༢༽ གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར།

༢༽ གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར།

 

ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཙམ་དུ་སྐུ་འཁྲུངས། ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། དེ་རྗེས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་པ་དང༌། ལེགས་སྦྱར་གྱི་སྐད་ལ་ཡང་སློབ་གཉེར་ལེགས་པར་མཛད་པས། རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་བོད་དུ་དུས་འཁོར་ཐོག་མར་བསྒྱུར་ཅིང་།

དེ་ནས་བཟུང་བོད་དུ་རབ་བྱུང་རྩི་བའི་འགོ་ཚུགས། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[1]། དུས་འཁོར་གྱི་ཆོས་འདི་བོད་དུ་ཐོག་མ་དར་བའི་དུས་ཚོད་གང་ཡིན་སྐོར་ལ་བཤད་ཚུལ་སྣ་ཚོགས་ཡོད་ཀྱང་། བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་གསུངས་པ་ལྟར་ན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་སངས་རྒྱས་འདས་ལོ་ ༡༡༧༡ སྟེ་བོད་མེ་ཡོས་ ༡༠༢༧ ལོར་གྱི་ཇོ་ལོ་ཙཱ་བས་བོད་ས་གནས་སུ་ཐོག་མར་དར་སྤེལ་བཏང་བ་དང་དུས་མཚུངས་མུ་སྟེགས་པའི་བྱེད་རྩིས་ལུགས་ཀྱི་མེ་མཁའ་རྒྱ་མཚོའི་འདས་ལོ་ ༤༠༣ ལོ་གྲངས་རྫོགས་པ་ཡིན་པས། མེ་ཡོས་ལོ་དེ་ལོ་འགོར་རྩིས་ནས་རབ་བྱུང་སྐོར་གཅིག་འགོ་ཚུགས་པའི་རྩིས་སྲོལ་དར་བ་ཡིན། དུས་འཁོར་གྱི་ཆོས་བོད་དུ་བསྒྱུར་ཅིང་གྲགས་ཆེ་བ་ནི། བཀའ་འགྱུར། སྔགས་ཕྱོགས་ ༼ཀ༽ པའི་ནང་དུས་འཁོར་རྩ་རྒྱུད་སོགས་ཆོས་ཚན་སྣ་ཁ་བདུན་ཙམ་དང་། བསྟན་འགྱུར་སྔགས་ཕྱོགས་པོད་ ༼ཀ༽ ༼ཁ༽ ༼ག༽ ༼ང༽ ༼ཅ༽ པ་བར་པོད་ལྔ་ལ་དུས་འཁོར་རྩ་རྒྱུད་འགྲེལ་པ་སོགས་ལེ་ཚན་བཞི་བཅུ་ཞེ་བརྒྱད་ཙམ་ཡོད་པ་རྣམས་གྱི་ཇོ་ལོ་ཙཱ་བ་དང་། འབྲོ་ལོ་ཙཱ་བ། རྭ་ལོ་ཙཱ་བ་སོགས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན། ཞེས་དང་། དུས་འཁོར་གྱི་ནང་དོན་ནི་ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་རྒྱུ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་ནང་དུ་མི་ཡི་ལུས་ཀྱི་འབྱུང་བ་ལྔ་དང་། རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པ་དང་ཟུང་འབྲེལ་བྱས་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པ་ཞིག་ཡིན། ཞེས་བསྟན་གནང་ཡོད།

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་ལེའུ་བཅུ་པ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་བཞི་པ། རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ། བསྟན་འགྱུར་ལས། དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་སོགས་ལེ་ཚན་བཅུ་གཉིས་ཙམ་བཞུགས་སོ། །[2] འོན་ཀྱང་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་དང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་གཉིས་སུ་མི་གསལ་ཡང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ལས[3]། ལྷ་མཆོད་པའི་རིམ་པ་དང་། ཚ་ཚཱའི་ཆོ་ག །སྒྲོལ་མའི་སྒྲུབ་ཐབས། སེངྒེ་སྒྲའི་སྒྲུབ་ཐབས། རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་ཐབས། ལྟ་བའི་ལུང་། བློ་གྲོས་མི་ཟད་པའི་སྒྲུབ་ཐབས། ཟབ་པའི་རིམ་པ། མྱ་ངན་ལས་འདས་པ། སྤྱོད་པའི་དེ་ཁོ་ན། ལོངས་སྤྱོད་ཀྱི་རྣལ་འབྱོར། ཁྲུས་ཀྱི་ཆོ་ག །ཚོགས་ཀྱི་མཆོད་པ། དཀྱིལ་འཁོར་གྱི་ཆོ་ག ། རབ་ཏུ་གནས་པ། དམ་ཚིག་ཀུན་གྱི་ཆོ་ག་ཀུན་ལས་བཏུས་པ་ལེའུ་ཉེར་ལྔ་པ། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་རྩ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་སོགས་བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༢༨༣

[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༡༠

[3] བཀའ་གདམས་དཔེ་དཀོན་གཅེས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༠༥༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༦ ནས་ ༢༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *