༄༅། །ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ལོ་རྒྱུས་བཞུགས་སོ།།
༄༅། །དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་གྱི་ལོ་རྒྱུས་ནི། མ་ཁོལ་གྱིས་ནང་པའི་གཞུང་ཐམས་ཅད་བསུན་ཕྱུང་བའི་དུས་སུ་ན་ལེནྡྲའི་པཎྜི་ཏ་རྣམས་ཀྱིས། དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས་པ་ལ། མ་ཁོལ་གྱི་རྩོད་པ་ཁོང་གིས་བཟློག་ན་ཟློག །གཞན་གྱིས་མི་བཟློག་པས་མྱ་ངན་གྱིས་ཟིན་ནས་ཡོད་པ་ལ། དཔོན་གྱི་རྨི་ལམ་དུ་གཟུགས་ནི་མ་མཐོང་བར་ནང་པར་ཚ་བའི་གྲལ་ལ་འོང་གིས། ང་ལ་འཕྲིན་ཡིག་སྤྲིང་ཟེར་བ་ཐོས་ནས།
ནང་པར་ཚ་བ་ལ་ཀུན་འཚོགས་པའི་དུས་སུ་བྱ་རོག་ཅིག་བྱུང་ནས། བྱ་རོག་དེ་ལ་མ་ཁོལ་གྱིས་ནང་པའི་བསྟན་པ་ཐམས་ཅད་བསུན་ཕྱུང་བས་ཁྱེད་ཀྱིས་རྩོད་པ་བཟློག་ཏུ་གསོལ་ཞེས་པ་ཚིགས་བཅད་དུ་བྲིས་ནས་མགུལ་དུ་བཏགས་ནས་བཏང་བས། དེས་བྱ་རོག་དེ་མགོན་པོའི་སྤྲུལ་པར་འདོད་དོ། །བྱ་རོག་མར་གྲགས་པའི་མིང་ཡང་དེ་ལྟར་ཡིན་གསུངས།
དེ་ཡང་ཀླུ་སྒྲུབ་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་པ་དང་ཆུ་བོ་གངྒཱའི་འགྲམ་དུ་མགོན་པོའི་སྐུ་གཅིག་བྱོན་པ་དེ་ལ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ན་ལེནྡྲར་བྱོན་པའི་ཞུ་བ་བྱས་ནས་བྱོན་ཏེ་ཚང་བང་ན་བཞུགས་ནས། དགེ་འདུན་ཆོས་སྟོན་གསོལ་བའི་ཕུད་ཀྱིས་མཆོད་པ་ཡིན་པ་ལ། ནང་མ་གཅིག་ཕུད་བཅད་ནས་མ་སྐྱེལ་བའི་བར་དུ་ཁྱིས་ཁྱེར་བ་དང་། དཔོན་གྱི་རྨི་ལམ་དུ་མི་འདིས་ང་ཡི་ཟས་སྐལ་བཅད་པས་ང་མ་དགའ་ཟེར་བ་རྨིས་པ་དང་། དཔོན་གྱིས་གཉེར་པ་ལ་ཁྱོད་ཀྱིས་ཆོས་སྐྱོང་གི་ཕུད་མ་སྐྱེལ་ལམ་བྱས་པས། གཉེར་པ་ན་རེ་ངས་ཕུད་བཅད་དེ་ཁྱིས་ཟོས་པ་ཡིན། ཁོ་རང་གི་བཟའ་རྒྱུ་བཏུང་རྒྱུ་ཡང་སྲུང་མི་ཐུབ་པས་ཆོས་སྐྱོང་དང་ཟེར་ནས་སྐུ་ལ་ཐལ་བ་བརྒྱབ་པས་དང་པོའི་སར་བཞུད་དོ།།
དེར་དགེ་འདུན་གྱིས་འཕགས་པ་ལ་གསོལ་ནས་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་སྐྱོང་ལ་གསོལ་བ་བཏབ་པས། ད་དུར་ཁྲོད་དུ་སོང་གིས་ཙནྡན་ལ་ངའི་འདྲ་འབག་གྱིས་ལ་ད་ཕྱིན་ཆད་ང་ལ་གཏོར་མ་འབུལ་བའི་རྒྱུ་དེ། ང་ཡི་མིང་ནས་བོས་ལ་བསྔོས་ཟེར་ནས། ཅི་ལགས་ཞུས་པས། དཔལ་ནག་པོ་ཆེན་པོ་བྱ་རོག་མིང་ཅན་ནོ་ཟེར་ནས་སློབ་དཔོན་གྱིས་དགེ་འདུན་ལ་བསྒོས་ནས། ད་ལྟ་ཡང་བྱིན་རླབས་མི་ཤེས་ཀྱང་ཐམས་ཅད་ཀྱིས་མིང་ནས་བོས་ནས་འབུལ་བ་ཡིན་ནོ། །ད་ལྟ་ཡང་དུར་ཁྲོད་ན་བཞུགས་སོ། །དེ་ནས་ཁྱེད་སེམས་ཅན་ལ་སྙིང་བརྩེ་བར་འདུག་པས། ཕྱི་རབས་ཀྱིས་སྔགས་པའི་དོན་དུ་ངའི་སྒྲུབ་ཐབས་རྩོམས་ཤིག་ཅེས་གནང་བ་བྱིན་པས། སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱུད་ལ་བརྟེན་ནས་སྒྲུབ་ཐབས་འདི་བརྩམས་པ་ཡིན་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས་ཨཱརྱ་དེ་བ་ལ། དེས་དུས་འཁོར་(དུས་ཞབས་ཆེ་བ)བ་ཆེན་པོ་ལ། དེས་རྡོ་རྗེ་གདན་པ་ལ། དེས་ཨ་བྷ་ཡ་ལ། དེས་ཙ་མི་ལ། དེས་གཉལ་པ་ག་རོད་ལོ་ཙཱ་བ། དེས་བདག་གི་བླ་མ་(ཆག་ལོ་དགྲ་བཅོམ་པའོ།།)ལའོ། །[1]གཅིག་ཞུས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མགོན་པོའི་རྒྱུད་སྐོར། མགོན་པོའི་རྒྱུད་རྒྱ་གཞུང་འགྱུར་སྔ་ཕྱི་དང་བོད་ཀྱི་ལོ་ཙཱ་བ་དང་བླ་མ་གོང་མ་རྣམས་ཀྱི་མན་ངག་གཏོར་སོགས་སྣ་ཚོགས་བཞུགས་པའི་མཚན་བྱང་། པོད། ༼༣༽ དབུ་མེད་བྲིས་མ། ཤོག་གྲངས་ ༣༦༠ ནས་ ༣༦༣ བར་བཞུགས་པའི་དཔེ་ཐུང་ཤོག་བུ་གཉིས་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།