བོད་ཀྱི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད།

བོད་ཀྱི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་ནས་སློབ་དཔོན་ཕྱོགས་གླང་དང་དཔལ་ལྡན་ཆོས་གྲགས། གཙོ་བོ་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་རིགས་ལམ་གྱི་ལམ་ནས་དཔྱད་པ་བྱས་ནས། རིགས་པའི་ལམ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་པ་གཙོ་བོར་བརྩི་བས།

དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་འཇུག་པ་རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འགྱུར་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གནས་བརྟན་དབྱིག་གཉེན་དང་། ཕྱོགས་གླང་། ཆོས་གྲགས་སོགས་ཀྱིས་རིགས་པས་དཔྱད་པ་དེ་ཙམ་མི་བྱེད་པར། སྐྱབས་སུ་མཆིའོ། །རྩ་ཆེན་པོ་རེད་ཟེར་བ་ཙམ་ལས་དེ་དག་གི་གསུང་ལ་ཧ་ལས་པའི་སློབ་སྦྱོང་ཞིབ་ཚགས་པོ་བྱས་མེད། དཔེར་ན། ངོས་ལ་ཆ་བཞག་ན་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་བ་བློ་ལ་བཟུང་བ་ཡིན་མོད་དེ་ཙམ་གྱི་ཟབ་མོ་ཡོད་པ་མ་རེད། མངོན་རྟོགས་རྒྱན་གྱིས་ཤེར་ཕྱིན་གྱི་དོན་དེ་དག་ཚུར་བསྡུས་ནས་ཧ་ལས་པ་ཞིག་དང་། ལྷག་པར་དབུ་མ་འཇུག་པ་དེ་ཧ་ལས་པ་ཞིག་རེད། ངོས་རང་ཆུང་ཆུང་སྐབས་ནས་རྒྱན་འཇུག་གཉིས་བློ་ལ་བཟུང་ནས་ཉིན་ལྟར་ཡོངས་འཛིན་རིན་པོ་ཆེ་ཕེབས་ཏེ་དུམ་བུ་དུམ་བུ་བྱས་ནས་སྐྱོར་གྱི་ཡོད། ཅེས་གསུངས་སོ།།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གི་ཚོམས་ཆེན་དུ་སོག་རིགས་ན་གཞོན་ཤེས་ཡོན་ཅན་འགའ་ཞིག་ལ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ ཉིན་བཀའ་སྩལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *