞབས་ཆེ་བར་མཛད་ཀྱང་ཨ་ནེ་སྙིད་མོ་རང་བྱེད་མ་མཁས་པའི་དབང་གིས་རི་ནང་དཔོན་གཡོག་ཚང་མས་ལྐོག་ལབ་དི་རི་བ་དང་། སྣང་ས་ལ་ཚང་མས་མི་ཁ་བྱམས་པར་བྱས་གཤིས་འཇིག་རྟེན་གྱི་གཏམ་དཔེར་ཆགས་སྡང་འདྲ་མཉམ་བུ་མོས་བྱེད། ཅེས་ཟེར་བའི་དཔེ་ལྟར་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་དང་། དཔོན་མོ་སྣང་སའི་བར་དུ་སེལ་འཇུག་དཀྲུག་ཤིང་གིས་ཞུ་ལོག་སྣ་ཚོགས་དང་། གཡོག་མོ་ཚང་མའི་ཐད་དུའང་སྣང་ས་ལ་ངན་ཁག་འགེལ་གང་ཐུབ་བྱེད་པ་སོགས་ཨ་ནེ་སྙིད་མོས་སྣང་ས་ལ་སྡོད་བཟོད་མི་བདེ་བའི་སྡང་ཟུག་མང་པོ་བྱེད་ཅིང་བང་མཛོད་ཀྱི་ལྡེ་མིག་ཀྱང་སྣང་ས་ལ་མ་སྤྲད་པར་མོ་རང་གིས་ཉར་ཚགས་བྱས་ཏེ་ལྟོ་ཞིམ་པ་དང་གོས་དྲོ་བ་རྣམས་ཨ་ནེ་རང་གིས་ཟོས་བཞིན་གྱོན། ལྟོ་ངན་གོས་ངན་རྣམས་སྣང་ས་ལ་སྦྱིན་པའི་དབང་གིས་དཔོན་མོ་སྣང་ས་ཡང་འཇིག་རྟེན་གྱི་བྱ་བ་ལ་ཡིད་མུག་ཅིང་། དམ་པའི་ལྷ་ཆོས་སྙིང་ནས་དྲན་ཀྱང་དཔོན་པོ་ཡབ་སྲས་ལ་ནི་ཞུ་མི་ནུས་པར་སྣང་ས་རང་གི་གཟིམ་ཆུང་ནང་དུ་ལྷའུ་དར་པོ་སྐུ་པང་དུ་བསྣམས་ནས་ཞལ་སྦྱར་ཏེ་སྤྱན་ཆབ་བསིལ་བ་དང་ལྷན་ཅིག་བུ་ལ་ནུ་ཞོ་སྟེར་བཞིན་དུ་དཔོན་མོ་སྣང་སས་སྐྱོ་གླུ་འདི་ལྟར་ཞིག་བཞེས་སོ། །

སྐྱབས་སུ་མཆིའོ་བླ་མ་དཀོན་མཆོག་གསུམ། །

བྱིན་གྱིས་རློབས་ཤིག་ཡི་དམ་མཁའ་འགྲོའི་ཚོགས། །

བར་ཆད་སེལ་ཞིག་ཆོས་སྐྱོང་སྲུང་མ་རྣམས། །

བུ་མོའི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག

འཁོར་བའི་འཐེན་ཐག་བུ་ཁྱོད་མ་སྐྱེས་ན། །

སྣང་ས་དམ་པའི་ལྷ་ཆོས་བྱེད་ངེས་ཀྱང་། །

ལྷའུ་དར་པོ་བཞག་ནས་འགྲོ་མ་ཕོད། །

མཉམ་དུ་ཁྲིད་ན་ཆོས་ལ་བར་ཆད་བྱེད། །

ལྷ་ཆོས་བྱེད་པར་བདག་པོས་གཙུག་གཡུ་བརྒྱབ། །

མི་ཆོས་བྱེད་པར་ཨ་ནེས་ཕྲག་དོག་བྱེད། །

ཕ་མའི་དྲུང་དུ་བུ་མོ་སྡོད་དབང་མེད། །

ཀྱེ་མ་ཀྱེ་ཧུད་བུ་མོ་སེམས་པ་སྐྱོ། །

མཛེས་པའི་གཟུགས་དང་བརྩེ་བའི་བུ་ཁྱོད་དང་། །

ཉེ་བའི་གཉེན་རྣམས་ཆོས་ཀྱི་དགྲ་ཡིན་ཀྱང་། །

ཨ་ནེ་སྙིད་མོ་ནེ་ཙོ་གཅིག་པུ་ནི། །

སྣང་ས་ཆོས་ལ་བསྐུལ་བའི་བླ་མ་ཡིན། །

ལྷའུ་དར་པོ་རང་མགོ་མ་ཐོན་བར། །

སྣང་སར་མི་རྟག་འཆི་བ་མ་བྱུང་ན། །

བུ་མོ་སྣང་ས་མི་སྡོད་ཆོས་ལ་འགྲོ །

འོད་དེ་འབུམ་པ་མི་སྡོད་རི་ཁྲོད་འགྲིམས། །

ཞེས་གསུངས་ཤིང་བུ་ཆུང་ལྷའུ་དར་པོ་སྐུ་རྒྱབ་ཏུ་བསྣམས་ནས་སྣང་ས་ཡུམ་སྲས་གཉིས་མེ་ཏོག་ལྡུམ་རྭའི་ནང་དུ་སྐྱོ་བསང་ལ་ཕེབས་པ་ན། དཔོན་གྲགས་པ་བསམ་གྲུབ་ཀྱང་མེ་ཏོག་ལྡུམ་རྭར་བྱོན་ཏེ་དབུ་སྐྲ་བཀྲུས་ནས་སྣང་སའི་སྐུ་པང་དུ་དཔོན་པོའི་དབུ་བཞག་སྟེ་ཤིག་དང་སྲོ་མ་རྣམས་སྒྲུག་གི་ཡོད་པའི་དུས་སུ་ནམ་ཟླ་སྟོན་ཁར་སླེབས་པའི་མེ་ཏོག་རྙིང་པ་རྣམས་བ་མོས་བརྡུངས། གསར་པ་རེ་གཉིས་ཡོད་པ་རྣམས་ལ་གསེར་སྦྲང་དང་གཡུ་སྦྲང་ཟིར་དིར་དིར་འཁོར་གྱི་འདུག་པའི་རྐྱེན་བྱས་སྣང་སའི་ཐུགས་ལ་ཚེ་འདིར་དགོས་པའི་ཕ་མ་གཉིས་དང་ནི་མ་ཤི་གསོན་བྲལ་བྱུང་། ཕྱི་མ་དགོས་པའི་ཆོས་ནི་བདག་ལ་མེད། ད་དུང་དེའི་ཐོག་ཏུ་འཇིག་རྟེན་གྱི་ཁྱིམ་ཐབ་བྱས་པ་ལའང་ཨ་ནེ་སྙིད་མོས་སྡང་སེམས་ཀྱི་སྡུག་པོ་འདི་འདྲ་གཏོང་བར་དགོངས་ཏེ་ཐུགས་སེམས་སྐྱོ་བ་ལ་ཚད་མེད་པ་བྱུང་ནས་རང་དབང་མེད་པར་སྤྱན་ཆབ་བསིལ་བ་དཔོན་པོ་གྲགས་པ་བསམ་གྲུབ་ཀྱི་སྙན་ཁུང་ནང་དུ་འཛུལ་བའི་རྐྱེན་བྱས་དཔོན་པོ་མནལ་སད་དེ་དཔོན་མོ་ལ་གཟིགས་པས་སྣང་ས་བཤུམས་པ་གཟིགས་ཏེ་འདི་ལྟར་གསུངས་སོ། །

གཟུགས་མཛེས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །

དཔོན་མོ་སྣང་ས་ལན་གཅིག་བདག་ལ་གསོན། །

ཁ་སྒོ་སྐྱེ་གཟུགས་རྒྱན་གོས་གཡུ་ནོར་འཛོམས། །

ཆོས་དང་འཇིག་རྟེན་བྱ་བ་ཀུན་ལ་མཁས། །

པང་དུ་བུ་ཆུང་བརྒྱབ་པའི་གཡུ་ལེགས་ཡོད། །

རི་ནང་དཔོན་པོའི་ཇོ་མོ་བྱེད་བཞིན་དུ། །

སྣང་ས་ཐུགས་སེམས་སྐྱོ་དོན་མ་མཆིས་པས། །

མིག་ཆུ་གཏོང་བའི་རྒྱུ་མཚན་ཅི་ཡིན་པ། །

མ་གསང་དྲང་པོའི་གཏམ་ཞིག་ཤོད་རོགས་མཛོད། །

སྣང་སའི་འདོད་པ་བདག་གིས་བསྒྲུབ་པར་བྱ། །

ཞེས་གསུངས་པས། སྣང་སའི་ཐུགས་ལ་སྔར་ཕན་ཆད་དཔོན་པོ་ཡབ་སྲས་ལ་ཨ་ནེ་སྙིད་མོས་བསམ་ངན་བྱེད་ལུགས་རྣམས་ཞུས་ན་ཁོང་རང་སྐུ་མཆེད་ཀྱི་བར་དུ་དཀྲུག་ཤིང་བྱས་འདྲར་གྱུར་དོགས་ཞུ་མ་ནུས་ཀྱང་། ད་རེས་ཚུར་བཀའ་འདྲི་ཕེབས་དུས་ཟུར་ཙམ་ཞིག་ཞུ་ཐུབ་ན་རབ་ཏུ་ང་རང་གི་འདོད་པ་ལྟར་དམ་པའི་ལྷ་ཆོས་ལ་འགྲོ་བའི་དགོངས་པ་དགའ་མོ་གནང་ཨེ་ཡོང་། གལ་ཏེ་མ་བྱུང་ཡང་ཨ་ནེ་སྙིད་མོ་སྐུ་མཆེད་ནང་ཚགས་སུ་ལྕགས་དམར་སྐམ་བཅུན་གྱི་ཞལ་ཏ་ཁ་བཀོད་མཛད་དེ་སླད་ཆར་སྡུག་པོ་མི་གཏོང་ཞིང་སྡོད་བཟོད་བདེ་བ་ཞིག་དགའ་མོ་ཨེ་ཡོང་བསམས་ནས་སྣང་སས་དཔོན་པོ་ལ་ཞུ་ལན་གྱིས་གླུ་འདི་ལྟར་ཕུལ་ལོ། །

ཕ་གཅིག་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །

ལས་ཀྱིས་བཀོད་པའི་ཚེ་གང་གཏན་གྱི་གྲོགས། །

དཔོན་པོ་གྲགས་པ་བསམ་གྲུབ་བདག་ལ་གསོན། །

བུ་མོ་ཕ་མའི་དྲུང་དུ་སྡོད་པའི་དུས། །

སྣང་ས་རང་གི་ཡུལ་དུ་སྡོད་པའི་སྐབས། །

ཁ་སྒོ་སྐྱེ་གཟུགས་དགྲ་ལ་ལངས་ནས་ནི། །

བུ་མོ་ཆོས་མེད་མི་སྒོ་འགྲིམས་དགོས་བྱུང་། །

རི་ནང་དཔོན་པོའི་ཇོ་མོར་སླེབས་ནས་ཀྱང་། །

དཔོན་ལ་གུས་ཤིང་གཡོག་ལ་བྱམས་པར་བྱས། །

ལྷག་པར་ཨ་ནེ་སྙིད་མོའི་དགོངས་པ་དང་། །

མ་བསྟུན་བསམས་པའི་གནོང་འགྱོད་བདག་ལ་མེད། །

འོན་ཀྱང་ཆང་ལན་ཆུ་ཡིས་འཇལ་བ་ལྟར། །

བཟང་བྱས་ངན་ལན་སྡུག་པོ་སྣ་ཚོགས་བཏང་། །

ཁ་རོག་བསྡད་ན་བུ་མོ་གླེན་མ་ཟེར། །

གཏམ་ལན་བྱས་ན་བུ་མོའི་ཕེར་ཤ་ཟེར། །

ཕྱི་ལ་ཕྱིན་ན་མགོ་ཡངས་འཆལ་མོ་ཟེར། །

ནང་དུ་བསྡད་ན་ལྷ་ཁང་ལོགས་རིས་ཟེར། །

དཔོན་པོ་སྒྲ་ཆེན་བཀའ་དྲིན་དྲན་ཙ་ན། །

ཕྱག་ཕྱི་ཞབས་ཏོག་ལེགས་པར་སྒྲུབ་ན་བསམ། །

གྲགས་པ་བསམ་གྲུབ་ཞལ་ལ་བལྟས་ཙ་ན། །

ཚེ་གང་འབྲལ་མེད་གཏན་གྲོགས་བྱས་ན་བསམ། །

ལྷའུ་དར་པོའི་ངོ་ལ་བལྟས་ཙ་ན། །

འཇིག་རྟེན་བྱ་བའི་ལས་ཀ་བྱས་ན་བསམ། །།

གཡོག་པོ་གཡོག་མོའི་ཕྱོགས་ལ་བལྟས་ཙ་ན། །

རི་ནང་དཔོན་པོའི་ཇོ་མོ་བྱས་ན་བསམ། །

ཨ་ནེ་སྙིད་མོའི་ངོ་ལ་བལྟས་ཙ་ན། །

ཁ་སྨྲས་གླེང་གཞིའི་འཐབ་རྩོད་བྱས་ན་བསམ། །

མི་རྟག་འཆི་བ་འདི་ཚོ་བསམ་ཙ་ན། །

དམ་པའི་ལྷ་ཆོས་གཅིག་རང་བྱས་ན་བསམ། །

ཕྱི་མ་དགོས་པའི་ཆོས་ནི་བདག་ལ་མེད། །

ཚེ་འདིར་དགོས་པའི་ཕ་མ་གཉིས་དང་བྲལ། །

བུ་མོ་ཕ་མ་དྲན་པའི་སྐྱོ་གླུ་འདི། །

ཡབ་ཡུམ་གཉིས་ཀྱིས་གསན་ན་དགའ་བ་ལ། །

ཞེས་ཞུས་པས། དཔོན་པོ་གྲགས་པ་བསམ་གྲུབ་ཀྱི་ཞལ་ནས། སྣང་ས་ཡབ་ཡུམ་དྲན་པ་ཤིན་ཏུ་བདེན། མ་མཇལ་ཡུན་རིང་སོང་སྟབས་གང་མགྱོགས་གཉེན་འཕྲད་ལ་ཕེབས་ཆོག་པས་སྡུག་བསྔལ་མ་མཛད་ཅིག སྙིད་མོ་ནེ་ཙོས་སྡང་ཟུག་བྱས་པ་ཨེ་བདེན་མི་ཤེས་བདེན་ངེས་ཡིན་ན་ངས་ཁ་ཏ་བསླབ་བྱ་བྱས་པས་ཆོག ད་རང་རེའི་ཞིང་གི་བཙས་མ་རྔ་རན་འདུག་པས་ཉི་མ་སང་དང་གཅིག གནངས་དང་གཉིས། གཞེས་ཀྱི་ལྷ་ཉིན་དཀར་པོའི་དུས་ཚོད་ལ། བཙས་མ་རྔ་བར་ལས་མི་རྣམས་དང་མཉམ་དུ་འགྲོ་དགོས་པས་ཡོ་བྱད་རྣམས་ཨ་ནེ་སྙིད་མོའི་ལག་ནས་ལོན་ཞེས་གསུངས་པ་ན། ཨ་ནེ་སྙིད་མོ་རང་ཡང་དཔོན་མོ་སྣང་ས་དང་ལས་མི་ཕོ་མོ་རྣམས་ལ་ལྟོ་ཆང་སྟེར་བ་དང་། ལས་རྒྱབ་བྱེད་པར་ཡོང་སྟེ་ཚང་མ་བཙས་མ་རྔ་བའི་དུས་སུ་ལ་སྟོད་དིང་རིའི་ཕྱོགས་ནས་ཕེབས་པའི་རས་པ་བླ་སློབ་གཉིས་བཙས་མ་བརྔ་སར་བྱོན་ཏེ་སྣང་སའི་ཕྱོགས་ལ་ཞལ་གཟིགས་ནས་མགུར་འདི་གསུངས་སོ། །

ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

མ་རིགས་དྲུག་ཐར་པའི་ལམ་སྣ་དྲོངས། །

ཚུར་ཟས་ནོར་གོས་ཀྱི་འབྲེལ་བ་ཞུ། །

ཕར་དམ་པའི་ཆོས་ཀྱི་འབྲེལ་བ་འབུལ། །

ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །

ཤར་སྤང་རིའི་ལོགས་ཀྱི་འཇའ་ཚོན་འདྲ། །

འཇའ་ཁ་དོག་མཚར་ཡང་སྙིང་པོ་མེད། །

ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །

ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །

ལྷོ་ནགས་མའི་ལྗོངས་ཀྱི་ཁུ་བྱུག་འདྲ། །

གསུང་སྙན་འགྱུར་འཛོམས་ཀྱང་སྙིང་པོ་མེད། །

ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །

ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །

ནུབ་རྒྱ་མཚོའི་ནང་གི་ཀླུ་མོ་འདྲ། །

ནོར་ལོངས་སྤྱོད་འཛོམས་ཀྱང་སྙིང་པོ་མེད། །

ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །

ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །

བྱང་གཡུ་འབྲུག་སྔོན་མོའི་སྐད་དང་འདྲ། །

གཏམ་སྙན་གྲགས་ཆེ་ཡང་སྙིང་པོ་མེད། །

ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །

ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །

དབུས་ལྷ་ཁང་ལོགས་ཀྱི་ལོགས་རིས་འདྲ། །

གཟུགས་མཚར་སྡུག་འཛོམས་ཀྱང་སྙིང་པོ་མེད། །

ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །

དགྲ་མི་རྟག་འཆི་བ་བྱུང་ཙ་ན། །

ཕོ་དཔའ་བོའི་བློ་ཤེད་འགྲོ་ས་མེད། །

བློ་ཆུང་བས་ཕྱི་གྲོས་བྱེད་ས་མེད། །

དམན་མཛེས་མའི་བསླུ་བྲིད་བྱེད་ས་མེད། །

མི་ཕྱུག་པོའི་ནོར་གྱིས་བསླུ་ས་མེད། །

དཔོན་བཟང་པོའི་དབང་ཡོད་འགྲོ་ས་མེད། །

དབང་ཆུང་བའི་ཞུ་བ་འགྲོ་ས་མེད། །

རྐང་མགྱོགས་པོས་བྲོས་ཀྱང་ཐར་ས་མེད། །

དུས་ལན་གཅིག་ཐོབ་པའི་དལ་འབྱོར་རྟེན། །

ད་སྟོང་ལོག་མ་མཛད་ལྷ་ཆོས་མཛོད། །

ཅེས་མགུར་དུ་བཞེས་པ་ན། དཔོན་མོ་སྣང་སའི་ཐུགས་ལ་མགུར་དེ་རྣམས་བུ་མོ་ང་རང་ལ་དགོངས་ནས་གསུངས་པ་ཡིན་འདུག་ཤིན་ཏུ་ཐུགས་བདེན་སྙམ་དད་པ་ལྷག་པར་སྐྱེས་ཏེ་ཡོན་འབུལ་འདོད་ཆེ་ཡང་ཨ་ནེ་སྙིད་མོ་ནེ་ཙོ་ལེགས་ཞིང་ལས་བྱེད་མི་རྣམས་ཀྱི་ལས་རྒྱབ་ཏུ་ཡོད་སྟབས་འབུལ་མི་ནུས་པར་རྣལ་འབྱོར་དཔོན་གཡོག་གཉིས་ལ་འཚོ་བ་དང་ཡོན་འབུལ་དབང་ཆ་བདག་ལ་མེད། ཕར་ཚད་ཕར་ན་བཞུགས་པའི་ཨ་ལྕེ་ན་བཟའ་སྨུག་འཁྲིག་འཁྲིག་ཞལ་རས་སྣུམ་འཚིར་འཚིར་ཕ་གི་ལ་ཞུས་ཤོག་ཅེས་སྣང་སས་ཕྱག་མཛུབ་བཙུགས་ནས་བསྟན་པ་དང་། རས་པ་དཔོན་གཡོག་གཉིས་ནས་ཀྱང་ཨ་ནེ་སྙིད་མོའི་འགྲམ་དུ་ཕེབས་ཏེ་བསོད་སྙོམས་སློང་བས། ཨ་ནེས་ལས་ཀ་བྱེད་འཕྲོ་ཅམ་སྟེ་བཞག་ནས་སྤྲང་པོ་ཁྱོད་ཚོ་ངེད་ཀྱི་རྩར་ཡོང་སྟེ་ཅི་བྱེད། དབྱར་གྱི་དུས་སུ་དཀར་ལྗང་དང་། དགུན་གྱི་དུས་སུ་སྐྱུར་སྤྲང་བྱེད། རི་ལ་བཞག་ན་ཆོས་མི་ནུས། ཀླུང་ལ་བཞག་ན་ལས་མི་ནུས། ཐོབ་ན་ཇག་པ་བྱེད། མ་ཐོབ་རྐུ་མ་བྱེད། ནམ་ཞག་རྒྱུན་དུ་རྫུན་དང་ཁྲམ་དང་གཡོ་སྒྱུ་ཁོ་ན་ལ་མི་ཚེ་སྐྱེལ་བའི་ཟོག་སྟོང་རས་པ་ཁྱོད་ཚོའི་སྣ་ལེན་ངས་མི་ཤེས། བསོད་སྙོམས་དགོས་ན། སྐུ་གཟུགས་རྨ་བྱ་ལས་མཛེས་པ། གསུང་ངག་འཇོལ་མོ་ལས་སྙན་པ། ཐུགས་རིག་འཇའ་ཚོན་ལས་བཀྲ་བ། སྐུ་དབང་རི་རབ་ལས་ཆེ་བ། ང་ཚོ་མྱང་སྟོད་རི་ནང་པའི་དཔོན་མོ་སྣང་ས་འོད་འབུམ་བྱ་བ་དེ་ཕ་གི་ཡིན་པས་དེ་ལ་ཞུས། ང་ནི་ཁོང་གི་གཡོག་མོ་ཡིན་པས་སྟེར་དབང་མེད་ཟེར་བ་ན། ཡང་རས་པ་དཔོན་གཡོག་གཉིས་པོས་སྣང་སའི་དྲུང་དུ་ཡོང་ནས་གོང་གི་ལོ་རྒྱུས་རྣམས་ཞུས་པས་སྣང་སས་ཐུགས་སེམས་ཀྱིས་མི་བཟོད་པར་ཚར་ཡོན་བདུན་ཕུལ་ནས་ཁྱེད་རས་པ་དཔོན་གཡོག་གཉིས་ག་ནས་བྱོན། ད་གང་དུ་ཕེབས། ང་བུ་མོ་སྣང་ས་ཚེ་མཇུག་ལ་དམ་པའི་ལྷ་ཆོས་དང་མཇལ་བའི་སྐྱབས་འཇུག་དང་བསྔོ་སྨོན་ཐུགས་རྗེས་གཟིགས་པ་ཞུ་ལགས་ཞུས་པས། རས་པ་དཔོན་སློབ་གཉིས་ཀྱིས་སླར་ཡང་སྣང་སའི་གསུངས་ལན་དུ་མགུར་འདི་བཞེས་སོ། །

ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

མ་རིགས་དྲུག་ཐར་པའི་ལམ་སྣ་དྲོངས། །

ཡང་གཅིག་གསོན་དང་དཔོན་མོ་སྣང་ས་ལགས། །

བསོད་སྙོམས་སྦྱིན་པ་སྩལ་བ་བཀའ་དྲིན་ཆེ། །

བདག་ནི་ཡོང་བ་ལ་སྟོད་ཕྱོགས་ནས་ཡོང་། །

སྟོད་གངས་རི་ལ་ཕྱི་སྒང་ནས་ཡོང་། །

ང་མི་ལ་རས་པའི་སློབ་མ་ཡིན། །

ངའི་མིང་ལ་རས་ཆུང་རྡོར་གྲགས་ཟེར། །

གྲོགས་བྱེད་པའི་རས་པ་གཅིག་པུ་འདི། །

མིང་ལ་ཉེ་གནས་རིན་ཆེན་གྲགས་པ་ཟེར། །

ད་འགྲོ་བ་དབུས་ཀྱི་ཕྱོགས་ལ་འགྲོ །

དབུས་ཡར་ཀླུང་སྐྱོར་པོའི་གྲོང་དུ་འགྲོ །

ཕུ་ན་སྒྲུབ་པ་རྒྱག་པའི་སྒོམ་ཆེན་དང་། །

མདའ་ན་འཚོ་བ་སྦྱོང་བའི་ཡོན་བདག་གཉིས། །

སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡིན། །

རྟེན་འབྲེལ་གྱི་སྙིང་པོ་བསྔོོ་བ་ཡིན། །

ཚུར་ཟས་འབྲེལ་ཐོབ་པའི་སྣང་ས་དང་། །

ཕར་ཆོས་འབྲེལ་འཐད་པའི་རས་པ་གཉིས། །

དམ་པའི་ཆོས་དང་མཇལ་བའི་རྟེན་འབྲེལ་ཡིན། །

རྟེན་འབྲེལ་གྱི་སྙིང་པོ་སྐྱབས་འཇུག་བྱེད། །

ཅེས་གསུངས་པ་ན། སླར་ཡང་དད་པ་ལྷག་པར་སྐྱེས་ཏེ་ཡང་བསྐྱར་ཚར་ཕོན་གསུམ་ཕུལ། ཕྱག་འཚལ་བྱིན་རླབས་ཞུས་ཤིང་། རས་པ་དཔོན་སློབ་གཉིས་ཀྱང་ཐུགས་མཉེས་ནས་བསྔོ་བ་སྨོན་ལམ་ཡང་དག་མཛད་དེ་ཕྱིར་བཞུད་དོ། །དེའི་ཚེ་སྣང་སས་རས་པ་གཉིས་ལ་བསོད་སྙོམས་བྱིན་ཕྱག་འཚལ། བྱིན་རླབས་ཞུས་པ་ཨ་ནེ་སྙིད་མོས་མཐོང་སྟེ་ཞེ་སྡང་དྲག་པོ་སྐྱེས་ནས་ཐུ་བ་གཡས་བརྫེས་གཡོན་བརྫེས་བྱས། ལག་ན་དབྱུག་པ་ཞིག་ཁྱེར་ནས་དཔོན་མོ་སྣང་སའི་མདུན་དུ་ཡོང་སྟེ་མིག་འབུར་ཚུགས་སུ་བལྟ་བ་དང་ལྷན་ཅིག་གླུ་འདི་བླངས་སོ། །

ཕྱི་རུ་གཟུགས་མཛེས་ཁ་དོག་མཚར་ན་ཡང་། །

ནང་དུ་བསམ་ངན་དུག་གིས་ཟས་ལ་སྤྱོད། །

རྨ་བྱ་འདྲ་བའི་བདུད་མོ་སྣང་ས་ཁྱོད། །

ཨ་ནེ་སྙིད་མོ་ང་ལ་ཚུར་ཉོན་དང་། །

ལ་སྟོད་དིང་རི་གླང་འཁོར་དགོན་པ་ན། །

རྒྱ་གར་གྲུབ་ཆེན་དམ་པ་སངས་རྒྱས་དང་། །

སྟོད་ཀྱི་ལ་ཕྱི་གངས་ཀྱི་ར་བ་ན། །

བོད་ཀྱི་རྣལ་འབྱོར་མི་ལ་རས་པ་བཞུགས། །

དེ་ལ་བརྟེན་ནས་མྱང་སྟོད་རི་ནང་འདིར། །

རས་པ་ཕར་འགྲོ་ཚུར་འགྲོ་རྒྱུན་མི་ཆད། །

སློང་མི་ཀུན་ལ་གང་འདོད་སྟེར་ན་ནི། །

བུ་སྐྱེས་ཨ་མ་བྱས་ནས་དགོས་པ་ཆུང་། །

མྱང་སྟོད་རི་ནང་ཤོང་ཞིང་རིང་མོ་འདི། །

འབྲུ་སྲན་གཉིས་པོའི་ཐོན་ཁུངས་དྲག་ཤོས་ཡིན། །

ཚར་ཕོན་གང་ཡོད་སྤྲང་པོ་ལ་སྟེར་ན། །

སྤྲང་མོ་ཁྱོད་ཀྱང་མ་སྡོད་མཉམ་དུ་སོང་། །

ཞེས་ཟེར་བ་ན། སྣང་སས་དེ་ལན་གླུ་འདི་གསུངས་སོ། །

སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

བུ་མོ་ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །

ཚུར་ལ་གསོན་དང་ཨ་ནེ་སྙིད་མོ་ལགས། །

ང་ཡིས་བསོད་སྙོམས་སྟེར་ཐག་མ་ཆོད་པར། །

ཨ་ནེའི་དྲུང་དུ་སློང་ལ་བཏང་བའི་ཚེ། །

ཨ་ནེ་རང་གིས་རས་པ་བླ་སློབ་ལ། །

ང་ནི་གཡོག་ཡིན་སྟེར་ཐག་ག་ནས་ཆོད། །

ཁོང་ནི་དཔོན་མོ་ཡིན་པས་ཞུས་ཤོག་ཅིག །

སླར་ཡང་ང་ཡི་དྲུང་དུ་རྫོང་བའི་དུས། །

བསོད་སྙོམས་མ་བྱིན་སྟོང་སློག་བྱས་གྱུར་ན། །

སྤྲང་པོ་གཏམ་ཁྱེར་ལུང་པའི་མདའ་དང་ནི། །

ཕོ་རོག་ཤ་ཁྱེར་ལུང་པའི་ཕུ་བཞིན་དུ། །

མྱང་སྟོད་རི་ནང་དཔོན་པོའི་གཏམ་དོན་ལ། །

གནོད་དོགས་ཚར་ཕོན་ཁ་ཤས་བྱིན་པ་ཡིན། །

དཀོན་མཆོག་མཆོད་དང་ངན་སློང་སྦྱིན་གཏོང་གི། །

ནོར་ལ་སྤྱོད་ཤེས་ཕྱུག་པོའི་མཚན་ཉིད་ཡིན། །

སྦྲང་མས་སྦྲང་རྩི་བསགས་པ་ཇི་བཞིན་དུ། །

སེར་སྣས་བསགས་པའི་ནོར་གྱིས་ཕན་མི་ཐོགས། །

དབང་ཕྱུག་མི་ལའི་བུ་སློབ་རས་པ་ལ། །

སྤྲང་པོ་མ་གསུངས་དད་ཅིང་གུས་པར་མཛོད། །

བུ་མོས་མཆོད་སྦྱིན་དགེ་བ་བྱེད་པ་ལ། །

བདུད་མོ་མ་གསུངས་རྗེས་སུ་ཡི་རང་མཛོད། །

ཅེས་གསུངས་པ་ནི། ཨ་ནེ་སྙིད་མོ་དེ་ནི་ད་དུད་སྔར་ལས་ཀྱང་ལྷག་པར་ཁོང་ཁྲོ་དྲག་པོ་ལངས་ཏེ་དཔོན་མོ་སྣང་ས་ཟེར་བའི་བདུད་མོ་ཕུང་འདྲེ་མ་ཁྱོད་རས་པ་དཔོན་སློབ་གཉིས་གཟུགས་མཛེས་པ་དང་། སྐད་སྙན་པ་ལ་ཆགས་ནས་ཚར་ཡོན་དེ་རྣམས་སྦྱིན་པ་མ་གཏོགས་དད་གུས་ཤ་ཚ་བྱས་པ་ག་ལ་ཡིན། ཁྱོད་པང་དུ་བུ་དང་རྒྱབ་ཏུ་ཕ་མིང་ཡོད་བསམ་པའི་ལྟག་ཤེད་ཀྱིས་ཕར་ལ་གཅིག་ལབ་ན་ཚུར་ལ་གཉིས་ལན་སློག་གི་འདུག་སྟེ། ཁྱོད་མྱང་སྟོད་རི་ནང་པའི་མནའ་མ་ཡིན་པ་ལས་ལྷག་པ་ང་མྱང་སྟོད་རི་ནང་པའི་མི་ངོ་བུ་མོ་ངོ་མ་ཡིན་པས་མ་ཆོག་ཕྱི་ནང་ལས་ཀའི་འགན་ཚང་མ་འཁུར་གྱི་ཡོད་པ་ཁྱོད་ཀྱིས་ད་དུང་མ་ཤེས་སམ། སྔར་ཕན་ཆད་ཚིག་བརྡ་སྤྲད་པ་ལ་མི་ཉན་ན་ངའི་ལག་བརྡ་སྤྲོད་དགོས་པའི་དུས་ལ་བབ་པ་ཡིན་འདུག་ཅེས་དཔོན་མོ་སྣང་ས་གན་རྐྱལ་ལ་ནམ་ལངས་པ་འདྲ་བ་གཅིག་དང་། ཁ་བུབ་ལ་ས་རུབ་པ་འདྲ་བ་གཅིག་བརྡབས་ནས་བསྒྱེལ་ཐོག་རྒྱུག་པ་ལན་མང་དུ་བརྒྱབ། དབུ་སྐྲ་སེ་ལིང་ལྗང་པ་འདྲ་བ་དེ་ནས་སྐྲ་རྐང་བདུན་བཏོགས་ཏེ་མོ་རང་གི་ཨམ་ཕྲག་ནང་དུ་བཅུག་ནས། ད་དུང་མོ་རང་གི་ཇོ་ཇོ་དཔོན་གྲགས་པ་བསམ་གྲུབ་ལ་ཕུང་སྦྱོར་ཞིག་འཕྲལ་དུ་བྱེད་མ་ཐུབ་ན་དཔོན་པོ་ཁོང་སྣང་ས་ལ་ཐུགས་བརྩེ་ཆེ་བའི་སྟབས་ཀྱིས་མོ་རང་ལ་བཀའ་བཀྱོན་དགོངས་ཚོམ་མཛད་ཡོང་སྙམ་ཇོ་ལགས་གྲགས་པ་བསམ་གྲུབ་ཀྱི་དྲུང་དུ་ཨ་ནེ་སྙིད་མོ་ནེ་ཙོ་རང་གི་སྐྲ་ཡིན་ཁུལ་བྱས་ཏེ། སྣང་སའི་དབུ་སྐྲ་བཏོགས་པ་རྣམས་མོ་རང་གི་ལག་ཏུ་ཁྱེར་ནས་ངུ་བཞིན་དཀྲུག་ཤིང་གི་གླུ་འདི་བཏང་ངོ་། །

ཇོ་ལགས་དཔོན་པོ་གྲགས་པ་བསམ་གྲུབ་ལགས། །

སྙིད་མོ་ནེ་ཙོ་ང་ལ་ཚུར་གསོན་དང་། །

རང་རེའི་དཔོན་མོ་སྣང་ས་འོད་འབུམ་ནི། །

བཅོལ་བའི་ལས་ཀ་བཙས་མ་མི་རྔ་བར། །

མ་བཅོལ་བ་ཡི་བྱ་བ་སྣ་ཚོགས་བྱེད། །

ད་ནང་ཞོགས་པ་ཉི་མའི་སྔ་ཆ་ལ། །

གཟུགས་མཛེས་སྐད་སྙན་རས་པ་ཟོག་སྟོང་གཉིས། །

རང་རེའི་ཤོང་ཞིང་རིང་མོའི་སྟེང་དུ་འབྱོར། །

སྣང་ས་སེམས་ཤོར་ཚར་ཕོན་ཕལ་ཆེར་སྦྱིན། །

ངོ་ཚ་མེད་པའི་ལུས་འབྲེལ་འདོད་རྩིས་བྱེད། །

དེ་ཚོ་མཐོང་ནས་སེམས་ཀྱིས་མ་བཟོད་པར། །

ཁ་ཏ་བྱེད་དུ་ཕྱིན་ཀྱང་མི་ཉན་པར། །

ད་དུང་བྱེད་ངན་ངོ་སོར་ཁྱེར་ནས་ནི། །

སྐྲ་བཏོགས་བརྡུང་ཐག་མང་པོ་བཏང་བྱུང་བས། །

ཤ་རུས་གཅིག་པའི་སྤུན་དང་མནའ་མ་གཉིས། །

གདམ་ཁ་མ་ནོར་བ་ཞིག་ཇོ་ཇོས་མཛོད། །

ཅེས་ཞུས་པ་ན། དཔོན་གྲགས་པ་བསམ་གྲུབ་ཀྱི་ཐུགས་ལ་སྙིད་མོ་ནེ་ཙོ་ལེགས་ཀྱིས་ར་སྤྲོད་རྒྱུ་མེད་པར་སྨྱོ་ཧམ་དེ་འདྲ་རང་ཟེར་མདོག་མི་ཁ། དཔོན་མོ་སྣང་ས་ཟེར་བ་ཁ་སྒོ་སྐྱེ་འབྲས་ལེགས་པའི་ཐོག་ཏུ་བུ་སྐྱེས་ཀྱི་ཨ་མ་ཡིན་པ་ལ་བསམས་ནས་ངེད་རི་ནང་དཔོན་གཡོག་ཚང་མས་དགའ་བའི་འཛུམ་གྱིས་བསུས། བརྩེ་བའི་ཡིད་ཀྱིས་བསྐྱངས་པར་བརྟེན་ད་སྐྱག་ལང་ལ་ཤོར་བ་ཡིན་འདུག་པས་ཕྲུ་གུ་དང་བུད་མེད་ཀྱི་རིགས་འདི་ཐོག་མ་ནས་སྐྱག་ལང་དུ་མ་བཏང་བར་བཅུན་གང་ཐུབ་མ་བྱས་ན་ཡོང་རྒྱུ་མི་འདུག་དགོངས་ཏེ་དཔོན་མོ་སྣང་ས་གར་བཞུགས་ཀྱི་དྲུང་དུ་བྱོན་པར་དཔོན་མོ་སྣང་ས་དེ་ནི་ཨ་ནེ་སྙིད་མོས་བརྡུང་ཐག་བཏང་བའི་རྐྱེན་གྱིས་ཞིང་ཁའི་ཚིགས་ཀྱི་ཁུག་ཀྱོག་གཅིག་ན་སྤྱན་ཆབ་བསིལ་ཞིང་བཞུགས་འདུག་པ་དཔོན་པོས་གཟིགས་ནས་གླུ་འདི་བཞེས་སོ། །

ལན་གཅིག་ཚུར་ལ་ཉོན་དང་བདུད་མོ་སྣང་ས་འོད་འབུམ། །

རི་ནང་དཔོན་པོའི་ཕྱོགས་ལ་རྣ་བའི་དབང་པོ་ཉོན་དང་། །

གྲགས་པ་བསམ་གྲུབ་ང་ལ་རྣ་བའི་དབང་པོ་ཉོན་དང་། །

བཅོལ་བའི་ལས་ཀ་འདོ་བྱས་ཁྱོད་ལ་བསྟན་རྒྱུ་མེད་པར། །

མ་བཅོལ་ཟོག་སྟོང་རས་པར་སྣེ་ལེན་བྱས་པས་མི་ཆོག

ད་དུང་ང་ཡི་ནུ་མོར་བརྡུང་ཐག་བཏང་བ་གང་ཡིན། །

སྤྲང་ཁྱི་ཐོག་ཁར་བཏགས་པས་ནམ་མཁའི་སྐར་མར་སྨུག་གིས། །

དམ་བི་ཉི་མར་བསྲོས་པས་ཁ་ལས་ཞབས་ར་མཐོ་བ། །

བོང་བུ་ཆག་གིས་བསོས་པས་རྟ་ལ་ཕྲ་རྐང་གཏོང་གིས། །

ཆུ་ཉམས་མཉན་པས་ལོན་ནས་ཀོ་གྲུ་མཐིལ་རྡོལ་གཏོང་གིས། །

ཁྱི་ཉམས་སྤྲང་པོས་ལོན་ནས་རྒྱུག་ཐང་ཕྲག་འགེལ་བྱེད་ཀྱིས། །

ཁྲིམས་མེད་བདུད་མོ་སྣང་སའི་བྱེད་ལུགས་འདི་ལ་ལྟོས་ཤིག །

ཅེས་གསུངས་པ་ན། དཔོན་མོ་སྣང་སའི་ཐུགས་ལ་མདའ་བརྒྱབ་པས་མི་ཆོག་གཞུ་མཆོག་ངོམ་ཟེར་བའི་དཔེ་ལྟར། ཨ་ནེ་སྙིད་མོ་རང་ནས་ཚུར་བརྡུངས་པས་མི་ཆོག་ད་དུང་ཕར་བརྡུངས་བྱུང་ཞེས་དཔོན་ལ་སྙན་ཁྲ་ཞུ་ལོག་ཕུལ་བ་ཡིན་འདུག་ཀྱང་། ཁོང་ཁྲོ་སློང་མཁན་མེད་ན་བཟོད་པ་སུ་ལ་བསྒོམ། ལྷག་པར་ད་རེས་ཨ་ནེ་རང་ནས་ཚུར་འོས་མིན་ཇི་བྱས་རྣམས་རྫུན་དང་གཡོ་སྒྱུ་བྱེད་མ་དགོས་པར་གཏམ་དྲང་པོའི་སྒོ་ནས་དཔོན་པོ་ཡབ་སྲས་ལ་ཞུས་ན་དགོངས་པ་དྭངས་བ་གཞིར་བཅས་ཀྱང་ཁོང་རང་སྐུ་མཆེད་ཀྱི་བར་དུ་སེལ་འཇུག་བྱས་པར་འགྲོ་ཉེན་འདུག་གཤིས་ཞུ་ཅི་ལ་ནུས། མ་ཟད་ཐ་ན་གཡོག་ཕོ་མོ་ཙམ་ལ་བཤད་ཀྱང་བུད་མེད་ནང་ཚགས་ཆགས་སྡང་བྱས་པ་ལྟ་བུ་ཡོང་བ་འདུག་དགོངས་ཏེ་ལན་ཅི་ཡང་མ་གསུངས་པར་བཞུགས་ཙ་ན། དཔོན་པོ་གྲགས་པ་བསམ་གྲུབ་ཀྱི་ཐུགས་དགོངས་ལ་ངའི་ནུ་མོ་སྙིད་མོ་ནེ་ཙོས་ཟེར་བ་བདེན་པར་འདུག སྣང་སའི་གནོང་ལ་ཕོག་ནས་མཆི་མ་འདོན་པ་མ་གཏོགས་ལན་ཟེར་རྒྱུ་མི་འདུག་བསམས་ནས་ཐུགས་འཚིག་ཟོས་ཏེ་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་ཕར་དྲུད་ཚུར་དྲུད་ཐོག་ཞབས་རྡོག་དང་གྲི་ལྟག་གིས་ལན་མང་དུ་བརྡུངས་པ་ལ་བརྟེན་ནས་ཕྱག་ཞབས་ཕལ་ཆེར་ལ་རྨ་བཟོས་ཏེ། སྐུ་ལུས་ཀྱི་རྩིབ་མ་གསུམ་ཙམ་ཆག་སྟེ་བསྙུང་ཟུག་མི་བཟོད་པ་བྱུང་སྟབས་གསུང་སྐད་ལྷང་ལྷང་ཤོར་བ་ཕོ་གཡོག་བསོད་ནམས་དཔལ་བསྐྱེད་དང་མོ་གཡོག་འཛོམས་པ་སྐྱིད་གཉིས་ནས་ཐོས་ཏེ་དཔོན་པོ་གྲགས་པ་བསམ་གྲུབ་ལ་ཕྱག་བཙལ་ནས་ངོ་ཆེན་ཞུ་བ་འདི་ལྟར་ཕུལ་ལོ། །

ཚུར་ལ་གསོན་དང་མི་དབང་ཆེན་པོ་ལགས། །

གཡོག་པོ་གཡོག་མོ་གཉིས་ལ་སྙན་གསོན་དང་། །

དཔོན་མོས་ཐུགས་དང་འགལ་བ་མཛད་སྲིད་ན། །

དཔོན་པོས་བཀའ་བཀྱོན་གནང་བ་འོས་ཡིན་ཀྱང་། །

ཚེ་དང་གཏན་གྲོགས་བུ་སྐྱེས་ཨ་མ་ལ། །

ཁྲེལ་མེད་ཕྱག་འཇུག་འདི་འདྲ་མཛད་ཕོད་དམ། །

སྣང་སའི་ཞལ་རས་བཅོ་ལྔའི་ཟླ་བ་ལ། །

རྨ་བཟོས་ཁྲག་གི་སྤྲིན་པས་གཡོགས་ནས་འདུག །

མཛེས་པའི་སྐུ་ལུས་སྨྱུག་གསར་ལྡེམ་པ་དེ། །

རྩིབ་མ་ཡལ་ག་གསུམ་ཙམ་ཆག་ནས་འདུག །

ཕྱག་འཇུག་མ་གནང་མྱང་སྟོད་རི་ནང་དཔོན། །

སྤྱན་ཆབ་མ་བསིལ་དཔོན་མོ་སྣང་ས་ལགས། །

ཞེས་ཞུས་ཏེ་དཔོན་པོ་གྲགས་པ་བསམ་གྲུབ་དང་དཔོན་མོ་སྣང་ས་གཉིས་སོ་སོའི་གཟིམ་ཆུང་ལ་སྤྱན་དྲངས་སོ། །དེའི་ཚེ་དགོན་པ་སྐྱིད་པོ་གཡའ་ལུང་བྱ་བ་ན་བླ་མ་བཟང་པོ་ཤཱཀྱ་རྒྱལ་མཚན་ཞེས་བྱ་བ་རྗེ་བཙུན་མི་ལ་རས་ཆེན་ལ་ལྷོ་བྲག་མར་པ་ལོ་ཙས་ལུང་བསྟན་པའི་བླ་མ་རོང་སྟོན་ལྷ་དགའི་ཐུགས་སྲས་བུ་ཆེན་རྣམས་གཙོ་བོ་གསང་སྔགས་གསར་རྙིང་སྤྱི་དང་། ཁྱད་པར་དམ་ཆོས་རྫོགས་པ་ཆེན་པོ་ལ་མཁས་ཤིང་གྲུབ་པ་ཐོབ་པ་དེས། མྱང་སྟོད་རི་ནང་པའི་དཔོན་མོ་སྣང་ས་འོད་འབུམ་དེ་རིགས་བཟང་གི་མཁའ་འགྲོ་མ་ཡིན་པ་དང་། རྐྱེན་ངན་གྲོགས་ཤར་གྱི་འདས་ལོག་ཆོས་མཛད་མར་གྱུར་ཏེ་འཕྲིན་ལས་དང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་ཡོད་པ་བླ་མས་མངོན་མཁྱེན་གྱིས་གཟིགས་ཤིང་དགོངས་ནས་ཨ་ལྕེ་སྣང་ས་འདས་ལོག་མགྱོགས་རྐྱེན་ཡོང་ཐབས་དང་ཆོས་ལ་བསྐུལ་ཕྱིར་ཕོ་གཞོན་སྤྲང་པོ་གཟུགས་མཛེས་ཤིང་། སྐད་སྙན་པ་སྤྲེལ་རྩེད་ལ་མཁས་པ་གཅིག་ཏུ་སྤྲུལ་ཏེ་ཨ་ལྕེ་སྣང་སའི་གཟིམ་ཆུང་གི་རབ་གསལ་ཁ་འོག་ཏུ་བྱོན་ནས་སྤྲེའུ་དེར་རྩེད་མོ་སྣ་ཚོགས་བྱེད་བཅུག་པ་དང་ལྷན་ཅིག་སྤྲང་པོ་དེས་གླུ་འདི་བླངས་སོ། །

ལྷ་ལས་ལྷག་པའི་གཟུགས་མཛེས་ཡིད་འོང་མ། །

རབ་གསལ་ནང་ན་བཞུགས་པའི་དཔོན་མོ་ལགས། །

མ་ཡེངས་སྤྱན་ནི་སྤྲེལ་རྩེད་འདི་ལ་གཟིགས། །

སྙན་གྱི་དབང་པོས་སྤྲང་པོའི་གླུ་ལ་གསོན། །

ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ཤིང་གསེབ་ན། །

སྤྲེའུ་ཨ་མ་རེ་ལ་སྤྲེལ་ཕྲུག་རེ། །

གཡང་རྩལ་ཅན་རྣམས་ལུས་ཀྱི་ཟློས་གར་བསྒྱུར། །

རྩལ་མེད་རྣམས་ཀྱང་ཞིམ་མངར་ཤིང་ཏོག་བཟའ། །

སྤྲེལ་ཕྲུག་ལས་ཟད་སྤྲང་པོའི་ལག་ན་འཐེབས། །

སྐེ་ལ་ཐག་པ་གཡོགས་དུས་འོ་རེ་བརྒྱལ། །

རྩེད་མོ་བསླབ་ཕྱིར་སྡུག་ལས་སྣ་ཚོགས་གཏོང་། །

སྤྲེའུ་བྱ་བྱེད་མང་བས་ལན་པ་ཡིན། །

ལྷོ་ཕྱོགས་བྷེ་དྷའི་ཡུལ་གྱི་ནགས་ལྗོངས་ན། །

བྱ་མོ་ཨ་མ་རེ་ལ་བྱ་ཕྲུག་རེ། །

གཤོག་རྩལ་ཅན་རྣམས་ནམ་འཕང་དགུང་ལ་གཅོད། །

རྩལ་མེད་རྣམས་ཀྱང་ནགས་མའི་ཤིང་རྩེར་བབས། །

སྨྲ་མཁན་ནེ་ཙོ་རྒྱལ་པོའི་ཕྱག་ན་འཐེབས། །

རྐང་པར་ལྕགས་སྒྲོག་རྒྱག་དུས་འོ་རེ་བརྒྱལ། །

མི་སྐད་བསླབ་ཕྱིར་སྡུག་ལས་སྣ་ཚོགས་གཏོང་། །

ནེ་ཙོ་སྨྲ་ལྕེ་བདེ་བས་ལན་པ་ཡིན། །

ནུབ་ཕྱོགས་བལ་ཡུལ་འབྲས་ཀྱི་ལུང་པ་ན། །

གསེར་སྦྲང་ཨ་མ་རེ་ལ་སྦྲང་བུ་རེ། །

ཟས་སྐལ་ཅན་ཚོ་མེ་ཏོག་བཅུད་ལེན་བྱེད། །

སྐལ་མེད་རྣམས་ཀྱང་འབྲས་ཆང་དྲི་ལ་འཁོར། །

སྟག་ཆུང་བུང་བ་བྱིས་པའི་ལག་ན་འཐེབས། །

མཛུབ་མོས་ཕུར་མཉེད་གཏོང་དུས་འོ་རེ་བརྒྱལ། །

སྦྲང་ཚང་བཏོན་ནས་སྡུག་ལས་སྣ་ཚོགས་གཏོང་། །

སྦྲང་རྩི་མངར་ཆ་ཆེ་བས་ལན་པ་ཡིན། །

བྱང་ཕྱོགས་སོག་ཡུལ་རྩྭ་ཁའི་ལུང་པ་ན། །

ལུག་མོ་ཨ་མ་རེ་ལ་ལུ་གུ་རེ། །

གཡང་དཀར་ལུ་གུ་སྤང་གི་རྩི་བཅུད་ཟ། །

ཤ་ཚིལ་མེད་ཀྱང་དད་ཅན་བསྐོར་མིས་ཁྲིད། །

ཚེ་ཟད་ལུ་གུ་ཡ་ཕོའི་ལག་ན་འཐེབས། །

ཁོག་ལག་བཏང་སྟེ་གསོད་དུས་འོ་རེ་བརྒྱལ། །

ཤ་ཡི་ཆེད་དུ་སྡུག་ལས་སྣ་ཚོགས་གཏོང་། །

ལུ་གུ་ཞིམ་ཤ་ཆེ་བས་ལན་པ་ཡིན། །

དབུས་ཕྱོགས་མྱང་སྟོད་གསེར་གཞུང་རིང་མོ་ན། །

དམན་ཤར་ཨ་མ་རེ་ལ་བུ་མོ་རེ། །

ཆོས་སྐལ་ཡོད་རྣམས་དབེན་པའི་རི་ཁྲོད་འགྲིམས། །

སྐལ་མེད་རྣམས་ཀྱང་ཕ་མའི་དྲུང་དུ་སྡོད། །

བུ་མོ་མཛེས་མ་དཔོན་པོའི་བག་མར་སླེབས། །

ཨ་ནེ་སྙིད་མོའི་ལག་ཏུ་འོ་རེ་བརྒྱལ། །

ཕྲག་དོག་བྱས་ནས་སྡུག་ལས་སྣ་ཚོགས་གཏོང་། །

བུ་མོ་ཁ་འབྲས་མཚར་བས་ལན་པ་ཡིན། །

མི་རྟག་འཆི་བ་སྙིང་ནས་མ་དྲན་ན། །

སྐུ་གཟུགས་མཛེས་ཀྱང་རྒྱ་ཡུལ་རྨ་བྱ་འདྲ། །

མི་ལུས་ཐོབ་ནས་ལྷ་ཆོས་མ་མཛད་ན། །

གསུང་སྐད་སྙན་ཡང་ལྕང་གླིང་འཇོལ་མོ་འདྲ། །

སྤྲང་པོ་བདག་ལ་གསོལ་རས་མ་གནང་ན། །

སྐུ་རྒྱན་ཕྱུག་ཀྱང་ལྷ་ཁང་ལོགས་རིས་འདྲ། །

ཞེས་སྤྲང་པོས་གླུ་ལེན་པ་དང་ཆབས་ཅིག་སྤྲེའུས་གར་རྩེད་པས་སྣང་ས་ནི་སྤྲང་པོའི་གླུ་ལ་ཆགས། ལྷའུ་དར་པོ་ནི་སྤྲེའུའི་རྩེད་མོ་ལ་ཐུགས་ཡེངས་ནས་ཡུམ་སྲས་གཉིས་ཀས་གཟིགས་སྐབས། སྣང་སའི་ཐུགས་ལ་སྤྲང་པོ་དེ་ལ་གསོལ་རས་ཤིག་སྟེར་དགོས་ཏེ། འབྲུ་རྩམ་ཇ་མར་གསེར་དངུལ་གོས་དར་སོགས་སྟེར་བ་ལ་ནི་ཨ་ནེ་སྙིད་མོ་ལ་མ་དྲིས་པར་སྟེར་ཐག་ག་ནས་ཆོད། ཨ་ནེ་ལ་དྲིས་ཀྱང་སྔར་བཞིན་རང་ལ་བརྡུང་འཛོགས་ཡོང་བ་ལས་སྤྲང་པོའི་འདོད་པ་ཅི་ལ་སྐྱོང་། དེ་ལས་ངེད་རང་ལ་ཕ་མིང་ནས་བཏགས་པའི་རྒྱན་གོས་ཁྲོད་ནས་བབ་འོས་ཤིག་སྟེར་དགོས་ལྷག་དོན་སྤྲང་པོ་རྒྱལ་ཁམས་བསྐོར་མིར་སྐད་ཆ་ཤོད་རྒྱུ་མང་པོ་ཡོད་འགྲོ་བས་དགོན་པ་གང་སྐྱིད་དང་། བླ་མ་སུ་བཟང་དྲིས་ནས་ང་རང་མ་ཤི་གོང་འདིར་བུ་ཆུང་དང་། ཕ་མ་ལ་མ་ཆགས་པ་བྱས་ཏེ་ཆོས་ལ་མ་ཕྱིན་ན་ཁ་སང་གི་རྣལ་འབྱོར་པ་དཔོན་སློབ་གཉིས་ཀྱི་མགུར་དང་། དེ་རིང་གི་སྤྲང་པོའི་གླུ་ཡི་ཚིག་དོན་ཐམས་ཅད་བུ་མོ་ང་རང་ལ་ཟེར་རྒྱུ་ཡིན་འདུག་པས་ཅིས་ཀྱང་བློ་ཐག་བཅད་དེ་ཆོས་ལ་འགྲོ་དགོས་དགོངས་ཏེ། སྤྲང་པོ་སྤྲེའུ་དང་བཅས་པ་སྣང་སའི་གཟིམ་ཆུང་ལ་མངོན་ཆུང་གིས་ལྐོག་ལ་བོས་ཏེ་སྣང་སས་སྤྲང་པོ་ལ་གླུ་འདི་གསུངས་སོ། །

ཚུར་ལ་ཉོན་དང་རྒྱལ་ཁམས་བསྐོར་བའི་མི། །

སྤྲང་པོ་སྤྲེལ་ཁྲིད་བུ་མོ་སྣང་སར་ཉོན། །

བུ་མོའི་ཕ་མ་གཉིས་ལ་བལྟས་ཙ་ན། །

ཕ་མ་རྒན་རྒོན་དགོང་མོའི་གྲིབ་སོ་འདྲ། །

རྒས་ཁར་ཞབས་ཏོག་སྒྲུབ་པའི་དབང་མ་བྱུང་། །

དེ་ཚོ་བསམས་ནས་བུ་མོ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་དམ་པའི་ལྷ་ཆོས་བྱེད། །

འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །

བུ་མོའི་གཏན་གྲོགས་ཁྱོ་གར་བལྟས་ཙ་ན། །

ཚེ་གང་གཏན་གྲོགས་དར་ལྕོག་རླུང་བསྐྱོད་འདྲ། །

རང་ཚུགས་མི་ཐུབ་གཞན་གྱི་ཁ་ལ་གསན། །

དེ་ཚོ་བསམས་ནས་བུ་མོ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་དམ་པའི་ལྷ་ཆོས་བྱེད། །

འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །

བུ་མོའི་ལན་ཆགས་ཕྲུ་གུར་བལྟས་ཙ་ན། །

ལྷའུ་དར་པོ་སྤང་རིའི་འཇའ་ཚོན་འདྲ། །

ཡིད་དུ་འོང་ཡང་སྙིང་པོ་ཅུང་ཟད་མེད། །

དེ་ཚོ་བསམས་ནས་བུ་མོ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་དམ་པའི་ལྷ་ཆོས་བྱེད། །

འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །

བུ་མོས་ཨ་ནེའི་ཕྱོགས་ལ་བལྟས་ཙ་ན། །

སྙིད་མོ་ནེ་ཙོ་ཕྲག་དོག་སྦྲུལ་དང་འདྲ། །

བཟོད་པ་བསྒོམས་ཀྱང་ཁོང་ཁྲོ་སྣ་ཚོགས་སློང་། །

དེ་ཚོ་བསམས་ནས་བུ་མོ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་དམ་པའི་ལྷ་ཆོས་བྱེད། །

འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །

བུ་མོས་གཡག་གཡོག་ཕྱོགས་ལ་བལྟས་ཙ་ན། །

གཡོག་པོ་གཡོག་མོ་བྱིས་པ་ཆུང་ངུ་འདྲ། །

སེམས་ལ་བསམས་ཀྱང་ཁ་ནས་ལབ་མི་ནུས། །

དེ་ཚོ་བསམས་ཏེ་བུ་མོ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་དམ་པའི་ལྷ་ཆོས་བྱེད། །

འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །

བུ་མོས་དབེན་པའི་རི་ཁྲོད་འགྲིམས་པ་ལ། །

དགོན་པ་གང་ལ་བསྡད་ན་སྐྱིད་པ་ཡོང་། །

བུ་མོས་དམ་པའི་ལྷ་ཆོས་བྱེད་པ་ལ། །

བླ་མ་སུ་ལ་བཏུད་ན་བྱིན་རླབས་ཆེ། །

རྒྱལ་ཁམས་ཕྱོགས་མེད་བསྐོར་བའི་སྤྲང་པོ་ལ། །

གཏམ་དང་སྐད་ཆ་ཤོད་རྒྱུ་ལོས་ཀྱང་ཡོང་། །

རིན་ཆེན་གཡུ་དང་བྱུ་རུའི་རྔན་པ་སྟེར། །

མ་གསང་དྲང་པོའི་གཏམ་ལན་ད་ལྟ་མཛོད། །

ཅེས་གསུངས་པ་དང་། སྤྲང་པོ་དེས་ཀྱང་གུས་པའི་ཚུལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་དཔོན་མོ་སྣང་ས་ལ་གླུ་འདི་ཕུལ་ལོ། །

མི་ཡི་ལུས་ལ་ལྷ་ཡི་མཚར་སྡུག་ཅན། །

གཟུགས་མཛེས་སྣང་ས་འོད་འབུམ་བདག་ལ་གསོན། །

སྤྲང་པོ་བདག་གིས་མ་ཕྱིན་ཡུལ་ནི་མེད། །

དབུས་གཙང་དག་ཀོང་སྟོད་སྨད་ཀུན་ལ་ཕྱིན། །

ཐོས་པའི་གཏམ་ཡང་བདེན་པ་ཤ་སྟག་ལས། །

རྫུན་གྱི་ཚིག་ནི་གཅིག་ཀྱང་ཤོད་མ་མྱོང་། །

དམ་ཆོས་དར་བ་བོད་ཡུལ་དབུས་གཙང་འདིར། །

དབེན་པའི་རི་ཁྲོད་གཅིག་ལས་གཅིག་སྐྱིད་ཅིང་། །

བླ་མ་བྱིན་རླབས་གཅིག་ལས་གཅིག་ཆེ་བ། །

མང་དུ་འདུག་པས་འདམ་ངོ་མ་དོད་ཀྱང་། །

དེང་སང་འཕྲིན་ལས་འགྲོ་དོན་ཆེ་བ་ནི། །

སྟོད་ཀྱི་ལ་ཕྱི་གངས་ཀྱི་ར་བ་ན། །

རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་བཞུགས། །

ས་ཐག་རིང་བས་དཔོན་མོས་ལམ་མི་བགྲོད། །

འདི་ནས་རྩིས་པའི་ཉི་མའི་བྱང་ཕྱོགས་དང་། །

ཕུན་སུམ་ཚོགས་པའི་ཐག་ཉེ་འབྲེལ་མཚུངས་ན། །

རྒྱབ་རི་སེང་གེ་གནམ་དུ་འཕྱོང་འདྲ་དང་། །

མདུན་རི་གླང་ཆེན་ཕྲེད་ལ་ཉལ་འདྲའི་ནང་། །

དགོན་པ་སྐྱིད་པོ་སེ་ར་གཡའ་ལུང་ན། །

བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་བཞུགས། །

དེ་ནི་དམ་ཆོས་རྫོགས་པ་ཆེན་པོ་ལ། །

མཁས་ཤིང་གྲུབ་པ་ཐོབ་པའི་བླ་མ་ཡིན། །

དཔོན་མོ་ཆོས་ལ་ཕེབས་ན་དེ་རུ་ཕེབས། །

སྣང་ས་བླ་མ་མཇལ་ན་དེ་ག་མཇལ། །

ཞེས་ཞུས་པ་ན། སྣང་ས་འོད་འབུམ་དེ་ནི་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་མཚན་ཐོས་པ་ཙམ་གྱིས་ལུས་ནས་བ་སྤུ་གཡོ་བའི་མོས་གུས་དང་། མིག་ནས་མཆི་མ་འཛགས་པའི་དད་པ་སྐྱེས་ཏེ་སྤྲང་པོ་དེ་ལ་མཆོག་ཏུ་བརྩེ་བའི་སྒོ་ནས་སྣང་ས་རང་གི་སྐུ་རྒྱན་གྱི་གྲས་ནས་བྱུ་རུ་ཆེ་བ་རྡོག་ལྔ་དང་། གཡུ་སྤུས་ལེགས་རྡོག་གསུམ་གསོལ་རས་གནང་གི་ཡོད་པའི་སྐབས་སུ་རི་ནང་དཔོན་པོ་སྒྲ་ཆེན་པ་དེ་གཡུལ་ལས་བྱེད་མི་རྣམས་ཀྱི་ལས་ཤོག་ཆེ་ཆུང་ཞིབ་འཇུག་མཛད་དགོས་དགོངས་ནས་སྐས་འགོ་དེར་ཕེབས་ཙ་ན་སྣང་ས་དེ་ནི་གཟིམ་ཆུང་གི་ནང་དུ་ཕོ་གཞོན་སྐད་སྙན་ཞིང་འགྱུར་བ་ཞིག་དང་ལྷན་ཅིག་གླུ་ཕར་གཏོང་ཚུར་གཏོང་མཛད་པ་གསན་ནས་དཔོན་པོ་ཡབ་སྒྲ་ཆེན་གྱི་ཐུགས་ལ་མོ་སྐད་འདི་ནི་སྣང་ས་རང་གི་གསུང་ཡིན་འདུག་ཀྱང་། ཕོ་སྐད་འདི་ངའི་བུ་གྲགས་པ་བསམ་གྲུབ་ཀྱི་སྐད་ལས་ནི་སྙན་པ་འདུག་ཅིང་འདི་ཅི་ཡིན་སྙམ་ནས་སྣང་སའི་གཟིམ་ཆུང་གི་སྒོའི་སེར་སྲུབ་ནས་མངོན་ཆུང་གིས་གཟིགས་པ་ན། ལྷའུ་དར་པོ་ནི་སྤྲེའུ་དེ་ལ་སྐུ་རྩེད་རང་མཛད་ནས་དབུ་འཁོར་ཞིང་། དཔོན་མོ་སྣང་ས་ནི་སྤྲང་པོ་དེ་སྐུ་མདུན་རང་དུ་བཞག་ནས་སྐུ་རྒྱུན་གྲས་ཀྱི་གཡུ་དང་བྱུ་རུ་རྣམས་བཀྲོལ་ཏེ་གསོལ་རས་གནང་གི་ཡོད་པ་གཟིགས་ནས་ཐུགས་དགོངས་ལ་ཁ་སེང་སྣང་སས་ཞིང་ལས་བྱེད་དུས་རས་པ་དཔོན་གཡོག་གཉིས་ལ་ཚར་ཕོན་མང་པོ་སྦྱིན་ནས་མགོ་ཡངས་བྱེད་རྩིས་བྱས་པར་ངའི་བུ་མོ་སྙིད་མོས་དེ་འདྲ་མ་བྱེད་བྱས་ཀྱང་ཉན་འཇོག་མེད་པར་ད་དུང་སྙིད་མོ་ནེ་ཙོ་ཚུར་བརྡུངས་བྱུང་ཞེས་ཟེར་བ་སྙིད་མོས་བུ་གྲགས་པ་བསམ་གྲུབ་ལ་བཤད་འདུག་པར་བརྟེན་བརྡུང་ཐག་ཕྲན་བུ་བཏང་ཡང་། ད་དུང་སྤྲང་པོ་ནང་དུ་བོས་ནས་རྒྱུན་ཆས་ཀྱི་གཡུ་དང་བྱུ་རུ་རྣམས་ཕངས་མེད་དུ་སྟེར་བ་སོགས་བྱེད་ལུགས་ངན་པ་འདི་ལ་བལྟས་ན་འཆལ་མོ་ལང་ཤོར་བ་འདི་འདྲས་ངེད་མྱང་སྟོད་རི་ནང་དཔོན་པོའི་ཁྱིམ་འཛིན་མ་གང་ནས་ཡོང་། མ་ཟད་འདི་ལམ་དུ་བཞག་ན་བུ་ཆུང་ལྷའུ་དར་པོ་འདི་ཡང་ཆུད་ཟོས་ལ་གཏོང་བ་འདུག་དགོངས་ཏེ་དེ་མ་ཐག་ཏུ་སྣང་སའི་དྲུང་དུ་བྱོན་རྩིས་ཀྱིས་སྒོ་ཤག་ཕྱེ་བ་ན་སྤྲང་པོ་དེ་དང་སྤྲེའུ་གཉིས་ནི་རབ་གསལ་ནང་ནས་མཆོངས་པ་ལྟ་བུ་བྱས་ཏེ་གར་སོང་འདིར་ཡོད་མ་བྱུང་ཡང་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་དཔོན་པོ་ཡབ་སྒྲ་ཆེན་གྱིས་སྣང་ས་ལ་འདི་སྐད་གསུངས་སོ། །

ལན་གཅིག་ཚུར་ལ་ཉོན་དང་འཆལ་མོ་སྣང་ས་འོད་འབུམ། །

རི་ནང་དཔོན་པོ་ཡབ་ལ་རྣ་བའི་དབང་པོ་ཉོན་དང་། །

ཁ་སེང་རས་པ་གཉིས་ལ་ཚར་ཕོན་སྦྱིན་པས་མི་ཆོག །

དེ་རིང་སྤྲང་པོ་འདི་ལ་རྒྱན་ཆ་སྟེར་བ་གང་ཡིན། །

ད་དུང་དཔོན་པོའི་ནང་དུ་སྤྲང་པོ་བོས་ནས་ཅི་བྱེད། །

སྙིད་མོ་ནེ་ཙོ་ལོས་བདེན་གྲགས་པ་བསམ་གྲུབ་ཐུགས་བདེན། །

དཔོན་མོ་སྣང་ས་འདི་འདྲ་སྨད་ཚོང་འཆལ་མོ་ཡིན་འདུག །

ཚོད་མེད་བྱ་བ་བྱེད་པའི་ལང་ཤོར་བདུད་མོ་ཡིན་འདུག །

ཅེས་གསུངས་ནས་ལན་ཞུ་ལོང་མེད་པར་ཨ་ནེ་སྙིད་མོ་དང་། དཔོན་པོ་གྲགས་པ་བསམ་གྲུབ་གཉིས་ཀྱིས་བརྡུང་ཐག་བཏང་སྟེ་ཕྱག་ཞབས་ཀྱི་རྨ་ཡང་མ་དྲག་ཅིང་། སྐུ་ལུས་རྩིབ་མ་གསུམ་ཆག་པའི་བསྙུང་ཟུག་མ་དྲག་པའི་ཐོག་ཏུ་ད་དུང་ཡབ་དཔོན་པོ་སྒྲ་ཆེན་པས་ཀྱང་ཕྱག་འཇུག་མང་པོ་གནང་བ་མ་ཟད། སྲས་ལྷའུ་དར་པོའང་བྱེའུ་ཁྲས་ཁྱེར་བ་བཞིན་དུ་དེ་མ་ཐག་དཔོན་པོ་ཡབ་སྒྲ་ཆེན་པ་རང་གིས་བསྣམས་ཏེ་མོ་ཡན་གྱི་བུ་མོ་ཞིག་ལ་ནུ་ཞོ་སྟེར་བའི་མ་མར་བཅོལ་ཏེ་སྣང་སའི་དྲུང་དུ་མ་བཞག་པར་ཡུམ་སྲས་གཉིས་ཁ་ཕྲལ་བ་ལ་བརྟེན་ནས་ཐུགས་སེམས་སྐྱོ་བ་ལ་ཚད་མེད་པ་བྱུང་སྟེ། དེའི་ནུབ་མོ་སྣང་ས་རང་གི་གཟིམ་མལ་དུ་སྙིང་རླུང་སྟོད་འཚངས་ཀྱིས་གྲོངས་སོ། །དེའི་དགོང་མོ་སྲས་ལྷའུ་དར་པོ་ཡང་ཡུམ་དང་ཞལ་བྲལ་བའི་ཐོག་ཏུ་སྣང་ས་གྲོངས་པ་མཁྱེན་པ་ལྟ་བུས་ས་རུབ་ནས་ཐོ་རེངས་ཀྱི་བར་དུ་བཤུམས་ཏེ་བཞུགས་པ་ལས་མནལ་ཏིལ་འབྲུ་ཙམ་མ་གཟིམ་པར་བརྟེན། དེའི་སང་ཞོགས་མོ་ཡན་གྱི་བུ་མོ་དེས་སྲས་ལྷའུ་དར་པོ་དཔོན་པོ་ཡབ་སྲས་དང་། ཨ་ནེ་སྙིད་མོས་མ་མཁྱེན་པ་བྱས་ཏེ་སྣང་སའི་སྐུ་མདུན་དུ་སྐྱེལ་དགོས་བསམས་ནས་ཡོང་ཙ་ན། ཁ་ཁུ་ལྷང་ལྷང་རང་མི་འདུག་པས་ཅི་ཡིན་ནམ་སྙམ་ནས་གཟིམ་ཆུང་གི་སྒོ་ཕྱེ་སྟེ་སྣང་སའི་དབུ་སྔས་མགོར་ཕྱིན་པ་ན། དཔོན་མོ་སྣང་ས་ནི་གཟིམ་མལ་གྱི་ནང་དུ་དབུ་སྐྲ་ནག་ཤིག་གེར་གཟིམ་འདུག་པ་མཐོང་ནས་མནལ་དུ་སོང་བ་ཡིན་འདུག་སྙམ། དཔོན་མོ་སྣང་ས་ལགས། ད་མ་གཟིམ་པར་ཡར་བཞེངས་གནང་ཞུས་ཀྱང་ལན་མ་བྱུང་། གཟིམ་མལ་ནང་དུ་ལག་པ་བརྐྱངས་པས་སྐུ་ལུས་ཐམས་ཅད་གྲང་མོ་རང་ལ་སོང་འདུག ད་དུང་ཡིད་མ་ཆེས་པར་ཞིབ་འཇུག་བྱས་པས་དཔོན་མོ་སྣང་ས་གྲོངས་ཚར་བ་ཤེས་ཏེ་དེ་འཕྲལ་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་གཉིས་ཀྱི་སྐུ་མདུན་དུ་མགྱོགས་པར་ཕྱིན་ཏེ་སྣང་ས་གྲོངས་པའི་ལོ་རྒྱུས་རྣམས་ཞུས་པས། དཔོན་པོ་ཡབ་སྲས་གཉིས་པོས་དཔོན་མོ་སྣང་སའི་གཟིམ་ཆུང་དུ་དེ་འཕྲལ་གཟིགས་ལ་ཕེབས་པས་མོ་ཡན་གྱི་བུ་མོས་ཟེར་བ་ལྟར་སྣང་ས་ནི་གཟིམ་མལ་གྱི་ནང་དུ་འདུག་པ་གཟིགས་ནས་ཐུགས་དགོངས་ལ་ཁ་སེང་རས་པ་གཉིས་ལ་ཚར་ཕོན་སྦྱིན་པ་དང་། ད་རེས་སྤྲང་པོ་སྤྲེལ་ཁྲིད་ལ་གཡུ་དང་བྱུ་རུ་སྦྱིན་པར་ངེད་རང་ཡབ་སྲས་གཉིས་ནས་ཉེས་བརྡུང་བྱེད་དགོས་བྱུང་བ་དེར་མ་འདོད་རྣམ་འགྱུར་གྱིས་ན་རྫུ་དང་ཤི་རྫུ་བྱས་པ་ལོས་ཡིན་དགོངས་ཏེ་ད་དུང་ཐུགས་ཡིད་མ་ཆེས་པར་སྣང་སའི་ཕྱག་གཡས་ནས་ཡབ་སྒྲ་ཆེན་དང་། ཕྱག་གཡོན་ནས་གྲགས་པ་བསམ་གྲུབ་ཀྱིས་འཐེན་ནས་ཡར་སློང་བ་དང་མཉམ་དུ་དཔོན་པོ་ཡབ་སྲས་གཉིས་ཀྱིས་མགྲིན་གཅིག་ཏུ་སྣང་སའི་སྐུ་གདུང་གསོན་པོ་ཡིན་ཤག་མཛད་དེ་གླུ་འདི་བཞེས་སོ། །

ཚུར་ལ་ཉོན་དང་ཆུང་གྲོགས་མཛེས་ལྡན་མ། །

དཔོན་མོ་སྣང་ས་ཡབ་སྲས་གཉིས་ལ་དགོངས། །

ཡ་གིའི་དགུང་སྔོན་མཐོན་པོའི་དཀྱིལ་བཞིན་ནས། །

དཀར་གསལ་ཟླ་བ་གཟའ་ཡིས་བཟུང་ཁུལ་བྱེད། །

ཟླ་བ་སྤྲིན་པས་སྒྲིབ་པ་ལོས་བདེན་ཀྱང་། །

ཆ་ཤས་མ་རྫོགས་གཟའ་འཛིན་ཅི་ལ་ཡོང་། །

བུ་མོ་མ་ཉལ་ད་ནི་ཡར་ལ་ལོངས། །

སྣང་ས་མ་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། །

མ་གིའི་རྒྱལ་པོའི་སྐྱེད་ཚལ་ལྡུམ་རྭའི་ནང་། །

མེ་ཏོག་པད་སྡོང་སད་ཀྱིས་ཁྱེར་ཁུལ་བྱེད། །

པད་སྡོང་སེར་བས་བཅོམ་པ་ལོས་བདེན་ཀྱང་། །

སྟོན་ཀ་མ་སླེབས་སད་ཀྱིས་ག་ནས་སྐམ། །

བུ་མོ་མ་ཉལ་ད་ནི་ཡར་ལ་ལོངས། །

སྣང་ས་མ་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། །

གཟིམ་ཆུང་སྐྱིད་པའི་དྲོ་འཇམ་མལ་སའི་ནང་། །

དཔོན་མོ་སྣང་ས་ཤི་རོ་བྱེད་ཁུལ་བྱེད། །

ལུས་ལ་ན་ཚ་ཡོང་བ་ལོས་བདེན་ཀྱང་། །

བུ་མོར་མི་རྟག་འཆི་བ་ཡོང་དོན་མེད། །

བུ་མོ་མ་ཉལ་ད་ནི་ཡར་ལ་ལོངས། །

སྣང་ས་མ་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། །

ཅེས་གསུངས་ནས་དཔོན་པོ་ཡབ་སྲས་གཉིས་ཀས་སྣང་སའི་ཕྱག་གཉིས་ནས་འཇུས་ཏེ་གཟིམ་མལ་ནང་ནས་ཡར་བསླངས་པ་ན། སྣང་ས་ནི་གསུང་ལན་སློག་རྒྱུ་ཡོད་པ་ལྟ་ཅི་སྨོས། སྐུ་ལུས་ཀྱང་གྲང་མོར་སོང་ནས་འཚོ་མི་ཟིན་ཅིང་། ལྗགས་དབུགས་ཀྱི་རྒྱུ་བ་ཡང་ཆད་པར་བརྟེན་གྲོངས་ཐག་ཆོད་ཡིན་པ་མཁྱེན་ནས་ཡབ་སྲས་གཉིས་ཀ་འགྱོད་པ་དྲག་པོ་སྐྱེས་ཀྱང་གཞན་མའི་བྱ་ཐབས་མ་བྱུང་བར་དེ་འཕྲལ་དཔོན་མོ་སྣང་སའི་དགོངས་པ་རྫོགས་ཐབས་སུ་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་གཏོང་། བར་དགེ་འདུན་ལ་བསྙེན་བཀུར་བཅས་རྒྱ་ཆེར་ཞུས་ཤིང་། རྩིས་མཁན་བོས་ཏེ་རྩིས་བྱས་པས་བ་རུ་དུར་གྱི་རྩིས་འབྲས་ལ། ཚེ་མ་ཟད། ལས་མ་ཟད། ཟས་འགྲངས་དང་གོས་འགྲངས་མ་འཐིམས་འདུག་པས་སྔ་འཕྲོས་སྣང་སའི་སྐུ་གདུང་ཤར་ཕྱོགས་ཀྱི་རི་སྣ་ཕ་གིའི་རྩེར་ཞོག་ལ་ཞག་བདུན་གྱི་བར་དུ་སྒུལ་ཀྱོག་དང་ཐོ་རེག་མ་བྱེད། ཞག་བདུན་སོང་མཚམས་ནས་མེ་ལ་སྲེག་དང་། ཆུ་ལ་སྐྱུར། བྱ་ལ་གཏོར། ཁྱི་ལ་སྟེར་སོགས་གང་བྱེད་ཀྱི་བབས་བལྟ་བྱས་ཆོག་པར་འདུག་ཅེས་ཟེར་བའི་དོན་ལྟར་དཔོན་མོ་སྣང་སའི་སྐུ་གདུང་དེ་ཤིང་གི་ཁྲི་ལ་བསྐྱོན། རས་དཀར་ཡུག་གཅིག་གིས་ལེགས་པར་བསྒྲིལ། སྣམ་བུ་དཀར་པོ་གཅིག་གིས་བསྡམས་ཏེ་མྱང་སྟོད་རི་ནང་པའི་ཁྱིམ་གྱི་ཤར་ཕྱོགས་སྤང་རི་གླང་པོ་ཆེའི་སྣ་ཞགས་བརྐྱངས་པ་ལྟ་བུ་དེའི་རྩེར་བསྐྱལ་ནས་ཞག་མ་བདུན་གྱི་བར་སྣང་སའི་སྐུ་གདུང་ལ་བྱ་ཁྱི་དང་། གཅན་གཟན་གྱི་གནོད་པ་མི་འབྱུང་བའི་ཆེད་དུ་ཕུང་པོ་སྐྱེལ་མི་རྣམས་ནས་མདའ་རྒྱང་གང་ཙམ་གྱི་ཁུག་ཀྱོག་ཅིག་ཏུ་མེ་བཏང་ཇ་བསྐོལ་བྱས་ནས་བསྡད་པ་གདའོ། །

དེའི་དུས་སུ་ཨ་ལྕེ་སྣང་སའི་རྣམ་ཤེས་དེ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་སྲིད་པ་བར་དོར་འཁྱམས་པའི་མཇུག་ཏུ་ཨ་བ་གླང་མགོ་ལ་སོགས་ལས་མཁན་ཕོ་ཉ་རྣམས་ཀྱིས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་ཁྲིད་ཙ་ན། ལས་དགེ་བ་བྱེད་པ་རྣམས་མཐོ་རིས་དང་ཐར་པའི་ལམ་སྣམ་བུ་དཀར་པོ་བརྐྱངས་པ་ལྟ་བུ་ལ་འགྲོ་ཞིང་། ལས་མི་དགེ་བའི་སྡིག་པ་བྱེད་མི་རྣམས་ངན་སོང་གསུམ་དང་དམྱལ་ཁམས་བཅོ་བརྒྱད་ལ་འགྲོ་བའི་ལམ་ནག་པོར་མར་ཐུར་ལ་ཁྲིད་ཅིང་། ལྷག་པར་ཚ་དམྱལ་བ་རྣམས་ནི་ལྕགས་སྲེག་གི་ས་གཞིའི་སྟེང་དུ་ཁྲོ་ཆུ་ཁོལ་མ་བཙུགས་པའི་ནང་དུ་འཚོས་ཤིང་མེར་བསྲེགས་པས་རབ་ཏུ་ཚ་བའི་སྡུག་བསྔལ་དཔག་ཏུ་མེད་པ་དང་། གྲང་དམྱལ་བ་རྣམས་ནི་གངས་རི་འཁྱག་རོམ་སོགས་ཀྱི་སྦུབ་ཏུ་བཅུག་པ་སོགས་ཤིན་ཏུ་གྲང་བའི་སྡུག་བསྔལ་བཟོད་གླགས་མེད་པའི་མནར་བ་མང་དུ་འདུག་པ་སོགས་མཐོང་ནས་ཨ་ལྕེ་སྣང་ས་ཡང་ལྷག་པར་འཇིགས་ཏེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ། །

ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་སྒྲོལ་མ་མཁྱེན། །

བྱིན་གྱིས་རློབས་ཤིག་མ་དང་མཁའ་འགྲོའི་ཚོགས། །

དགེ་སྡིག་དཀར་ནག་ལས་ཀྱི་ཤན་འབྱེད་མཁན། །

གཤིན་རྗེ་ཆོས་རྒྱལ་བུ་མོ་བདག་ལ་གསོན། །

བུ་མོ་མ་ཤི་གསོན་པོར་སྡོད་པའི་དུས། །

མི་ཡུལ་གྲམ་པ་སྒང་དུ་སྡོད་པའི་སྐབས། །

ལུས་ཀྱིས་ལྷ་ཆོས་བྱེད་རྒྱུ་མ་བྱུང་ཡང་། །

སེམས་ཀྱིས་ཀུན་ལ་ཕན་སེམས་ཆེ་བར་བྱས། །

སྐྱེས་པའི་མཇུག་ཏུ་ཤི་བ་ངོ་ཤེས་ནས། །

མཛེས་པའི་གཟུགས་ལ་ཆགས་སེམས་བྱས་པ་མེད། །

བསགས་པའི་ནོར་ལ་ཟད་པ་ངོ་ཤེས་ནས། །

མཆོད་སྦྱིན་མ་གཏོགས་སེར་སྣ་བྱས་པ་མེད། །

འདུས་པའི་གྲོགས་མཐའ་བྲལ་བ་ངོ་ཤེས་ནས། །

བྱམས་པའི་གཉེན་ལ་བརྩེ་གདུང་བྱས་པ་མེད། །

བཟོད་པ་ཆོས་ཀྱི་སྙིང་པོ་ཡིན་བསམས་ནས། །

སྡང་བའི་དགྲ་ལ་ཁོང་ཁྲོ་བྱས་པ་མེད། །

དཀར་ནག་དགེ་སྡིག་ལས་ཀྱི་ཤན་འབྱེད་མཁན། །

གཤིན་རྗེ་ཆོས་རྒྱལ་བུ་མོར་ཐུགས་རྗེས་གཟིགས། །

ཞེས་ཞུས་པས། གཤིན་རྗེ་ཆོས་རྒྱལ་གྱིས་སྣང་སའི་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས་ལ་རྡེའུ་དཀར་ནག་མང་ཉུང་བལྟ་བས་འདིར་སྤུངས་ཤིག་གསུངས་པའི་དོན་ལྟར་སྤུངས་པས་རྡེལ་ནག་པོ་རེ་གཉིས་ལས་མ་དོན་ཞིང་། རྡེའུ་དཀར་པོ་མང་པོ་བྱུང་བ་ན། གཤིན་རྗེས་མེ་ལོང་ནང་དུ་གཟིགས་པས་ཨ་ལྕེ་སྣང་ས་དེ་ནི་བུད་མེད་ཕལ་པ་མ་ཡིན་པར་རིགས་བཟང་མཁའ་འགྲོ་མའི་སྤྲུལ་པ་ཡིན་པར་དགོངས་ཏེ་སྣང་ས་ལ་གཤིན་རྗེ་ཆོས་རྒྱལ་གྱིས་འདི་ལྟར་གསུངས་སོ། །

གཏམ་འདི་མ་ཡེངས་ཉོན་དང་བུ་མོ་སྣང་ས་འོད་འབུམ། །

འཆི་བདག་གཤིན་རྗེའི་རྒྱལ་པོར་རྣ་བའི་དབང་པོ་ཉོན་དང་། །

དཀར་ནག་དགེ་སྡིག་ཤན་འབྱེད་ཆོས་རྒྱལ་ང་ཡིས་བྱས་ཡོད། །

དཀར་པོ་དགེ་བ་བྱེད་པ་ཐར་པའི་ལམ་སྣ་འདྲེན་དུས། །

ང་ཡི་མིང་ལ་འཕགས་མཆོག་སྤྱན་རས་གཟིགས་དབང་ཟེར་རོ། །

དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ཡིན་ནོ། །

ལཱ་སེའི། །ནག་པོ་སྡིག་པའི་བྱེད་པའི་ལས་ངན་དམྱལ་བར་འཁྲིད་དུས། །

ང་ཡི་མིང་ལ་འཆི་བདག་གཤིན་རྗེའི་རྒྱལ་པོ་ཟེར་རོ། །

ལས་ངན་དམ་ཉམས་སྡིག་ཅན་འདུལ་བའི་ཁྲོ་རྒྱལ་དཔའ་བོ་ཡིན་ནོ། །

ལཱ་སེའི། ནག་ཆེན་དཔོན་པོས་མི་ཁྱབ་སྡིག་ཅན་བླ་མས་མི་དྲོངས། །

གཤིན་རྗེའི་ཁྲིམས་རྭ་འདི་རུ་ཚུད་ན་ཐར་པ་ག་ནས་ཐོབ་སྟེ། །

ལཱ་སེའི། བུ་མོ་ཁྱོད་ནི་སྡིག་ཅན་མ་ཡིན་མཁའ་འགྲོའི་སྤྲུལ་པ་ཡིན་འདུག །

ལཱ་སེའི། ལུས་ཀྱིས་ཆོས་གཟུགས་བྱས་ནས་འཁོར་བ་གང་ནས་སྤོང་ཐུབ། །

སེམས་ཀྱིས་ཆོས་དོན་རྟོགས་ན་སངས་རྒྱས་གོ་འཕང་ལོས་ཐོབ། །

ལུས་སེམས་གཉིས་ཀས་ལྷ་ཆོས་བྱུང་ན་དེ་ནི་དྲག་ཤོས་ལོས་ཡིན། །

ཁྱོད་ནི་འདི་རུ་མ་སྡོད་མི་ཡུལ་དུ་ལོག་ནས། །

སྐུ་ལུས་རྙིང་པ་དེ་གར་སྣང་སའི་ཐུགས་སེམས་ཞུགས་ཤིག །

འདས་ལོག་ཆོོས་མཛད་མ་ཞིག་བྱས་ནས་འགྲོ་དོན་རྒྱ་ཆེར་གྱིས་ཤིག །

ཅེས་གསུངས་པ་ན། ཨ་ལྕེ་སྣང་ས་ཡང་ཐུགས་སེམས་ཤིག་ཏུ་དགའ་སྟེ་གཤིན་རྗེ་ཆོས་རྒྱལ་ལ་ཕྱག་འཚལ། བྱིན་རླབས་ཞུས་ནས་མཐོ་རིས་དང་ཐར་པའི་ལམ་སྣམ་བུ་དཀར་པོ་བརྐྱངས་པ་འདྲ་བ་དེར་ཡར་ལ་འཛེགས་ནས་བྱོན་ཏེ་སྣང་ས་རང་གི་སྐུ་གདུང་དེ་ལ་ཐུགས་སེམས་ཞུགས་ནས་ཐུགས་དྲན་གསོས་སོ། །དེའི་ཚེ་དཔོན་མོ་སྣང་ས་དེ་ནི་ཤར་ཕྱོགས་ཀྱི་སྤང་རིའི་རྩེ་དེ་ན་རོ་རས་དཀར་པོ་དེས་སྟོད་གཡོགས་བྱས། སྐུ་གདུང་སྡོམ་ཐག་སྣམ་བུ་དཀར་པོ་དེས་སྨད་གཡོགས་མཛད། མེ་ཏོག་གི་ཆར་བབས་འཇའ་འོད་ཀྱི་གུར་ཁང་ཕུབ་པའི་ནང་དུ་ཞབས་གཉིས་རྡོ་རྗེ་སྐྱིལ་དཀྲུང་དང་། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་དང་བཅས་རྣམ་སྣང་གི་ཁྱད་ཆོས་བདུན་ལྡན་གྱི་ངང་དུ་ཅུང་ཟད་གཅིག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ངང་ལ་བཞུགས་པའི་མཐར་ཡང་བསྐྱར་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་ཏེ་མཁའ་འགྲོ་སྡེ་ལྔ་ལ་གསོལ་འདེབས་འདི་ལྟར་མཛད་དོ། །

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །

ལས་ངན་ཅན་མ་འཁོར་བའི་འདམ་ནས་དྲོངས། །

ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །

སྐུ་མདོག་དཀར་པོ་དུང་གི་མདངས་དང་ལྡན། །

ཕྱག་གཡས་གསེར་གྱི་ཌ་རུ་ཁྲོལ་ལོ་ལོ། །

ཕྱག་གཡོན་དངུལ་གྱི་དྲིལ་བུ་སི་ལི་ལི། །

ཞི་བའི་ལས་མཛད་དཀར་མོ་འབུམ་སྡེས་བསྐོར། །

མི་མཐུན་རྒུད་པའི་ཚོགས་རྣམས་ཞི་བར་མཛོད། །

ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །

སྐུ་མདོག་སེར་མོ་གསེར་གྱི་མདངས་དང་ལྡན། །

ཕྱག་གཡས་གསེར་གྱི་ཌ་རུ་ཁྲོལ་ལོ་ལོ། །

ཕྱག་གཡོན་གསེར་གྱི་དྲིལ་བུ་སི་ལི་ལི། །

རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེས་བསྐོར། །

མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གྱིས་པར་མཛོད། །

ནུབ་ཕྱོགས་པད་མ་རིགས་ཀྱི་མཁའ་འགྲོ་མ། །

སྐུ་མདོག་དམར་མོ་བྱུ་རུའི་མདངས་དང་ལྡན། །

ཕྱག་གཡས་གསེར་གྱི་ཌ་རུ་ཁྲོལ་ལོ་ལོ། །

ཕྱག་གཡོན་དངུལ་གྱི་དྲིལ་བུ་སི་ལི་ལི། །

དབང་གི་ལས་མཛད་དམར་མོ་འབུམ་སྡེས་བསྐོར། །

ཁམས་གསུམ་བརྟན་གཡོའི་ཆོས་ཀུན་དབང་དུ་བསྡུས། །

བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །

སྐུ་མདོག་ལྗང་ཁུ་གཡུ་ཡི་མདངས་དང་ལྡན། །

ཕྱག་གཡས་གསེར་གྱི་ཌ་རུ་ཁྲོལ་ལོ་ལོ། །

ཕྱག་གཡོན་དངུལ་གྱི་དྲིལ་བུ་སི་ལི་ལི། །

དྲག་པོའི་ལས་མཛད་ལྗང་མོ་འབུམ་སྡེས་བསྐོར། །

ཞིང་བཅུ་ཚང་བའི་དགྲ་བགེགས་ཚར་གཅོད་མཛོད།

དབུས་ཕྱོགས་བུདྡྷ་རིགས་ཀྱི་མཁའ་འགྲོ་མ། །

སྐུ་མདོག་སྔོན་མོ་མུ་མེན་མདངས་དང་ལྡན། །

ཕྱག་གཡས་གསེར་གྱི་ཌ་རུ་ཁྲོལ་ལོ་ལོ། །

ཕྱག་གཡོན་དངུལ་གྱི་དྲིལ་བུ་སི་ལི་ལི། །

ཀུན་གྱི་ལས་མཛད་སྔོན་མོ་འབུམ་སྡེས་བསྐོར། །

མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། །

ཞེས་གསུངས་པ་ན། ཕུང་པོ་སྐྱེལ་མི་རྣམས་ནས་ཨ་ལྕེ་སྣང་སའི་གསུང་ལྷང་ལྷང་བྱོན་པ་ཐོས་ཏེ་འགྲམ་དུ་ལྟ་བར་ཡོང་དུས་སྣང་ས་ནི་རོ་རས་དེས་སྟོད་གཡོགས་དང་། སྣམ་དཀར་གྱིས་སྨད་གཡོགས་མཛད་ནས་སྐུ་ལུས་ཀྲོང་ངེར་བཞུགས་འདུག་པ་མཐོང་ནས་རོ་ལངས་བརྒྱབ་པ་ཡིན་འདུག་སྙམ་སྟེ་མི་སྙིང་ཆུང་བ་རྣམས་བྲོས་འགྲོ་བ་དང་། སྙིང་ཆེ་བ་རྣམས་ཀྱིས་རྡོ་ཁྱེར་ནས་འཛོགས་རྒྱག་གྲབས་བྱས་པ་ན། སྣང་སའི་ཞལ་ནས་ཁྱེད་ཀྱིས་འཛོགས་དེ་ཐང་ཙམ་གྱིས་དང་། ང་སྣང་ས་རོ་ལངས་མ་ཡིན་ཤི་ལོག་ཡིན་གསུངས་པས། ཐམས་ཅད་ཧ་ལས་ཤིང་ཡིད་ཆེས་ནས་ཕྱག་འཚལ། བྱིན་རླབས་ཞུས་ཏེ་མྱང་སྟོད་རི་ནང་པའི་དཔོན་གཡོག་རྣམས་ཀྱི་དྲུང་དུ་གཏམ་སྙན་འབུལ་བར་ཡོང་ངོ་། །དེའི་ཚེ་སྲས་ལྷའུ་དར་པོས་ཡུམ་སྣང་ས་གྲོངས་པ་ནས་བཟུང་ཉིན་མོའི་གསོལ་ཟས་ཞལ་ལ་མི་འགྲོ་མཚན་མོ་མནལ་གཏན་ནས་མ་ཁུག་པར་གཡོག་མོ་འཛོམས་པ་སྐྱིད་ཀྱིས་རྒྱབ་ཏུ་ཁུར་ཏེ་གཟིམ་ཆུང་གི་སྟེང་དུ་འཆམ་འཆམ་བྱེད་པའི་སྐབས་སུ་སྲས་ལྷའུ་དར་པོས་གཡོག་མོ་འཛོམས་པ་སྐྱིད་ལ་ཨ་མ་སྣང་སའི་སྐུ་གདུང་སྐྱེལ་སའི་དུར་ས་གང་དུ་ཡིན། བུ་ཆུང་ང་ལ་སྟོན་རོགས་མཛོད། ངེད་མ་བུ་གཉིས་ཚེ་འདིར་མ་མཇལ་ཡང་ཕྱི་མ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་མཇལ་བའི་སྨོན་ལམ་གཅིག་འདེབས་དགོས་ཡོད་གསུངས་པས་གཡོག་མོ་འཛོམས་པ་སྐྱིད་དེ་ཡང་དཔོན་མོ་སྣང་ས་དྲན་ཞིང་བུ་ཆུང་དེ་ལ་སྙིང་རྗེ་སྐྱེས་ནས་མཆི་མ་རང་དབང་མེད་པར་ཤོར་ཏེ་སྣང་སའི་སྐུ་གདུང་སྐྱེལ་སའི་རི་རྩེ་དེར་མཛུབ་མོ་བཙུགས་ནས་བསྟན་པས་ན། སྲས་ལྷའུ་དར་པོས་ལག་ཆུང་གཡས་པས་དཔྲལ་བ་བཀབ་སྟེ་ཞིབ་ཏུ་གཟིགས་ནས་ཐུགས་སྐྱོ་བའི་གླུ་འདི་གསུངས་སོ། །

བརྩེ་བའི་ཕ་ཡི་དྲུང་གིས་ཨ་མ་བསད། །

བྱིའུ་ཕྲུག་ཐང་བསྐྱུར་བུ་ཆུང་ཤུལ་དུ་ལུས། །

བུ་ཆུང་ཨ་མ་དྲན་པའི་སྐྱོ་གླུ་འདི། །

དྲིན་ཅན་ཨ་མས་གསན་ན་དགའ་བ་ལ། །

ཕར་ལ་ལྟོས་དང་གཡོག་མོ་འཛོམས་པ་སྐྱིད། །

ཨ་མའི་སྐུ་གདུང་སྐྱེལ་སའི་རི་རྩེ་དེར། །

བྱ་རྒྱལ་རྒོད་པོའི་གཤོག་འགྱུར་མི་འདུག་གོ །

ཕོ་རོག་ནག་ཆུང་ལྡིང་འཁོར་མི་བྱེད་པ། །

འཇའ་དང་འོད་ཀྱི་གུར་ཁང་ཕུབ་ནས་འདུག །

བུ་ཆུང་ཤར་རིའི་རྩེ་ལ་སྐྱེལ་རོགས་མཛོད། །

ཨ་མའི་སྐུ་གདུང་ཡོད་སར་འཁྲིད་རོགས་མཛོད། །

ཅེས་གསུངས་པའི་སྐབས་སྣང་སའི་སྐུ་གདུང་སྐྱེལ་མི་རྣམས་ནས་མྱང་སྟོད་རི་ནང་པའི་དཔོན་གཡོག་ཚང་མར་ཨ་ལྕེ་སྣང་ས་རོ་ལངས་མིན་པར་འདས་ལོག་བྱུང་ཚུལ་གྱི་གཏམ་སྙན་ཞུས་པར་དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་དང་སྲས་ལྷའུ་དར་པོ་ཡང་གཡོག་མོ་འཛོམས་པ་སྐྱིད་ཀྱིས་རྒྱབ་ཏུ་ཁྱེར་ནས་ཤར་ཕྱོགས་ཀྱི་སྤང་རིའི་རྩེ་དེར་གཟིགས་རྟོགས་ལ་བྱོན་པས། ཨ་ལྕེ་སྣང་ས་ནི་རས་ཀྱིས་སྟོད་གཡོགས་དང་། སྣམ་དཀར་གྱིས་སྨད་གཡོགས་མཛད་དེ་འཇའ་འོད་ཀྱི་གུར་ཁང་ཕུབ་པའི་ནང་དུ་མེ་ཏོག་གི་ཆར་བབས་བཞིན་དུ་བཞུགས་པ་གཟིགས་ནས་མྱང་སྟོད་རི་ནང་པའི་དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་ནས་སྣང་ས་འོད་འབུམ་གྱི་སྐུ་གསུང་ཐུགས་དང་འགལ་བའི་སྔོན་བྱས་ཀྱི་ལས་ལ་འགྱོད་བཤགས་དང་ཕྱིན་ཆད་ཀྱང་རི་ནང་པའི་ཁྱིམ་ཐབ་ཇོ་མོར་སྔར་བཞིན་བཞུགས་དགོས་ཚུལ་གྱི་ཞུ་བ་འདི་ལྟར་ཕུལ་ལོ། །

ཕ་གཅིག་བླ་མ་རྣམས་ལ་སྐྱབས་སུ་མཆི། །

མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །

ཚུར་ལ་གསོན་དང་སྣང་ས་འོད་འབུམ་ལགས། །

དཔོན་པོ་སྒྲ་ཆེན་ཕ་བུ་གཉིས་ལ་གསོན། །

མཛེས་པའི་སྐུ་ལུས་སྙུག་གསར་ལྡེམ་འཁྱུག་འདི། །

སྣང་སྟོང་ལྷ་སྐུ་ཡིན་པ་མ་ཤེས་པར། །

འདོད་ཆགས་དབང་གིས་བག་མེད་ལས་ལ་སྤྱོད། །

ཁྱོད་སྐུར་སྡོ་བ་ཐམས་ཅད་མཐོལ་ལོ་བཤགས། །

སྣང་སའི་གསུང་དབྱངས་ལྷ་ཡི་རོལ་མོ་འདི། །

གྲགས་སྟོང་སྔགས་ཀྱི་སྒྲ་རུ་མ་ཤེས་པར། །

ཞེ་སྡང་དབང་གིས་ཚིག་རྩུབ་ཁོང་ཁྲོ་ཐལ། །

ཁྱོད་གསུང་བཅག་བ་ཐམས་ཅད་མཐོལ་ལོ་བཤགས། །

སྣང་སའི་ཐུགས་དགོངས་དངུལ་དཀར་མེ་ལོང་དེ། །

བདེ་སྟོང་ཟུང་འཇུག་ཡིན་པ་མ་ཤེས་པར། །

གཏི་མུག་དབང་གིས་ངན་སྤྱོད་སྣ་ཚོགས་བྱས། །

ཁྱོད་ཐུགས་དཀྲུགས་པ་ཐམས་ཅད་མཐོལ་ལོ་བཤགས། །

བདག་ཅག་མ་རིག་རྨོངས་པའི་སེམས་ཅན་གྱིས། །

རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་ལ། །

སྐུ་གསུང་ཐུགས་དང་འགལ་བ་ཅི་བགྱིས་རྣམས། །

བཟོད་པར་བཞེས་ལ་ཐུགས་རྗེས་གཟུང་དུ་གསོལ། །

རི་ནང་དཔོན་པོ་སྒྲ་ཆེན་མ་དགོངས་ཀྱང་། །

གྲགས་པ་བསམ་གྲུབ་དགོངས་ནས་ལོག་རོགས་མཛོད། །

ཚེ་གང་གཏན་གྱི་གྲོགས་པོ་ཡིན་དགོངས་ཏེ། །

དཔོན་མོ་སྣང་ས་ཁྱིམ་ལ་ལོག་རོགས་མཛོད། །

ཨ་ནེ་སྙིད་མོ་ནེ་ཙོ་མ་དགོངས་ཀྱང་། །

ལྷའུ་དར་པོ་དགོངས་ཏེ་ལོག་རོགས་མཛོད། །

རང་ལུས་ཤ་ནས་དབྱུང་བ་ཡིན་དགོངས་ཏེ། །

དཔོན་མོ་སྣང་ས་ཁྱིམ་ལ་ལོག་རོགས་མཛོད། །

ཕོ་གཡོག་བསོད་ནམས་དཔལ་བསྐྱེད་མ་དགོངས་ཀྱང་། །

མོ་གཡོག་འཛོམས་སྐྱིད་དགོངས་ཏེ་ལོག་རོགས་མཛོད། །

ན་ཆུང་འདྲིས་མའི་གྲོགས་མོ་ཡིན་དགོངས་ཏེ། །

དཔོན་མོ་སྣང་ས་ཁྱིམ་ལ་ལོག་རོགས་མཛོད། །

འབངས་དང་འཁོར་གཡོག་མི་སེར་མ་དགོངས་ཀྱང་། །

རང་གི་ཕ་མ་བསམས་ནས་ལོག་རོགས་མཛོད། །

བཀའ་དྲིན་ཅན་གྱི་ཡབ་ཡུམ་ཡོད་དགོངས་ཏེ། །

དཔོན་མོ་སྣང་ས་ཁྱིམ་ལ་ལོག་རོགས་མཛོད། །

ཅེས་ཞུས་པས་འདས་ལོག་ཆོས་མཛད་མ་སྣང་ས་འོད་འབུམ་དེས་འཇིག་རྟེན་གྱི་བྱ་བ་ལ་སྐྱོ་བ་སྐྱེས་ཤིང་ཞེན་པ་ལོག་པའི་རྒྱུ་མཚན་རྣམས་དཔོན་པོ་ཡབ་སྲས་ལ་གླུ་ལན་འདི་ལྟ་བུ་མཛད་དོ། །

དུག་ལྔ་ཡེ་ཤེས་ལྔ་རུ་བསྒྱུར་མཛད་པའི། །

རིགས་ལྔའི་མཁའ་འགྲོ་ལྔ་ལ་སྙིང་ནས་འདུད། །

ཚུར་ལ་གསོན་དང་དཔོན་པོ་སྒྲ་ཆེན་པ། །

ཡང་གཅིག་གསོན་དང་གྲགས་པ་བསམ་གྲུབ་ལགས། །

མྱང་སྟོད་རི་ནང་དཔོན་པོ་ཡབ་སྲས་གཉིས། །

ལས་ངན་ཆོས་མེད་བུ་མོ་བདག་ལ་དགོངས། །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

སྡོད་ན་ཁང་པ་གང་སྐྱིད་ནང་དུ་བསྡད། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

ཤར་ཕྱོགས་སྤང་རིའི་དུར་ཁྲོད་ཁ་འདིར་སླེབས། །

འཇིག་རྟེན་ས་ཁང་ཕྱོགས་ལ་སྐྱོ་བ་སྐྱེས། །

ཀ་བཞི་གདུང་བརྒྱད་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

འགྲོ་བ་འགྲོས་ཆེན་རྟ་ཕོའི་སྟེང་དུ་བཞོན། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

རྟ་ཕོ་མེད་པར་དམྱལ་བའི་འཕྲང་ལ་ཁྲིད། །

བཞོན་པ་རྟ་ཕོའི་ཕྱོགས་ལ་སྐྱོ་བ་སྐྱེས། །

གྱི་ལིང་རྟ་ཕོའི་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

ཉེ་འབྲེལ་འཁོར་གཡོག་མང་པོས་མཐའ་ནས་བསྐོར། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

འཁོར་གཡོག་མེད་པར་རང་ཉིད་གཅིག་པུར་འཁྱམས། །

འཇིག་རྟེན་འཁོར་གཡོག་ཕྱོགས་ལ་སྐྱོ་བ་སྐྱེས། །

གཉེན་དང་ཉེ་བའི་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

རིན་ཆེན་རྒྱན་བཏགས་འཇམ་ཕྲུགས་སྣ་ལྔ་བྱོན། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

གོས་རྒྱན་མེད་པར་བར་དོར་འཁྱམས་དགོས་བྱུང་། །

འཇིག་རྟེན་གོས་རྒྱན་ཕྱོགས་ལ་སྐྱོ་བ་སྐྱེས། །

གསེར་གཡུ་མུ་ཏིག་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

ཞིམ་མངར་བཟའ་བཏུང་མང་པོས་ལུས་པོ་འཚོ། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

ཟས་ནོར་ལྟ་ཅི་ལུས་ཀྱང་བཞག་ནས་འགྲོ །

འཇིག་རྟེན་ཟས་ནོར་ཕྱོགས་ལ་སྐྱོ་བ་སྐྱེས། །

གཟུགས་མཛེས་བུ་མོའི་ལུས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

མགོ་འདྲེན་དཔོན་པོས་གཞན་གྱི་ཁ་ལ་གསན། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

མཐོལ་བཤགས་བཟོད་གསོལ་འགྱོད་པ་སྐྱེ་ཁུལ་བྱེད། །

འཇིག་རྟེན་ཁྱོ་བོའི་ཕྱོགས་ལ་སྐྱོ་བ་སྐྱེས། །

དཔོན་པོ་སྒྲ་ཆེན་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

གཏན་གྲོགས་ཁྱོ་གས་བརྡུང་ཐག་དྲག་པོ་བཏང་། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

སྣང་སའི་དགོངས་རྫོགས་ཡིན་ཞེས་དགེ་རྩ་བྱེད། །

འཇིག་རྟེན་གྲོགས་ཀྱི་ཕྱོགས་ལ་སྐྱོ་བ་སྐྱེས། །

གྲགས་པ་བསམ་གྲུབ་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

ཨ་ནེ་སྙིད་མོས་དཀྲུག་ཤིང་སྣ་ཚོགས་བྱས། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

བཅོས་མ་བྱས་ཚེ་སྡུག་བསྔལ་མཆི་མ་འདོན། །

འཇིག་རྟེན་སྙིད་མོའི་ཕྱོགས་ལ་སྐྱོ་བ་སྐྱེས། །

སྙིད་མོ་ནེ་ཙོའི་ཕྱོགས་ལ་ཞེན་པ་ལོག །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

མ་ཤི་གསོན་པོར་སྡོད་པའི་དུས་ཙ་ན། །

ལྷའུ་དར་པོ་བསམས་ནས་ལས་ཀ་བྱས། །

བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །

གཅེས་པའི་བུ་ཆུང་འཁོར་བའི་འདོགས་ཐག་ཡིན། །

འཇིག་རྟེན་བུ་ཡི་ཕྱོགས་ལ་སྐྱོ་བ་སྐྱེས། །

ལྷའུ་དར་པོའི་ཕྱོགས་ལ་ཞེན་པ་ལོག །

བུ་མོ་ང་ནི་མི་སྡོད་ཆོས་ལ་འགྲོ །

སྣང་ས་འོད་འབུམ་མི་སྡོད་རི་ཁྲོད་འགྲིམས། །

ཨ་མའི་བུ་མོ་སྣང་ས་མེད་ན་ཡང་། །

ཁྱིམ་ཐབ་གྲོགས་ཀྱི་ཕྱག་ཐོགས་ག་ལ་ཡོད། །

བུ་མོ་གང་མཛེས་བག་མར་བླངས་ནས་ཀྱང་། །

འཁོར་བའི་བཙོན་རྭར་ཡབ་སྲས་ག་ལེ་བཞུགས། །

ཞེས་གསུང་པ་ན། རི་ནང་དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་ནི་ཨ་ལྕེ་སྣང་ས་ཐུགས་བདེན་པར་མངོན་ནས་གསུང་ལན་གང་ཡང་མ་ནུས་ཤིང་། ཕར་ལོག་ཀྱང་མ་ཕོད་པར་འགྱོད་པ་དྲག་པོས་ལག་པ་ཐལ་མོ་སྦྱར་ཏེ་མིག་ནས་མཆི་མ་འདོན་བཞིན་དུ་ཡུད་ཙམ་ཁ་རོག་བསྡད་པ་ན་སྲས་ལྷའུ་དར་པོས་གཡོག་མོ་འཛོམས་པ་སྐྱིད་ཀྱི་རྒྱབ་ནས་བབས་ཏེ་ཨ་མ་སྣང་སའི་པང་དུ་བྱོན་ནས་སྤྱན་ཆབ་མང་དུ་བསིལ་བཞིན་སྣང་ས་ལ་ཞུ་བ་འདི་ལྟར་ཕུལ་ལོ། །

ཚུར་ལ་གསོན་དང་རིགས་བཟང་མཁའ་འགྲོ་མ། །

ཨ་མ་སྣང་ས་བུ་ཆུང་བདག་ལ་གསོན། །

ཨ་མ་ལན་གཅིག་ཤི་ནས་སླར་ལོག་པ། །

འདི་ནི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། །

རྨི་ལམ་ཡིན་ན་བུ་ཆུང་སྣང་བ་སྐྱོ། །

མངོན་སུམ་ཡིན་ན་བུ་ཆུང་ལོས་ཀྱང་དགའ། །

ཨ་མ་ཤི་ནས་ལོག་པ་ངོ་མཚར་ཆེ། །

འདི་འདྲ་རོ་ལངས་ཡིན་ནམ་འདས་ལོག་ཡིན། །

རོ་ལངས་ཡིན་ན་བུ་ཆུང་གསོད་རོགས་གྱིས། །

འདས་ལོག་ཡིན་ན་བུ་ཆུང་རྗེས་སུ་བཟུང་། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

བླ་མ་མེད་པའི་རབ་བྱུང་བཙུན་པ་འདྲ། །

ལྷ་ཆོས་བྱས་ཀྱང་སངས་རྒྱས་གང་ནས་ཡོང་། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

དཔོན་པོ་མེད་པའི་མངའ་འབངས་མི་སེར་འདྲ། །

ཁྲལ་འཇལ་ཁྲིམས་ཁུར་བྱས་ཀྱང་སྡུག་ལས་གཏོང་། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

དཔའ་རྩལ་མེད་པའི་སྟག་ཤར་གཞོན་པ་འདྲ། །

སྤྱང་གྲུང་འཛོམས་ཀྱང་དགྲ་འདུལ་གཉེན་མི་འཁྱོངས། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

སྒོ་ལོ་མེད་པའི་སྨན་ཆུང་བུ་མོ་འདྲ། །

རྒྱུན་གོས་གཡུ་བྱུར་འཛོམས་ཀྱང་གྲོགས་མི་རྙེད། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

ཁ་ལོ་མེད་པའི་མགྱོགས་ཆེན་རྟ་ཕོ་འདྲ། །

བང་འགྲོས་རྩལ་གསུམ་འཛོམས་ཀྱང་རིན་ཐང་ཆུང་། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

རྒྱབ་ཤེད་མེད་པའི་སྨུག་ཆུང་དྲེའུ་འདྲ། །

ཆུ་ཆག་བྱིན་ནས་གསོས་ཀྱང་ཕན་མི་ཐོགས། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

ཟོག་ནོར་མེད་པའི་ཚོང་པ་ཧ་ལོག་འདྲ། །

ལུས་སེམས་བྲེལ་བ་ཆེ་ཡང་དགོས་དོན་མེད། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

བྱིན་རླབས་མེད་པ་ལམ་ཁའི་མན་ཐང་འདྲ། །

དད་གུས་བྱས་ནས་སྐོར་བ་བསྐོར་མི་མེད། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

གཤོག་རྩལ་མེད་པའི་འདབ་ཆགས་བྱ་དང་འདྲ། །

གནམ་ལ་འཕུར་ཀྱང་ས་གཞིའི་སྟེང་དུ་ལྷུང་། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང། །

རྩྭ་ཆུ་མེད་པའི་བྱང་ཐང་ལུང་སྟོང་འདྲ། །

བྱེས་མགྲོན་འཁོར་ཀྱང་གཞིས་ཆགས་སྡོད་མི་མེད། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །

མཛེ་ནད་དྲག་པོས་བཟུངས་བའི་ནད་པ་འདྲ། །

འཁོར་མི་ཉུང་ཞིང་ཡོང་མཁན་སྐྱུག་བྲོ་བྱེད། །

དེ་ཚོ་བསམས་ནས་མ་བུ་འབྲལ་མེད་མཛོད། །

ཨ་མ་ཁྱིམ་ལ་ཅིས་ཀྱང་ལོག་རོགས་མཛོད། །

ཅེས་ཞུས་པ་ན། སྣང་ས་རང་ཡང་བུ་ཆུང་ལྷའུ་དར་པོ་ལ་ཤིན་ཏུ་སྙིང་རྗེ་སྐྱེས་ནས་སྤྱན་ཆབ་མང་པོ་རང་དབང་མེད་པར་ཤོར་ཀྱང་བུ་ཆུང་གི་འདོད་པ་ལྟར་ཁྱིམ་ལ་ལོག་ན་ཆོས་ལ་བར་ཆད་བྱེད་པར་དགོངས་ཏེ་བུ་ཆུང་ལྷའུ་དར་པོའི་དབུ་ལ་སྣང་སའི་ཕྱག་དར་དཀར་གྱི་ཡོལ་བ་བརྐྱངས་པ་ལྟ་བུ་དེས་བྱིལ་བྱིལ་མཛད་བཞིན་དུ་སྣང་སས་བུ་ཆུང་ལ་གླུ་འདི་བཞེས་སོ། །

ཕ་གཅིག་བླ་མ་རྣམས་ལ་ཕྱག་འཚལ་ལོ། །

མ་དང་མཁའ་འགྲོའི་ཚོགས་ལ་སྙིང་ནས་འདུད། །

ཚུར་ལ་གསོན་དང་ཁོག་ནང་སྙིང་གི་བུ། །

ལྷའུ་དར་པོ་ཨ་མའི་གླུ་ལ་ཉོན། །

ཨ་མ་ང་ནི་རོ་ལངས་ག་ནས་ཡིན། །

ལན་གཅིག་ཤི་ནས་འདས་ལོག་བྱུང་བ་ཡིན། །

འདི་འདྲ་རྨི་ལམ་སྒྱུ་མ་ཅི་ལ་ཡིན། །

མངོན་སུམ་བདེན་པ་ཡིན་པས་དགའ་བར་མཛོད། །

འོན་ཀྱང་སྐྱེ་བ་ཐམས་ཅད་མི་འཆི་ཞིང་། །

ཤི་ཚད་ཐམས་ཅད་འདས་ལོག་ག་ནས་ཡོང་། །

དེ་ཕྱིར་ཨ་མས་ལྷ་ཆོས་མ་བྱས་ན། །

མི་རྟག་འཆི་བ་ནམ་ཡོང་ཆ་མེད་ཡིན། །

གངས་སེང་དཀར་མོ་གཡུ་རལ་རྒྱས་པ་དེ། །

གངས་རི་དཀར་པོ་ང་ལ་མ་ཆགས་ཤིག །

ང་ལས་ལྷག་པ་གངས་དཀར་ཏེ་སེ་ཡོད། །

གངས་རི་ང་ནི་ཉི་མས་བཞུ་ཉེན་འདུག

ཐང་དཀར་རྒོད་པོ་གཤོག་རྩལ་འཛོམས་པ་ཁྱོད། །

བྲག་སྟོད་མཐོན་པོ་ང་ལ་མ་ཆགས་ཤིག །

ང་ལས་ལྷག་པ་རི་རྒྱལ་ལྷུན་པོ་ཡོད། །

བྲག་རི་ང་ནི་ཐོག་གིས་གཏོར་ཉེན་འདུག །

བཅོ་བརྒྱད་ཤ་བ་དུང་རྭ་རྒྱས་པ་ཁྱོད། །

སྤང་སྟོད་བདེ་མོ་ང་ལ་མ་ཆགས་ཤིག

ང་ལས་ལྷག་པ་རྩྭ་ཆུ་གང་འཛོམས་ཡོད། །

སྤང་རི་ང་ནི་སད་ཀྱིས་ཁྱེར་ཉེན་འདུག །

ཉ་ཆུང་གསེར་མིག་འཁྱུག་འགྲོས་མཁས་པ་ཁྱོད། །

མཚོ་སྟོད་མཐོན་པོ་ང་ལ་མ་ཆགས་ཤིག །

ང་ལས་ལྷག་པ་རྒྱ་མཚོ་ཆེན་པོ་ཡོད། །

མཚོ་མོ་ང་ནི་ཐན་པས་སྐམ་ཉེན་འདུག

གསུང་སྙན་འགྱུར་བའི་ལྕང་གླིང་འཇོལ་མོ་ཁྱོད། །

ལྕང་གླིང་གྲུ་བཞི་ང་ལ་མ་ཆགས་ཤིག

ང་ལས་ལྷག་པའི་སྐྱེད་ཚལ་ཀླུ་སྡིངས་ཡོད། །

ལྕང་མ་ང་ནི་ནམ་མཇུག་བསྡུ་ཉེན་འདུག །

དངུལ་གཤོག་ཅན་གྱི་གསེར་སྦྲང་བུང་བ་ཁྱོད། །

ཧ་ལོའི་མེ་ཏོག་ང་ལ་མ་ཆགས་ཤིག །

ང་ལས་ལྷག་པའི་པད་སྡོང་ལྡུམ་རྭ་ཡོད། །

མེ་ཏོག་ང་ནི་སེར་བས་བཅོམ་ཉེན་འདུག །

ཨ་མའི་བུ་ཆུང་ལྷའུ་དར་པོ་ཁྱོད། །

འདས་ལོག་སྣང་ས་ང་ལ་མ་ཆགས་ཤིག །

ང་ལས་ལྷག་པ་དཔོན་པོ་ཡབ་སྲས་ཡོད། །

ཨ་མར་མི་རྟག་འཆི་བ་འབྱུང་ཉེན་འདུག །

དེ་ཚོ་གསན་པ་ཨེ་བྱུང་ཨ་མའི་བུ། །

ལྷའུ་དར་པོའི་ཐུགས་ལ་དེ་ལྟར་ཞོག །

ཅེས་གསུངས་པ་ན། སྲས་ལྷའུ་དར་པོས་ཡུམ་སྣང་ས་འོད་འབུམ་ལ་སླར་ཡང་ཞུ་བ་ནན་ཏན་འདི་ལྟར་ཞིག་ཕུལ་ལོ། །

བརྩེ་བས་ཐུགས་རྗེས་རྟག་པར་རྗེས་བཟུང་བ། །

བྱམས་མགོན་ཨ་མ་ཡང་གཅིག་བདག་ལ་གསོན། །

ཕ་མས་འཁོར་བའི་ས་བོན་མ་བཏབ་ན། །

བུ་ངས་འཁོར་བའི་འདོགས་ཐག་ཅི་ལ་བྱེད། །

གངས་སྟོད་མཐོན་པོའི་སེང་གེ་དཀར་མོ་ང་། །

གངས་རི་དཀར་པོ་ཁྱོད་ལ་མ་ཆགས་ན། །

ཁ་ཆར་བུ་ཡུག་གནོད་པ་མ་བྱུང་ཡང་། །

དར་སེང་དཀར་མོ་གཡུ་རལ་རྒྱས་དུས་མེད། །

སེང་གེ་ང་ལ་གཡུ་རལ་མ་རྒྱས་བར། །

གངས་རི་དཀར་པོ་ཅིས་ཀྱང་བཞུགས་རོགས་མཛོད། །

དར་སེང་དཀར་པོ་གཡུ་རལ་རྒྱས་པའི་དུས། །

གངས་དང་སེང་གེ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་གངས་རི་ཉི་མས་མ་བཞུ་བར། །

དགོང་མོའི་གྲིབ་སོ་མགྲོན་དུ་བོས་པས་ཆོག །

བྲག་སྟོད་མཐོན་པོའི་ཐང་དཀར་རྒོད་པོ་ང་། །

མཐོ་བཙན་བྲག་དམར་ཁྱོད་ལ་མ་ཆགས་ན། །

མདའ་མཁན་དཔའ་བོའི་གནོད་པ་མ་བྱུང་ཡང་། །

ཐང་དཀར་རྒོད་པོ་གཤོག་སྒྲོ་སྐྱེ་དུས་མེད། །

རྒོད་པོ་ང་ཡི་རྩེ་སྒྲོ་མ་སྐྱེས་བར། །

བྲག་སྟོད་མཐོན་པོ་ཅིས་ཀྱང་བཞུགས་རོགས་མཛོད། །

ཐང་དཀར་རྒོད་པོ་རྩེ་སྒྲོ་རྒྱས་པའི་དུས། །

བྲག་དང་རྒོད་པོ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་བྲག་རི་ཐོག་གིས་མི་གཏོར་བར། །

ནུས་ལྡན་སྔགས་འཆང་མགྲོན་དུ་བོས་པས་ཆོག །

སྤང་སྟོད་མཐོན་པོའི་ཤ་བ་སྨུག་ཆུང་ང་། །

སྤང་ལྗོངས་བདེ་མོ་ཁྱོད་ལ་མ་ཆགས་ན། །

ལིང་པ་ཁྱི་ཁྲིད་གནོད་པ་མ་བྱུང་ཡང་། །

ཤ་བ་སྨུག་ཆུང་དུང་རྭ་རྒྱས་དུས་མེད། །

ཤ་བ་སྨུག་ཆུང་དུང་རྭ་མ་རྒྱས་བར། །

སྤང་སྟོད་མཐོན་པོ་ཅིས་ཀྱང་བཞུགས་རོགས་མཛོད། །

ཤ་བ་སྨུག་ཆུང་དུང་རྭ་རྒྱས་པའི་དུས། །

སྤང་དང་ཤ་བ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་སྤང་རི་སད་ཀྱིས་མི་འཁྱེར་བ། །

ལྷོ་སྤྲིན་སྨུག་པོ་མགྲོན་དུ་བོས་པས་ཆོག །

མཚོ་སྟོད་མཐོན་པོའི་ཉ་ཆུང་གསེར་མིག་ང་། །

གཙང་ཆབ་སྔོན་མོ་ཁྱོད་ལ་མ་ཆགས་ན། །

ལྕགས་ཀྱུ་ངར་མའི་གནོད་པ་མ་བྱུང་ཡང་། །

ཉ་མོས་ལུས་ཀྱི་འཁྱུག་འགྲོས་ཤེས་དུས་མེད། །

ཉ་མོ་ང་ལ་གསེར་མིག་མ་རྒྱས་བར། །

གཙང་ཆབ་སྔོན་མོ་ཅིས་ཀྱང་བཞུགས་རོགས་མཛོད། །

ཉ་ཆུང་གསེར་མིག་འཁྱུག་འགྲོས་ཡོང་བའི་དུས། །

མཚོ་དང་ཉ་མོ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་མཚོ་མོ་ཐན་པས་མི་སྐམ་པ། །

མཚོ་སྨན་རྒྱལ་མོ་མགྲོན་དུ་བོས་པས་ཆོག །

ལྕང་གླིང་གྲུ་བཞིའི་བྱེའུ་ཆུང་འཇོལ་མོ་ང་། །

སྐྱེད་ཚལ་ཀླུ་སྡིངས་ཁྱོད་ལ་མ་ཆགས་ན། །

བྱ་ཁྲ་ཧོར་པའི་གནོད་པ་མ་བྱུང་ཡང་། །

བྱེའུ་ཆུང་གསུང་སྙན་འགྱུར་ཁུག་ཤེས་དུས་མེད། །

བྱེའུ་ཆུང་འཇོལ་མོ་གསུང་སྙན་མ་ཤེས་བར། །

ལྕང་གླིང་གྲུ་བཞི་ཅིས་ཀྱང་བཞུགས་རོགས་མཛོད། །

བྱེའུ་ཆུང་འཇོལ་མོས་སྙན་འགྱུར་ཤེས་པའི་དུས། །

ལྕང་གླིང་བྱིའུ་ཆུང་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་ལྕང་གླིང་ནམ་མཇུག་མི་བསྡུ་བ། །

དབྱར་སོས་ནམ་ཟླ་མགྲོན་དུ་བོས་པས་ཆོག །

ལྡུམ་རའི་ནང་གི་སྟག་ཆུང་བུང་བ་ང་། །

ཧ་ལོའི་མེ་ཏོག་ཁྱོད་ལ་མ་ཆགས་ན། །

བྱ་དང་བྱིའུའི་གནོད་པ་མ་བྱུང་ཡང་། །

གསེར་སྦྲང་ང་ལ་དངུལ་གཤོག་རྒྱས་དུས་མེད། །

སྟག་ཆུང་བུང་བས་སྦྲང་རྩི་མ་བསགས་བར། །

ཧ་ལོའི་མེ་ཏོག་ཅིས་ཀྱང་བཞུགས་རོགས་མཛོད། །

སྟག་ཆུང་བུང་བས་སྦྲང་རྩི་ལོན་པའི་དུས། །

མེ་ཏོག་སྦྲང་བུ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་མེ་ཏོག་སད་ཀྱིས་མི་འཁྱེར་བར། །

བུམ་པའི་རྒྱན་ཆར་མགྲོན་དུ་བོས་པས་ཆོག །

ཨ་མའི་བུ་ཆུང་ལྷའུ་དར་པོ་ང་། །

དྲིན་ཅན་ཨ་མ་ཁྱོད་ལ་མ་ཆགས་ན། །

མི་རྟག་འཆི་བའི་གནོད་པ་མ་བྱུང་ཡང་། །

བུ་ཆུང་ང་ལ་ལུས་སྐྱེས་ཡོང་དུས་མེད། །

ལྷའུ་དར་པོ་རང་མགོ་མ་ཐོན་བར། །

ཨ་མ་སྣང་ས་ཅིས་ཀྱང་བཞུགས་རོགས་མཛོད། །

ཨ་མའི་བུ་ཆུང་རང་མགོ་ཐོན་པའི་དུས། །

ངེད་རང་མ་བུ་སྡེབས་ནས་ལྷ་ཆོས་བྱེད། །

དེ་བར་ཨ་མ་གློ་བུར་མི་འཆི་བའི། །

ཚེ་དབང་ཞུ་ཞིང་ཚེ་སྒྲུབ་བྱས་པས་ཆོག །

ཨ་ནེ་སྙིད་མོས་དཀྲུག་ཤིང་བྱས་པ་ལ། །

གསན་ནས་ཡབ་དང་མེས་པོས་བརྡུངས་ན་ཡང་། །

བཟོད་པ་ཆོས་ཀྱི་སྙིང་པོ་ཡིན་དགོངས་ཏེ། །

ཁོང་ཁྲོ་མ་མཛད་ཁྱིམ་ལ་ལོག་རོགས་མཛོད། །

མཛའ་བའི་གྲོགས་དང་བརྩེ་བའི་བུ་ཆུང་གིས། །

སྡུག་བསྔལ་མཆི་མ་འདོན་ཞིང་ཞུས་པ་ལ། །

སྙིང་རྗེ་གཟིགས་ནས་གསན་དགོངས་མ་མཛད་ན། །

ཨ་མའི་ལྷ་ཆོས་དེ་འདྲས་གང་ཡོང་བ། །

བྱམས་དང་སྙིང་རྗེ་ཡོད་པའི་མི་དེ་ནི། །

ཁྱིམ་ན་བསྡད་ཀྱང་ལྷ་ཆོས་དེ་ག་ཡིན། །

སྙིང་རྗེ་མེད་པར་དབེན་པ་བརྟེན་ན་ཡང་། །

གཅན་གཟན་རི་རྩེ་འགྲིམས་དང་ཁྱད་ཅི་མེད། །

ཅེས་ཞུས་པའི་སྐབས་སུ་མྱང་སྟོད་རི་ནང་པའི་གཡོག་ཕོ་མོ་དང་མངའ་འབངས་མི་སེར་ཕལ་ཆེར་ནས་ཀྱང་རིམ་བཞིན་ཞུས་པ་ལ་བརྟེན་ནས་དཔོན་པོ་ཡབ་སྲས་ཀྱི་དབུས་སུ་ཕོ་གཡོག་བསོད་ནམས་དཔལ་བསྐྱེད་དང་། གཡོག་མོ་འཛོམས་པ་སྐྱིད་སོགས་དཔོན་གཡོག་འབངས་འཁོར་མི་སེར་ཚང་མས་ཀྱང་སྲས་ལྷའུ་དར་པོའི་ཞུ་བར་རྒྱབ་སྐྱོར་མང་དུ་བྱས་ཤིང་ལྷག་དོན་ཨ་ནེ་སྙིད་མོ་ནེ་ཙོ་ལེགས་དེ་ཡང་མོ་རང་གི་སྔོན་བྱས་ཀྱི་བྱ་བ་ངན་པ་རྣམས་ལ་འགྱོད་པ་དྲག་པོས་བཤགས་པ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་དེ་འདྲ་གཏན་ནས་མི་བྱེད་པའི་སྡོམ་སེམས་བྱེད་པར་ཨ་ལྕེ་སྣང་སའི་སྐུ་མདུན་དུ་འབྱོར་ཞིང་། ཨ་ལྕེ་སྣང་སའི་ཐུགས་ལ་ཡང་མྱང་སྟོད་པའི་དཔོན་གཡོག་ཚང་མས་ཞུ་ནན་ཆེན་པོ་ཁ་ཞེ་མེད་པར་བྱེད་པ་དང་། ལྷག་དོན་བུ་ཆུང་ལྷའུ་དར་པོ་དེ་ད་ལྟ་ན་ཚོད་ཤིན་ཏུ་ཕྲ་རུང་ཆོས་དང་འབྲེལ་བའི་གཏམ་ལན་དཔེ་དོན་སྦྱར་ནས་ཟེར་ཤེས་པ་འདི་འདྲ་ཤིན་ཏུ་ངོ་མཚར་ཆེ་ཞིང་། མ་ཟད་ཨ་ནེ་སྙིད་མོས་ཀྱང་སྔོན་བྱས་ལས་ལ་འགྱོད་བཤགས་དང་། ཕྱིན་ཆད་སྡོམ་སེམས་བྱེད་པ་འདི་ཡང་དཀོན་མཆོག་གི་བཀའ་དྲིན་ཡིན་འདུག་པས་ད་ཁོང་རྣམས་ཀྱི་བློ་སྣ་ཆོས་ལ་བསྒྱུར་ཐུབ་པ་ཞིག་བྱུང་ན་དགའ་མོ་ཨེ་ཡོང་སྙམ་སྟེ་སྲས་ལྷའུ་དར་པོས་དབུས་མྱང་སྟོད་པའི་དཔོན་གཡོག་ཚང་མའི་འདོད་པ་སྐོང་ཕྱིར་རེ་ཞིག་ཁྱིམ་ལ་བྱོན་པ་ཞལ་གྱིས་བཞེས་པ་ན། མཛེས་པའི་རྒྱན་དང་འཇམ་པའི་གོས་བཟང་པོ་རྣམས་ཨ་ལྕེ་སྣང་སའི་སྐུ་ལ་སླར་ཡང་བསྒྲོན་ཏེ་དེ་དག་ཐམས་ཅད་མྱང་སྟོད་རི་ནང་པའི་ཁྱིམ་དུ་ཕེབས་པ་ན་མེ་ཏོག་གི་ཆར་བབས་ཤིང་འབྲུག་གི་སྒྲ་དབྱངས་ལན་གསུམ་བསྒྲགས་པ་བཅས་བཀྲ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏེ་དེའི་ཚེ་འདས་ལོག་སྣང་ས་འོད་འབུམ་དེ་ནི་སྐུ་བྲག་སྟོང་སྤྲུལ་སྐུ་དང་མི་འབྲལ། གསུང་གསལ་སྟོང་ལོངས་སྐུ་དང་མི་འབྲལ། ཐུགས་བདེ་སྟོང་ཆོས་སྐུ་དང་མི་འབྲལ་བའི་ངང་ནས་མྱང་སྟོད་རི་ནང་པའི་འཁོར་འབངས་སྤྱི་དང་། ལྷག་དོན་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་དང་། ཨ་ནེ་སྙིད་མོའི་བློ་ཆོས་ལ་སྒྱུར་ཨེ་ཐུབ་དགོངས་ཏེ། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་ལ་སོགས་པའི་ཐེག་ཆེན་ཀྱི་ཆོས་སོ་སོའི་བསྐལ་པ་དང་འཚམས་པ་ཇི་འདྲ་ཞིག་གསུངས་ཀྱང་། དཔོན་པོ་ཡབ་སྲས་དང་ཨ་ནེ་སྙིད་མོ་ནི་སྡིག་སྒྲིབ་ཆེ་བའི་དབང་གིས་སོ་སོའི་བྱེད་པ་ལྟ་ཅི་ད་དུང་སྣང་ས་ཆོས་ལ་བྱོན་དོགས་ཀྱི་སྡུག་བསྔལ་བྱེད་ཅིང་སྣང་སས་ཁོང་རྣམས་པར་བཀུར་སྟི་དང་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་ཀྱང་བློ་སྣ་ཆོས་ལ་བསྒྱུར་མི་ཐུབ་པའི་ཐོག་ཏུ་སྣང་ས་རང་ཡང་ཆོས་ལ་ཕེབས་མ་ཐུབ་པར་ཤིན་ཏུ་སྐྱོ་ནས་ཉིན་མོ་ཟས་མི་ཟ། མཚན་མོ་མནལ་མ་ཁུག་པར་བཞུགས་ཙ་ན། དཔོན་པོ་ཡབ་སྲས་དང་ཨ་ནེ་སྙིད་མོས་མགྲིན་གཅིག་ཏུ་སྣང་ས་ལ་འདི་ལྟར་ཞུས་སོ། །

ཚུར་ལ་གསོན་དང་གཟུགས་མཛེས་ཡིད་འཕྲོག་མ། །

དཔོན་མོ་སྣང་ས་བདག་ཅག་རྣམས་ལ་གསོན། །

སྔར་བྱས་ལས་ལ་འགྱོད་པས་བཤགས་པ་དང་། །

ཕྱིན་ཆད་སྡོམ་སེམས་ཡང་དག་བྱས་པ་ནི། །

སྣང་སའི་ཐུགས་དང་འགལ་བ་མ་བྱས་པས། །

དེ་འདྲའི་ཐུགས་སེམས་སྐྱོ་དོན་མ་མཆིས་ཀྱང་། །

ཉིན་མོ་བཟའ་བཏུང་ཞལ་ལ་མི་གསོལ་ཞིང་། །

མཚན་མོ་གཟིམ་མལ་ནང་དུ་མནལ་མི་ཁུག །

དེ་འདྲའི་ཐུགས་སེམས་སྐྱོ་དོན་མ་མཆིས་ཀྱང་། །

ཡང་ན་སྐུ་ལུས་བསྙུང་གཞིས་མ་གཙེས་སམ། །

ཞེས་ཞུས་པས། སྣང་སས་དེའི་ལན་དུ།

སྐྱབས་སུ་མཆིའོ་བླ་མ་དཀོན་མཆོག་གསུམ། །

བྱིན་གྱིས་རློབས་ཤིག་ཡི་དམ་མཁའ་འགྲོའི་ཚོགས། །

བར་ཆད་སེལ་ཤིག་ཆོས་སྐྱོང་སྲུང་མ་རྣམས། །

བུ་མོའི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག

ཚུར་ལ་གསོན་དང་ཡབ་སྲས་ལྕམ་སྲིང་གསུམ། །

འདས་ལོག་སྣང་ས་བདག་ལ་ཚུར་གསོན་དང་། །

ཚེ་འདིར་དགོས་པའི་ལྟོ་གོས་གཏམ་གསུམ་པོ། །

མ་བྱུང་བསམས་ནས་སྐྱོ་བ་སྐྱེས་པ་མིན། །

ལུས་ལ་འབྱུང་བཞི་འཁྲུགས་པའི་ནད་ཀྱང་མེད། །

སེམས་ལ་མི་འདོད་སྡུག་བསྔལ་གཞན་མེད་ཅིང་། །

ཁྱེད་རང་རྣམས་ཚོས་ལྷ་ཆོས་མི་བྱེད་ཁར། །

ང་ཡང་ཆོས་ལ་མ་བཏང་སེམས་པ་སྐྱོོ། །

གནས་ཁང་ལྷ་ཡུལ་ཡིན་ཀྱང་དྭངས་མ་སྤྲོ། །

བཟའ་བཏུང་བདུད་རྩི་ཡིན་ཡང་ཡིད་མ་མགུ། །

ཉེ་འབྲེལ་ལྷ་ཚོགས་ཡིན་ཀྱང་སེམས་མ་ཤོར། །

བུ་ཆུང་ལྷ་ཕྲུག་ཡིན་ཀྱང་བློ་མི་ཆགས། །

ཡབ་སྲས་ལྕམ་སྲིང་ལྷ་ཆོས་མི་མཛད་ཀྱང་། །

འདས་ལོག་སྣང་ས་ཆོས་ལ་གཏོང་བ་ཞུ། །

ཕྱིས་ཀྱང་བུ་མོ་ཆོས་ལ་མ་བཏང་ན། །

ལན་གཅིག་ཕ་མ་དྲན་པས་གཏོང་རོགས་མཛོད། །

ཅེས་གསུངས་པ་ན། དཔོན་པོ་སྒྲ་ཆེན་པ་ཡབ་སྲས་ཀྱི་ཐུགས་ལ་དེ་སྔ་ཕན་སྣང་ས་ལ་བྱས་ཉེས་མེད་བཞིན་དུ་ཨ་ནེ་སྙིད་མོའི་ཁ་ལ་ཉན་ཏེ་བརྡུང་ཐག་བཏང་བར་བརྟེན་ཤི་རྐྱེན་ངན་པ་བྱུང་བ་སོགས་ནི་དགོངས་དག་པ་འདུག་ཀྱང་། དེང་སྐབས་ནི་ཚང་མས་མི་སྙན་པ་སྦྲང་སྐད་ཙམ་ཟེར་མི་མེད་བཞིན་དུ་ད་དུང་བློ་བག་མི་ཕེབས་པའི་ཁུལ་བྱེད་པ་འདི་འདྲ་མ་འོས་ཀྱང་། ད་ལབ་ལབ་མང་ན་ནི་སྔར་བཞིན་དུ་ཕན་ཚུན་ཚང་མ་འགྱོད་པ་དྲག་པོ་སྐྱེ་དགོས་པ་ཞིག་འོང་བ་འདུག མ་ལབ་ན་ནི་དགོས་རྒྱུའི་འཇིག་རྟེན་པའི་ལས་མི་བྱེད་པར་དམ་པའི་ལྷ་ཆོས་ཟེར་བ་དེ་ལ་གཤོར་གཤོར་འདི་ཁ་རྒྱུན་མི་ཆད་དུ་བྱེད་པ་འདུག དེ་ལས་སྣང་ས་རང་མྱང་སྟོད་རི་ནང་པའི་བག་མར་འབྱོར་བ་ནས་ད་བར་གཉེན་འཕྲད་ལའང་སང་ཡོང་གནངས་ཡོང་གིས་ཕྱི་འགྱངས་ཁོ་ན་ལས་གཏོང་རྒྱུ་མ་བྱུང་བའི་ཐོག་ཏུ་མགྱོགས་པའི་སྔོན་ལ་སླེབས་ཆེན་གྱི་དཔེ་ལྟར་རང་གཞན་ཚང་མར་འགྱོད་ཐལ་གྱི་བྱ་བ་དེ་འདྲ་བྱུང་སོང་གཤིས་ཕ་མ་དྲན་པ་ནི་ཅིས་ཀྱང་བདེན་ངེས་བཅས་དེས་ན་སྣང་ས་བུ་ཆུང་དང་ལྷན་ཅིག་ཕ་མའི་སར་གཉེན་འཕྲད་ལ་བཏང་ན་བུ་ཆུང་དང་ཕ་མར་ཆགས་ནས་ཆོས་ལ་འགྲོ་མི་ཐུབ་པའི་ཐོག་ཏུ་ཕ་མ་གཉིས་ནས་ཀྱང་རང་གི་བུ་མོ་ལ་འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད་ཀྱི་བསླབ་བྱ་བྱས་ཏེ་བློ་སྐྱེད་ཐོན་པ་ཞིག་ཡོང་འདྲ་སྙམ་ནས་འཁྱོས་མ་བཟང་པོ་བསྐུར་ཏེ་བུ་ཆུང་ལྷའུ་དར་པོ་དང་ལྷན་ཅིག་དཔོན་མོ་སྣང་ས་འོད་འབུམ་དེ་ནི་རང་གི་ཕ་གཞིས་ལྗང་ཕད་ཁུད་དུ་སྣང་སའི་ཡབ་ཡུམ་གྱི་དྲུང་དུ་འཁོར་ཞག་གཉེན་འཕྲད་ལ་བཏང་བས། གཡོག་མོ་འཛོམས་པ་སྐྱིད་ལ་སྲས་ལྷའུ་དར་པོ་རྒྱབ་ཏུ་བསྐུར་ནས་འདས་ལོག་སྣང་ས་ཡུམ་སྲས་གཉིས་གཡོག་མོ་དང་བཅས་མྱང་སྟོད་རི་ནང་པའི་ཁྱིམ་ནས་ལྗང་ཕད་ཁུད་གཞིས་སུ་ཕེབས་པ་ན། དེ་སྐབས་མྱང་ཆུ་ཤིན་ཏུ་རྒྱས་ཏེ་རྒྱལ་རྩེ་དང་རྩེ་ཆེན་གྱི་ཟམ་ཆེན་ལ་མ་ཐར་བས་འགྲུལ་པ་རྣམས་ཀོ་གྲུས་སྒྲོལ་འདོད་བྱེད་དགོས་པ་ལ་ཐུག་ནས་ཨ་ལྕེ་སྣང་སས་མཉན་དཔོན་ལ་ཀོ་བ་གཏོང་རོགས་གྱིས་ཞེས་གླུ་འདི་གསུངས་སོ། །

མྱང་ཆུའི་ཕ་རིར་བཞུགས་པའི་མཉན་དཔོན་གྱི་ཞལ་ངོ་། །

བུ་མོ་ཨ་མ་དྲན་བྱུང་ཀོ་བ་ནག་ཆུང་ཐོངས་ཤོག །

མྱང་ཚ་གསལ་སྒྲོན་དྲན་བྱུང་ཀོ་བ་ནག་ཆུང་ཐོངས་ཤོག །

བུ་མོ་ཡབ་ཆེན་དྲན་བྱུང་གྲུ་ཤན་རྟ་མགོ་ཐོངས་ཤོག །

ཀུན་བཟང་བདེ་ཆེན་དྲན་བྱུང་གྲུ་ཤན་རྟ་མགོ་ཐོངས་ཤོག །

ཅེས་གསུངས་པས། མཉན་དཔོན་གྱིས་སྣང་ས་ལ་གླུ་ལན་འདི་བླངས་སོ། །

འགྲུལ་པ་ཕར་འགྲོ་བརྒྱ་ལ་ཚུར་ཡོང་སྟོང་ཙམ་ཡོང་གིས། །

ཀོ་གྲུར་འགྲོ་མི་ཡོད་ཚད་གཏོང་ལོང་ག་ནས་ཡོང་བ། །

བུ་མོ་ཨ་མ་དྲན་ན་ཆུ་ལ་བརྒལ་ནས་ཕེབས་ཤིག །

བུ་མོ་ཨ་མ་དྲན་ན་ཆུ་ལ་མཆོངས་ནས་ཕེབས་ཤིག །

ཟེར་བ་ན་ཨ་ལྕེ་སྣང་སས་མཉན་དཔོན་ལ་གླུ་འདི་གསུངས་སོ། །

མཉན་དཔོན་དེ་འདྲ་མ་གསུངས་ཀོ་བ་ནག་ཆུང་ཐོངས་ཤོག །

ཨ་ཀྱང་དེ་འདྲ་མ་གསུངས་གྲུ་ཤན་རྟ་མགོ་ཐོངས་ཤོག །

རྟ་ཕོ་ཆག་གིས་བསོས་ནས་རྐང་ཐང་འགྲོ་དགོས་བྱུང་ན། །

རྟ་ར་གྲུ་བཞིའི་ནང་དུ་བཏགས་དང་མ་བཏགས་མི་འདུག །

ཞིང་ལས་སོ་ནམ་བྱས་ནས་རྩམ་པ་ཉོ་དགོས་བྱུང་ན། །

གྲོ་ནས་སྲན་མའི་ས་བོན་བཏབ་དང་མ་བཏབ་མི་འདུག །

ལས་སུ་ལྷ་ཆོས་བྱས་ནས་སངས་རྒྱས་དགྲ་རུ་ལངས་ན། །

རྣལ་འབྱོར་དབེན་པའི་རི་ཁྲོད་འགྲིམས་དང་མ་འགྲིམས་མི་འདུག །

ཆུ་ལ་ཀོ་གྲུ་ཡོད་ནས་རབ་ལ་འགྲོ་དགོས་བྱུང་ན། །

མཉན་དཔོན་ཞལ་ངོར་ཞུ་བ་ཕུལ་དང་མ་ཕུལ་མི་འདུག །

ཅེས་གསུངས་པས། ཡང་མཉན་དཔོན་དེས་ལན་དུ་འདི་ལྟར་ཟེར་རོ། །

སྐམ་པོའི་ཁ་བདེ་ལྕེ་བདེ་བློན་པའི་ཆུ་ལ་མི་འགྲོ །

ལ་ཁར་ཇག་པ་དབང་ཆེ་ཆུ་ཁར་མཉན་དཔོན་དབང་ཆེ། །

བུ་མོར་རྫུ་འཕྲུལ་ཡོད་ན་གནམ་ལ་འཕུར་ནས་ཆས་ཤོག །

བུ་མོར་སྐུ་དབང་ཡོད་ན་ཆུ་ལ་ཟམ་པ་ཚུགས་ཤོག །

སྙོམས་ཆུང་འགྲུལ་པ་ཡིན་ན་ང་ལ་ཀོ་གླ་ཁྱེར་ཤོག །

ཀོ་གླ་མེད་པའི་འགྲུལ་པར་གཏོང་དུ་དགོས་དོན་མི་འདུག །

མདའ་མོ་རྒྱག་དགོས་བསམས་ནས་མཆོག་དཀར་གཞུ་མོ་ཉོས་ཡོད། །

གར་བརྒྱབ་འབེན་ལ་མ་ཕོག་མདའ་གཞུའི་དགོས་པ་མི་འདུག །

ཕྱུག་པོ་ཨེ་ཡོང་བསམས་ནས་ལྷོ་ཚོང་བྱང་ཚོང་བྱས་ཡོད། །

བུ་ལོན་ལེན་དགོས་བྱུང་ན་ཚོང་པ་བྱས་ནས་གང་ཡོང་། །

མཛེས་པོ་ཨེ་ཡོང་བསམས་ནས་གཡུ་ཕྲ་གསེར་གྱིས་བསྐོར་ཡོད། །

ཁྲོམ་ཐོག་གཅོད་རྒྱུ་མེད་ན་རིན་གོང་སྤྲད་ནས་གང་བྱེད། །

ཀོ་གླ་ཨེ་ཡོང་བསམས་ནས་ཀོ་གྲུ་མཉན་པས་བསྒྲིགས་ཡོད། །

གླ་མེད་སྒྲོལ་འདོན་བྱེད་པ་དཀའ་ལས་ཁག་རོགས་ཡིན་འདུག །

ཅེས་ཟེར་བ་ན་སྣང་སའི་ཐུགས་ལ་ཆུ་ཁར་མཉན་པ་ལ་ཁར་ཇག་པ་ཟེར་བ་ཤིན་ཏུ་བདེན་ཀོ་གླ་ཞིག་མ་སྤྲད་ན་ཡོང་རྒྱུ་མི་འདུག་དགོངས་ཏེ་སླར་ཡང་མཉན་པ་ལ་གླུ་འདི་གསུངས་སོ། །

མཉན་དཔོན་ཞལ་ངོ་ཐུགས་བདེན་བུ་མོས་ཀོ་གླ་ལོས་འབུལ། །

ཕ་མ་དྲན་པས་མི་ཆོག་མི་རྟག་འཆི་བ་དྲན་བྱུང་། །

ལན་གཅིག་ཕ་མ་འཕྲད་ནས་ལྷ་ཆོས་བྱེད་དགོས་ཡོད་དོ། །

མཉན་དཔོན་ཞལ་ངོ་དབའ་ཤེས་ཀོ་གྲུ་གང་མགྱོགས་ཐོངས་ཤོག །

བུ་མོའི་གཙུག་གཡུ་གྲུ་དམར་བླ་མར་འབུལ་དགོས་ཡོད་དོ། །

དེ་འོག་གཡུ་ཆུང་གྲུ་དཀར་མཉན་དཔོན་ལགས་སུ་འབུལ་ལོ། །

ལན་གཅིག་ཕ་མ་འཕྲད་དེ་ལྷ་ཆོས་བྱེད་དགོས་ཡོད་དོ། །

མཉན་དཔོན་ཞལ་ངོ་དབའ་ཤེས་ཀོ་གྲུ་གང་མགྱོགས་ཐོངས་ཤོག །

སོར་གདུབ་གཡུ་ཡི་ཕྲ་ལྡན་བླ་མར་འབུལ་དགོས་ཡོད་དོ། །

བུ་མོའི་གཡས་དུང་དཀར་པོ་མཉན་དཔོན་ལགས་ལ་འབུལ་ལོ། །

ལན་གཅིག་ཕ་མ་འཕྲད་ནས་ལྷ་ཆོས་བྱེད་དགོས་ཡོད་དོ། །

མཉན་དཔོན་ཞལ་ངོ་དབའ་ཤེས་ཀོ་གྲུ་གང་མགྱོགས་ཐོངས་ཤོག །

གཡུ་ཆུང་མུ་ཏིག་མགོ་རྒྱན་བླ་མར་འབུལ་དགོས་ཡོད་དོ། །

ཁ་ཆེ་སྤོས་ཤེལ་སྐེ་རྒྱན་མཉན་དཔོན་ལགས་ལ་ཕུལ་ཆོག །

ལན་གཅིག་ཕ་མ་འཕྲད་ནས་ལྷ་ཆོས་བྱེད་དགོས་ཡོད་དོ། །

མཉན་དཔོན་ཞལ་ངོ་དཔའ་ཤེས་ཀོ་གྲུ་གང་མགྱོགས་ཐོངས་ཤོག །

ཅེས་གསུངས་ནས་རྒྱན་གོས་རྣམས་ཕུད་དེ་ཀོ་གླ་སྤྲོད་དུ་ཕེབས་པས་ན་གཟུགས་མཛེས་ཤིང་གསུང་སྙན་པའི་ཐོག་ཏུ་ཐུགས་རྒྱུད་བྱང་སེམས་དང་ལྡན་པས་རང་གི་གོས་ལའང་ཕངས་པ་མེད་པར་གཏོང་ཕོད་མཛད་པ་ལ་མཉན་དཔོན་ཧ་ལས་ཡིད་ཆེས་ཏེ། བུ་མོ་ཁྱོད་སུ་ཡིན་དྲིས་པས་ང་མྱང་སྟོད་རི་ནང་པའི་དཔོན་མོ་སྣང་ས་འོད་འབུམ་བྱ་བ་དེ་ཡིན་གསུངས་པ་ན། སྣང་ས་འོད་འབུམ་འདས་ལོག་མཛད་དེ་མཐོང་ཐོས་དྲན་རེག་གི་གདུལ་བྱ་རྣམས་ལ་འགྲོ་དོན་རྒྱ་ཆེར་མཛད་པའི་སྙན་གྲགས་ཐོས་ཏེ་ཀོ་གླར་གནང་བ་རྣམས་ཀྱང་མ་བླངས་པར་ཕར་ཕུལ་ནས་ཕྱག་འཚལ་བྱིན་རླབས་ཞུས་ཤིང་། དེའི་དུས་གྲུ་ཁར་ཡོད་པའི་སྐྱེ་བོ་ཕོ་མོ་རྣམས་ཀྱིས་ཐོག་དྲངས་ཉེ་འཁོར་གྱི་མི་རྣམས་ཀྱིས་འདས་ལོག་སྣང་ས་འོད་འབུམ་གྱི་ཞལ་མཇལ་གསུང་ཉན་ལ་ཡོང་བ་རྣམས་ཀྱང་འཛོམས་ཏེ་བདག་ཅག་རྣམས་ཀྱི་སེམས་ལ་ཕན་པའི་གསུང་གཞས་གཅིག་གནང་དགོས་ཞེས་ཞུས་པ་ན་སྣང་ས་རང་གི་གོས་རྒྱན་དཔེ་རུ་བླངས་པའི་གླུ་འདི་ལྟར་ཞིག་བཞེས་སོ། །

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

ཡི་དམ་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །

ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བར་ཆད་སེལ། །

བུ་མོའི་བསམ་པ་ཆོས་བཞིན་འགྲུབ་པར་ཤོག །

འདི་ན་ཚོགས་པའི་རྒན་གཞོན་ཕོ་མོ་རྣམས། །

འདས་ལོག་སྣང་ས་ང་ལ་རྣ་བ་ཉོན། །

བུ་མོས་སྐད་ངོམ་བྱས་པ་མ་ཡིན་ཏེ། །

ཁྱེད་རང་རྣམས་ཚོས་ང་ལ་གླུ་ལོངས་ཟེར། །

འཇིག་རྟེན་བྱ་བ་འདི་ལ་ཞེ་ཁྲེལ་ནས། །

གོས་རྒྱུན་དཔེ་རུ་བླངས་པའི་གཞས་གཅིག་འཐེན། །

བུ་མོའི་སྤྱི་བོའི་སྟེང་གི་སྤྱི་ཁེབས་འདི། །

རྡོ་རྗེ་འཆང་ཆེན་ཡིན་ན་དགའ་བ་ལ། །

དེ་ཡི་འོག་གི་གཡུ་བྱུར་ལྟག་འཛར་འདི། །

རྒྱུད་པའི་བླ་མ་ཡིན་ན་སྐྱིད་པ་ལ། །

གཙུག་གཡུ་གྲུ་དམར་གསེར་གྱིས་བསྐོར་བ་འདི། །

རྩ་བའི་བླ་མ་ཡིན་ན་དགའ་བ་ལ། །

དཔྲལ་བར་བཏགས་པའི་དཔྲལ་གཡུ་སྐོར་མོ་འདི། །

སངས་རྒྱས་དཀོན་མཆོག་ཡིན་ན་སྐྱིད་པ་ལ། །

སྐྲ་ལོ་ཉིས་ཁྲི་ཆིག་སྟོང་ལེན་བུ་འདི། །

དམ་ཆོས་དཀོན་མཆོག་ཡིན་ན་དགའ་བ་ལ། །

སྐྲ་ལོ་སྡོམ་བྱེད་དར་ཚོན་དམར་པོ་འདི། །

དགེ་འདུན་དཀོན་མཆོག་ཡིན་ན་སྐྱིད་པ་ལ། །

རྣ་བ་གཡས་ལ་བཏགས་པའི་ཀོང་རྣ་འདི། །

ཡི་དམ་དཔའ་བོ་ཡིན་ན་དགའ་བ་ལ། །

རྣ་བ་གཡོན་ལ་བཏགས་པའི་རྣ་རྒྱན་འདི། །

མཁའ་འགྲོ་དཔའ་མོ་ཡིན་ན་སྐྱིད་པ་ལ། །

སྤྱི་འཛར་མུ་ཏིག་སྟོང་གིས་བརྒྱན་པ་འདི། །

སངས་རྒྱས་སྟོང་སྐུ་ཡིན་ན་དགའ་བ་ལ། །

སྐེ་ལ་བཏགས་པའི་བྱུ་རུ་སྤོས་ཤེལ་འདི། །

ཆོས་སྐྱོང་སྲུང་མ་ཡིན་ན་སྐྱིད་པ་ལ། །

ལག་པ་གཡས་ལ་བརྒྱུས་པའི་དུང་སྒོར་འདི། །

དགོན་པའི་ཚོགས་དུང་ཡིན་ན་སྐྱིད་པ་ལ། །

ལག་པ་གཡོན་ལ་ཁྱེར་བའི་ཤེལ་ཕྲེང་འདི། །

ཡིག་དྲུག་བགྲང་ཕྲེང་ཡིན་ན་སྐྱིད་པ་ལ། །

སོར་མོ་རེ་ལ་བརྒྱུས་པའི་མཛུབ་རྒྱན་འདི། །

ཐབས་ཤེས་ཟུང་འཇུག་ཡིན་ན་དགའ་བ་ལ། །

སྐེད་ཟུར་གཡས་ལ་བཏགས་པའི་ཐུར་མ་འདི། །

དྲིལ་བུ་ཏིང་ཤག་ཡིན་ན་སྐྱིད་པ་ལ། །

སྐེད་ཟུར་གཡོན་ལ་བཏགས་པའི་མེ་ལོང་འདི། །

ཞིང་ཁམས་མན་ཌལ་ཡིན་ན་སྐྱིད་པ་ལ། །

སྟོད་ལ་གྱོན་པའི་འཇམ་ཕྲུགས་སྟོད་གོས་འདི། །

ཆོས་གོས་ངུར་སྨྲིག་ཡིན་ན་སྐྱིད་པ་ལ། །

སྨད་ལ་གྱོན་པའི་གོས་སྔོན་སུལ་མ་འདི། །

ཐང་ཤམ་དམར་པོ་ཡིན་ན་དགའ་བ་ལ། །

རྒྱབ་ཏུ་གྱོན་པའི་མོ་གཟན་སྣ་ལྔ་འདི། །

མི་ཆོས་རྒྱབ་སྐྱུར་ཡིན་ན་སྐྱིད་པ་ལ། །

མདུན་དུ་དཀྲིས་པའི་པང་གདན་མདུན་ཁེབས་འདི། །

ལྷ་ཆོས་པང་ལེན་ཡིན་ན་དགའ་བ་ལ། །

འདས་ལོག་བྱས་པའི་བུ་མོ་སྣང་ས་ང་། །

ཆོས་བཤད་བླ་མ་ཡིན་ན་སྐྱིད་པ་ལ། །

འདི་ན་ཚོགས་པའི་ཕོ་གཞོན་མོ་གཞོན་རྣམས། །

ཆོས་ཉན་གྲྭ་པ་ཡིན་ན་དགའ་བ་ལ། །

ང་ནི་འཁོར་བ་འདི་ལ་སྐྱོ་བ་སྐྱེས། །

སྣང་ས་མི་སྡོད་ལྷ་ཆོས་བྱེད་དུ་འགྲོ །

ཞེས་གསུངས་པ་ན། སྣང་ས་གླུ་གཞས་མཁས་ཤིང་། གསུང་སྙན་འགྱུར་འཛོམས་པའི་ཐོག་ཏུ་ཚིག་དེ་རྣམས་ཀྱི་དཔེ་འཇིག་རྟེན་ཕལ་པས་ཀྱང་གོ་བདེ་ལ་དོན་ཆོས་ཀྱི་གཏམ་ཤ་སྟག་ཡིན་པ་ཤེས་ནས་དེར་འདུས་པའི་སྐྱེ་བོ་ཕོ་མོ་ཚང་མས་ཕྱག་འཚལ་བྱིན་རླབས་ཞུས་ཏེ་སྡིག་པ་སྣ་རེ་རེ་ནས་སྤོང་གང་ཐུབ་དང་། དགེ་བ་སྣ་རེ་རེ་ནས་སྒྲུབ་གང་ཐུབ་བྱེད་པའི་དམ་བཅའ་ཕུལ་བར། སྣང་སས་ཀྱང་ད་ལན་ང་ཡི་གླུ་གཞས་དེས་འགྲོ་དོན་དགའ་མོ་བྱུང་སོང་དགོངས་ཏེ་ཐུགས་དགྱེས་པའི་སྒོ་ནས་གཡོག་མོ་འཛོམས་པ་སྐྱིད་ཀྱི་རྒྱབ་ཏུ་བུ་ཆུང་ལྷའུ་དར་པོ་བསྐུར་ཏེ་ཡུམ་སྲས་ལྷན་ཅིག་ལྗང་ཕད་ཁུད་ཀྱི་ཁྱིམ་དུ་ཕེབས་པ་ན། སྣང་སའི་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ཀ་རང་གི་བུ་མོ་སྣང་ས་འོད་འབུམ་དེ་དང་མ་མཇལ་བར་ཡུན་རིང་སོང་བའི་བབ་ཀྱིས་སྣང་ས་ཡུམ་སྲས་གཡོག་དང་བཅས་པ་གཉེན་འཕྲད་ལ་ཕེབས་པ་མཐོང་བས། ཡབ་ཀྱིས་ཕྱག་ཏུ་བཀྲ་ཤིས་པའི་ཁ་བཏགས་ཤིན་ཏུ་དཀར་བ་ཞིག་དང་། ཡུམ་གྱིས་ཕྱག་ཏུ་ཆང་དམ་བི་གང་ཁྱེར་ནས་མདའ་རྒྱང་གང་ཙམ་གྱི་སར་བསུ་བ་ལ་གཤེགས་ཏེ་གཞིས་བྱེས་མཇལ་མ་ཐག་ཡབ་ཡུམ་གཉིས་ནས་གླུ་འདི་གསུངས་སོ། །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ལགས། །

ཨ་མའི་བུ་མོ་རིགས་བཟང་མཁའ་འགྲོ་མ། །

ལྷའུ་དར་པོ་འཛོམས་པ་སྐྱིད་དང་བཅས། །

ཕ་མ་རྒན་རྒོན་གཉིས་ལ་ཚུར་གསོན་དང་། །

གངས་རི་དཀར་པོ་ཉི་མས་མ་བཞུ་གོང་། །

སེང་གེ་གངས་ལ་འཁོར་བ་བཀའ་དྲིན་ཆེ། །

གངས་དང་སེང་གེ་མ་མཇལ་ཡུན་རིང་སོང་། །

དར་སེང་དཀར་མོ་གཡུ་རལ་རྒྱས་ལགས་སམ། །

བྲག་རི་དམར་པོ་ཐོག་གིས་མ་གཏོར་གོང་། །

རྒོད་པོ་བྲག་ལ་འཁོར་བ་བཀའ་དྲིན་ཆེ། །

བྲག་དང་རྒོད་པོ་མ་མཇལ་ཡུན་རིང་སོང་། །

ཐང་དཀར་རྒོད་པོ་གཤོག་སྒྲོ་རྒྱས་ལགས་སམ། །

སྤང་རི་སྨུག་པོ་སད་ཀྱིས་མ་ཁྱེར་གོང་། །

ཤ་བ་སྤང་ལ་འཁོར་བ་བཀའ་དྲིན་ཆེ། །

སྤང་དང་ཤ་བ་མ་མཇལ་ཡུན་རིང་སོང་། །

ཤ་བ་སྨུག་ཆུང་དུང་རྭ་རྒྱས་ལགས་སམ། །

གཡུ་མཚོ་སྔོན་པོ་ཐན་པས་མ་སྐམ་གོང་། །

ཉ་ཆུང་ཆུ་ལ་འཁྱུགས་པ་བཀའ་དྲིན་ཆེ། །

མཚོ་དང་ཉ་མོ་མ་མཇལ་ཡུན་རིང་སོང་། །

གསེར་མིག་ཉ་མོ་འཁྱུག་འགྲོས་མཁས་ལགས་སམ། །

ལྕང་གླིང་གྲུ་བཞི་ལོ་འདབ་མ་ཟགས་གོང་། །

འཇོལ་མོ་ནགས་ལ་འཁོར་བ་བཀའ་དྲིན་ཆེ། །

ལྕང་གླིང་འཇོལ་མོ་མ་མཇལ་ཡུན་རིང་སོང་། །

བྱེའུ་འཇོལ་མོ་གསུང་སྐད་སྙན་ལགས་སམ། །

ལྡུམ་རྭའི་མེ་ཏོག་སེར་བས་མ་བཅོམ་གོང་། །

སྟག་ཆུང་བུང་བ་འཁོར་བ་བཀའ་དྲིན་ཆེ། །

མེ་ཏོག་སྦྲང་བུ་མ་མཇལ་ཡུན་རིང་སོང་། །

གསེར་སྦྲང་གཡུ་སྦྲང་དངུལ་གཤོག་རྒྱས་ལགས་སམ། །

ཕ་མ་རྒན་རྒོན་འཆི་བ་མ་བྱུང་གོང་། །

བུ་མོ་གཞིས་ལ་ཕེབས་པ་བཀའ་དྲིན་ཆེ། །

ཕ་མས་བུ་མོ་མ་མཇལ་ཡུན་རིང་སོང་། །

བུ་མོ་སྣང་ས་སྐུ་ཁམས་བདེ་ལགས་སམ། །

ཞེས་གསུངས་པ་ན་བུ་མོ་སྣང་ས་འོད་འབུམ་གྱིས་ཡབ་ཡུམ་གཉིས་ལ་གསུངས་ལན་གླུ་འདི་ཕུལ་ལོ། །

ལུས་སེམས་སྐྱེས་པའི་དྲིན་ཆེན་ཕ་མ་གཉིས། །

འདས་ལོག་སྣང་ས་བདག་ལ་ཚུར་གསོན་དང་། །

སྐྱེས་ནས་འཆི་བ་འཇིག་རྟེན་ཀུན་ལ་འདུག །

ཤི་ནས་ལོག་པ་ང་མིན་གཞན་ན་དཀོན། །

དར་སེང་དཀར་མོ་གཡུ་རལ་རྒྱས་པ་ལ། །

ཁ་ཆར་བུ་ཡུག་གནོད་པ་བྱུང་ལགས་ཀྱང་། །

དཔའ་རྩལ་འཛོམས་པའི་སླར་ཡང་སེང་གེ་ང་། །

གངས་དཀར་ཏེ་སེ་མཇལ་བས་སེམས་པ་དགའ། །

ཐང་དཀར་རྒོད་པོ་གཤོག་སྒྲོ་རྒྱས་པ་ལ། །

མདའ་མཁན་དཔའ་བོའི་གནོད་པ་བྱུང་ལགས་ཀྱང་། །

ནམ་འཕང་བཅད་དེ་སླར་ཡང་རྒོད་པོ་ང་། །

རྡོ་རྗེ་བྲག་རིར་སླེབས་པས་སྣང་བ་སྐྱིད། །

ཤ་བ་སྨུག་ཆུང་དུང་རྭ་རྒྱས་པ་ལ། །

ལིང་པ་ཁྱི་ཁྲིད་གནོད་པ་བྱུང་ན་ཡང་། །

རྭ་རྩེད་མཁས་པའི་སླར་ཡང་ཤ་བ་ང་། །

བདེ་མོའི་སྤང་ལ་འཁོར་བ་དྭངས་རེ་སྤྲོ། །

ཉ་ཆུང་གསེར་མིག་ལུས་འགྱུར་མཁས་པ་ལ། །

ལྕགས་ཀྱུ་ངར་མའི་གནོད་པ་བྱུང་ལགས་ཀྱང་། །

འཁྱུག་འགྲོས་མཁས་པའི་སླར་ཡང་ཉ་མོ་ང་། །

མ་ཕམ་གཡུ་མཚོར་འཁོར་བ་ཉམས་བསང་བདེ། །

བྱེའུ་ཆུང་འཇོལ་མོ་གསུང་སྙན་སྒྱུར་བ་ལ། །

བྱ་ཁྲ་ཧོར་པའི་གནོད་པ་བྱུང་ལགས་ཀྱང་། །

གྲེ་འགྱུར་མཁས་པའི་སླར་ཡང་འཇོལ་མོ་ང་། །

ལྕང་གླིང་གྲུ་བཞི་མཐོང་བས་ཤིན་ཏུ་སྨོན། །

གསེར་སྦྲང་གཡུ་སྦྲང་དངུལ་གཤོག་རྒྱས་པ་ལ། །

བྱ་དང་བྱེའུའི་གནོད་པ་བྱུང་ལགས་ཀྱང་། །

སྦྲང་རྩིའི་བཅུད་ཀྱི་སླར་ཡང་བུང་བ་ང་། །

མེ་ཏོག་པད་སྡོང་རྙེད་པས་ཡིད་དགའ་སྟེ། །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

གློ་བུར་མི་རྟག་འཆི་བ་བྱུང་ལགས་ཀྱང་། །

འདས་ལོག་བྱས་པའི་སླར་ཡང་བུ་མོ་ང་། །

དྲིན་ཆེན་ཕ་མ་མཇལ་བ་ངོ་མཚར་ཆེ། །

ཞེས་བྱ་བ་ལ་སོགས་པ་སྣང་ས་རང་ལ་བུ་ཆུང་ལྷའུ་དར་པོ་སྐྱེས་པ་དང་། མྱང་སྟོད་རི་ནང་པའི་ད་པོན་འབངས་བྱིངས་ནས་ཐུགས་བརྩེ་ཆེ་བ་མཛད་ཀྱང་ཨ་ནེ་སྙིད་མོས་ཕྲག་དོག་བསམ་ངན་གྱིས་དཀྲུག་ཤིང་སྣ་ཚོགས་བྱས་སྐོར་དང་། དེར་བརྟེན་སྙིང་རླུང་སྟོད་འཚང་གིས་གྲོངས་ནས་ཕུང་པོ་ཤར་གྱི་སྤང་རིའི་རྩེར་བསྐྱལ་ཞིང་། རྣམ་ཤེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འཁྱམས་པར་འཆི་བདག་གཤིན་རྗེ་རྒྱལ་པོའི་བཀའ་ཡི་གནང་བ་ཐོབ་སྟེ་འདས་ལོག་བྱེད་རྒྱུ་བྱུང་ཚུལ་སོགས་སྔོན་གྱི་བྱེད་ཚུལ་རྣམས་གསུང་མོལ་ཞིབ་ཏུ་མཛད་པར་བརྟེན། ཕ་མ་གཉིས་ཀྱང་དགའ་སྐྱོ་ཟུང་འབྲེལ་དུ་སྤྱན་ཆབ་བསིལ་ཞིང་ཞལ་འཛུམ་པ་དང་བཅས་སྣང་སའི་ཕྱག་ནས་འཇུས་ཏེ་འཇིག་རྟེན་གྱི་ཁ་རྒྱུན་ལ་རོ་དུར་ཁྲོད་ནས་ལོག་པ་ཟེར་བའི་གཏམ་དཔེ་དེ་ངའི་བུ་མོ་སྣང་ས་འོད་འབུམ་ལ་བྱུང་བ་ཡིན་འདུག་ཅེས་གསུངས་ཤིང་ནང་དུ་སྤྱན་དྲངས་ཏེ་ཚུར་ཡང་སྣང་ས་ཡུམ་སྲས་གཡོག་བཅས་ལ་བཞེས་ལན་ཞབས་ཏོག་གི་བསྙེན་བཀུར་ཕུན་སུམ་ཚོགས་ཤིང་ཕར་ཡང་འཁྱོས་མ་བཟང་ལ་རྒྱ་ཆེ་བ་མཛད་དེ་བཞུགས་ཙ་ན། ཉིན་གཅིག་སྣང་ས་ཐགས་རྭ་ལ་ཕེབས་པས་ཨ་ལྕེ་སྣང་ས་རི་ནང་པའི་ཁྱིམ་དུ་བག་མར་མ་ཕེབས་གོང་ལ་ཐགས་བཏགས་པའི་སྣམ་བུ་འཐག་འཕྲོ་དེ་གཟིགས་པས་ཡབ་ཡུམ་གཉིས་ཀྱི་ཞབས་དོར་ཡིན་པར་དགོངས་ནས་ཐགས་འཐག་རྩིས་མཛད་པར་ཡུམ་གྱི་ཞལ་ནས་རང་རེ་ལ་ལས་མི་འདི་ཙམ་བྱས་ཏེ་མྱང་སྟོད་རི་ནང་པའི་དཔོན་མོས་བཏགས་ན་ངོ་ཚ་མོད་གསུངས་པ་ན། སྣང་སས་ཡུམ་ལ་ཞུས་པ། ངོ་ཚ་ཤེས་ན་དལ་འབྱོར་མི་ལུས་ཐོབ་ནས་དམ་པའི་ལྷ་ཆོས་མི་བྱེད་པར་དོན་མེད་ལ་མི་ཚེ་སྟོང་ཟད་བྱེད་པ་རྣམས་ངོ་ཚ་ཡོང་། ཨ་མའི་གཟིགས་སྣང་ལ་བུ་མོས་མྱང་སྟོད་རི་ནང་པའི་དཔོན་མོ་བྱས་ན་གོ་ས་མཐོ་རུ་སོང་བ་ལྟ་བུ་ཡོད་ཤས་ཁ་སྟེ། ང་རས་བལྟས་ན་ཚེ་འདིའི་དགོས་དོན་དྲིན་ཅན་ཕ་མའི་ཞབས་ཏོག་སྒྲུབ་པའི་དབང་ང་ལ་མེད། ཕྱི་མ་དགོས་པའི་དམ་པའི་ལྷ་ཆོས་བྱེད་པའི་དབང་ཡང་ང་ལ་མ་བྱུང་། ཆོས་དང་འཇིག་རྟེན་གང་བྱེད་ཀྱང་རང་གིས་བྱས་པའི་བྱ་བ་མཐའ་ལ་མ་བསྐྱལ་ན་མི་ཡོང་བས། ད་རེས་ཐགས་འཐག་འཕྲོ་འདི་གཞན་རེ་མེད་པར་ང་རང་གིས་བཏགས་ཆོག་པ་ཞུ་ཞེས་ཞུས་ཏེ་ཨ་ལྕེ་སྣང་སས་ཐགས་འཐག་གི་ཡོད་ཙ་ན། ན་མཉམ་གྱི་བུ་མོ་གྲོགས་མོ་མང་པོས་ཀྱང་སྣང་ས་འདས་ལོག་བྱས་ཏེ་ཕ་མའི་ཁྱིམ་དུ་ཕེབས་པའི་སྙན་གྲགས་ཐོས་ནས་ཇ་ཆང་ཁྱེར་ཏེ་མཇལ་དུ་ཡོང་བ་རྣམས་ཨ་ལྕེ་སྣང་སའི་ཐགས་རྭར་འཛོམས་ནས་སོ་སོའི་རྒྱན་གོས་དགའ་སྡུག་དང་། གཏན་གྲོགས་བྱམས་ལོས་ཀྱི་འཕྲོས་གཏམ་མང་དུ་བྱས་པ་ན་སྣང་སས་གྲོགས་མོ་དེ་དག་གི་བློ་སེམས་ཆོས་ལ་ཨེ་ཁུག་དགོངས་ཏེ་ཐགས་ཆ་དཔེ་རུ་བླངས་ནས་ཉམས་མགུར་གྱི་གླུ་འདི་ལྟར་མཛད་དོ། །

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །

ཆོས་མེད་བུ་མོ་རྣམས་ལ་ཐུགས་རྗེས་གཟིགས། །

ཚུར་ལ་གསོན་དང་ན་མཉམ་བུ་མོ་རྣམས། །

འདས་ལོག་སྣང་ས་ང་ལ་རྣ་བ་ཉོན། །

བུ་མོའི་ཐགས་ཆས་འདི་ལ་དཔེ་བླངས་ནས། །

བློ་ཁ་ཆོས་ལ་སྒྱུར་བའི་གླུ་གཅིག་ལེན། །

ས་ལ་དྲུད་པའི་རྐང་ཁུང་གྲུ་བཞི་འདི། །

རང་ཤོང་སྤྱིལ་བུ་ཡིན་ན་དགའ་བ་ལ། །

འོག་ན་བཏིངས་པའི་གདན་ཆུང་གྲུ་བཞི་འདི། །

བསམ་གཏན་འབོལ་ཆུང་ཡིན་ན་སྐྱིད་པ་ལ། །

འདས་ལོག་བུ་མོ་སྣང་ས་འོད་འབུམ་ང་། །

སྒྲུབ་པ་རྒྱག་མཁན་ཡིན་ན་དགའ་བ་ལ། །

གཡོག་མོ་འཛོམས་པ་སྐྱིད་པ་ཁྱོད་ཉིད་ནི། །

སྒྲུབ་རྒྱགས་སྐྱེལ་མཁན་ཡིན་ན་དགའ་བ་ལ། །

ཐགས་མགོར་ཕུར་པ་གཡས་གཡོན་བརྒྱབ་པ་འདི། །

བསྟན་པའི་རྒྱལ་མཚན་ཡིན་ན་དགའ་བ་ལ། །

ཐགས་ཀྱི་མགོ་འཛིན་བྱེད་པའི་ཐགས་ཤིང་འདི། །

བླ་མའི་གདམས་ངག་ཡིན་ན་སྐྱིད་པ་ལ། །

རྒྱབ་ཏུ་བསྐྱུར་བའི་སྒྱེ་སྣེ་མཐུག་པོ་འདི། །

འཁོར་བ་རྒྱབ་སྐྱུར་ཡིན་ན་སྐྱིད་པ་ལ། །

ཚིགས་པ་མ་བུ་ཁ་སྦྱོར་བྱས་པ་འདི། །

བདེ་སྟོང་ཟུང་འཇུག་ཡིན་ན་སྐྱིད་པ་ལ། །

དེ་ཡི་བར་དུ་བཅུག་པའི་སྣལ་མ་འདི། །

ཀུན་གཞིའི་གནས་ལུགས་ཡིན་ན་དགའ་བ་ལ། །

ཚིགས་པ་གཡས་གཡོན་བསྡམས་པའི་ཐག་པ་འདི། །

དགེ་བཅུའི་ཚུལ་ཁྲིམས་ཡིན་ན་སྐྱིད་པ་ལ། །

སྣལ་མ་སྲོག་འཛིན་བྱེད་པའི་སྲོག་སྨྱུག་འདི། །

ཕྱག་གྱི་སྲོག་འཛིན་ཡིན་ན་དགའ་བ་ལ། །

སྣལ་མ་དཀར་ལ་འཇམ་པ་རིང་བ་འདི། །

ཐར་ལམ་དཀར་པོ་ཡིན་ན་དགའ་བ་ལ། །

ཡར་ལ་འཐེན་པའི་ཡར་གནས་ལེགས་པོ་འདི། །

མཐོ་རིས་ཡར་འདྲེན་ཡིན་ན་དགའ་བ་ལ། །

མར་ལ་གནོན་པའི་མར་གནས་ལེགས་པོ་འདི། །

ངན་སོང་རྡོག་གནོན་ཡིན་ན་སྐྱིད་པ་ལ། །

སྣལ་མ་ཤན་འབྱེད་བྱེད་པའི་འུ་ལུ་འདི། །

རྒྱུ་འབྲས་ཤན་འབྱེད་ཡིན་ན་དགའ་བ་ལ། །

སྣལ་མ་སྐད་གཏོང་བྱེད་པའི་སྐས་རྒྱུག་འདི། །

གཏོང་ལེན་བྱང་སེམས་ཡིན་ན་སྐྱིད་པ་ལ། །

སྣལ་མ་བསང་འཕུལ་བྱེད་པའི་བསང་སྙུག་འདི། །

སྒྲིབ་གཉིས་བསངས་བ་ཡིན་ན་དགའ་བ་ལ། །

སྣམ་ཞེང་རྫོགས་པར་སྒྲིལ་བའི་བསིལ་ལེ་འདི། །

ཚོགས་གཉིས་རྫོགས་པ་ཡིན་ན་སྐྱིད་པ་ལ། །

སྣམ་བུ་ཞེང་སྐུམ་བྱེད་པའི་བཙིར་རྒྱབ་འདི། །

ཆོས་བརྒྱད་རོ་སྙོམས་ཡིན་ན་དགའ་བ་ལ། །

ཐགས་སྐད་ཐག་ཐག་ལྷང་ལྷང་རྒྱག་པ་འདི། །

ཆོས་སྐད་འབེལ་གཏམ་ཡིན་ན་སྐྱིད་པ་ལ། །

ཐགས་སྐད་ཕར་སྐྱུར་ཚུལ་ལེན་བྱེད་པ་འདི། །

བདག་གཞན་མཉམ་བརྗེ་ཡིན་ན་དགའ་བ་ལ། །

སྣལ་མ་སྐས་བརྩེགས་བརྒྱད་ཁྲི་བཞི་སྟོང་འདི། །

མདོ་རྒྱུད་དམ་ཆོས་ཡིན་ན་སྐྱིད་པ་ལ། །

སྣམ་བུ་དཀར་ཞིང་འཇམ་ལ་རིང་བ་འདི། །

བུ་མོའི་ལྷག་བསམ་ཡིན་ན་དགའ་བ་ལ། །

ཞེས་གསུངས་པ་ན། བུ་མོ་ལས་སྒྲིབ་ཆུང་བ་རེ་གཉིས་བློ་ཁ་ཆོས་ལ་ཕྱོགས་ནས་སྡིག་སྤངས་དགེ་སྒྲུབ་ལ་བརྩོན་པ་བྱུང་ཡང་། དེ་བྱིངས་ཕལ་ཆེར་གྱིས་ཨ་ལྕེ་སྣང་སའི་གསུང་གཞས་ཐགས་ཆ་ལ་དཔེ་མཛད་པ་དེ་དག་འཇིག་རྟེན་ཕལ་པས་གོ་བདེ་བ་འདུག་ནའང་དོན་དམ་པའི་ལྷ་ཆོས་ལ་སྦྱར་གཤིས་གོ་དཀའ་བ་འདུག མ་ཟད་དཔོན་མོ་སྣང་ས་རང་སྐུ་ན་གཞོན་ལ་སྐུ་འབྲས་མཚར་ཞིང་། སོ་ནམ་ཞིང་ལས་དང་། སྣམ་ལས་སོགས་ལ་མཆོག་ཏུ་མཁས་པའི་ཐོག་ཏུ་པང་ན་བུ་དང་། རྒྱབ་ཏུ་ཕ་མིང་མདུན་ན་གཏན་གྲོགས་བཟང་བ་ངོམ་རྒྱུ་ཡོད་པར་བརྟེན་ལྟོ་གོས་གཏམ་གསུམ་རྒྱན་གོས་གཡུ་ནོར་བཅས་ཀྱིས་མི་ཕོངས་པ་ཡིན་མོད་རང་སྐྱིད་ཕུན་སུམ་ཚོགས་པའི་སྐབས་འདིར་ཆོས་ལ་ཕེབས་ནས་གང་ཡོང་ཟེར་བ་ན། སླར་ཡང་བུ་མོ་དེ་དག་ལ་ཨ་ལྕེ་སྣང་སས་མི་རྟག་རྒྱུད་སྐུལ་གྱི་གླུ་འདི་ལྟར་གསུངས་སོ། །

ཡང་ན་གཞོན་གསོན་དང་ན་མཉམ་ཆུང་འདྲིས་བུ་མོའི་གྲོགས། །

རྟེན་དལ་འབྱོར་མི་ལུས་ཤིན་ཏུ་རྙེད་པར་དཀའ། །

དུས་ལན་གཅིག་ཐོབ་དུས་ལྷ་ཆོས་མ་བྱས་ན། །

ཚེ་ཕྱི་མ་ངན་སོང་གཡང་ལ་ལྷུང་དོགས་འདུག

ཚེ་མི་རྟག་བར་སྣང་གློག་དང་འདྲ། །

གློག་ད་ལྟ་འཁྱུག་ཀྱང་སྐད་ཅིག་ཙམ་ལ་ཡལ། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་རྩྭ་ཁའི་སྟེང་གི་ཟིལ་པ་འདྲ། །

རྐྱེན་ཅུང་ཟད་མི་ཐུབ་མྱུར་བ་ཉིད་དུ་སྐམ། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་སྤང་རིའི་ལོགས་ཀྱི་འཇའ་མཚོན་འདྲ། །

འཇའ་ཁ་དོག་མཚར་ཀྱང་སྙིང་པོ་ཅུང་ཟད་མེད། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་ཤན་པའི་ལག་གི་ར་ལུག་འདྲ། །

ཁོ་ད་ལྟ་གསོན་ཀྱང་དབང་མེད་མྱུར་དུ་ཤི། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་ཉི་མ་རྒས་ཁའི་འོད་ཟེར་འདྲ། །

དེ་ཤིན་ཏུ་གསལ་ཀྱང་མི་སྡོད་ནུབ་རིར་བཞུད། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་གནམ་ལ་འཕུར་བའི་རྒོད་པོ་འདྲ། །

རྒོད་ད་ལྟ་ལྡིང་ཡང་དེ་ཁ་ཕ་རོལ་འགྲོ །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་ས་ལ་འཛུལ་བའི་ཙི་ཙི་འདྲ། །

ཁོ་ད་ལྟ་དོན་ཀྱང་ཁུང་དུ་ཡིབ། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་རི་གཟར་ལོགས་ཀྱི་འབབ་ཆུ་འདྲ། །

ཆུ་ཆུ་སྒྲ་ཆེ་ཡང་སྐད་ཅིག་ཙམ་ལ་ཟད། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་སྤྲང་པོའི་ཟས་ནོར་འདྲ། །

དེ་སྔ་དྲོ་ཕྱུག་ཀྱང་ཕྱི་དྲོ་དབུལ། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །

ཁོ་ད་ལྟ་ཡོད་ཀྱང་ད་ལྟ་གྱེས་ནས་འགྲོ །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་ཁང་ཆུང་དཀར་པོའི་དར་ལྕོག་འདྲ། །

རླུང་བསིལ་བུས་བསྐྱོད་ནས་སྡོད་དབང་མེད། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཚེ་མི་རྟག་བུ་མོ་ང་ཚོའི་མཚར་སྡུག་འདྲ། །

ལོ་གཞོན་དུས་མཛེས་ཀྱང་རྒས་ནས་ཡིད་མི་འོང་། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཆོས་མི་རྟག་སྟོན་པའི་བླ་མ་བཟང་པོ་ནི། །

དེ་ཙམ་དུ་མ་ཟད་ཚང་མས་བྱེད་ངེས་ན། །

ཁྱོད་གྲོགས་མོ་རྣམས་ལྷ་ཆོས་མི་བྱེད་ཀྱང་། །

ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམ། །

ཞེས་གསུངས་པའི་སྐབས་སུ་སྣང་སའི་ཡུམ་མྱང་ཚ་གསལ་སྒྲོན་ཡང་བྱོན་ནས་བུ་མོ་སྣང་ས་ཆོས་ལ་མ་ཕེབས་ཞེས་གསོལ་འདེབས་ཞུ་དོན་གྱི་གླུ་འདི་མཛད་དོ། །

ང་ཡི་ཁོག་པའི་ནང་གི་སྙིང་འདྲ་བ། །

བུ་མོ་སྣང་ས་ཨ་མ་བདག་ལ་གསོན། །

ཕ་མ་རྒན་རྒོན་གཉིས་པོ་བཞག་ནས་སུ། །

བུ་མོ་ཆོས་ལ་ཕེབས་པ་ཕོད་ལགས་སམ། །

གཏན་གྲོགས་རི་ནང་དཔོན་པོ་བཞག་ནས་སུ། །

བུ་མོ་ཆོས་ལ་ཕེབས་པ་ཕོད་ལགས་སམ། །

བུ་ཆུང་ལྷའུ་དར་པོ་བཞག་ནས་སུ། །

བུ་མོ་ཆོས་ལ་ཕེབས་པ་ཡོད་ལགས་སམ། །

འབངས་འཁོར་མི་སེར་འདི་རྣམས་བཞག་ནས་ནི། །

བུ་མོ་ཆོས་ལ་ཕེབས་པ་ཕོད་ལགས་སམ། །

མངའ་ཐང་ལོངས་སྤྱོད་འཛོམས་པ་བཞག་ནས་ནི། །

བུ་མོ་ཆོས་ལ་ཕེབས་པ་ཕོད་ལགས་སམ། །

ལྷ་ཆོས་གཤའ་མ་བྱེད་པ་དཀའ་ལས་ཆེ། །

དེ་འདྲ་ན་ཆུང་བུ་མོས་ཅི་ལ་ཡོང་། །

མི་ཡོང་ཡོང་མདོག་ཆོས་མདོག་མ་བྱེད་པར། །

ཡོང་བའི་འཇིག་རྟེན་འདུན་མ་བྱེད་རོགས་གྱིས། །

ཞེས་གསུངས་པ་ན། སྣང་སས་ཡུམ་ལ་འདི་ལྟར་ཞུས་སོ། །

དྲིན་ཅན་ཨ་མ་མྱང་ཚ་གསལ་སྒྲོན་ལགས། །

བུ་མོ་སྣང་ས་ང་ལ་གསན་པ་ཞུ། །

དགུང་སྔོན་མཐོན་པོའི་ཁྲི་གདུགས་ཉི་མ་དེ། །

གླིང་བཞི་བསྐོར་ཞིང་འཆར་ནུབ་བྱེད་ཀྱིན་འདུག །

ཁྲི་གདུགས་ཉི་མས་གླིང་བཞི་མི་བསྐོར་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

ཁྲི་གདུགས་ཉི་མས་གླིང་བཞི་བསྐོར་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

ཤར་གྱི་དཀར་གསལ་ཟླ་བ་འོད་པོ་ཆེ། །

ཟླ་སྟོད་ཟླ་སྨད་འཕེལ་འགྲིབ་བྱེད་ཀྱི་འདུག །

དཀར་གསལ་ཟླ་བས་འཕེལ་འགྲིབ་མི་བྱེད་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

དཀར་གསལ་ཟླ་བས་འཕེལ་འགྲིབ་བྱེད་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

ལྡུམ་རྭའི་ནང་གི་མེ་ཏོག་པད་སྡོང་དེ། །

དབྱར་ཁ་སྐྱེས་ཀྱང་དགུན་ཁ་སྐམ་གྱི་འདུག །

མེ་ཏོག་པད་སྡོང་སྐྱེས་སྐམ་མི་བྱེད་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

མེ་ཏོག་པད་སྡོང་སྐྱེས་སྐམ་བྱེད་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

གཙང་ཆབ་སྔོན་མོ་ཡུར་བར་དྲངས་པ་དེ། །

གྱེན་ལ་མི་འགྲོ་ཐུར་ལ་རྒྱུག་གི་འདུག །

གཙང་ཆབ་སྔོན་མོ་གྱེན་དུ་ལོག་ཟེར་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

གཙང་ཆབ་སྔོན་མོ་ཐུར་ལ་འགྲོ་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

ཚ་ཞིང་སྲེག་པ་དམར་པོའི་མེ་ལྕེ་དེ། །

ཐུར་ལ་བསྟན་ཀྱང་གྱེན་དུ་འབར་གྱི་འདུག །

དམར་པོའི་མེ་ལྕེ་ཐུར་ལ་འབར་སྲིད་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག

དམར་མོའི་མེ་ལྕེ་གྱེན་ལ་འབར་སྲིད་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

རི་མགོ་མཐོན་པོའི་རྩེ་ཡི་དར་ལྕོག་དེ། །

རླུང་གིས་བསྐྱོད་ནས་ལྷེབ་ལྷེབ་བྱེད་ཀྱི་འདུག །

དར་ལྕོག་རླུང་བསྐྱོད་ལྷེབ་ལྷེབ་མི་བྱེད་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

དར་ལྕོག་རླུང་བསྐྱོད་ལྷེབ་ལྷེབ་བྱེད་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །

སྐྱེས་པའི་མཇུག་ཏུ་འཆི་བ་ཡོང་གི་འདུག །

སྐྱེས་ནས་མ་ཤི་སྡོད་པའི་དབང་བྱུང་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

སྐྱེས་ནས་མི་རྟག་འཆི་བ་བྱུང་ཟེར་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

བུ་མོའི་ཨ་མ་མྱང་ཚ་གསལ་སྒྲོན་ཁྱེད། །

གཞོན་ནུ་མ་རེད་ཨ་མ་རྒན་མོ་རེད། །

མ་རྒས་གཞོན་ནུར་གཏན་དུ་བཞུགས་སོང་ན། །

བུ་མོ་ངས་ཀྱང་ཁྱིམ་དུ་བསྡད་པས་ཆོག །

རྒས་ནས་གཞོན་ནུར་གཏན་དུ་མ་བཞུགས་ན། །

སྣང་ས་ང་ཡང་ལྷ་ཆོས་བྱེད་དུ་འགྲོ །

ཞེས་གསུངས་པ་ན། ཡུམ་གྱི་ཐུགས་ལ་ང་ཡི་བུ་མོ་མི་ཆེན་དཔོན་པོའི་གཏན་གྲོགས་ཡིན་པས་མི་རྣམས་ཀྱིས་འཇམ་པོའི་ཞུ་བ་འཐེན་ནའང་ཁ་ལ་ཉན་པ་མི་འདུག ད་རྩུབ་པོའི་འར་འཇུན་ཞིག་བྱེད་དགོས་རྒྱུ་ཡིན་འདྲ་སྙམ། ཡང་བསྐྱར་སྣང་ས་ལ་ཡུམ་གྱིས་གླུ་འདི་བླངས་སོ། །

ཆུང་ནས་བསོས་པའི་བུ་མོ་སྣང་ས་ཁྱོད། །

ཆེ་བར་ལོངས་ནས་ཁ་ལ་མི་ཉན་ན། །

ལན་ཆགས་དགྲ་བོ་བུ་མོར་བརྫུས་པ་རེད། །

སྙིང་གཏམ་བསླབ་བྱ་བྱས་ནས་ཅི་བྱེད་པ། །

ཤོང་ཞིང་རིང་མོའི་ལོ་ཡག་ལྗང་པ་ཁྱོད། །

ཆུ་ལུད་དྲོད་གཤེར་འཛོམས་སྐབས་མི་སྐྱེ་ཞིང་། །

སྦྲང་ཆར་ཟིལ་བུའི་གྲོགས་ལ་མི་རེ་ན། །

སད་དང་སེར་བས་བཅོམ་དུས་མ་འགྱོད་ཅིག །

ཤ་རྒྱགས་བལ་འཇམ་གཡང་དཀར་ལུ་གུ་ཁྱོད། །

དད་ཅན་སྐོར་མིས་ཁྲིད་སྐབས་མི་འགྲོ་ཞིང་། །

ལྷས་རྭར་བལ་བྲེག་བྱས་ཀྱང་མི་སྡོད་ན། །

སྡིག་ཅན་ཤན་པའི་ལག་ཏུ་མ་འགྱོད་ཅིག །

རྒྱུ་ལུས་འབྱུང་བཞི་འཁྲུགས་པའི་ནད་པ་ཁྱོད། །

མཁས་པའི་ལྷ་རྗེར་རྩྭ་ཆུ་མི་སྟོན་ཞིང་། །

ཕན་པའི་ཟས་བཅས་སྨན་ཡང་མི་ཟ་ན། །

འཇིག་རྟེན་ཕྱི་མར་འགྲོ་དུས་མ་འགྱོད་ཅིག །

གསུང་སྐད་སྙན་འགྱུར་འཛོམས་པའི་པི་ཝང་ཁྱོད། །

རྒྱུས་སྐུད་ཕྲ་སྦོམ་སྒྲིག་སྐབས་མི་འགྲིགས་པར། །

གླུ་གཞས་གང་ལ་བསྒྱུར་ཀྱང་མི་འགྱུར་ན། །

པགས་མེད་བཟར་བུ་བཟོ་དུས་མ་འགྱོད་ཅིག །

གཟུགས་མཛེས་སྐད་སྙན་སྣང་ས་འོད་འབུམ་ཁྱོད། །

རི་ནང་དཔོན་པོའི་ཇོ་མོ་མི་བྱེད་ཅིང་། །

དྲིན་ཅན་ཕ་མའི་ཁ་ལ་མི་ཉན་ན། །

སྐྱ་མིན་སེར་མིན་བྱུང་དུས་མ་འགྱོད་ཅིག །

བུ་མོས་ཨ་མ་ཡིན་བསམས་མི་བྱེད་ན། །

ཨ་མས་བུ་མོ་ཡིན་བསམས་ཅི་ལ་བྱེད། །

རང་རེ་མ་བུ་འབྲེལ་ཐག་ཆོད་པས་ན། །

བུ་མོ་སྣང་ས་གར་འདོད་གནས་སུ་རྒྱུགས། །

ཞེས་གསུངས་ཏེ་སྣང་སའི་ཡུམ་གྱིས་ཕྱག་གཡས་སུ་གོ་ཡོག་ཅིག་ཁྱེར། གཡོན་དུ་གོ་ཐལ་སྤར་བ་གང་ཁྱེར་ནས་གོ་ཐལ་དེ་སྣང་སའི་ཞལ་ལ་གཏོར། སྒོ་ཡོག་དེས་རྒྱག་ཏུ་བྱུང་བ་ན་བུ་མོའི་གྲོགས་མོ་རྣམས་ཀྱིས་ཡུམ་གྱི་ཕྱག་ནས་བཟུང་སྟེ་ཞུ་བ་ཕུལ་བར་བརྟེན་ཡུམ་མྱང་ཚ་གསལ་སྒྲོན་གྱིས་སྣང་ས་འོད་འབུམ་ཁྱིམ་གྱི་ཕྱིར་ཕུད་ནས། ཡུམ་རང་ཁྱིམ་གྱི་ནང་དུ་ཕེབས་པ་དང་ལྷན་ཅིག་ཕྱི་སྒོ་བསྡམས་ནས་ནང་དུ་མ་བཏང་ངོ་། །དེའི་ནུབ་མོ་འདས་ལོག་སྣང་ས་འོད་འབུམ་དེ་ནི་ན་མཉམ་བུ་མོ་ཞིག་གི་ནང་དུ་གནས་ཚང་གཡར་ནས་བཞུགས་སྐབས་ཐུགས་བསམ་ལ། སྐྱེ་ཐེངས་རེ་ལ་འཆི་ཐེངས་རེ་ཡོང་བ་འཇིག་རྟེན་ཀུན་གྱི་སྤྱི་སྲོལ་ཡིན་ཀྱང་། ང་འདས་ལོག་ལས་ངན་མོ་ནི་སྐྱེ་བ་གཅིག་ལ་འཆི་ཐེངས་གཉིས་བྱེད་པའི་སྔོན་མ་ནི་འཆི་ཚར། རྗེས་མ་ནི་ནམ་ཡང་མི་ཤེས་པས་ད་རེས་ངེས་པར་ཆོས་ལ་འགྲོ་དགོས། ལྷག་དོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའ་ལའང་། བུ་མོ་སྣང་ས་ཁྱོད་འདས་ལོག་ཆོས་མཛད་མ་བྱས་ཏེ་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་བྱེད་རྒྱུའི་ལས་དང་སྐལ་བ་ཡོད་པས་སོང་ཞིག་ཅེས་བཀའ་སློབ་བཟང་པོ་ཡོད་པ་བཅས་དེས་ན་ད་ལན་ངེད་རང་ནས་ཚེ་འདིར་བཀའ་དྲིན་ཆེ་བའི་ཨ་མ་ལ་ཕར་མ་གུས་པའི་ཁ་ལན་སློགས་པ་སོགས་ཀྱི་སྡིག་པ་མེད་ཀྱང་འཇིག་རྟེན་གྱི་གཏམ་དཔེར། དངོས་གནས་བརྗོད་ན་གྲོགས་པོའི་མཚང་ལ་ཕོག་ཟེར་བའི་དཔེ་ལྟར་ཨ་མ་རང་ནས་བཏོན་པ་མ་ཟད། ལན་ཆགས་ཀྱི་བུ་ཆུང་དེ་ཡང་ང་རང་དང་མཉམ་དུ་མེད་པ་སོགས་རྐྱེན་ངན་གྲོགས་ཤར་གྱི་འགོར་གསེང་འདི་འདྲའི་སྐབས་སུ་ལྷ་ཆོས་བྱེད་པར་འཕྲལ་དུ་མ་ཕྱིན་ན། ད་དུང་གཉེན་ཉེ་བ་སོགས་ཀྱིས་ཕྱི་བཤོལ་སོགས་ཆོས་ལ་བར་ཆད་གང་ཡོང་མི་ཤེས་པས་ད་ལྟ་རང་འགྲོ་དགོས་ཏེ། འགྲོ་ཡུལ་ཡང་སྟོད་ལ་ཕྱི་གངས་ཀྱི་ར་བར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེའི་སྐུ་མདུན་དུ་འགྲོ་འདོད་ཆེ་ཡང་ཐག་རིང་གཤིས་མོ་འགུམ་མ་གཅིག་གིས་ལམ་མི་བགྲོད། དེ་བས་སྔོན་སྤྲང་པོ་སྤྲེལ་ཁྲིད་ཀྱི་ལུང་བསྟན་པའི་དོན་བཞིན་དགོན་པ་སྐྱིད་པོ་སེ་ར་གཡའ་ལུང་གི་བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་ཞུ་བ་དེ་ཅིས་ཀྱང་མཇལ་དུ་འགྲོ་དགོས་དགོངས་ཏེ་གནས་ཚང་གི་མི་རྣམས་ཉལ་ནས་གཉིད་དུ་སོང་མ་ཐག་ཕྱི་ནང་གི་མི་སུས་ཀྱང་མ་ཤེས་པ་བྱས་ཏེ་དེའི་མཚན་མོ་རྩེ་ཆེན་དགའ་བཞིའི་མདུན་བརྒྱུད་རྩེ་ཆེན་ཟམ་པའི་སྟེང་དུ་ཕེབས་པ་དང་ཚེས་ཆེན་བཅོ་ལྔའི་ཟླ་བ་དེ་ཡང་ཤར་ཕྱོགས་རི་བོའི་རྩེ་ནས་སྐྱ་རྒྱང་སྟེ་ཤར་བ་དུས་མཚུངས་པ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་དགོངས་སྣང་ས་མཉེས་ནས་གླུ་འདི་ལྟར་གསུངས་སོ། །

རྩེ་ཆེན་ཟམ་པའི་སྟེང་དུ་བུ་མོ་སྣང་ས་སླེབས་དུས། །

ཚེས་ཆེན་བཅོ་ལྔའི་ཟླ་བ་ཤར་རིའི་རྩེ་ནས་ཤར་བྱུང་། །

བླ་མ་རྩེ་ཆེན་ཐུགས་རྗེས་བུ་མོ་རྗེས་སུ་བཟུང་ནས། །

འགྲོ་དོན་ཟླ་འོད་ལྟ་བུ་ཡོང་བའི་རྟེན་འབྲེལ་ལོས་ཡིན། །

ཞེས་གསུངས་ཏེ་མྱང་ཆུ་ནས་ཆུ་ཕུད་ལན་གསུམ་ཕྱག་གིས་གཏོར་ཏེ་ཕེབས་པ་ན། སེ་ར་གཡའ་ལུང་དགོན་གཤམ་དུ་ཕེབས་པ་དང་ཉི་མ་ཤར་བ་འགྲིག་ཅིང་བླ་མའི་སྒྲུབ་ཁང་འོག་ཏུ་འབྱོར་པ་དང་ཚོགས་དུང་བཏང་བ་དུས་མཉམ་ནས་སྣང་ས་ནི་རྟེན་འབྲེལ་འགྲིགས་བྱུང་དགོངས་ཤིན་ཏུ་མཉེས་ཤིང་བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་དཔོན་མོ་སྣང་ས་ནི་རིགས་བཟང་གི་མཁའ་འགྲོ་མ་རང་ཡིན་པ་དང་བླ་མ་རང་གིས་ཐུགས་རྒྱུད་བསྐུལ་ཏེ་ཆོས་ལ་ཕེབས་པ་སོགས་ཚང་མ་མངོན་མཁྱེན་གྱིས་གཟིགས་ཀྱང་མ་མཁྱེན་པའི་ཚུལ་མཛད་དེ་བླ་མ་རང་གི་ཉེ་གནས་ཚུལ་ཁྲིམས་རིན་ཆེན་བྱ་བ་དེ་ལ་བུ་མོ་དེ་ནང་དུ་ཤར་རྒྱག་མི་གཏོང་བར་ཅི་ཟེར་ལྟོས་ཤོག་གསུངས་པ་ན། ཉེ་གནས་ཀྱིས་སྣང་སའི་དྲུང་དུ་སྣང་ས་ལ་འདི་སྐད་ཟེར་རོ། །

ཚུར་ལ་ཉོན་དང་གཟུགས་མཛེས་ཡིད་འོང་མ། །

ཉེ་གནས་ཚུལ་ཁྲིམས་རིན་ཆེན་བདག་ལ་གསོན། །

བུ་མོ་ཁྱོད་ནི་ད་ནང་གང་ནས་འོང་། །

དོ་ནུབ་འགྲོ་བའི་གནས་ཚང་གང་དུ་ཡོད། །

ཁྱོད་ལ་ཕ་མ་གཉེན་མཚན་ཇི་འདྲ་ཡོད། །

འཇིག་རྟེན་གཏན་གྲོགས་བདག་པོ་སུ་འདྲ་ཡིན། །

ཁྱིམ་དང་ལོངས་སྤྱོད་བུ་ཚ་གང་འདྲ་ཡོད། །

བུ་མོ་ཁྱོད་རའི་མིང་ལ་ཇི་སྐད་ཟེར། །

འདི་རུ་ཡོང་བའི་དགོས་དོན་གང་ཡིན་རྣམས། །

མ་གསང་དྲང་པོའི་སྐད་ཆ་ང་ལ་ཤོད། །

ཅེས་ཟེར་བ་ན་སྣང་སས་དེའི་ལན་དུ་འདི་ལྟར་གསུངས་སོ། །

བླ་མའི་ཉེ་གནས་ཚུལ་ཁྲིམས་རིན་ཆེན་ལགས། །

བུ་མོ་ཆོས་མེད་བདག་ལ་གསན་པར་ཞུ། །

བདག་ནི་མྱང་སྟོད་ལུང་པའི་ཕུ་ནས་ཡོང་། །

དོ་ནུབ་གར་འགྲོའི་གདེང་ཚོད་བདག་ལ་མེད། །

སྐྱེས་པའི་ཕ་གཞིས་ལྗང་གི་ཕད་ཁུད་ཡིན། །

ཕ་ཡི་མིང་ལ་ཀུན་བཟང་བདེ་ཆེན་ཟེར། །

མ་ཡི་མིང་ལ་མྱང་ཚ་གསལ་སྒྲོན་ཟེར། །

ང་རའི་མིང་ལ་སྣང་ས་འོད་འབུམ་ཟེར། །

ཚེ་གང་གཏན་གྲོགས་གྲགས་པ་བསམ་གྲུབ་ཡོད། །

ལན་ཆགས་བུ་ཆུང་ལྷའུ་དར་པོ་ཡོད། །

ལྟོ་གོས་གཏམ་གྱིས་ཕོངས་པ་མ་ཡིན་ཞིང་། །

རྒྱན་གོས་གྲོགས་ཀྱིས་དབུལ་བ་མ་ལགས་ཏེ། །

འཇིག་རྟེན་བྱ་བར་སྐྱོ་བ་སྐྱེས་ནས་ནི། །

དམ་པའི་ལྷ་ཆོས་བྱེད་དུ་ཡོང་བ་ཡིན། །

ཉེ་གནས་ཁྱེད་ཀྱིས་བུ་མོ་སྣང་ས་ལ། །

བླ་མའི་མཇལ་ཁ་ཅིས་ཀྱང་གཏོང་རོགས་མཛོད། །

ཅེས་གསུངས་པ་ན། ཡང་ཉེ་གནས་ཚུལ་ཁྲིམས་རིན་ཆེན་གྱིས་སྣང་ས་ལ་འདི་ལྟར་ཞུས་སོ། །

མཛེས་པའི་གཟུགས་ལ་སྙན་པའི་གྲེ་འགྱུར་ཅན། །

ཨ་ལྕེ་སྣང་ས་ཉེ་གནས་བདག་ལ་གསོན། །

བུ་མོ་ཁྱོད་དང་གངས་སྟོད་སེང་གེ་འདྲ། །

སེང་གེའི་གཡུ་རལ་འདི་ཡི་ལེགས་ལུགས་ཀྱིས། །

ལྷ་ཆོས་གཤའ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་བྲག་སྟོད་རྒོད་པོ་འདྲ། །

རྒོད་པོའི་རྩེ་སྒྲོ་འདི་ཡི་རྒྱས་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་སྤང་སྟོད་ཤ་བ་འདྲ། །

ཤ་བའི་དུང་རྭ་འདི་ཡི་རྒྱས་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་མཚོ་སྟོད་ཉ་མོ་འདྲ། །

ཉ་མོའི་གསེར་མིག་འདི་ཡི་ངོམ་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་ལྷོ་རོང་རྨ་བྱ་འདྲ། །

རྨ་བྱའི་སྒྲོ་མདོངས་འདི་ཡི་མཚར་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་ལྕང་གླིང་འཇོལ་མོ་འདྲ། །

འཇོལ་མོའི་གསུང་སྐད་འདི་ཡི་སྙན་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

བུ་མོ་ཁྱོད་དང་ལྡུམ་རྭའི་མེ་ཏོག་འདྲ། །

མེ་ཏོག་ཁ་དོག་འདི་ཡི་མཛེས་ལུགས་ཀྱིས། །

ལྷ་ཆོས་ཤ་མ་རང་གཅིག་ག་ནས་ཡོང་། །

བུ་མོ་ལྷ་ཆོས་མི་ཡོང་ལོག་ལས་རྒྱུགས། །

ཞེས་ཟེར་བ་ན། ཡང་བསྐྱར་སྣང་སས་ཉེ་གནས་ལ་གླུ་འདི་མཛད་དོ། །

བླ་མའི་ཉེ་གནས་ཚུལ་ཁྲིམས་རིན་ཆེན་ལགས། །

བུ་མོ་ང་དང་གངས་སྟོད་སེང་གེ་འདྲ། །

སེང་གེའི་གཡུ་རལ་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་བྲག་སྟོད་རྒོད་པོ་འདྲ། །

རྒོད་པོའི་རྩེ་སྒྲོ་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་སྤང་སྟོད་ཤ་བ་འདྲ། །

ཤ་བའི་དུང་རྭ་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་མཚོ་སྟོད་ཉ་མོ་འདྲ། །

ཉ་མོའི་གསེར་མིག་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་ལྷོ་རོང་རྨ་བྱ་འདྲ། །

རྨ་བྱའི་སྒྲོ་མདོངས་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་ལྕང་གླིང་འཇོལ་མོ་འདྲ། །

འཇོལ་མོའི་གསུང་སྙན་ལས་ཀྱིས་འཁོར་བ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

བུ་མོ་ང་དང་ལྡུམ་རྭའི་མེ་ཏོག་འདྲ། །

མེ་ཏོག་གཟུགས་མཛེས་ལས་ཀྱིས་བསྐོས་པ་ལ། །

ལྷ་ཆོས་བྱེད་པ་རང་ལ་གནོད་དོན་མེད། །

ཉེ་གནས་དེ་འདྲ་མ་གསུངས་མཇལ་ཁར་ཐོངས། །

ཞེས་གསུངས་པས། ཉེ་གནས་ཚུལ་ཁྲིམས་རིན་ཆེན་ཡང་ཨ་ལྕེ་སྣང་སའི་སྐུ་ཡི་མཛེས་སྡུག་དང་གསུང་གི་སྙན་འགྱུར་ཐུགས་ཀྱིས་ལྷ་ཆོས་ལ་མོས་པ་བཅས་ལ་ཧ་ལས་ཤིང་ཡིད་ཆེས་ཏེ་གོང་གི་རྒྱུ་མཚན་རྣམས་བླ་མ་ཤཱཀྱའི་རྒྱལ་མཚན་ལ་ཞུས་པ་ན། བླ་མས་ཀྱང་ད་དུང་ཨ་ལྕེ་སྣང་སར་ཉམས་བཞེས་ཕྱིར་སྐུ་མདུན་དུ་མཇལ་ཁ་ཞུ་ལ་མ་བཏང་བར་གཟིམ་སྦུག་གི་གནམ་སྒོ་བཀག་སྟེ་བླ་མས་གནམ་སྒོའི་སྟེང་དུ་བཞུགས། ཨ་ལྕེ་སྣང་སས་གནམ་སྒོའི་འོག་ནས་ཞུ་དོན་གྱི་གླུ་འདི་ཕུལ་ལོ། །

ཀ་དག་གནས་ལུགས་རྟོགས་པའི་བླ་མ་ལ། །

ཁ་ཞེ་མེད་པར་དད་པས་མཇལ་དུ་ཡོང་། །

ག་ནས་བལྟས་ཀྱང་འཁོར་བར་སྐྱོ་བ་སྐྱེས། །

ང་ལ་བླ་མའི་མཇལ་ཁ་གནང་དུ་གསོལ། །

ཅ་ཅོ་དབེན་པའི་སེ་ར་གཡའ་ལུང་འདིར། །

ཆ་འཇོག་བློ་གཏད་བླ་མ་ཁྱེད་ལས་མེད། །

ཇ་རོ་ལྟ་བུར་འཁྱམས་སྐྱུར་མ་མཛད་པར། །

ཉ་མོ་ང་ནི་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །

ཞེས་ཞུས་པས། བླ་མས་དེའི་ལན་དུ་འདི་ལྟར་གསུངས་སོ། །

ཏཱ་རེ་སྒྲོལ་མའི་རྣམ་འཕྲུལ་ཡིན་ན་ལས། །

ཐ་མལ་བུད་མེད་ཕལ་པས་ཆོས་མི་ནུས། །

ད་ལྟའི་མནོ་བསམ་གཏན་དུ་མི་ཡོང་བས། །

ན་ཆུང་མཛེས་མ་ཁྱིམ་དུ་ལོག་རོགས་མཛོད། །

སྤ་ལོ་བྲེགས་ནས་བཙུན་མ་བྱས་གྱུར་ཀྱང་། །

ཕ་མ་གཉིས་དང་རི་ནང་དཔོན་པོ་ཡིས། །

བ་ཤ་གླང་འགེལ་བཀའ་བཀྱོན་དགོངས་འཚོམ་ཡོང་། །

མ་བོས་མགྲོན་པོ་ད་ལྟ་ལོག་ན་དགའ། །

ཞེས་གསུངས་པས་སྣང་སས་ཞུ་ལན་དུ།

ཙ་རི་འདྲ་བའི་སེ་ར་གཡའ་ལུང་འདིར། །

ཚ་གྲང་དཀའ་སྤྱད་སྒོམ་སྒྲུབ་མ་ནུས་ན། །

ཛ་དྲག་བྱས་ནས་རི་ཁྲོད་འདིར་ཡོང་ཡང་། །

ཝ་མོ་གྲོག་ཁུང་འཛུལ་དང་ཁྱད་ཅི་ཡོད། །

ཞ་བོའི་འགྲོས་ཀྱིས་ས་མཐའ་བསྐོར་ཐུབ་ན། །

ཟ་མ་མེད་ཀྱང་ལྷ་ཆོས་བྱེད་ལོས་ནུས། །

འ་ཅག་བླ་མས་རྗེས་སུ་མི་འཛིན་ན། །

ཡ་མེད་བྱས་ནས་རང་གྲི་རྒྱག་རྒྱུ་ཡིན། །

ཞེས་གསུངས་ཏེ་ལུས་ཀྱི་གྲི་ཆུང་ཤུབས་ནས་བཏོན་ཏེ་རང་གི་རྒྱག་པར་བརྩམས་པ་ན། ཉེ་གནས་ཚུལ་ཁྲིམས་རིན་ཆེན་ཨ་ལྕེ་སྣང་སའི་འགྲམ་དུ་ཡོད་སྟབས་གྲི་ཆུང་ཕྲོགས་ནས་རྒྱག་ཏུ་མ་བཅུག་པར་བླ་མ་ལ་འབོད་པ་དྲག་པོས་ད་གནམ་སྒོ་ཕྱེ་སྟེ་མཇལ་ཁ་མ་བཏང་ན་ཨ་ལྕེ་སྣང་ས་ནི་རང་གྲི་རྒྱག་གྲབས་བྱེད་ཀྱི་འདུག་ཅེས་ཞུས་པས། ཡང་བླ་མས་གནམ་སྒོའི་སྟེང་ནས་འདི་ལྟར་གསུངས་སོ། །

ར་མ་དཀར་མོ་ལུག་ཁྱུར་མ་འདྲེས་དོགས། །

ལ་ཆ་བུ་རམ་དབྱེ་བ་གཅོད་ཕྱིར་དུ། །

ཤ་ཚ་བྱས་ཏེ་ནན་ཏན་དྲིས་པ་ལས། །

ས་སྟེང་འདི་རུ་མི་སྡོད་ཞུས་པ་མེད། །

ཧ་ཅང་ཆོས་ལ་མོས་པའི་དད་གུས་ལ། །

ཧ་ལས་བླ་མས་གནམ་སྒོ་ཕྱེ་ཡོད་དོ། །

ཨ་ལྕེ་སྣང་ས་ཐུགས་སེམས་སྐྱོ་མི་དགོས། །

ཨ་དོན་བསྐྱེད་རྫོགས་ཐེག་ཆེན་གདམས་ངག་སྟེར། །

ཞེས་གསུངས་ནས་བླ་མས་གནམ་སྒོ་ཕྱེ་སྟེ་ཨ་ལྕེ་སྣང་ས་སྐུ་མདུན་དུ་མཇལ་ཁར་བཏང་བ་ན། སྣང་ས་རང་གི་མགོ་རྒྱན་ཅི་ཡོད་བླ་མ་ལ་ཕུལ་ནས་ཕྱག་འཚལ་བྱིན་རླབས་ཞུས་ཤིང་། བླ་མས་ཀྱང་འདས་ལོག་སྣང་ས་འོད་འབུམ་དེ་ནི་རིགས་བཟང་མཁའ་འགྲོ་མ་སྐལ་ལྡན་གྱི་གདུལ་བྱ་གསང་སྔགས་སྣོད་ལྡན་གྱི་སློབ་མ་ཡིན་པ་ཙམ་དུ་མ་ཟད། སྐུ་ཚེའི་མཇུག་ཏུ་འཕྲིན་ལས་འགྲོ་དོན་རྒྱ་ཆེན་པོ་ཡོང་བ་མཁྱེན་ནས་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་སིན་དྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཟབ་མོའི་དབང་བསྐུར། རྒྱུད་བཤད་མན་ངག་རྣམས་གནང་སྟེ་གཟིམ་ཆུང་དང་སྤན་ཆོད་ཀྱི་དབེན་པའི་སྒྲུབ་ཁང་ཆུང་ངུ་ཞིག་གི་ནང་དུ་བསྒོམ་བཅུག་པས་ཟླ་བ་གསུམ་གྱི་ཁོངས་སུ་ཐུགས་རྒྱུད་ལ་ཉམས་རྟོགས་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་འཁྲུངས་ཚུལ་རྣམས་བླ་མ་ལ་ཞུས་ཤིང་བླ་མས་ཀྱང་གེགས་སེལ་བོགས་འདོན་གྱི་མན་ངག་རྣམས་གནང་ནས་བླ་སློབ་གཉིས་ཀ་ཐུགས་དགྱེས་བཞིན་དུ་བཞུགས་ཡོད་པའི་སྐབས་སུ། སྣང་སའི་ཡབ་ཡུམ་གཉིས་དང་སྲས་ལྷའུ་དར་པོས་སྣང་ས་འབོད་དུ་གྲོགས་མོའི་ཁྱིམ་དུ་ཕེབས་པ་ན། སྣང་ས་དེར་མ་བཞུགས་པས་གྲོགས་མོ་དེར་དྲིས་ཀྱང་སྣང་ས་ནི་གར་སོང་འདིར་ཕེབས་ཤོད་རྒྱུ་མི་འདུག་པར་བརྟེན། མྱང་སྟོད་རི་ནང་པའི་ཁྱིམ་ལ་དགའ་མོ་ཕྱིར་ལོག་མཛད་པ་ཨེ་ཡིན་དགོངས་ནས་སྣང་སའི་ཡབ་ཡུམ་གཉིས་ཀྱིས་སྲས་ལྷའུ་དར་པོ་ཡང་ཁྲིད་དེ་ལྗང་ཕད་ཁུད་ནས་མྱང་སྟོད་རི་ནང་དུ་ཕེབས་ཀྱང་སྣང་ས་ནི་དེར་ཡང་མ་བཞུགས་པ་ཤེས་ཏེ་དཔོན་པོ་སྒྲ་ཆེན་ཡབ་སྲས་ལ་སྔོན་གྱི་ལོ་རྒྱུས་རྣམས་གསུངས་པས་དཔོན་པོ་ཡབ་སྲས་གཉིས་ནས་ཀྱང་རང་གི་མངའ་འབངས་མི་སེར་རྣམས་ཁ་བཀྲམ་སྟེ་སྣང་ས་གར་ཡོད་འཚོལ་དུ་བཅུག་པ་ན། དཔོན་མོ་སྣང་ས་འོད་འབུམ་དེ་ནི་དགོན་པ་སྐྱིད་པོ་སེ་ར་གཡའ་ལུང་བྱ་བ་ན། བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་ཞུ་བ་དེ་ཡི་དྲུང་དུ་ཆོས་བྱས་ནས་བསྡད་འདུག་ཟེར་བ་དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་ཀྱིས་གསན་ཏེ་རང་གི་མངའ་འབངས་ཀྱི་ཕོ་གཞོན་ལོ་བཅོ་བརྒྱད་ཡན་ནས་ལོ་རྒན་དྲུག་ཅུ་མན་ཆད་ཀྱི་དམག་མི་རྣམས་བསྐུལ་ཏེ་དགོན་པ་སེ་ར་གཡའ་ལུང་གཏོར་བ་དང་བླ་མ་ཤཱཀྱའི་རྒྱལ་མཚན་བསད་དེ་ཨ་ལྕེ་སྣང་ས་འཕྲོག་རྩིས་ཀྱིས་མྱང་སྟོད་རི་ནང་པའི་དམག་མི་རྣམས་དང་ལྷན་ཅིག་དཔོན་པོ་སྒྲ་ཆེན་པ་དང་གྲགས་པ་བསམ་གྲུབ་གཉིས་ཀྱང་དམག་དཔོན་ལ་བྱོན་ཏེ་སེ་ར་གཡའ་ལུང་གི་དགོན་གཤམ་དུ་རིམ་བཞིན་འབྱོར་བ་ན། སྒྲུབ་པ་ཕོ་མོ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཕུང་འདྲེ་མ་འདིས་ཚང་མ་བརྡུང་དུ་བཅུག་པ་འདུག་ཟེར་ནས་བླ་མའི་སྐུ་གསུང་ཐུགས་རྟེན་རྣམས་དང་། སོ་སོའི་ཆས་དངོས་རྣམས་བཙན་པའི་རི་ཁུག་ཏུ་སྤོ་ཤུག་བྱེད་པའི་སྐབས་སུ་མྱང་སྟོད་རི་ནང་པའི་དམག་རྣམས་ཉེ་འགྲམ་དུ་འབྱོར་ནས་སྒྲུབ་སྡེའི་མཐའ་རྣམས་དམག་གིས་བསྐོར་ཏེ་ཀི་སྒྲ་ཤུ་གསུམ་གྱི་སྒྲ་དབྱངས་འབྲུག་ལྟར་སྒྲོག་ཅིང་། མདའ་གྲི་མདུང་ལ་སོགས་པའི་མཚོན་ཆ་གནམ་དུ་ཟིང་བ་དང་། མེ་མདའི་རྫས་དུད་དང་། རྟའི་རྨིག་རྡུལ་གྱིས་ཉི་མའི་སྣང་བ་ཡང་ནག་པོར་བྱེད་པའི་རྔམ་ཟིལ་དང་བཅས་ཏེ་གྲྭ་བཙུན་ཐང་བ་ཁ་ཤས་ཐལ་རོལ་དུ་ཤི་བ་དང་། ལ་ལ་མཚོན་གྱིས་རྨས་པ་དང་། དེ་འཕྲོས་བྱིངས་ཚང་མ་རྣམས་ནི་སྲན་ཕུང་བེར་ཀས་གཏོར་བ་ལྟར་ཕྱོགས་བཞི་མཚམས་བརྒྱད་ལ་ཐོར་སྐབས་ཉེ་གནས་ཚུལ་ཁྲིམས་རིན་ཆེན་གྱིས་བླ་མ་ཤཱཀྱའི་ཆེན་མཚན་ཡང་དེ་ལམ་འཇོག་བློས་མ་བཟོད་པར་སྤྱན་དྲངས་ཏེ་བྲོས་འགྲོ་རྩིས་བྱས་ཀྱང་སྐུ་ན་བགྲེས་ཚུལ་བཞེས་པ་ལ་བརྟེན་ཞབས་ཐང་ལ་མགྱོགས་པར་ཕེབས་མ་ཐུབ་གཤིས་ཉེ་གནས་ཀྱིས་བླ་མ་རྒྱབ་ཏུ་ཁྱེར་ཏེ་བྲོས་འགྲོ་ཁུལ་བྱས་ཀྱང་དགོན་པའི་ཕྱོགས་ཐམས་ཅད་དམག་མིས་བསྐོར་ཚར་སྟབས་འགྲོ་ལམ་མ་ཐར་བར་ཅི་དྲག་ལ་ལུས་མུར་བླ་མ་ཡང་དམག་མིས་བཟུང་བཀྱིག་བྱས་ནས་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱི་སྐུ་མདུན་དུ་ཁྲིད་པ་སོགས་འདས་ལོག་སྣང་ས་འོད་འབུམ་དེས་མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ངང་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་ཤར་བར་བརྟེན་ཐུགས་ཀྱིས་མ་བཟོད་པར་དཔུང་འཁྱུད་སྒོམ་ཐག་ག་ཤར་མཆོད་རས་གོས་དཀར་པོ་དེ་སྐུ་ལུས་ལ་གསོལ་ཏེ་སྣང་ས་རང་གི་སྒྲུབ་ཁང་ནས་མྱུར་དུ་བྱོན་ཏེ་དཔོན་པོ་སྒྲ་ཆེན་པའི་རྟ་མཐུར་ནས་ཕྱག་གཡས་ཀྱིས་བཟུང་། དཔོན་པོ་གྲགས་པ་བསམ་གྲུབ་ཀྱི་རྟ་མཐུར་ནས་ཕྱག་གཡོན་གྱིས་བཟུང་སྟེ་གླུ་འདི་མཛད་དོ། །

ཚུར་ལ་གསོན་དང་དཔོན་པོ་ཡབ་སྲས་གཉིས། །

བུ་མོ་སྣང་ས་བདག་ལ་གསན་པར་ཞུ། །

དར་སེང་དཀར་མོ་གངས་སྟོད་འགྲིམས་པ་ལ། །

ཁ་ཆར་བུ་ཡུག་གནོད་པ་མ་མཛད་ཅིག །

ཐང་དཀར་རྒོད་པོས་ནམ་འཕང་གཅོད་པ་ལ། །

མདའ་མཁན་དཔའ་བོས་གནོད་པ་མ་མཛད་ཅིག །

ཤ་བ་སྨུག་ཆུང་སྤང་རྩྭ་ཟ་བ་ལ། །

ལིང་པ་ཁྱི་ཁྲིད་གནོད་པ་མ་མཛད་ཅིག །

ཉ་ཆུང་གསེར་མིག་མཚོ་ནང་འཁྱུག་པ་ལ། །

ལྕགས་ཀྱུ་ངར་མས་གནོད་པ་མ་མཛད་ཅིག །

བྱེའུ་ཆུང་འཇོལ་མོས་གསུང་སྙན་སྒྱུར་བ་ལ། །

བྱ་ཁྲ་ཧོར་པས་གནོད་པ་མ་མཛད་ཅིག །

ཁྲི་གདུགས་ཉི་མས་གླིང་བཞི་བསྐོར་བ་ལ། །

གཟའ་རྒོད་སྒྲ་ཆེན་གནོད་པ་མ་མཛད་ཅིག

ཤཱཀྱའི་རྒྱལ་མཚན་བསྟན་འཛིན་སྐྱེས་བུ་ལ། །

དཔོན་པོ་སྒྲ་ཆེན་གནོད་པ་མ་མཛད་ཅིག །

བུ་མོ་སྣང་ས་ལྷ་ཆོས་བྱེད་པ་ལ། །

གྲགས་པ་བསམ་གྲུབ་གནོད་པ་མ་མཛད་ཅིག །

གྲྭ་བཙུན་ཕོ་མོས་སྒོམ་སྒྲུབ་བྱེད་པ་ལ། །

འདིར་ཚོགས་དམག་མིས་གནོད་པ་མ་མཛད་ཅིག །

ཅེས་གསུངས་པ་ན། དཔོན་པོ་ཡབ་སྲས་གཉིས་ཀྱིས་དཔོན་མོ་སྣང་སའི་སྐུ་ལུས་ལ་འཇིག་རྟེན་གྱི་གོས་རྒྱན་མེད་པར་རྣལ་འབྱོར་མའི་ཆ་ལུགས་རས་རྐྱང་དང་སྒོམ་ཐག་མཆོད་པ་གཟིགས་པའི་ཐོག་ཏུ་བླ་མ་ཤཱཀྱའི་རྒྱལ་མཚན་ཡང་འཛིན་བཟུང་བྱས་ཏེ་ཁྲིད་ཡོང་བ་གཟིགས་ནས་ཞེ་སྡང་དྲག་པོ་ལངས་ཏེ་སྣང་ས་ལ་གླུ་ལན་མི་གསུངས་པར་ཡབ་སྲས་གཉིས་ཀས་བླ་མར་སྤྱན་ཁྲོ་གཟུགས་ཀྱིས་གཟིགས་ཤིང་ཕྱག་སྡིག་མཛུབ་བཅས་ཏེ་མགྲིན་གཅིག་ཏུ་གླུ་འདི་བླངས་སོ། །

ལན་གཅིག་ཚུར་ལ་གསོན་དང་བླ་མ་ཤཱཀྱའི་རྒྱལ་མཚན། །

ད་དུང་ཚུར་ལ་རྣ་བ་ཉོན་དང་སྒྲུབ་སྡེའི་གྲྭ་བཙུན་ཕོ་མོ། །

རི་ནང་དཔོན་པོ་ཡབ་སྲས་གཉིས་ལ་རྣ་བའི་དབང་པོ་ཉོན་དང་། །

ཁྱི་རྒན་རྒྱ་བོ་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་དར་སེང་དཀར་མོ་འདི་ལ་ལུས་འབྲེལ་བཏང་བས་མི་ཆོག །

གངས་སྟོད་སེང་གེ་དཀར་མོའི་གཡུ་རལ་བཏོགས་ནས་གང་བྱེད། །

བྱ་ཕོ་ཚ་ལུ་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་ལྷ་བྱ་གོང་མོ་འདི་ལ་ལུས་འབྲེལ་བཏང་བས་མི་ཆོག །

སྤང་སྟོད་ལྷ་བྱ་གོང་མོ་ཁོང་གི་གཤོག་སྒྲོ་ཕྲོགས་ནས་གང་བྱེད། །

ཅོག་རོང་བོང་བུ་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་རྐྱང་ཆུང་ཁ་དཀར་འདི་ལ་ལུས་འབྲེལ་བཏང་བས་མི་ཆོག །

བྱང་ཐང་རྐྱང་ཆུང་ཁ་དཀར་ཁོང་གི་ཟེ་མཇུག་གཞུར་ནས་གང་བྱེད། །

གླང་རྒན་རོག་པོ་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་འབྲོང་ཆུང་དར་མ་ཁོང་ལ་ལུས་འབྲེལ་བཏང་བས་མི་ཆོག །

རྫ་རིའི་འབྲོང་ཆུང་དར་མ་ཁོང་གི་སྤུ་རྩེ་བྲེགས་ནས་གང་བྱེད། །

བྱི་ལ་ཞུམ་བུ་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་སྟག་མོ་རི་ཁྲ་འདི་ལ་ལུས་འབྲེལ་བཏང་བས་མི་ཆོག །

ནགས་གསེབ་སྟག་མོ་རི་ཁྲ་ཁོང་གི་གྲ་འཛུམ་ཕྲོགས་ནས་གང་བྱེད། །

ཤཱཀྱའི་རྒྱལ་མཚན་ཟེར་བ་ཁྱོད་ཀྱིས་ཚོད་མེད་བྱ་བ་བྱས་ནས། །

ང་ཚོའི་དཔོན་མོ་སྣང་ས་འདི་ལ་ལུས་འབྲེལ་བཏང་བས་མི་ཆོག །

སྣང་སའི་མགོ་ལུས་གོས་རྒྱན་ཚང་མ་བླངས་ནས་གང་བྱེད། །

མཐོ་བ་དགུང་སྔོན་མཐོན་པོ་ཡ་ལ་རྒྱུ་སྐར་མང་པོ་འདུག་སྟེ། །

འོད་ཟེར་སྟོང་ལྡན་ཉི་ཟླ་གཉིས་ལ་སུ་ཡིས་འགྲན་ཟླ་བྱེད་པ། །

སྐར་ཚོགས་གར་སོང་མེད་པ་བྱེད་དུས་འགྱོད་ཀྱང་འཕྱིས་པ་ཡིན་ནོ། །

དམའ་བ་དབུས་གཙང་ས་གཞིའི་སྟེང་དུ་དཔོན་པོ་མང་པོ་ཡོད་དེ། །

མྱང་སྟོད་རི་ནང་དཔོན་པོ་ཡབ་སྲས་གཉིས་ལ་སུ་ཡིས་འགྲན་ཟླ་བྱེད་པ། །

དགོན་པ་གཏོར་ནས་བླ་མ་ཟིན་དུས་འགྱོད་ཀྱང་འཕྱིས་པ་ཡིན་ནོ། །

ཞེས་ཟེར་ནས་དཔོན་པོ་སྒྲ་ཆེན་པས་མདའ་གཞུ་བཀང་། དཔོན་པོ་གྲགས་པ་བསམ་གྲུབ་ཀྱིས་རལ་གྲི་ཁྱེར་ནས་བླ་མའི་ཐོག་ཏུ་རྒྱག་རྩིས་བྱས་པ་ལ་དེ་མ་ཐག་བླ་མས་རྫུ་འཕྲུལ་བསྟན་ཏེ་ཤར་རི་ནུབ་ཏུ་སྤོས། ནུབ་རི་ཤར་དུ་བསྐྱལ། སྒྲུབ་བཙུན་ཕོ་མོ་རྨས་པ་རྣམས་གསོས། ཤི་བ་རྣམས་བསླངས་ཏེ་བླ་མ་རང་ཡང་མདའ་གྲི་མདུང་གསུམ་གྱིས་མི་སྙེགས་པའི་བར་སྣང་མཐོངས་ལ་འཕུར་ཏེ་རྡོ་རྗེ་སྐྱིལ་དཀྲུང་མཛད་དེ་འདི་ལྟར་གསུངས་སོ། །

འགྲོ་བ་མི་ཡི་ལུས་ལ་དུད་འགྲོའི་སེམས། །

སྡིག་ཅན་ཕ་བུ་བླ་མ་ང་ལ་ཉོན། །

གནམ་ལ་ཤར་བའི་ཉི་ཟླ་གཉིས་པོ་ལ། །

འགྲན་ཟླ་ཡོད་ནས་གཟའ་ཡིས་བཟུང་བ་ཡིན། །

ས་ལ་སྟོད་པའི་དཔོན་པོ་ཡབ་སྲས་ལ། །

འགྲན་ཟླ་བྱས་ནས་སྣང་ས་ཕྲོགས་པ་ཡིན། །

ཕྲོགས་དོན་རྩ་བ་གང་ཡིན་ཤོད་དགོས་ན། །

འདི་འདྲ་ཡིན་པས་མ་ཡེངས་རྣ་བ་ཉོན། །

ལྡུམ་རྭའི་ནང་གི་མེ་ཏོག་པད་སྡོང་དེ། །

མཆོད་གཤོམ་མཛེས་པའི་བུམ་རྒྱན་མི་བྱེད་ན། །

པད་སྡོང་ཞལ་ཁ་ཕྱེ་ནས་དགོས་པ་མེད། །

མི་གཙང་འདམ་གྱི་ཁྲོད་དུ་རྒས་པ་ཕངས། །

བང་འགྲོས་འཛོམས་པའི་གྱི་ལིང་རྟ་ཕོ་དེ། །

ས་འཇམ་བདེ་མོའི་ཐང་ལ་མ་བརྒྱུགས་ན། །

རྟ་ལ་ཆུ་ཆག་བྱིན་ནས་དགོས་པ་མེད། །

རྟ་རྭ་གྲུ་བཞིའི་ནང་དུ་རྒས་པ་ཕངས། །

འཁྱོག་མེད་མདའ་མོ་མཚལ་གྱི་རྒོད་སྒྲོ་དེ། །

བརྒྱབ་ཚད་འབེན་ལ་ཕོག་པ་མ་བྱུང་ན། །

གཞུ་མོ་རྒྱུས་ཀྱིས་བཀུག་ནས་དགོས་པ་མེད། །

མདའ་མོ་དོང་པའི་ནང་དུ་རྒས་པ་ཕངས། །

དྲི་ཟའི་བུ་མོ་ཡིད་འཕྲོག་ལྷ་མོ་དེ། །

ནོར་བཟང་རྒྱལ་པོའི་བཙུན་མོ་མི་བྱེད་ན། །

དོན་ཡོད་ཞགས་པས་ཟིན་ནས་དགོས་པ་མེད། །

རིགས་ངན་རྔོན་པའི་ལག་ཏུ་རྒས་པ་ཕངས། །

རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་དེ། །

དམ་པའི་ལྷ་ཆོས་བྱེད་དུ་མ་བཅུག་ན། །

དལ་འབྱོར་མི་ལུས་ཐོབ་ནས་དགོས་པ་མེད། །

སྡིག་ཅན་དཔོན་པོའི་ཁྱིམ་དུ་རྒས་པ་ཕངས། །

དེ་ཚོ་བསམ་ནས་ཆོས་སྒོར་བཅུག་པ་ཡིན། །

མདའ་མོ་ཤེས་ནས་གཞུ་མོ་བཀུག་པ་ཡིན། །

མཛེས་པོ་ཡོད་ནས་རྒྱན་གོས་བཏགས་པ་ཡིན། །

ཕྱུག་པོ་ཡོད་ནས་བུ་ལོན་བཏོང་བ་ཡིན། །

ཨེམ་ཆི་ཤེས་ནས་སྨན་ཁུག་ཉོས་པ་ཡིན། །

སྒྲུབ་པ་ཤེས་ནས་སྒྲུབ་རྟགས་བསྟན་པ་ཡིན། །

མངོན་ཤེས་རྫུ་འཕྲུལ་ཤེས་ཀྱང་དུས་མིན་མ་བྱས་ན། །

མི་རུང་བསམས་ནས་ཤིན་ཏུ་གསང་དགོས་ཀྱང་། །

ད་རེས་ཞིང་བཅུ་ཚང་བའི་བསྟན་དགྲ་རྣམས། །

ཆོས་ལ་འཇུག་ཕྱིར་རྫུ་འཕྲུལ་བསྟན་པ་ཡིན། །

སྣང་ས་ཁྱོད་ཀྱང་སྡིག་ཅན་ཡིད་ཆེས་ཤིང་། །

དད་པ་སྐྱེ་ཕྱིར་སྒྲུབ་རྟགས་སྟོན་རེ་རན། །

ཞེས་གསུངས་པ་ན། འདས་ལོག་ཆོས་མཛད་མ་སྣང་ས་འོད་འབུམ་གྱིས་ཀྱང་རས་གོས་དཀར་པོ་དེས་གཤོག་པའི་ཚུལ་དུ་བརྐྱངས་ནས་སྐད་ཅིག་ཉིད་ལ་ནམ་མཁའ་ལ་འཕུར་ཏེ་རྒོད་ལྟར་ལྡིང་བ་དང་ཁྲ་ལྟར་འཁྱུགས་པ་མཛད་དེ་གླུ་འདི་གསུངས་སོ། །

དཔོན་པོ་གྲགས་པ་བསམ་གྲུབ་ཡབ་སྲས་དང་། །

འབངས་མྱང་སྟོད་རི་ནང་དམག་མི་སོགས། །

ཁྱོད་འདིར་ཚོགས་དཔོན་འབངས་མ་ལུས་པ། །

བདག་བུ་མོ་སྣང་སར་གསན་པར་ཞུ། །

ང་གངས་སྟོད་སེང་གེ་དཀར་མོ་ལ། །

ཁྱི་སྒོ་ཁྱི་ཡོང་བའི་རེ་བ་བྱེད། །

སེང་གེ་ཐག་པས་བཏགས་ཀྱང་ག་ནས་སྡོད། །

མཐོ་གངས་རིའི་ཁྲོད་དུ་གཡུ་རལ་ངོམ། །

ང་རྫ་སྟོད་འབྲོང་ཆུང་དར་མ་ལ། །

ནོར་སྒོ་ཕྱུགས་ཡོང་བའི་རེ་བ་བྱེད། །

འབྲོང་སྣ་འཇུ་བརྒྱུས་ཀྱང་ག་ནས་སྡོད། །

རྫ་དོག་པོའི་གསེབ་ཏུ་རྭ་རྩེ་ངོམ། །

ང་སྤང་ལྗོངས་ཀྱི་རྐྱང་ཆུང་ཁ་དཀར་ལ། །

ཁལ་འགེལ་དྲེའུ་ཡོང་བའི་རེ་བ་བྱེད། །

རྐྱང་སྒ་གདན་བརྒྱབ་ཀྱང་ག་ནས་སྡོད། །

བྱང་མི་མེད་ལུང་པར་དཔའ་རྩལ་ངོམ། །

ང་སྤང་སྟོད་ལྷ་བྱ་གོང་མོ་ལ། །

བྱ་ཁྱིམ་བྱ་ཡོང་བའི་རེ་བ་བྱེད། །

བྱ་གོང་མོས་ནམ་ཚོད་ག་ནས་ཡོང་། །

རི་གཡའ་སྤང་མཚམས་སུ་གསུང་སྙན་ངོམ། །

ང་བར་སྣང་འཇའ་ཚོན་སྣ་ལྔ་ལ། །

རྒྱན་བཟང་པོ་ཡོང་བའི་རེ་བ་བྱེད། །

འཇའ་ལག་པས་ཟིན་པ་ག་ནས་ཡོང་། །

ཆོས་སྣང་སྟོང་སྒྱུ་མའི་གཟིགས་མོ་ངོམ། །

ང་དགུང་སྔོན་དབྱིངས་ཀྱི་སྤྲིན་གསར་ལ། །

གོས་དྲོ་འཇམ་ཡོང་བའི་རེ་བ་བྱེད། །

སྤྲིན་གོས་སུ་གྱོན་པ་ག་ནས་ཡོང་། །

འབྲུག་གློག་ལྕེ་དང་འགྲོགས་སྦྲང་ཆར་ངོམ། །

ང་ནགས་གསེབ་སྤྲ་དང་སྤྲེའུ་ལ། །

མིའི་བྲན་གཡོག་ཡོང་བའི་རེ་བ་བྱེད། །

སྤྲེའུར་མི་ལས་བཅོལ་ཀྱང་ག་ནས་ཡོང་། །

ཤིང་ལྗོན་པའི་རྩེ་མོར་གཡང་རྩལ་ངོམ། །

ང་འདས་ལོག་སྣང་ས་འོད་འབུམ་ལ། །

ཚེ་གང་གཏན་གྲོགས་ཡོང་བའི་རེ་བ་བྱེད། །

མགོ་བོར་གཙུག་གཡུ་བརྒྱབ་ཀྱང་ག་ནས་སྡོད། །

མཐོ་ནམ་མཁར་འཕུར་ཏེ་སྒྲུབ་རྟགས་ངོམ། །

གནས་རྩ་རི་བསྐོར་བའི་ལག་རྟགས་ལ། །

ཤིང་སྙུག་ཕོན་ལག་རྟགས་ཁྱེར་རྒྱུ་ཡོད། །

མཛོ་ཁྱུང་དཀར་ཕྱིན་པའི་བྱས་རྗེས་ལ། །

ཞིང་རྨོད་གཤོལ་གྱི་འདྲུས་ཤུལ་སྟོན་རྒྱུ་ཡོད། །

ང་རྒོད་ལྟར་ལྡིང་ན་འདི་ལྟར་ལྡིང་། །

ང་ཁྲ་ལྟར་འཁྱུག་ན་འདི་ལྟར་འཁྱུག

མཐོ་ནམ་མཁར་མི་ཡི་འཕུར་ཐུབ་མཁན། །

སྔོན་རྗེ་བཙུན་མི་ལ་རས་པ་དང་། །

དུས་དེང་སང་སྣང་ས་ང་ཙམ་ལས། །

ད་ཕྱིན་ཆད་འཕུར་མི་བོད་འདིར་དཀོན། །

ཁྱོད་མྱང་སྟོད་རི་ནང་དཔོན་དམག་རྣམས། །

ལས་མཚམས་མེད་སྡིག་པ་མ་བསགས་པར། །

ངའི་བླ་མ་ཤཱཀྱའི་རྒྱལ་མཚན་ལ། །

ཡིད་མོས་གུས་ཀྱི་འགྱོད་བཤགས་བྱས་ན་དགའ། །

ཞེས་གསུངས་པ་ན། མྱང་སྟོད་རི་ནང་པའི་དཔོན་པོ་སྒྲ་ཆེན་ཡབ་སྲས་ཀྱིས་དབུས་དམག་མི་རྣམས་དང་སྒྲུབ་བཙུན་ཕོ་མོ་སོགས་ཚང་མས་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་རྫུ་འཕྲུལ་དང་། ཨ་ལྕེ་སྣང་སའི་སྒྲུབ་རྟགས་ལའང་རང་དབང་མེད་པར་ཧ་ལས་ཤིང་ཡིད་ཆེས་ཏེ་མདའ་གྲི་མདུང་གསུམ་ལ་སོགས་པ་དགྲ་ཆས་མཚོན་ཆའི་རིགས་རྣམས་ཞུ་རྟེན་དུ་ཕུལ་ཐོག་ཕྱག་ཀྱང་འགྱེལ་བ་ལྟར་འཚལ་བཞིན་དུ་འགྱོད་བཤགས་ཀྱི་གླུ་འདི་ཕུལ་ལོ། །

བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་དང་། །

རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་གཉིས། །

ལས་ངན་སྡིག་ཅན་རི་ནང་དཔོན་དམག་གིས། །

འགྱོད་བཤགས་ཞུ་དོན་འདི་ལ་སྙན་དབང་གསོན། །

བླ་མ་ཁྱེད་ནི་ཡི་དམ་བདེ་མཆོག་དངོས། །

སྣང་ས་རྡོ་རྗེ་ཕག་མོ་ཡིན་ངེས་ཀྱང་། །

བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ། །

ཆོས་མེད་ཟོག་རྫུན་ལྟ་བུར་མཐོང་ནས་ནི། །

དགོན་པ་གཏོར་ཞིང་གྲྭ་བཙུན་བསད་པ་སོགས། །

མཚམས་མེད་ལས་ངན་སྡིག་པ་ཅི་བསགས་པ། །

ཁྱད་པར་བླ་མ་ཡབ་ཡུམ་གཉིས་པོ་ཡི། །

སྐུ་གསུང་ཐུགས་དང་འགལ་བ་གང་བྱས་རྣམས། །

མ་ལུས་འགྱོད་པ་དྲག་པོས་བཤགས་པ་ན། །

བཟོད་པར་བཞེས་ལ་ཐུགས་རྗེས་བཟུང་དུ་གསོལ། །

བདག་ཅག་སྡིག་པ་ཕྱུག་པོའི་ནོར་ལས་མང་། །

དགེ་བའི་ལས་ནི་དབུལ་པོའི་རྒྱུ་ལས་ཉུང་། །

མི་ཚེ་ཐམས་ཅད་དོན་མེད་ངང་ལ་ཟད། །

ངན་སོང་གནས་སུ་མ་གཏོང་བླ་མ་མཁྱེན། །

སྔོན་བསགས་སྡིག་པ་བཤགས་ནས་ཕྱིན་ཆད་ཀྱང་། །

སྲོག་ལ་ཐུག་ཀྱང་མི་བྱེད་དམ་བཅའ་ན། །

སེམས་ལ་ཕན་ཅིང་ཉམས་སུ་ལེན་བདེ་བའི། །

དམ་ཆོས་བདུད་རྩི་ཅིས་ཀྱང་སྩལ་དུ་གསོལ། །

ཞེས་ནན་གྱིས་ཞུས་པས། བླ་མ་དང་སྣང་ས་གཉིས་ཀྱི་ཐུགས་ལ་ཡང་སྡིག་ཅན་དཔོན་འབངས་དེ་དག་ཐམས་ཅད་ཆོས་ལ་འགོད་ཐུབ་པའི་འགྲོ་དོན་ཡོང་བ་འདུག་དགོངས་ཤིན་ཏུ་དགྱེས་ཏེ་ལན་གསུངས་པ།

གང་ཞིག་སྔོན་ཆད་ལོག་པའི་ལམ་གྱུར་ཀྱང་། །

སླད་ནས་དགེ་བའི་ལམ་ལ་བརྩོན་བྱས་ན། །

མུན་གླིང་ཉི་མ་ཤར་བ་དང་མཚུངས་པས། །

ཤིན་ཏུ་ལེགས་སོ་ཨེ་མ་ངོ་མཚར་ཆེ། །

མི་དགེ་བཅུ་དང་མཚམས་མེད་ལྔ་བྱས་ཀྱང་། །

སྟོབས་བཞིའི་བཤགས་སྡོམ་བྱས་ན་ངེས་པར་དག །

སླད་ནས་སྡིག་སྤོང་དགེ་སྒྲུབ་བྱེད་འདོད་ན། །

ཉམས་ལེན་བྱེད་བདེའི་ཆོས་འདི་གསན་པར་ཞུ། །

ཡོན་ཏན་འབྱུང་གནས་བླ་མ་ས་གཞི་འདྲ། །

དལ་འབྱོར་རྟེན་འདི་ཨུ་དུམ་ཝ་ར་འདྲ། །

རྙེད་དཀའ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། །

མི་རྟག་འཆི་བ་ནམ་མཁའི་གློག་དང་འདྲ། །

ནམ་འཆི་ཆ་མེད་རླུང་ནང་མར་མེ་འདྲ། །

ཤི་རྐྱེན་ཡང་བ་མཚན་མོའི་སྐར་མ་འདྲ། །

གསོན་རྐྱེན་ཉུང་བ་ཉིན་མོའི་སྐར་མ་འདྲ། །

སྐྱེ་ཤིའི་འཁོར་ལོ་ཉི་ཟླའི་འཆར་ནུབ་འདྲ། །

ཤི་དུས་རྣམ་ཤེས་མར་དཀྱིལ་སྤུ་བཏོན་འདྲ། །

སེམས་མེད་ལུས་ནི་འབྱུང་བ་ས་རྡོ་འདྲ། །

བསགས་པའི་ནོར་ནི་སྦྲང་མའི་སྦྲང་རྩི་འདྲ། །

འདུས་པའི་གྲོགས་ནི་ཚོང་དུས་མགྲོན་པོ་འདྲ། །

ཉེ་བའི་གཉེན་ཡང་ཆུ་ཐོན་ཟམ་པ་འདྲ། །

དཀར་ནག་ལས་འབྲས་ལུས་དང་གྲིབ་མ་འདྲ། །

དམྱལ་ཁམས་བཅོ་བརྒྱད་གཤིན་རྗེའི་ཁྲིམས་རྭ་འདྲ། །

ཡི་དྭགས་གནས་ནི་དབུལ་པོའི་གྲོང་ཁྱེར་འདྲ། །

དུད་འགྲོའི་རྣམ་ཤེས་བཀུག་པའི་རྨི་ལམ་འདྲ། །

ལྷ་མ་ཡིན་རྣམས་ཞེ་སྡང་སྦྲུལ་དང་འདྲ། །

ལྷ་ལུས་ཐོབ་ཀྱང་གཡར་པོའི་རྒྱན་དང་འདྲ། །

མི་ལུས་འདི་ཡང་དྲི་ཟའི་གྲོང་དང་འདྲ། །

འགྲོ་བ་རིགས་དྲུག་སྡུག་པོ་རང་ཉོས་འདྲ། །

བཞི་སྡེའི་ཐར་པ་རང་མགོ་ཐོན་ཙམ་འདྲ། །

ཉན་རང་ཐམས་ཅད་སེམས་ཆུང་བུ་མོ་འདྲ། །

བྱང་ཆུབ་སེམས་དཔའ་སྟོབས་ལྡན་དཔའ་བོ་འདྲ། །

མདོ་ལུགས་ཕར་ཕྱིན་ཐེག་པ་རྒྱུ་དང་འདྲ། །

སྔགས་ལུགས་རྡོ་རྗེ་ཐེག་པ་འབྲས་བུ་འདྲ། །

ཚེ་གཅིག་སངས་རྒྱས་གོ་འཕང་ཐོབ་འདོད་ན། །

ཐོག་མར་ལམ་གྱི་རྩ་བ་དགེ་བའི་བཤེས། །

བསམ་སྦྱོར་གཉིས་ནི་ཚུལ་བཞིན་བསྟེན་པར་མཛོད། །

དལ་འབྱོར་རྟེན་འདི་ཤིན་ཏུ་རྙེད་དཀའ་ཞིང་། །

རྙེད་ན་དོན་ཆེ་མི་རྟག་འཆི་བ་དང་། །

ནམ་འཆི་ངེས་མེད་ལ་སོགས་བསམ་བྱས་ནས། །

དཀར་ནག་ལས་འབྲས་བླང་དོར་ཚུལ་བཞིན་མཛོད། །

དེ་རྗེས་འཁོར་བ་སྤྱི་དང་བྱེ་བྲག་གི། །

ཉེས་དམིགས་ལ་བསམ་གང་ལའང་མ་ཆགས་པར། །

ཐར་པའི་ཕན་ཡོན་དྲན་ཏེ་ལྷག་པའི་ལམ། །

བསླབ་པ་གསུམ་གྱི་རྒྱན་དང་ལྡན་པར་མཛོད། །

སླར་ཡང་ཐེག་དམན་ཉན་རང་ལམ་སྤངས་ཏེ། །

རྒྱལ་སྲས་བདག་ཉིད་ཆེན་པོའི་སྤྱོད་ཚུལ་གྱིས། །

ཕར་ཕྱིན་དྲུག་དང་བསྡུ་བཞིའི་ཉམས་ལེན་གྱིས། །

འགྲོ་ཀུན་སྒྲོལ་བའི་སྙིང་སྟོབས་ཁུར་ཁྱེར་མཛོད། །

འགྲོ་རྣམས་ཐར་པའི་ལམ་དུ་འདྲེན་པ་ལ། །

རང་ཉིད་ཐམས་ཅད་མཁྱེན་པ་ཐོབ་དགོས་ཤིང་། །

དེ་ཡང་མྱུར་དུ་ཐོབ་པ་མ་བྱས་ན། །

སེམས་ཅན་གདུང་བས་མནར་ཚུལ་མཁྱེན་པར་མཛོད། །

དེས་ན་དུས་མྱུར་སངས་རྒྱས་ཐོབ་པ་ལ། །

མདོ་ལུགས་ཕར་ཕྱིན་ཐེག་པ་ལས་ལྷག་པ། །

སྔགས་ལུགས་བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་ཡང་། །

ཚེ་གཅིག་སངས་རྒྱས་ཐོབ་པ་མེད་སྲིད་ཕྱིན། །

ཟབ་གསང་བླ་མེད་རྡོ་རྗེ་ཐེག་པ་པར་བཞུགས། །

དབང་བཞིས་རྒྱུད་སྨིན་དམ་ཚིག་སྡོམ་པ་སྲུངས། །

བསྐྱེད་རྫོགས་རིམ་གཉིས་རྣལ་འབྱོར་མཐར་ཕྱིན་ནས། །

ཟུང་འཇུག་སྐུ་བཞིའི་གོ་འཕང་ཐོབ་པར་མཛོད། །

ཅེས་པ་གསུངས་པས། དེར་ཚོགས་དམག་མི་ལས་སྒྲིབ་ཆེ་བ་རྣམས་ནས་སྡིག་པ་སྣ་རེ་སྤོང་གང་ཐུབ་དང་། དགེ་བ་སྣ་རེ་སྒྲུབ་གང་ཐུབ་བྱེད་པར་ཁས་བླངས་ཤིང་། དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་ཀྱིས་དབུས་སྡིག་སྒྲིབ་ཆུང་བ་རྣམས་ནས་ནི་བླ་མ་ཤཱཀྱའི་རྒྱལ་མཚན་ཡི་དམ་འཁོར་ལོ་སྡོམ་པ་བདེ་མཆོག་དང་། སྣང་ས་རྡོ་རྗེ་ཕག་མོ་དངོས་སུ་མཐོང་སྟེ་སྲས་ལྷའུ་དར་པོ་དགུང་ལོ་བཅོ་ལྔ་ལོན་པ་དང་བསྟུན་ཕ་གཞིས་ཕ་ནོར་དང་བཅས་པ་རྣམས་བུ་ལ་རྩིས་སྤྲད་དེ་དཔོན་པོ་སྒྲ་ཆེན་པ་ཡབ་སྲས་གཉིས་ལ་སོགས་པ་རྣམས་བླ་མ་ཡབ་ཡུམ་གཉིས་རང་གི་དྲུང་དུ་དམ་པའི་ལྷ་ཆོས་བྱེད་པའི་དམ་བཅའ་ཡང་ཕུལ་ཞིང་། དམ་བཅའ་ལས་མི་འགལ་ན་དེའི་བར་དུ་མི་འཆི་བ་བླ་མ་ཡབ་ཡུམ་གཉིས་ནས་ཀྱང་ཞལ་བཞེས་མཛད་དོན་བཞིན་དཔོན་པོ་སྒྲ་ཆེན་པ་སོགས་ན་སོ་རྒས་ཤིང་། བྱེས་པ་རིང་བ་འགའ་ཞིག་ནི་ལམ་སེང་བླ་མ་ཡབ་ཡུམ་གཉིས་ཀྱི་དྲུང་དུ་དབེན་པའི་རི་ཁྲོད་འགྲིམས་ནས་ཆོས་བྱེད་ཅིང་འདིའི་དུས་སུ་སྣང་ས་ནམ་མཁར་འཕུར་བ་ཙམ་མ་ཟད། སྒྲུབ་ཕུག་གི་བྲག་ལ་སྣང་སའི་སྤྱི་ཁེབས་ཀྱི་རྗེས་དང་ཞབས་རྗེས་སོགས་མར་ལ་བཟོས་པ་ལྟ་བུ་ཡོད་པ་ནི་དུས་ད་ལྟའི་བར་དུའང་མཇལ་རྒྱུ་ཡོད་ཅིང་། དཔོན་གྲགས་པ་བསམ་གྲུབ་སོགས་ན་གཞོན་རྣམས་རེ་ཞིག་ཕྱིར་ལོག་སྟེ་སྲས་ལྷའུ་དར་པོ་རྒྱལ་སྲིད་ལ་དབང་བསྐུར་གྱི་བྱ་བ་རྣམས་ལེགས་པར་གྲུབ་པ་དང་བསྟུན་གྲགས་པ་བསམ་གྲུབ་དང་། སྙིད་མོ་ནེ་ཙོ་ལེགས་སྣང་སའི་ཡབ་ཡུམ་གཉིས་ཀྱང་སེ་ར་གཡའ་ལུང་གི་སྒྲུབ་སྡེ་རང་དུ་བྱོན་ནས་བླ་མ་ཡབ་ཡུམ་གཉིས་ཀྱི་དྲུང་དུ་དམ་པའི་ལྷ་ཆོས་མཛད་དེ་བཞུགས་ཤིང་སྲས་ལྷའུ་དར་པོས་རྒྱལ་སྲིད་ཀྱི་བྱ་བ་རྣམས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྒོ་ནས་བཀའ་ཁྲིམས་བཙན་པོས་ལེགས་པར་སྐྱོངས་བ་མཛད་བཞིན་དུ་བླ་མ་ཡབ་ཡུམ་དང་། དཔོན་པོ་སྒྲ་ཆེན་ཡབ་སྲས། སྣང་སའི་ཡབ་ཡུམ་སོགས་ཀྱིས་དབུས་སྒྲུབ་སྡེའི་གྲྭ་བཙུན་ཕོ་མོ་ཐམས་ཅད་ལ་ཆོས་རྒྱུགས་ཀྱང་སྦྱོར་བར་མཛད་དེ་ཆོས་འབྱོར་བདེ་སྐྱིད་ཀྱི་དགའ་སྟོན་ཕུན་སུམ་ཚོགས་པའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ཟད་མི་ཤེས་པའི་དཔལ་ལ་རང་གིས་ལོངས་སྤྱོད་པར་མཛད་དོ།།[1] །།

[1] ལྷ་མོའི་འཁྲབ་གཞུང་། ༼དང་པོ།༽ ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༢༧ ལོ། ཤོག་གྲངས་ ༩༡ ནས་ ༡༨༧ བར་བཞུགས་པ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *