༄༅། །ནག་པོ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ལོ་རྒྱུས་ལས་ཚོགས་དང་བཅས་པའོ།།
༄༅། །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཤྲཱི་ན་ལནྡ་ན་མགོན་པོ་བརྒྱད་ཡོད་ཀྱང་ཆོས་སྐྱོང་གི་གཙོ་བོ་བྱ་རོག་ནག་པོ་ཆེན་པོ་འདིར་འདུག་གསུངས། བླ་མ་ཨ་བྷ་ཡ་ན་རེ། སློབ་དཔོན་རྟ་དབྱངས་ཀྱིས་མུ་སྟེགས་ཀྱི་གྲུབ་མཐའ་བཟུང་ནས་བསྟན་པ་ཉམས་པར་བྱས་པའི་དུས་སུ་ཡང་བྱ་རོག་ཏུ་སྤྲུལ་ནས་སློབ་དཔོན་ཀླུ་སྒྲུབ་ལ་འཕྲིན་སྐྱེལ་མཁན་ཡང་འདི་ཡིན་པས། བྱ་རོག་ཆེན་པོ་ཞེས་གྲགས་པ་ཡིན་གསུངས།
ཁ་ཆེ་བའི་ཞལ་ནས། ན་ལནྡ་ན་མགོན་པོ་བརྒྱད་ཡོད་པ་ལས། ཡང་དག་པའི་ཡེ་ཤེས་ཀྱི་མགོན་པོ་ཡིན་ཡང་འཁོར་ལས་མཁན་མང་པོ་ཡོད་པས་འདི་གཉན་གསུངས་སོ།།
ཡང་བླ་མའི་ཞལ་ནས། བྱ་རོག་ནག་པོ་འདི་འཇིག་རྟེན་པ་ཤས་ཆེ་ཟེར་བ་ཡང་ཡོད་འདུག་སྟེ། སྤྱིར་ན་ཡང་མགོན་པོ་བརྒྱད་ཀ་ཡེ་ཤེས་པ་ཡིན་ལ། དེའི་ནང་ན་ཡང་རྒྱུད་ལས་དངོས་སུ་བསྟན་པ་བྱ་རོག་ཅན་དང་གྲི་གུག་ཅན་ཡིན། རྒྱ་གར་ན་ཆོས་སྐྱོང་གི་གཙོ་ཆེ་ཤོས་ཀྱང་འདི་གཉིས་ཀྱི་བྱེད་གསུང་ངོ་། །དེ་གཉིས་ལས་ཀྱང་སྤྱིར་གྲི་གུག་ཅན་ལ་ཆོས་སྐྱོང་བྱེད་པ་ཤས་ཆེ་སྟེ། ནཱ་ལན་དའི་པཎྜི་ཏ་འདི་ལ་ཆོས་སྐྱོང་བྱེད་པ་ཤས་ཆེ་གསུང། དེ་ལ་གྲི་གུག་ཅན་དགྱེས་རྡོར་དུ་གསུངས། དགྱེས་རྡོར་གྱི་སྲུང་མ་ཡིན། འདི་ནི་བདེ་མཆོག་རྩ་བ་རིག་པ་རྒྱ་མཚོའི་རྒྱུད་ཀྱི་གཤམ་ན་མགོན་པོའི་སྒྲུབ་རྒྱུད་ཡོད་གསུང་། བདེ་མཆོག་གི་ཆོས་སྐྱོང་ཡིན་ངེས་གསུང་། ཇོ་བོ་ཡེ་ཤེས་སྤྱན། གྲི་གུག་ཅན་དང་དགྱེས་རྡོར་ཉིད། འདི་བདེ་མཆོག་ཉིད་ཡིན་གསུངས། དེ་ཡང་རྒྱུད་ཀྱི་གཤམ་མགོན་པོའི་སྒྲུབ་རྒྱུད་དེ་ཉིད་ལས།
རྟེན་ལ་བརྩེ་བའི་མགོན་པོ་རྣམས། །ང་ཡི་སྤྲུལ་པ་ཉིད་ཡིན་ཏེ། །
ང་ཡི་སྤྲུལ་པས་ནན་ཏན་བྱ། །དེ་ཡི་རེ་བ་སྐོང་སླད་དུ། །
ང་ནི་ནག་པོ་ཆེན་པོར་གནས། །
ཞེས་གསུངས་པས་ན་འདིའི་ངོ་བོ་ཉིད་བདེ་མཆོག་ཁོ་ན་ཡིན། ཡང་དགྱེས་རྡོར་གྱི་ནང་ན་གྲི་གུག་ཆེན་པོ་ནག་པོ་འདི་ལ་གནོད་སྦྱིན་ཕོ་མོ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་ཡོད་གསུང་། རྒྱུད་དེ་ནས་ཀྱང་།
སྒྲུབ་པོའི་བསམ་པ་རྫོགས་ཕྱིར་དང་། །ཐུབ་པའི་བསྟན་པ་བསྲུང་བའི་ཕྱིར། །
ང་ནི་མགོན་པོ་ཆེན་པོར་གནས། །སྒྲུབ་པ་མཆོག་ལ་བརྩོན་པ་ཡི། །
ཚེ་དང་ལོངས་སྤྱོད་སྤེལ་བའི་ཕྱིར། །ང་ནི་གནོད་སྦྱིན་འཁོར་དུ་གནས། །
ཞེས་གསུངས་པས་ན་དགྱེས་རྡོར་ཉིད་ཡིན་གསུངས། བླ་མ་ཨ་བྷྱ། ཐ་དད་མེད་ཀྱང་མི་གསུངས་ཏེ། །ཡེ་ཤེས་པ་ཡིན་ངེས། རྒྱུད་འདི་ཉིད་ཀྱི་ཆོས་སྐྱོང་ཡིན་ངེས་གསུངས། དེའང་བྱ་རོག་ཅན་འདིའི་བརྒྱུད་པའི་ལོ་རྒྱུས་ནི། ཇོ་བོ་ཡེ་ཤེས་སྤྱན་བཟང་པོ་ཞེས་བྱ་བ། སློབ་དཔོན་ཀླུ་སྒྲུབ། ལ་བ་པའི་ན་བཟའ་ཅན་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བདུན་ལ་གསང་སྔགས་ཀྱི་ཆོས་གསན་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ། རྒྱུད་དུ་མར་ལྟ་བའི་སྟོབས་དང་ལྡན་པ་དེས། དྲི་མེད་རྡོ་རྗེ་དང་། བྲམ་ཟེ་ཟླ་བ་བཟང་པོ་གཉིས་ལ་གསུངས། བྲམ་ཟེས་ཡི་གེར་དགོད་པར་ཞུས་པས་གནང་ནས་ཞལ་གདམས་ཡིན་གསུངས། དེ་གཉིས་ལ་ཁ་ཆེ་རིན་ཆེན་རྡོ་རྗེས་ཞུས། དེ་ལ་ཀྲིཥྞ་བཛྲས་གསན། དེ་ལ་རིན་ཆེན་ཞི་བ་སྦས་པའི་བློ་གྲོས་ཀྱིས་གསན། དེ་ལ་ཤྲཱི་བདེ་བའི་བློ་གྲོས་དང་བླ་མ་ཨ་བྷྱ་ཡ་ཀ་ར་གཉིས་ཀྱིས་ཞུས། དེ་ཡང་སྔ་མས་ཞལ་མཐོང་བར་གྲགས་པ་ཡིན། ཕྱི་མ་ཞལ་མཐོང་བ་གྲགས་པ་མེད། ཤྲཱི་བདེ་བའི་བློ་གྲོས་ཡན་ཆད་གསང་སྔགས་ཀྱི་གྲུབ་པ་ཐོབ་ཅིང་མགོན་པོའི་ཞལ་མཐོང་བ་ཤ་སྟག་བྱུང་གསུངས། དེ་གཉིས་ཀ་ལ་བླ་མ་མི་ཉག་ལོ་ཙཱ་བས་གསན་ནས་སྒྲུབ་ཐབས་རྣམས་ཡི་གེར་དགོད་པར་ཞུས་ཏེ་ཡི་གེར་བཀོད་པའོ།།
དེ་ལ་དཔལ་རྒྭ་ལོས་ཞུས། དེ་ལ་ཁམས་པ་གླང་སྟོན་གྱིས། དེ་ལ་བླ་མ་མལ་སྒྲོ་པས་ཞུས། དེ་ཡང་རྗེ་ཕག་མོ་གྲུབ་པའི་བརྒྱུད་པ་ཀླའུ་དགོན་པའི་སློབ་དཔོན་བཀྲས་ལྡན་བྱ་བ་ལ་སློབ་དཔོན་ཆོས་སེང་གིས་ཞུས། དེ་ལ་འུ་ཅག་(རྒྱལ་བ་རྒོད་ཚང་པའི་གདན་ས་རྒྱལ་སྲས་བྱང་གླིང་པའམ་རིན་ཆེན་ཤེས་རབ་སེངྒེ་)གིས་ཞུས་པ་ལགས། སློབ་དཔོན་བཀྲས་ལྡན་དེ་ངེད་ཀྱང་མཐོང་། ཅི་བྱ་བ་ལ་ཚོགས་འཁོར་གཅིག་བྱ་བ་ཡིས། རང་གི་གསུང་བའི་སྔགས་བཙུན་ཆོས་སྐྱོང་ལ་བྱིན་རླབས་ཐོན་པ་ཡིན་ཟེར་བ་ཞིག་འདུག་གསུངས། །ཞུས་སོ།།[1] །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མགོན་པོའི་རྒྱུད་སྐོར། མགོན་པོའི་རྒྱུད་རྒྱ་གཞུང་འགྱུར་སྔ་ཕྱི་དང་བོད་ཀྱི་ལོ་ཙཱ་བ་དང་བླ་མ་གོང་མ་རྣམས་ཀྱི་མན་ངག་གཏོར་སོགས་སྣ་ཚོགས་བཞུགས་པའི་མཚན་བྱང་། པོད། ༼༣༽ དབུ་མེད་བྲིས་མ། ཤོག་གྲངས་ ༢༠༦ ནས་ ༢༡༡ བར་བཞུགས་པའི་དཔེ་ཐུང་ཤོག་བུ་གསུམ་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།