ཨ་ཙ་རའི་ཆར་ཆོག་བདུད་རྩིའི་ལྗོན་ཤིང་།

༄༅། །ཨ་ཙ་རའི་ཆར་ཆོག་བདུད་རྩིའི་ལྗོན་ཤིང་བཞུགས་སོ།།[1]

 

༄༅། །ན་མོ་ནཱ་ག་ཛུ་ན་གརྦྷོ། མགོན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཨ་ཙ་རའི་ཆར་འབོད་འདི་ལ་འཁོར་ལོ་བསྐོར་བ་དང་། བསྒོམ་བཟླས་དང་། ཆར་གཏའ་བཀྲམ་པའོ། །དང་པོ་འཁོར་ལོ་ནི། གཞུང་ལྟར་འཁོར་ལོ་བྲིས་ལ། ཤིང་ལེབ་གཅིག་ལ་པདྨ་འདབ་བཞི་བྲིས་པའི་ཕྱོགས་བཞི་དབུས་ལྔར་པུ་རེ་བྲིས། ལྟེ་བའི་པུ་ལ་འཁོར་ལོའི་སྲོག་ཤིང་དྲངས། སྲོག་ཤིང་གི་རྩ་བའི་དཀར་གཏོར་མགོ་དགུ་པ་གཅིག་དང་།

པད་འདབ་བཞི་ལ་ཀླུ་བྲན་བཞིའི་དཀར་གཏོར་མགོ་བདུན་པ་རེ་བཞག །མཚམས་འདིར་ཉ་སྦྲུལ་འཇོང་མོ་དུང་དང་བཞི་བཀོད། ཤིང་རྩིའི་ར་བས་བསྐོར། སྔོ་ལོ་གཙང་མས་སྟེང་དགབ། ལོགས་གཅིག་ཏུ་རང་གི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་མཆོད་གཏོར་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས་ལ། ཨོཾ་ཨཱཿཧཱུཾ། གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ཡི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་འབུལ་ལ། འཇིག་རྟེན་གྱི་ཁམས་དང་ཁྱད་པར་དུ་ཡུལ་ཕྱོགས་འདིར་ཆར་ཆེན་མྱུར་དུ་ཕབ་པར་མཛད་དུ་གསོལ། ཅེས་འདོད་དོན་གསོལ། སྡེ་བརྒྱད་སྤྱི་དང་ཁྱད་པར་ཆར་བདག་ལྷ་ཀླུ་ལ་གསེར་སྐྱེམས་བསངས་དང་ཀླུ་སྨན་བསྲེས་པའི་ཆབ་གཏོར་བཏང་ལ། ཡུལ་ཁམས་འདིར་ཡང་ཆར་ཆེན་མྱུར་དུ་ཕོབ་ཅིག །ཅེས་བཀའ་བསྒོ་ཞིང་འཕྲིན་བཅོལ་བར་བྱའོ། །

དེ་ནས། གཉིས་པ་བསྒོམ་བཟླས་བྱ་བ་ནི། རང་ཉིད་ཨ་ཙ་ར་སྐུ་མདོག་སྔོན་པོ། གོས་སུ་ཆུ་དར་གྱི་ཕྱང་བུ་གྱོན་པ། ཕྱག་གཡས་པའི་བྲ་མའི་ལྕག་ཚན་བསྣམས་ཤིང་། གཡོན་ལྕགས་ཀྱུས་ཀླུ་རྣམས་ཀྱི་སྙིང་ནས་འགུགས་པ་གཅིག་ཏུ་གྱུར། རང་གི་མདུན་དུ་ཀླུའི་ཕོ་བྲང་མཚན་ཉིད་དང་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་འདབ་བཞིའི་དབུས་སུ་ཆར་བདག་ཀླུ་བདུད་ནག་པོ། སྦྲུལ་མགོ་དགུའི་གདེངས་ཀ་ཅན། ཕྱག་གཡས་དཔག་བསམ་གྱི་ལྗོན་ཤིང་དཀྲུགས་པ། གཡོན་པས་རྒྱ་མཚོའི་གཏིང་ནས་དཀྲུགས་པ། ཕྱོགས་བཞིའི་པད་འདབ་ལ། ཤར་དུ་རྒྱལ་རིགས་དཀར་པོ། ལྷོར་རྗེའི་རིགས་སེར་པོ། ནུབ་ཏུ་བྲམ་ཟེའི་རིགས་དམར་པོ། བྱང་དུ་དམངས་རིགས་ལྗང་གུ། དེ་དག་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོར་འཁྱིལ་བ། གཞན་ཡང་ལྷ་ཀླུ་ཆར་བདག་རྣམས་ཀྱིས་བསྐོར་ནས་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་རང་གི་གནས་ནས་ལྷ་ཀླུ་ཆར་པའི་བདག་པོ་ཐམས་ཅད་སྤྱན་དྲངས། ནཱ་ག་ར་ཛ་ས་མ་ཡ་ཛ་ཛཿ ཨོཾ་ཨཱཿཧཱུཾ། ནཱ་ག་རཱ་ཛ་ས་པ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་རཱ་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུཾ།

ཧཱུྃ། གདེངས་ཀ་ནོར་བུ་འབར་བའི་འོད་ཀྱི་ནི། །ས་འོག་མུན་པ་མ་ལུས་སེལ་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །རང་ཉིད་ཨ་ཙ་རའི་ཕྱག་གཡོན་པའི་ལྕགས་ཀྱུས་ཀླུ་རྣམས་ཀྱི་སྙིང་ནས་བཟུང་ཞིང་། གཡས་པའི་བྲ་མའི་ལྕག་ཚན་གྱི་རྟག་ཏུ་བྲབ་པས། ཐོག་མར་ཞི་བའི་དུས་ཡར་ལ་བདུད་རྩིའི་ཆར་དུ་སྐྱུག །མར་ལ་ཆུ་རྒྱུན་དུ་བཤལ་ལུས་ལ་རླངས་པ་འཐུལ་བས། ཀླུ་རྣམས་སྐུ་ལས་བདུད་རྩིའི་ཆར་བབས་པས་ས་གཞི་བར་སྣང་ཐམས་ཅད་དུ་ཆར་རྒྱུན་སི་ལི་ལི་དབབ་པར་བསམ། ངག་ཏུ་སྔགས་འདི་བཟླའོ། །ནཱ་ག་ར་ཙ་ཆར་ཕོབ། བྷན་དྷ་བྷན་དྷ་ཆར་ཕོབ། བྷི་དྷ་བྷི་དྷ་ཆར་ཕོབ། ཅེས་བཟླ་ཞིང་ཆར་གཏའ་ལ་ཕུད་གདབ་བོ། །དེ་ནས་དྲག་ལས་ཀྱི་དུས་བྲ་མའི་ལྕག་ཚན་གདེང་ཞིང་། རང་ཉིད་ཨ་ཙ་རའི་ཕྱག་གཡོན་པའི་ལྕགས་ཀྱུས་ཀླུ་རྣམས་ཀྱི་སྙིང་ནས་བཟུང་ཞིང་། གཡོན་པའི་བྲ་མའི་ལྕག་ཚན་གྱིས་དྲག་ཏུ་བྲབ་པས། ཡང་ལ་ཁྲག་གི་ཆར་དུ་སྐྱུག །མར་ལ་ཁྲག་གི་ཆུ་རྒྱུན་དུ་བཤལ། ལུས་ལ་རླངས་པ་འཐུལ་བས། ཀླུ་རྣམས་ཀྱི་སྐུ་ལས་ཁྲག་གི་ཆར་བབས་པས། ས་གཞི་བར་སྣང་ཐམས་ཅད་དུ་ཆར་རྒྱུན་སི་ལི་ལི་བབས་པར་གྱུར། ནཱ་ག་ར་ཛ་ཆར་ཕོབ། བྷན་དྷ་བྷན་དྷ་ཆར་ཕོབ། བྷི་དྷ་བྷི་དྷ་ཆར་ཕོབ། ནཱ་ག་རཱ་ཛ་ཆར་མི་ཕབ་ན། ནཱ་ག་ར་ཛའི་སྙིང་ལ་གཟིར་གཟིར། སྲོག་ལ་ཏུག་ཏུག།།སྙིང་ཁྲག་ཤད་ཤད། དེ་བས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །ཅེས་དྲག་ཏུ་བཟླ་ཞིང་བྲ་མའི་ཅུང་ཟད་ཙམ་ཐམ་ཕྱི་ནང་ཀུན་བྲབ་བོ།།

གསུམ་པ་ཆར་གཏའ་ནི། ཐར་ནུ་དང་བྱ་རྒོད་ཤ་གཉིས་ལ་བསྔགས་བཏབ་ལ། རས་ཀྱི་བཏུམ། དེ་ནས་གྲོ་སྲབ་ནང་དུ་བཏུམ་ལ་ཆུ་མིག་གམ་མཚོ་ལ་སོགས་པ་གང་ཡིན་ལ་སྦ་ཞིང་། ཁྲོཾ་ཀརྨ་ར་ཙ་ཆར་ཕོབ། སླར་དེ་ཉིད་བྱ་ཁྱུང་རེ་རེར་གྱུར་ནས་ཀླུ་ཐམས་ཅད་བསྐུལ་བས། ཡུལ་ཕྱོགས་འདིར་ཆར་དྲག་ཏུ་ཕབ་པར་བསམ་ལ། དེ་ནས་རླུང་ནན་ནི། གྲོ་ཤོག་ལ་རླུང་ལྷ་ཤ་བ་ལ་ཞོན་པ་བྲིས་ལ། སྔགས་འདིས་བསྐོར། ཨོཾ་བྷ་ཡ་ནན། བྷ་རེ་ནན། ཐང་ཐང་གཤེད་རླུང་སྤྲིན་གཏོར་བ་ནན། ཅེས་དཀྲུགས་བྱས་ལ། སླར་ཁ་སྦྱོར་དུ་བཅུག་ལ། རང་གི་ཞབས་ཀྱི་སྐུ་གསུང་ཐུགས་རྟེན་ནམ། ས་ལ་དོང་རྐོ་ལ་ནང་དུ་བཅུག །སྟེང་རྡོ་རྗེ་རྒྱ་གྲམ་ཁ་མར་བསྟན་ལ་ཁ་བཅད་དོ།།

དེ་ནས་སྤྲིན་བསྡུད་ནི། ཨོཾ་ནཱ་ག་ཨ་ཏི་ལེ་ཡེ་སྭཱཧཱ། ཅེས་བཟླའོ། །ཡང་སྐབས་སྐབས་ཆར་འདོད་འདི་ལྟར་བྱ། ཧེ། ཀླུའི་རྒྱལ་པོ་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་། གདོལ་པའི་རིགས་དང་། ཀླུའི་རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་དང་། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་ལ་སོགས་ཁྱེད་རྣམས་ཀྱིས་འཛམ་བུའི་གླིང་དང་ཡུལ་ཁམས་འདིར་ཆར་ཆེན་པོ་ཕོབ་ཅིག །གཞན་ཡང་ལྷ་ཆེན་པོ་བརྒྱད་དང་། ཀླུ་ཆེན་པོ་བརྒྱད་དང་། གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། འཇིག་རྟེན་སྐྱོང་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་། ཡུལ་རིས་ཀྱི་གཞི་བདག །ཆར་པ་ལ་དབང་བ་ཁྱེད་རྣམས་ཀྱིས་སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དཔལ་ཕྱག་ན་རྡོ་རྗེ་དང་། བྱ་ཁྱུང་གི་རྒྱལ་པོ་ག་རུ་ཌ་དང་། ཨུ་རྒྱན་པདྨ་འབྱུང་གནས་དང་། མགོན་པོ་ཀླུ་སྒྲུབ་སྙིང་པོ་དང་། ཨ་ཙ་ར་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་འཛམ་བུའི་གླིང་དང་ཁྱད་པར་ཡུལ་ཕྱོགས་འདིར་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །ཁྲོམ་ཀརྨ་ར་ཙ་ཆར་མྱུར་དུ་ཕོབ་ཅིག་ན་ར་ཀན། །ཅེས་དུས་བཞིར་སྐད་ཆེན་འབོད་པར་བྱའོ། །ཅེས་མགོན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པའི་ཨ་ཙ་རའི་ཆར་ཆོག་རྫོགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་དུ་བཞུགས་པའི་དཔེ་དཀོན་ཕྱོགས་བསྡུས་དང་པོ། པོད། ༼༤༨༽ པ་ ༼ཚི༽ ཤོག་གྲངས་ ༡ན༡ ནས་ ༢བ༨ བར་བཞུགས་པའི་ཁམས་བྲིས་དཔེ་ཐུང་ཤོག་བུ་དགུ་ཅན་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *