དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལ་བསྔགས་པ།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལ་བསྔགས་པ།

 

རྩོམ་པ་པོ། སྙན་ངག་པ། ངུར་སྨྲིག

 

ཡང་དག་དགོངས་པས་ལུམྦྷིའི་ཚལ་དུ་བལྟམས། །
མཛད་པ་བཅུ་གཉིས་སྒོ་ནས་གཟིགས་པའི་མཆོག །
བདུད་བཞི་བཅོམ་ཞིང་བདེ་བར་གཤེགས་པའི་དཔལ། །
བཅོམ་ལྡན་ཟས་གཙང་སྲས་པོའི་ཞབས་ལ་འདུད། །

 

བད་གཤེགས་ཟས་གཙང་སྲས་པོ་སྐུ་འདས་ནས། །
ལོ་ནི་བཞི་བརྒྱའི་མཚམས་ནས་བེདྷའི་སར། །
ཤིང་རྟའི་སྲོལ་འབྱེད་ངོ་མཚར་དགེ་སློང་མཆོག །
ཀླ་སྒྲུབ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །

ཡོན་ཏན་བརྒྱ་ཕྲག་དུ་མའི་ཞལ་སྒོ་ལས། །
སྨྲ་ངན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །
མ་ལུས་ས་གསུམ་འདྲེན་པའི་རྒྱལ་ཚབ་ཏུ། །
བཞེངས་མཛད་འཕགས་པ་ལྷ་མཆོག་རྒྱལ་གྱུར་ཅིག །

བདེ་གཤེགས་དམ་པའི་བཀའ་ཡི་དགོངས་དོན་ལ། །
མ་ལུས་རྟོགས་མཁས་ཚད་མའི་སྐྱེས་བུ་མཆོག །
འཇིག་རྟེན་གསུམ་པོ་ལམ་ལ་བཀོད་མཛད་པའི། །
རྨད་བྱུང་སངས་རྒྱས་བསྐྱངས་ཀྱི་ཞབས་དེ་བསྙེན། །

ཟབ་མོ་ལྟ་བའི་གནད་ལ་རབ་མཁས་ཤིང་། །
ཡང་དག་བདེན་པའི་གནས་ལུགས་མངོན་དུ་གྱུར། །
རང་རྒྱུད་གྲུབ་པའི་མཐའ་ལ་ཐོགས་མེད་པའི། །
ཟླ་མེད་ལེགས་ལྡན་འབྱེད་ཀྱི་ཞབས་ལ་འདུད། །

འདོད་ནས་དག་ཀྱང་ཐུགས་རྗེས་ཉེར་བཟུང་སྟེ། །
ཡང་དག་དབུ་མའི་བཞེད་གཞུང་བསྐྱང་པ་ལ། །
སྨྲ་བའི་སེངྒེ་མི་འཇིགས་དཔལ་ལྡན་མཆོག །
ཟླ་བ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

རྣམ་རིག་གྲུབ་མཐི་རིང་ལུགས་འཛིན་པ་ལ། །
བྱམས་མགོན་རྗེས་བཟུང་རྒྱལ་སྲས་སེམས་དཔའ་ཆེ། །
འཇིག་རྟེན་རྨོངས་པའི་འདོད་ཀུན་འབྱིན་པ་ལ། །
རྒྱལ་བའི་ཐུགས་སྲས་ཐོགས་མེད་སྤྱི་བོས་བསྙེན། །

མདོ་སྔགས་མཐར་སོན་མཁས་པའི་ཁྱུ་མཆོག་དེས། །
འཇིག་རྟེན་གྲུབ་ཚུལ་གནས་ལུགས་གསལ་ལེར་མཁྱེན། །
ཡང་དག་རྒྱལ་བསྟན་མཛེས་པའི་གཙུག་རྒྱན་དུ། །
བསྔགས་མཛད་མཁས་མཆོག་དབྱིག་གཉེན་ཞབས་ལ་འདུད། །

ཡང་དག་གཏན་ཚིགས་རིག་པའི་གཞལ་བྱ་དག །
མ་འདྲེས་གསལ་བར་སྟོན་པར་མཁས་པའི་མཆོག །
ཀུན་བཏུས་མིག་གཅིག་འབྱེད་པའི་དཔལ་གཅིག་པུ། །
ཕྱོགས་གླང་བསྟན་པའི་ཉིན་བྱེད་ཞབས་ལ་འདུད། །

བདེ་གཤེགས་རྒྱལ་བའི་དགོངས་པ་འགྲེལ་བ་ལ། །
ཟླ་མེད་ཤེས་ཀུན་གཟིགས་པའི་སྤྱན་ཡངས་མཆོག །
སྡེ་བདུན་རིགས་པའི་གཏེར་མཆོག་མཛད་པའི་དཔལ། །
དཔལ་ལྡན་ཆོས་ཀྱི་གྲགས་པའི་ཞབས་ལ་འདུད། །

འདུལ་བའི་གཞུང་ཀུན་གཏེར་མཆོག་རབ་བསྐྲུན་ཅིང་། །
འདུལ་འཛིན་བྱེད་བའི་གཙུག་རྒྱན་རབ་བསྔགས་མཛད། །
འདུལ་བ་རྒྱ་མཚོའི་དཔལ་མངའ་མཁས་གཅིག་པུ། །
འདུལ་འཛིན་ཡོན་ཏན་འོད་ལ་བདག་ཕྱག་འཚལ། །

ལུང་དང་རྟོགས་པའི་རྒྱལ་མཚན་བསྒྲེངས་པ་ལ། །
ཁྱེད་ལྟར་གཞན་ན་མ་གྲགས་མཁས་གྲུབ་མཆོག །
ཡང་དག་མདོ་སྔགས་རྒྱ་མཚོའི་མཐར་སོན་པ། །
སློབ་དཔོན་ཤཱཀྱ་འོད་མཆོག་རྟག་ཏུ་བསྔགས། །

འཕགས་ཡུལ་མཁས་གྲུབ་ཀུན་གྱི་རྒྱན་གཅིག་པུ། །
བོད་ཡུལ་དམ་ཆོས་ཐོག་མར་འབྱེད་པའི་མགོན། །
ངུར་སྨྲིག་ཟློས་གར་བསྐྲུན་པའི་མཁན་ཆེན་མཆོག །
ཞི་བ་འཚོ་ཡི་ཞབས་ལ་གསོལ་བ་འདེབས། །

དུས་གསུམ་རྒྱལ་བ་ཀུན་གྱི་སྲས་གཅིག་པུ། །
རྨད་བྱུང་སྟོན་པའི་རྣམ་ཐར་བསྐྱངས་མཁས་པའི། །
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་རྗེ་ཅན། །
སེངྒེ་བཟང་པོའི་ཞབས་པད་རྟག་ཏུ་བསྙེན། །

ཡང་དག་ལྟ་བའི་སྟོང་ཉིད་གོམས་པ་ལས། །
རྫུ་འཕྲུལ་སྟོབས་ལྡན་དག་ཞིང་མདོན་དུ་གྱུར། །
ཐུགས་རྗེའི་བདག་ཉིད་རྣལ་འབྱོར་གྲུབ་པའི་དབང་། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

བཅོམ་ལྡན་ཤཱཀྱ་སེངྒེའི་བཀའ་དགོངས་ཀུན། །
མ་འདྲེས་གསལ་བར་སྟོན་མཁས་འཇམ་མགོན་རྗེ། །
སྲིད་པའི་ཕུན་ཚོགས་སྒྱུ་མར་འབྱོངས་མཁས་པའི། །
འཕགས་པ་རྣམ་གྲོལ་སྡེ་ལ་ཕྱག་འཚལ་ལོ། །

མདོ་རྒྱུད་རི་བོ་འཛིན་པའི་རྣམ་མཁྱེན་གྱིས། །
ཐུགས་བརྩེ་གཡོ་བ་མེད་པའི་ངང་ཚུལ་གྱིས། །
ཡང་དག་ལམ་ལ་དཀྲི་བར་མཚུངས་མེད་དཔལ། །
པདྨའི་ངང་ཚུལ་ཞབས་པད་སྤྱི་བོས་བསྙེན། །

ཡོན་ཏན་འབུམ་ཕྲག་དུ་མའི་མངའ་སྒོ་ལས། །
བོད་ཡུལ་མུན་པའི་སྨག་རུམ་རྩད་ནས་བཅད། །
རྒྱ་གར་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་མཆོག །
དཔལ་ལྡན་ཨ་ཏི་ཤ་ཡི་ཞབས་ལ་འདུད། །

ན་གཞོན་སྙན་ངག་འཕྲིན་སྟེགས་ལས་བཏུས་པའོ།།

 

 

 

Leave a Reply

Your email address will not be published. Required fields are marked *