༄༅། །ཀླུ་སྒྲུབ་སྙིང་པོས་མཛད་པའི་ཀླུ་གཉན་ས་བདག་གདོན་གྲོལ་གྱི་བྱབས་ཁྲུས་བཞུགས་སོ།།[1]
༄༅། །ན་མོ་ནཱ་ག་རཱ་ཛ་ཡ། ཨེ་མ་ཧོ། འདིར་གླུད་བདུད་དེ་གཟུངས་ཆུས་ཁྲུས་བྱས་ཤིང་། བྱབས་བསྲུང་ཕྱིར་བསྐྲད་པ་དང་། ཞལ་གྲོལ་བྱས་ནས་འདི་སྐད་དོ། །ཀླུ་བདུད་དང་བཙན་སོགས་ཀྱི་གདོན་གྲོལ་ཚེ་དགོས་སོ། །ཀླུ་ཆེན་པོ་བརྒྱད་པོ་དང་། དེ་དག་གི་འཁོར་ཀླུ་རྒྱལ་རིགས། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་པའི་རིགས། གཞན་ཡང་ཀླུ་བདུད། ཀླུ་བཙན། ཀླུ་གཉན།
ས་བདག་ས་སྲིན་ལ་སོགས་པ་ཁྱེད་རྣམས་ལ་ཕྱག་འཚལ་ལོ། །གུས་པས་འདུད་དོ། །གསོལ་བ་འདེབས་སོ།།
ཉམས་བཤགས་ཤིང་འགྱོད་ཚང་བྱ་བ་ནི། བདག་ཅག་འཁོར་དང་བཅས་པ་བྱ་བ་མང་ཞིང་སྤྱོད་པ་རྩིངས་པ། ས་བརྐོས། བྲག་གཤགས། རྡོ་རློག །ཤིང་གཅོད། རྡོ་རྐོས། ཆུ་དཀྲུགས། མི་གཙང་བའི་ཐབ་གཞོབ་ལ་སོགས་པ། བག་མེད་པའི་ལས་བགྱིས་པས། ཀླུ་གཉན་ས་བདག་ཁྱེད་རྣམས་ཀྱི་ལུས་ལོངས་སྤྱོད་དོན་སྙིང་ཉམས་པ་དང་། ཐུགས་ཟུར་སྤྱན་ཟུར་ལ་ཕོག་པ་ཐམས་ཅད་བཤགས་སོ། །གནོད་པ་འགྱོད་དོ། །ཕྱིན་ཆད་མི་བྱེད་པར་དམ་བཅས་ཏེ་སྡོམ་པར་བགྱིད་དོ། །
སྔོན་ཆད་ས་བརྐོས་པ། རྡོ་སློག་པ་ལ་སོགས་པ་གནོད་པའི་ལས་བགྱིས་པའི་འཆབ་པའམ། སྦེད་པའམ། སྐྱེན་ནམ། རིན་དུ་ཡང་ཐག་སྤྱི་དང་། ཁྱད་པར་འབྲུ་ཟན་སོགས་མཁོ་རྒུའི་ཡོ་བྱད་བྲེ་སྲང་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ནས་གྲངས་མེད་པའི་བར་འདི་ལྟར་བཤོར་རོ་བགྱིས་པར་བཞེས། ཐུགས་བཟོད་པས། གཞན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བྱ་འདི་ལ་ཁྱེད་རྣམས་ཀྱིས་མཐོང་དུག་རེག་དུག་མཆེ་བའི་དུག་ཁ་རླངས་ཀྱི་དུག་སྦྱར་བའི་དུག་རྣམས་ཀྱིས་བསྐྱེད་པའི་མཛེ་དང་། འབྲས་དང་། ཤུ་བ་དང་། ཕོལ་མིག་དང་། བས་ལྗགས་དང་། གཡན་པ་དང་། མེ་དབལ་དང་། དྲེག་དང་། གྲུམ་བུ་དང་། རྐང་འབམ་དམུ་ཆུ་ལ་སོགས་པ་ནད་རྣམས་ཞི་ཞིང་མི་འབྱུང་བར་མཛད་དུ་གསོལ། དེ་ནས་རྣམ་འཇོམས་བྱ་བ་ཞུས་སོ། །ཡང་བསྡུས་ན།
ཀྱཻ། ཆེ་ཨེ་ཀ་ཧེ་དུ་ད་ཡ་སྙིང་ཁྲག་ར་མ་ཙ་ཡ་སརྦ་ཙིཏྟ་རོ་མྱག་ཁ་ཐཾ་སྲོག་གཟེར་དབུགས་ནན་སྲིད་ཕྱུང་ཧྲིག་ཤག་རྦད། ཡོན་གྱི་བདག་པོའི་ནད་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། གདོན་ཐམས་x རིམས་ཐམས་ཅད་x འཁོན་ཐམས་ཅད་x གྲིབ་ཐམས་ཅད་x བྱད་ཐམས་ཅད་x བྱུར་ཐམས་ཅད་x སྐལ་པ་ངན་པ་ཐམས་ཅད་x ལྟས་ངན་པ་ཐམས་ཅད་x བཀྲ་མི་ཤིས་པ་ཐམས་ཅད་x ཉེ་བར་འཚེ་བ་ཐམས་ཅད་x དུས་མ་ཡིན་པར་འཆི་བ་ཐམས་ཅད་x གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་x རྒྱལ་པོ་དང་ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་x བདུད་ཀྱི་ཞགས་པ་ཐམས་ཅད་x གཤིན་རྗེའི་ཕོ་ཉ་ཐམས་ཅད་x བགེགས་དང་ལོག་འདྲེན་ཐམས་ཅད་x བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་x ས་བདག་ཀླུ་གཉན་གྱི་བྱད་སྟེམས་རྦོད་གཏོང་གནོད་པ་ཐམས་ཅད་x ལྷ་ཀླུ་བཙན་གསུམ་གྱི་བྱད་སྟེམས་རྦོད་གཏོང་གནོད་པ་ཐམས་ཅད་x ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་x འབྱུང་པོའི་མི་དང་མི་མ་ཡིན་གྱི་གནོད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱཧཱ། ཞེས་པ་དང་། ཨ་པ་ན་ཡེ་སྭཱཧཱ། ཞེས་པ་དང་། བསྲུང་བ་ལ། རཀྵ་རཀྵཿ ཞེས་པ་སྤྱི་ལྟར་བསྒྱུར་རོ།།
དེ་ནས་བྱད་ཐག་གཅོད་པའི་ཚེ། བསྒྲུབ་བྱའི་སེར་མོ་ལྔ་ཚོན་སྐུད་སྣ་བཏགས་ཏེ། བདེན་པ་བརྡར། བདེན་པའི་བྱིན་རླབས་ཀྱིས། ཡོན་བདག་འདིའི་སྡིག་སྒྲིབ་ནད་གདོན་ཆག་ཆེ་ཉམ་ང་། བརྩོག་གྲིབ་མི་གཙང་བ། ལོ་ཟླ་ཞག་སྐེག་མཐུ་གཏད་བྱད་ཕུར་དུས་ཀྱི་ཞགས་པ་གཤིན་རྗེའི་ཕོ་ཉ་བགྱི་བ་ལ་སོགས་པ་བར་ཆད་མི་མཐུན་པའི་ཕྱོགས་གང་ཡིན་པ་ཐམས་ཅད་ཚོན་སྐུད་འདི་ཉིད་ལ་འདིར་མཆིས་ཐིམ་པར་གྱུར། ཊཱཀྐཱི་ཧཱུཾ་ཛཿ ལན་གསུམ་གྱི་མཐར། ཨ་མྲྀ་ཏ་ཉེར་གཅིག་བཟླས་ནས་རལ་གྲིས་ཚོན་སྐུད་གཅོད་ཅིང་། གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་པ་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་ཆེ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་སྡེ། །དེ་དག་རྣམས་ཀྱི་གཟི་བརྗིད་ཀྱིས། །བྱད་སྟེམས་ལས་རྣམས་ཆད་གྱུར་ཅིག །ཨོཾ་སརྦ་བནྡྷ་ཀཱ་ཀོརྡ་ཙྪེ་ད་ནཱ་ཡ་སྭཱཧཱ། ཞེས་བརྗོད་ནས་དུམ་བུ་མང་པོར་གཏུབ་སྟེ་མེ་ལ་བསྲེག་གོ །ཨོཾ་ཨརྨ་སརྦ་ས་ཙི་མུར་ཏེ་ཐིབས་སྭཱཧཱ། ཞེས་པ་སྔགས་འདི་གང་མང་བཟླས་ནས། སྲང་གཅིག་གི་གསེར་བཏབ་ནས་གླུད་དང་བཅས་པས་གཉིས་ཀ་བསྲེས་ནས་ཡོན་བདག་གི་ངན་ཕྱོགས་སུའམ་ཐེ་ཚོམ་ཟ་བའི་གནས་སུ་བསྐྱལ་ལོ། །ཡང་ན་ཆུ་མིག་དང་རྫིང་བུའམ་མཚོ་དང་འབབ་ཆུའམ་ཆུ་ཀླུང་ནགས་ཚལ་གྱི་ནང་དུ་བཅུག་ནས་བསྐྱལ་བར་བྱེད་དོ། །ཅེས་པ་འདི་ནི་འཕགས་པ་ཀླུ་སྒྲུབ་སྙིང་པོས་སྦྱར་བའི་ཡི་གེ་པ་ནི་གནས་ཕན་འཇམ་དབྱངས་སོ།། མངྒ་ལཾ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མགོན་པོའི་གཏོར་སྒྲུབ་ཇི་ལྟར་བྱ་ཚུལ་དངོས་གྲུབ་འདབ་སྟོང་འཛུམ་པའི་པད་དཀར་ཞེས་བྱ་བ་འདོན་ཆོག་དང་བཅས་པ་སོགས། པོད། ༼༡༽ ཤོག་ ༡༢༩ ནས་ ༡༣༦ བར་བཞུགས་པའི་དཔེ་ཐུང་དབུ་ཅན་བྲིས་མ་ཤོག་བུ་བཞི་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།