པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་རྒྱ་བོད་ཤན་སྦྱར།

༄༅།། འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ།།
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
恆念利眾悲心所造作
得勝斷證救護天之天
緣起語令有情度脫者
如日宣說能仁稽首禮

 ༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ།

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
佛母密意離邊真實義
善以甚深緣起理明說
依教明辨大乘中觀軌
龍樹菩薩足下我祈請

རྒྱ་གར་ལྷོ་ཕྱོགས་བཻདརྦྷའི་ཡུལ་དུ་ཡབ་ཏྲིག་ཏྲམ་དང་། ཡུམ་བྲམ་ཟེ་མོ་གྷྲི་ཧི་དྷི་གཉིས་ཀྱི་སྲས་སུ་ཕྱི་ལོ་དུས་རབས་དང་པོའི་ཙམ་ནས་སྐུ་འཁྲུངས། དགུང་ལོ་བདུན་ནམ་ཉེར་ལྔ་ཙམ་ནས་སྒྲ་གཅན་འཛིན་བཟང་པོའི་མདུན་ནས་རབ་ཏུ་བྱུང་། དགུང་ལོ་ཆུང་དུས་ནས་ཐུན་མང་གི་རིག་གནས་རྣམས་བྱངས་ཆུབ་པར་བྱས། དེ་ནས་རྒྱ་གར་གྱི་ས་ཕྱོགས་གང་སར་སློབ་གཉེར་དུ་ཕེབས་ཏེ་ཐེག་ཆེན་གྱི་ཆོས་ལ་མཁས་པར་གྱུར། མཐར་དགུང་ལོ་བརྒྱ་ལྷག་སོན་སྐབས་གཞོན་ནུ་ནུས་ལྡན་ལ་དབུ་བྱིན་པས་སམ། ཐེག་དམན་གྱི་ཕྱོགས་འཛིན་མཁན་གྱིས་དུག་དྲངས་ནས་སྐུ་ཞི་བར་གཤེགས། སློབ་དཔོན་འདིས་གསུང་རྩོམ་མང་དུ་མཛད་ཅིང་གཞུང་ལུགས་སྟོང་ཕྲག་སྨྲ་བའི་དབང་པོར་གྲགས། འདི་པའི་གསུང་ལ་ཁོང་གིས་མཛད་པར་རྩོད་མེད་དུ་གྱུར་པར་དབུ་མ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ། བཤེས་སྤྲིངས། བསྟོད་པ་བཞི་སོགས་ཡིན་ལ། སློམ་མའི་གཙོ་བོར། སྲས་ཀྱི་ཐུ་བོ་བཞི་དང་། ཉེ་བའི་ཐུགས་སྲས་གསུམ་སོགས་ཡོད།

༢ སློབ་དཔོན་འཕགས་པ་ལྷ།

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
其之心子善巧成就尊
達彼內外宗義大海岸
持守龍典諸師頂奇寶
聖天佛子足下我祈請

ཁོང་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཀུན་གྱི་གཙོ་བོ་ཞིག་ཡིན། དུས་རབས་དང་པོའི་སྨད་ཙམ་ནས་སིངྒ་ལའི་ཡུལ་དུ་སྐུ་འཁྲུངས། སྐུ་ཚེའི་སྨད་ནས་ཀླུ་སྒྲུབ་བླ་མར་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་ལ་མཁས་པར་གྱུར། ཕྱི་རོལ་བ་ཚར་བཅད་པ་དང་། བུ་སློབ་སྐྱོང་བ། ཐེག་ཆེན་གྱི་གཞུང་རྩོམ་པ་སོགས་བསྟན་པ་ལ་སྨན་པའི་ཕྱག་ལས་རྒྱ་ཆེར་སྤེལ། མཐར་སློབ་དཔོན་སྐུ་རྐྱང་དུ་སྒོམ་ལ་བཞུགས་སྐབས་ཤིག །ཕྱི་རོལ་པའི་གཞོན་ནུ་ཞིག་གིས་གྲི་བསྣུན་ནས་ཞི་བར་གཤེགས། སློབ་དཔོན་འདིའི་གསུང་རྩོམ་ནི། དབུ་མ་བཞི་བརྒྱ་པ། དབུ་མ་ལག་པའི་ཚད། གཏན་ཚིགས་གྲུབ་པ། ཡེ་ཉེས་སྙིང་པོ་ཀུན་བཏུས། སྤྱོད་པ་བསྡུས་པའི་སྒྲོན་མེ། སེམས་ཀྱི་སྒྲིབ་སྦྱོང་། རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་སོགས་ཡོད།

༣ སློབ་དཔོན་སངས་རྒྱས་བསྐྱངས།

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
諸聖密意究竟緣起義
假有唯名甚深扼要處
明辨已登殊勝成就地
佛護論師足下我祈請

དཔལ་མགོན་ཀླུ་སྒྲུབ་ཀྱི་སློབ་མ། རྒྱ་གར་ལྷོ་ཕྱོགས་སུ་དུས་རབས་གསུམ་པའི་ནང་སྐུ་འཁྲུངས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཏེ། གྲུབ་པའི་གོ་འཕང་ཆེན་པོར་གཤེགས། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་སོགས་མཛད་ནས་ཐལ་འགྱུར་པའི་གྲུབ་མཐའ་རྒྱ་ཆེར་སྤེལ།

༤ སློབ་དཔོན་ལེགས་ལྡན་འབྱེད།

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང་། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜིཏ།།
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
遮破實成事物諸生邊
承許正量共顯與外境
創開此宗一切班智達
清辨論師足下我祈請

ཁོང་ནི་རྒྱ་གར་ལྷོ་ཕྱོགས་མ་ལ་ཡ་ཞེས་པའི་གནས་སུ་དུས་རབས་དྲུག་པའི་ནང་རྒྱལ་རིགས་སུ་སྐུ་འཁྲུངས། བསྟན་བཅོས་ཤེས་རབ་སྒྲོན་མེ་སོགས་མཛད་དེ་དབུ་མ་རང་རྒྱུད་པའི་གྲུབ་མཐའ་རྒྱ་ཆེར་སྤེལ།

༥ དཔལ་ལྡན་ཟླ་བ་གྲགས་པ།

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
僅有依此緣起之因緣
盡滅二邊明空中觀理
善授深廣顯密圓滿道
顯明善說月稱我祈請

ཁོང་ནི་དུས་རབས་བདུན་པའི་ནང་རྒྱ་གར་ལྷོ་ཕྱོགས་མན་ལྡ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་གནས་དེར་རབ་ཏུ་བྱུང་ཞིང་ཕྱིས་སུ་ནཱལནྡཱར་ཕེབས་ཏེ་མཁན་པོ་མཛད། དབུ་མ་ཐར་འགྱུར་པའི་སྲོལ་ཕྱེས། གསུང་རྩོམ་ལ། ཚིག་གསལ་དང་། དབུ་མ་འཇུག་པ། འཇུག་པ་རང་འགྲེལ། དབུ་མ་ཤེས་རབ་ལ་འཇུག་པ། རིགས་པ་དྲུག་ཅུ་པའི་འགྲེལ་པ། བཞི་བརྒྱ་པའི་འགྲེལ་པ།  དབུ་མ་ཕུང་པོ་ལྔ་པ། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་སོགས་ཡོད།

༦ རྒྱལ་སྲས་ཞི་བ་ལྷ།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
བསྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
希有最勝大悲心佛道
依彼深廣理論諸多門
即於有福所化善說者
寂天佛子足下我祈請

རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི། དུས་རབས་བརྒྱད་པ་ཙམ་ནས་འཁོར་མོ་བཟང་ཞེས་བྱ་བའི་ཡུལ་དུ་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་སྐུ་འཁྲུངས། ཡབ་འདས་རྗེས་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་ཞེས་པའི་ནུབ་མོར་བྲོས་ཏེ་ནཱལནྡཱར་ཕེབས་ནས་རྒྱལ་བའི་ལྷའི་མདུན་ནས་རབ་ཏུ་བྱུང་། མཁན་པོའི་མདུན་ནས་སྡེ་སྣོད་གསུམ་ལ་མཐར་ཕྱིན་པར་སྦྱངས་ནས་སྤྱོད་འཇུག་དང་། བསླབ་བཏུས་བརྩམས། ཕྱིས་སུ་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཤིང་གནས་དེར་སྐུ་ཞི་བར་གཤེགས།

༧ མཁན་ཆེན་ཞི་བ་འཚོ།

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
隨機創演二空中觀道
善辨中觀釋量諸理論
闡揚佛陀聖教於雪域
靜命論師足下我祈請

ཁོང་ནི་དུས་རབས་བརྒྱད་པའི་ནང་རྒྱ་གར་ཤར་ཕྱོགས་ཀྱི་ཡུལ་ཟ་ཧོར་གྱི་གྲོང་དུ་ཡབ་རྒྱལ་པོ་གཙུག་ལག་འཛིན་པའི་སྲས་ཉིས་ཚིགས་སུ་སྐུ་འཁྲུངས། ནར་སོན་པ་ནས་ནཱལནྡཱར་ཕེབས་ཏེ་གནས་དེ་དང་བིཀརྨ་ཤཱ་ལ་སོགས་ནས་སློབ་གཉེར་གནང་སྟེ་ནཱལནྡཱའི་མཁན་པོ་མཛད། ཕྱི་ལོ་ ༧༦༡ ལོར་བོད་དུ་གདེན་དྲངས་ཤིང་། སྐབས་དེར་རྐྱེན་སྣ་ཚོགས་པར་བརྟེན་ནས་དུས་ཡུན་རིང་པོར་མ་བཞུགས་པར་བལ་ཡུལ་དུ་ཕེབས། དེ་རྗེས་ཨོ་རྒྱན་ཆེན་པོ་དང་ལྷན་དུ་གདན་དྲངས་ཤིང་བོད་ཀྱི་སད་མི་མི་བདུན་སོགས་རབ་ཏུ་བྱུང་པའི་མཁན་པོ་མཛད་པ་སོགས་འགྲོ་དོན་རྒྱ་ཆེར་སྤེལ་མཐར་རྟས་ཕྲ་བརྒྱབས་ཏེ་བོད་ནས་སྐུ་གཤེགས།

 ༨ སློབ་དཔོན་པདྨའི་ངང་ཚུལ།

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས།།
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས།།
離邊中觀見及二止觀
同順顯密善釋修次第
聖教無謬明示雪域中
蓮花戒師足下我祈請

ཁོང་ནི་མཁན་ཆེན་ཞི་འཚོའི་དངོས་སློབ་ཅིག་ཡིན་ལ་རྒྱ་གར་ནཱལནྡཱ་དང་བིཀརྨ་ལ་ཤི་སོགས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་མཐར་བལ་ཡུལ་དུ་བསྟན་པ་སྤེལ་དུ་ཕེབས་སྐབས་བོད་དུ་གདན་འདྲེན་ཞུས། བོད་ཀྱིས་ཇི་ལྟར་གསོལ་བ་ལྟར་བོད་དུ་ཕེབས་ནས་ཧ་ཤང་རྣམས་ཕམ་པར་བྱས། ཆོས་རྒྱལ་གྱི་དྲིས་ལན་གྱི་ཚུལ་དུ་སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་མཛད་ནས་བོད་དུ་སྐུ་གཤེགས་སྐད་ཀྱང་ཡོད།

༩ འཕགས་པ་ཐོགས་མེད།

བྱམས་པས་རྗེས་བཟུངས་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
慈氏隨攝遍大乘經藏
善巧弘傳並示廣大道
隨教辨識唯識之車軌
無著菩薩足下我祈請

ཁོང་ནི་གནའ་རྒྱ་གར་གྱི་མངའ་ཁོངས་དེང་སྐབས་པ་ཀི་སི་ཐན་གྱི་ས་ཆ་ག་དྷཱ་རའམ་པིས་ཤ་ཝར་ཟེར་བའི་ཡུལ་དུ་དུས་རབས་བཞི་པའི་སྨད་ཙམ་ནས་རྒྱལ་རིགས་སུ་ཡུམ་གསལ་བའི་ངང་ཚུལ་མའི་སྲས་སུ་སྐུ་འཁྲུངས། རྗེ་བཙུན་བྱམས་པ་སོགས་བླ་མ་མང་དུ་བསྟེན་ནས་སློབ་གཉེར་དང་སྒོམ་སྒྲུབ་རྒྱ་ཆེར་མཛད་པས་ས་ལམ་གྱི་གོ་འཕང་ཆེས་ཆེར་ཐོབ། སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས། སྐུ་ཚེའི་སྨད་ལ་ནཱལནྡཱའི་མཁན་པོར་མི་ལོ་བཅུ་གཉིས་ཙམ་བཞུགས། སློབ་མའི་གཙོ་བོ་སློབ་དཔོན་དབྱིག་གཉེན་སོགས་མང་དུ་མཆིས་ལ། གསུང་རྩོམ་ནི། ཉི་ཁྲི་དེ་ཉིད་རྣམ་ངེས་དང་། ས་སྡེ་ལྔ། ཆོས་མངོན་པ་ཀུན་བཏུས་སོགས་ཡོད།

 ༡༠ འཕགས་མཆོག་དབྱིག་གཉེན།

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
阿毗七論執持二空軌
有經唯識宗派善顯示
普稱第二遍知大智者
世親菩薩足下我祈請

ཁོང་ནི་ག་དྷཱ་རའི་ཡུལ་དུ་དུས་རབས་བཞི་པའི་སྨད་ཙམ་ནས་ཡུམ་གསལ་བའི་ངང་ཚུལ་མར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་ཁ་ཆེ་འདུས་བཟང་གི་མདུན་ནས་གྲུབ་མཐའ་རིགས་མི་འདྲ་བ་བཅོ་བརྒྱད་དང་། ཕྱི་རོལ་བའི་ལྟ་བ་མི་འདྲ་བ་དྲུག་གི་རིག་པའི་གཞུང་ལུགས་རྣམས་ཁོང་དུ་ཆུད་པར་བྱས། དེ་ནས་སློབ་དཔོན་ཐོགས་མེད་ཀྱི་མདུན་ནས་ཐེག་ཆེན་གྱི་ཆོས་ཚུལ་མཐའ་དག་གསན་ནས་མཁས་པར་བྱས་ཤིང་། ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་དང་བརྒྱད་ཙམ་གསར་དུ་བཙུགས། སློབ་མ་མཁས་པ་སྟོང་ཕྲག་དུ་མ་བསྐྱངས། རང་མཁས་ཀྱི་སློབ་མ་བཞི་སོགས་ཡོད་པའང་བཤད་སྲོལ་ཡོད། མཐར་དགེ་སློང་གི་ཆ་བྱད་མ་བོར་བར་ཞིང་རྨོད་བཞིན་པ་སོགས་མཐོང་བའི་རྐྱེན་བྱས་ཏེ་རྒྱ་གར་ཡུལ་དབུས་ནས་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི། ཆོས་བཞི་པའི་མདོའི་རྣམ་པར་བཤད་པ་དང་། ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ། ས་བཅུ་པའི་མདོའི་རྣམ་པར་བཤད་པ། བློ་གྲོས་མི་ཟད་པའི་བསྟན་པའི་མདོའི་རྣམ་པར་བཤད་པ། བཟང་སྤྱོད་སྨོན་ལམ་གྱི་མདོའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། སུམ་ཅུ་པའི་ཚིག་ལེའུ་བྱས་པ། ཉི་ཤུ་པའི་ཚིག་ལེའུ་བྱས་པ། ཉི་ཤུ་པའི་རང་འགྲེལ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། རྣམ་བཤད་རིགས་པ། ལས་གྲུབ་པའི་རབ་བྱེད། ཆོས་མངོན་པ་མཛོད། མཛོད་རང་འགྲེལ་སོགས་ཡོད།

༡༡ སློབ་དཔོན་ཕྱོགས་གླང་།

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེས་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
為以事勢理示佛經論
善巧宣說諸多量理門
施予智慧之眼量理師
陳那論師足下我祈請

ཁོང་ནི་དུས་རབས་དྲུག་པའི་ནང་བྱོན་པའི་སློབ་དཔོན་ཞིག་ཡིན། གསུང་རྩོམ་ལ། ཚད་མ་ཀུན་བཏུས་དང་། ཀུན་བཏུས་རང་འགྲེལ། དམིགས་པ་བརྟག་པ། དམིགས་བརྟག་རང་འགྲེལ། དུས་གསུམ་བརྟག་པ། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུགས་པ། ཕྱོགས་ཆོས་འཁོར་ལོ་དགུ་པ། གནད་ཀྱི་སྒྲོན་མེ། ཡོན་ཏན་མཐའ་ཡས་པ་བསྟོད་པའི་འགྲེལ་པ་སོགས་ཡོད།

༡༢ དཔལ་ལྡན་ཆོས་ཀྱི་གྲགས་པ།

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
內外量理扼要皆通達
有經深廣諸道由理論
令解最勝法理善授者
法稱論師足下我祈請

ཁོང་ནི་དུས་རབས་བདུན་པའི་ནང་དུ་བྲམ་ཟེའི་རིགས་ཕྱི་རོལ་པའི་ཆོས་བྱེད་མཁན་ཞིག་གི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་རིག་གནས་ལྔ་དང་ཕྱི་རོལ་པའི་ཆོས་ལ་མཁས་པར་བྱས། རྗེས་སུ་སངས་རྒྱས་པའི་གྲུབ་མཐར་ཞུགས་ཏེ་སློབ་དཔོན་དབང་ཕྱུག་སྡེ་སོགས་བླ་མར་བསྟེན་ཏེ་ཚད་མ་ཀུན་བཏུས་སོགས་ལ་སློབ་གཉེར་མཐར་ཕྱིན་མཛད་དེ་རྒྱ་གར་ཡུལ་གང་སར་ཕྱིན་ནས་ཕྱི་རོལ་པ་དང་རྩོད་པས་ཕྱི་རོལ་པ་གང་མང་ཕམ་པར་བྱས་ཤིང་། སངས་རྒྱས་པའི་ཆོས་གཞི་དང་ལྷ་ཁང་བརྒྱ་ལྷག་བསར་བསྐྲུན་གནང་། གསུང་རྩོམ་ལ། གཏན་ཚིགས་ཐིགས་པ་དང་། འགྲེལ་པ་བརྟགས་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ། རྣམ་འགྲེལ། རྣམ་ངེས། རིགས་པའི་ཐིགས་པ་སོགས་ཡོད།

༡༣ འཕགས་པ་རྣམ་གྲོལ་སྡེ།

ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
無著兄弟所傳般若義
猶如遠離二邊中觀軌
燃點顯明莊嚴論義炬
聖解脫軍論師我祈請

ཁོང་ནི་དུས་རབས་བཞི་པའི་ནང་བྱོན་པའི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་ལ་ཤིན་ཏུ་མཁས་པ་ཞིག་ཡིན། གསུང་རྩོམ་ལ། ཉི་ཁྲི་སྣང་བ་སོགས་ཡོད།

༡༤ སློབ་དཔོན་སེངྒེ་བཟང་པོ།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི།།
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
得佛授記開演般若義
猶如慈尊怙主其教授
明示三母般若聖教典
閯黎獅子賢足我祈請

ཁོང་ནི་སློབ་དཔོན་ཞི་བ་འཚོའི་སློབ་མ་ཤེར་ཕྱིན་ལ་ཤིན་ཏུ་མཁས་པ་ཞིག་ཡིན། དུས་རབས་བརྒྱད་པའི་ནང་རྒྱལ་རིགས་སུ་སྐུ་འཁྲུངས། རྨི་ལམ་དུ་རྒྱལ་བ་བྱམས་པས་རྒྱན་གྱི་དགོངས་བཀྲལ་བར་བསྐུལ་བ་ལྟར།  འགྲེལ་ཆུང་དོན་གསལ་དང་། འགྲེལ་ཆེན་རྒྱན་སྣང་། ལེ་བརྒྱད་མ་སོགས་བསྟན་བཅོས་མང་དུ་མཛད།

༡༥ ཡོན་ཏན་འོད།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས།།
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
善攝萬藏律儀諸密義
隨順有部善說別解脫
無謬善授堅穩勝智者
功德光前我今作祈請

སློབ་དཔོན་ཁོང་ནི་འཕགས་མཆོག་དབྱིག་གཉེན་གྱི་སློམ་མ་དང་། ཆོས་འདུལ་བའི་ཕྱོགས་ལ་ཧ་ཅང་མཁས་པ་ཞིག་ཡིན། ཁོང་དུས་རབས་ལྔ་པའི་སྟོད་ཙམ་ནས་འཁྲུངས་ཤིང་སྐབས་དེའི་དགེ་འདུན་པའི་སྤྱོད་ལམ་གྱི་ཕྱོགས་ལ་བྱས་པ་ཆེ་ཞེས་གླེང་། གསུང་རྩོམ་ནི། འདུལ་བ་མདོ་རྩ་དང་། མདོ་རྩ་རང་འགྲེལ་སོགས་མང་ཙམ་མཆིས།

༡༦ སློབ་དཔོན་ཤཱཀྱ་འོད།

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
三學功德寶藏得自在
為令無垢律教恆弘揚
善解廣大教義持戒師
戒師釋迦光前我祈請

ཁོང་ནི་སློབ་དཔོན་གྲགས་པ་དང་ཞི་བའི་འོད་གཉིས་ཀྱི་སློབ་མ་ཆོས་འདུལ་བ་ལ་ཤིན་ཏུ་མཁས་པ་ཞིག་ཡིན། བོད་འགྱུར་གསུང་རྩོམ་ནི། འདུལ་བ་སུམ་བརྒྱ་པ་དང་། འདུལ་བ་སུམ་བརྒྱ་པའི་རང་འགྲེལ་ཡིན།

༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
遍諸能仁言教深廣軌
顯明攝為三種士夫道
尊者阿底峽前我祈請

ཁོང་ནི་བྷང་གྷ་ལའི་ཡུལ་དུ་མཁན་ཆེན་ཞི་འཚོ་དང་གདུང་རྒྱུད་གཅིག་པའི་རྒྱལ་རིགས་སུ་ཕྱི་ལོ་ ༩༨༢ ལོར་སྐུ་འཁྲུངས། དགུང་ལོ་བཅུའི་བར་ཡི་གེའི་སྦྱོར་ཀློག་དང་ཐུན་མོང་རིག་གནས་ཀྱི་རྨང་གཞི་རྣམས་བསླབས། དེ་ནས་དགུང་གྲངས་ཉི་ཤུའི་བར་ཕྱི་ནང་གི་སྒྲ་ཚད་སོགས་དཔྱིས་ཕྱིན་པར་བསླབས། དེ་ནས་དགུང་ལོ་ཉེར་དགུའི་ཐོག་ཤཱི་ལ་རཀྵ་ཏའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་དཱི་པཾ་ཀ་ཤྲཱི་ཛྙཱ་ན་ཞེས་གསོལ། རབ་ཏུ་བྱུང་རྗེས་ཀྱང་གསེར་གླིང་པ་ཆོས་ཀྱི་གྲགས་པ་སོགས་བླ་མར་བསྟེན་ནས་ནང་བསྟན་མཚན་ཉིད་རིགས་པ་གཙོའི་གཞུང་ལུགས་རྣམས་རྒྱ་ཆེ་སྦྱངས། མཐར་བི་ཀརྨ་ལར་ཕེབས་ནས་མཁན་པོ་དང་གནས་བསྟན་གྱི་བྱ་བ་ཡུན་རིང་མཛད། དགུང་གྲངས་ང་དགུ་པ་རབ་བྱུང་དང་པོའི་ལྕགས་འབྲུག་ལོར་བལ་ཡུལ་བརྒྱུད་ནས་མངའ་རིས་སུ་ཕེབས། དེ་ནས་བོད་དབུས་གཙང་གཉིས་སུ་འགྲོ་དོན་རྒྱ་ཆེར་མཛད་མཐར་ ༡༠༥༤ ལོར་སྙེ་ཐང་དུ་སྐུ་གཤེགས།


དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
བདེན་བཞི་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །
བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །
འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག།།

ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས་དང་། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང༌བྲིས་སྲོལ་སྔར་ནས་ཡོད་མུས་ཐོག །ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ། ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི༌བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་བསྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོངས་ཁོངས་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག། །།

Leave a Reply

Your email address will not be published. Required fields are marked *